ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๗ · หน้า 231a
ཡང་ན་འགའ་ཡང་སྟེ་ཁྱབ་པར་བྱེད་པ་ཁས་མི་ལེན་ན། ཁྱབ་པར་བྱ་བ་རང་གིས་ཁས་བླངས་པའི་རྟགས་ཀྱི་ཆོས་དུ་མ་ལ་འཇུག་པ་ལ་སོགས་པ་ཡང་ཁས་བླང་བར་བྱ་སྟེ། ཁྱབ་པར་བྱེད་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་གྲུབ་པའི་མཐའ་མ་གྲུབ་ཀྱང་སྐྱོན་མེད་དོ་ཞེས་སྨྲས་ནས་ད་
ནི་མ་གྲུབ་པ་ཡང་མ་ཡིན་པ་ཉིད་དུ་བསྟན་པར་བཞེད་པས་མ་གྲུབ་པ་ཡང་མ་ཡིན་ཏེ་ཞེས་གསུངས་ཏེ། གལ་ཏེ་དུ་མ་ལ་འཇུག་པ་ཡིན་པ་ལྟ་ན་ཐ་དད་པ་འདི་ཡང་ཡིན་ལ་ཐ་དད་པ་མ་ཡིན་ན་དུ་མ་ལ་འཇུག་པ་དང་གཉི་ག་མ་ཡིན་ནོ་ཞེས་ཆོས་དེ་གཉིས་འབྲེལ་བར་སྟོན་པའི་ཕྱིར་རོ། །གཅིག་ཏུ་ངེས་པར་གཅིག་དུ་
མ་ལ་འཇུག་པ་ཉིད་དུ་ཡོངས་སུ་བཟུང་ནས་རྟགས་མ་གྲུབ་པའི་སྐྱོན་འདིར་འགྱུར་གྱི་དེ་ལྟར་ཁས་མི་ལེན་པ་ནི་མ་ཡིན་ནོ། །ཡང་ན་གཏན་ཚིགས་དུ་མ་ལ་འཇུག་པ་ལ་སོགས་པ་དངོས་པོའི་དོན་དུ་ཡོད་ན་གྲུབ་པའི་མཐའ་དང་འགལ་ཡང་རྟགས་ལ་ཁྱབ་པའི་རིགས་པའི་སྟོབས་ལས་ཐོབ་པ་ནི་ངེས་པར་ཡོངས་སུ་
གཟུང་བར་རིགས་ཏེ། སྔར་བཤད་པ་ལྟར་དེ་ཁས་བླངས་ན་ཞེས་སྨོས་པ་བཞིན་ནོ། །འོ་ན་དོན་འདི་སྔར་བཤད་མ་ཐག་པ་ཉིད་ཡིན་པས་ཟློག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་གལ་ཏེ་ཁས་བླངས་པས་གནོད་པར་མི་འགྱུར་རམ་ཞེ་ན། ཁས་བླངས་པས་རིགས་པ་ལ་གནོད་པར་མི་ནུས་སོ་ཞེས་བྱ་བ་འདི་
འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་གཞུང་འདི་བསྟན་པའི་འབྲེལ་བའི་དོན་དུ་བཟླས་པས་སོ། །དེ་ལྟ་བས་ན་ཁྱབ་པར་བྱ་བའི་ཆོས་གཅིག་ཁས་བླངས་པ་ཅན་གྱིས་ངེས་པར་ཆོས་གཞན་ཁྱབ་པར་བྱེད་པ་ཁས་བླང་པར་བྱ་སྟེ། རིགས་པས་བྱས་པ་ལ་གྲུབ་པའི་མཐའ་དག་གི་གནོད་པར་མི་ནུས་
པའི་ཕྱིར་རོ། །གཞན་ཡང་གཏན་ཚིགས་གཅིག་དུ་མ་ལ་འཇུག་པ་ཞེས་བྱ་བ་དེ་མེད་ན་ཡང་རྩ་བའི་གཏན་ཚིགས་ཏེ་གཙོ་བོར་གྱུར་པ་དུ་མ་ལ་འཇུག་པ་ཞེས་བྱ་བ་ཉིད་ཀྱིས་འདོད་པ་རྟོགས་ཏེ་ཁྱབ་པར་བྱ་བ་དུ་མ་ལ་འཇུག་པ་ཡིན་ལ་དེ་ལ་ཡང་ཁྱབ་པར་བྱེད་པ་ཐ་དད་པ་ཉིད་དུ་གནས་པའི་དངོས་པོ་འདི་སྔོན་པོ་དང་སེར་པོ་
ལ་སོགས་པར་སྒྲུབ་པར་བྱེད་ལ། དེས་ནི་ལྡོག་པའི་ཁྱབ་པ་ཐ་དད་པ་མེད་ན་དུ་མ་ལ་འཇུག་པའི་ཡང་ལྡོག་པར་སྟོན་པས་དུ་མ་ལ་འཇུག་པ་དང་གཅིག་ཉིད་འགལ་བར་སྟོན་པར་བྱེད་ཀྱི། དེ་ལས་བཟློག་པ་དུ་མ་ལ་འཇུག་པ་དང་གཅིག་མི་འགལ་བ་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། གཅིག་དུ་མ་ལ་འཇུག་པ་ཞེས་བྱ་
เล่ม ๑๘๗ · หน้า 231b
བའི་གཏན་ཚིགས་ཚད་མ་ཅན་མ་ཡིན་ཏེ། འགལ་བའི་དོན་དེ་འདྲ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཁོ་བོ་ཡང་སྐྱེ་བ་དང་ལྡན་པ་ལ་སོགས་པས་ཐལ་བར་འགྱུར་བ་བྱེད་དོ་ཞེ་ན། གལ་ཏེ་འདིར་ཡང་དུ་མ་ལ་འཇུག་པ་དེ་བཞིན་དུ་སེམས་པ་མེད་པ་བཟློག་པ་ཉིད་ཀྱིས་མི་རྟག་པ་ཉིད་དང་། སྐྱེ་བ་དགག་
པར་བྱ་བར་ཐལ་བ་ཡིན་ན། ཁྱེད་གྲངས་ཅན་པའི་སྨྲ་བ་འགའ་ཡང་དེ་ལྟར་དགག་པར་བྱེད་པ་ནི་མེད་དེ་སྐྱེ་བ་དང་། མི་རྟག་པས་སེམས་པ་ཅན་འགོག་པར་ཟད་པས་སོ། །གལ་ཏེ་དེ་ལྟར་དགག་པར་བྱ་བའོ་ཞེ་ན། དེ་ལྟར་བྱ་བ་ཡང་མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ། དགག་པ་དེ་མི་ནུས་སོ། །ཅིའི་
ཕྱིར་ཞེ་ན། སེམས་པ་ཅན་གཞན་དག་སྐྱེ་བ་དང་མི་རྟག་པ་འགལ་བ་མ་གྲུབ་པའི་ཕྱིར། ཐལ་བར་འགྱུར་བ་སྐྱེ་བའམ། མི་རྟག་པའི་ཕྱིར་སེམས་པ་མེད་པ་ཅན། ཐལ་བ་ལས་བཟློག་པ་སེམས་པ་མེད་པ་ལོག་པས་སྐྱེ་བ་ལ་སོགས་པ་ལྡོག་པ་དག་གི་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །
གལ་ཏེ་གོ་བར་བྱེད་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཐལ་བ་ནི་གང་སྐྱེ་བའམ། མི་རྟག་པ་དེ་སེམས་པ་མེད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ་ཞེས་བྱ་བ་ཡིན་ན། འདིར་སེམས་པ་ཅན་སྐྱེ་བ་ཅན་ལ་སོགས་པ་འགལ་བ་མ་གྲུབ་པའི་ཕྱིར། དེའི་ཕྱིར་རྒོལ་བས་ནི་སེམས་ཉིད་སྐྱེ་བ་དང་མི་རྟག་པར་
མཐོང་བའི་ཕྱིར་རོ། །ཐལ་བ་ལས་བཟློག་པ་གང་སེམས་ཅན་དེ་ནི་སྐྱེ་བ་ལ་སོགས་པ་མེད་དེ། དཔེར་ན་བདག་ཤེས་པ་ཡོད་པ་བཞིན་ནོ་ཞེས་བྱ་བ་ཡིན་ན་འདི་ཡང་སེམས་པ་ཅན་མི་རྟག་པ་ལ་སོགས་པ་འགལ་བ་ཕྱིར་རྒོལ་བ་ལས་མ་གྲུབ་པོ། །གལ་ཏེ་ཇི་ལྟ་བུ་ཞེ་ན། སྔར་རྒྱུ་མ་ཚང་བ་མེད་པ་འབྱུང་བ་ཞེས་
བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །དེ་ཇི་ལྟར་མ་གྲུབ་ཅེ་ན། སྐྱེ་བ་ཅན་དང་མི་རྟག་པ་རྒྱུ་མ་ཚང་བ་མེད་པར་ཡོད་པ་ལ་སེམས་པ་ཅན་བྱུང་ན། སྐྱེ་བ་ལ་སོགས་པ་མེད་པར་འགྱུར་བ་དང་། སྐྱེ་བ་དང་འཇིག་པ་དག་ཕན་ཚུན་སྤངས་པས་སེམས་པ་ཅན་དུ་གནས་པ་དང་། དེ་སྤངས་པས་སྐྱེ་བ་ལ་སོགས་
པར་གནས་པའི་འགལ་བ་འདི་དག་མ་གྲུབ་པའི་ཕྱིར་ཏེ། སེམས་པ་ཅན་ཡང་ཡིན་ལ་སྐྱེ་བ་དང་འཇིག་པ་ཅན་ཡང་ཡིན་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱིས་ཐལ་བ་དུ་མ་ལ་འཇུག་པ་དང་གཅིག་པ་དག་ཇི་ལྟར་འགལ་ཞེ་ན། གཅིག་པའི་ཡང་ཞེས་བྱ་བ་སྨོས་ཏེ་རྟག་པ་དང་། མི་རྟག་པ་འབའ་
เล่ม ๑๘๗ · หน้า 232a
ཞིག་ཏུ་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །གཅིག་པ་ནི་སྤྱིའོ། །རྣམ་པར་མ་ཆད་པར་འབྲེལ་བ་ཞེས་སྔར་ཇི་སྐད་སྨོས་པ་དུ་མའི་རང་བཞིན་གྱིས་སྟོང་པར་ཁས་བླངས་པའི་ཕྱིར་ཡུལ་ལ་སོགས་པ་སྟེ། དུས་དང་རྫས་གཞན་དང་སྤྱི་འབྲེལ་པ་ཞེས་བྱ་བ་འཇུག་པ་མེད་དེ་
གཅིག་དེ་ཡིན་པ་དང་དུ་མ་དང་འབྲེལ་པ་གཅིག་དེ་མ་ཡིན་པ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་ཐལ་བ་དུ་མ་ལ་འཇུག་པའི་ཕྱིར་ཐ་དད་དེ་སྔོན་པོ་དང་། སེར་པོ་ལྟ་བུའོ། །སྤྱི་ཡང་དུ་མ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་དང་། ཐལ་བ་ལས་བཟློག་
པ་ཐ་དད་པ་མེད་ན་དུ་མ་ལ་འཇུག་པ་ཡང་མེད་དེ། དཔེར་ན་ཡུལ་ལ་སོགས་པ་ངེས་པའི་གསལ་བ་གཅིག་བཞིན་ནོ། །སྤྱི་ཡང་ཐ་དད་པ་མེད་པ་ཡིན་ནོ་ཞེས་བྱ་བའི་རྟགས་གོ་བར་བྱེད་པ་ཡིན་ནོ། །སློབ་དཔོན་དག་གིས་ཞེས་བྱ་བ་དབྱིག་གཉེན་གྱི་ཞལ་སྔ་ལ་སོགས་པས་སོ། །གལ་ཏེ་གཅིག་དང་དུ་མ་
ལ་འཇུག་པ་དག་འགལ་མོད་སྤྱི་ནི་གཉི་གའི་རང་བཞིན་ནོ་ཞེ་ན། འགལ་བ་དག་ནི་ཞེས་བྱ་བ་སྨོས་ཏེ་དུ་མ་ལ་འཇུག་པ་ཞེས་བྱ་བ་དུ་མའི་རང་བཞིན་གཅིག་ཁས་བླངས་ན། གཅིག་ཉིད་ཡོངས་སུ་གཏོང་སྟེ། སྤོང་བ་མེད་ན་སྟེ་གཅིག་མ་ཡིན་ཁས་མི་ལེན་ན་དུ་མ་རང་བཞིན་དུ་ཁས་བླངས་མི་འབྱུང་སྟེ། མི་
སྲིད་པའི་ཕྱིར། སྤྱི་ལ་གཅིག་དང་། གཅིག་མ་ཡིན་པའི་ཆོས་གཉི་ག་ཡོད་པ་མ་ཡིན་ནོ། །གལ་ཏེ་སྤྱི་དེ་ལྟ་བུ་མེད་ན་ནི་ཇི་ཞིག་ལ་དཔྱོད་པར་བྱེད་ཅེ་ན། དཔྱད་པའི་སྐབས་ནི་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའི་དོན་དཔྱད་པའི་སྐབས་ནའོ། །གྲུབ་པའི་མཐའ་རིགས་པའམ་མི་རིགས་པར་ཁས་བླངས་
པའི་ཕྱིར་དེ་ལས་གྲགས་པའི་དོན་ཁས་བླངས་ཏེ། དེ་ལ་དཔྱད་པ་བྱའི་དེ་ལྟ་མ་ཡིན་ན་དེའི་དོན་དཔྱོད་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཞན་དུ་ཁས་བླངས་ཞེས་བྱ་བ་སྨོས་ཏེ། གྲུབ་པའི་མཐའ་ལས་གཞན་དུ་སྤྱི་མེད་པར་ཁས་བླངས་ནས་སྤྱི་དཔྱད་པ་ནི་མི་རིགས་པའི་ཕྱིར་རོ། །དེ་ལྟར་ལུང་ལས་
མཐོང་བ་བཀག་ནས་རྣམ་པར་བཏགས་པ་དགག་པའི་ཕྱིར་དོན་མེད་པ་ཞེས་བྱ་བ་སྨོས་ཏེ། དངོས་པོར་གྱུར་པའི་ཉེ་བ་ཞེས་བྱ་བ་ནི་དངོས་པོར་གྱུར་པའི་རྗེས་སུ་འགྲོ་བའོ། །འོ་ན་ཇི་ལྟ་ཞེ་ན། སྨྲ་བ་པོའི་བརྗོད་པར་འདོད་པས་གང་ཡང་རུང་ཞེས་བྱ་བའི་འདྲ་བ་ཡིན་པར་བརྗོད་དོ། །རེས་འགའ་བུམ་པ་
เล่ม ๑๘๗ · หน้า 232b
དང་། སྒྲར་འདྲ་བ་ཡིན་པའི་ཕྱིར་མི་རྟག་ཅེས་སྨྲས་ལ་གཞན་ཡང་ནམ་མཁའ་དང་སྒྲར་འདྲ་བའི་ཕྱིར་རྟག་པའོ་ཞེས་བརྗོད་དེ། མི་རྟག་པའི་ཟླ་ཡིན་པས་དང་རྟག་པའི་ཟླ་ཡིན་པས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྟག་པ་དང་ཅིག་ཤོས་ཀྱི་ཟླ་གཉི་ག་ཇི་ལྟ་བུ་ཞེ་ན། དེ་ཉིད་ཀྱི་ཕྱིར་བརྗོད་པར་འདོད་པ་མི་རྟག་པ་
དང་། ཅིག་ཤོས་མི་རྟག་པ་མ་ཡིན་པ་དག་ལ་རིང་བ་དང་རིང་བ་མེད་པ་སྟེ། ཉེ་བ་དང་འགལ་བ་དང་། མི་འགལ་བ་དག་སྨྲ་བ་པོ་བརྗོད་པར་འདོད་པ་ལ་ཡོད་པ་མ་ཡིན་པའི་ཕྱིར་དེ་ལྟར་སྦྱར་བར་ཟད་དོ། །དངོས་པོའི་རང་བཞིན་ཉིད་ཡིན་ན་ནི་སྔར་མི་རྟག་པ་དང་འདྲ་བར་སྨྲས་ནས་ཡང་བརྗོད་པར་འདོད་པ་
རྟག་པ་དང་འདྲ་བར་བརྗོད་པར་མི་བྱ་སྟེ་འགལ་བའི་ཕྱིར་རོ། །གལ་ཏེ་བརྗོད་པར་འདོད་པ་འགྱུར་བ་མ་ཡིན་གྱི་ཅིག་ཅར་དུའོ་ཞེ་ན། དུས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཞེས་བྱ་བ་ནི་རིམ་འབའ་ཞིག་ཏུ་ཟད་དོ་ཞེས་བྱའོ། །དེ་བཞིན་དུ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་
བ་བཞིན་དུ་སྒྲ་འཇུག་པར་མི་འགྱུར་བའོ། །དེ་ལྟ་བས་ན་གཏན་ཚིགས་དེ་ལྟ་བུ་ནི་སྒྲ་ཙམ་དུ་ཟད་ཀྱི་དོན་ནི་མེད་དོ། །དེའི་ཕྱིར་དེ་ལས་དོན་མི་འགྲུབ་སྟེ། དངོས་པོའི་མཚན་ཉིད་དག་ལ་རྟགས་དེ་ལྟ་བུ་ནི་རིང་བ་སྟེ་ལྡོག་པ་དང་། ཉེ་བ་སྟེ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རིང་
བ་དང་ཉེ་བ་དེ་གྲུབ་ན་ནི་གང་ཡང་རུང་བ་ཅིག་ཡིན་པའི་ཕྱིར་ཞེས་བྱ་བ་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་འགའ་ཞིག་ཏུ་ཞེས་བྱ་བ་རྒྱབ་ཀྱི་ཆ་མཐོང་བའི་དུས་འགའ་ཞིག་ཏུའོ། །དེ་དང་འདྲ་བ་ཞེས་བྱ་བ་རྭ་ཅན་དང་འདྲ་བའིའོ། །གལ་ཏེ་འདི་ལྟར་དངོས་པོས་མ་ཡིན་ན་ཡང་ཁོ་བོས་དེ་ལྟར་འདོད་པའི་
ཕྱིར་རྟག་པ་ཉིད་གྲུབ་པོ་ཞེ་ནའོ། །འདོད་པས་སྦྱར་བ་དེས་དོན་རྟག་པའམ་མི་རྟག་པས་སྟོང་པ་དེའི་ཕྱིར་དེ་ལྟར་བརྗོད་པར་འདོད་པ་ཙམ་ནི་འབྲས་བུའི་སྒྲའི་སྒོ་ནས་ཀྱང་ངོ་། །དོན་རྟག་པའམ་ཅིག་ཤོས་ནི་མི་འགྲུབ་སྟེ། སྨྲ་བ་པོའི་བརྗོད་པར་འདོད་པ་དངོས་པོ་ཁོ་ན་ལ་འཇུག་པར་ངེས་པ་
མེད་པ་སྟེ། འདི་ལྟར་ཆུ་ཀླུང་གི་འགྲམ་ན་བུ་རམ་གྱི་ཕུང་པོ་ཡོད་དོ་ཞེས་མེད་བཞིན་དུ་ཡང་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདོད་པ་ལ་དངོས་པོས་ཁྱབ་པ་མ་གྲུབ་པས་ན་འདོད་པས་བྱས་པའི་རྟགས་དངོས་པོ་ལ་འཁྲུལ་པའི་ཕྱིར་རོ། །འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ན། །
เล่ม ๑๘๗ · หน้า 233a
འདོད་པ་ལས་ནི་དངོས་པོ་ཡང་ནི་གཞན་ཡིན་པའི་ཕྱིར་དངོས་པོའི་རྗེས་སུ་འབྲེལ་པ་མ་ཡིན་ནོ། །དེའི་ཕྱིར་འདོད་པ་དེས་བྱས་པའི་རྟགས་ནི་དངོས་པོ་ལ་འཁྲུལ་བ་ཡིན་ནོ། །མངོན་སུམ་ནི་ཕྱོགས་ཀྱི་ངག་རང་གིས་སོ། །བརྒྱུད་པས་ནི་ཕྱོགས་ཀྱི་ངག་ལས་སྐྱེས་པ་ལ་བརྟེན་ནས་
སོ། །ཕྱོགས་དང་རྟགས་བརྗོད་དག་ཅེས་བྱ་བ་ཇི་ལྟར་དེ་རྟགས་བརྗོད་པ་ནི་སྦྱོར་བའི་ངག་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནམ་ཞེ་ན། རང་གི་སྒྲུབ་བྱེད་དུ་གནས་པ་ཞེས་བྱ་བ་སྨོས་ཏེ། དངོས་སུ་དོན་རྟོགས་པ་སྒྲུབ་པར་བྱེད་པར་གནས་པར་ཡོད་པ་མ་ཡིན་པར་ཕྱོགས་དང་མཚུངས་པའི་ཕྱིར་རོ། །
བརྗོད་པ་ཞེས་བྱ་བ་ནི་སྒྲའོ། །འབྲེལ་པ་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བསམ་པའི་དབང་གིས་འཇུག་པའི་ཕྱིར་རོ། །གདགས་པར་འདོད་དོ་ཞེས་བྱ་བ་ནི་སྦྱོར་བའི་ངག་ནི་སྒྲུབ་པར་བྱེད་པ་རྟོགས་པའི་རྒྱུ་ཡིན་པས་སོ། །གདགས་པའི་དགོས་པ་ནི་སྔར་བཤད་ཟིན་ཏོ། །གལ་ཏེ་དེ་ལས་ཞེས་བྱ་བ་ནི་ཕྱོགས་
ཀྱི་ངག་ལས་སོ། །ཇི་ལྟར་འཇུག་ཅེ་ན། སྒྲ་མི་རྟག་གོ་ཞེས་བརྗོད་ན་ཅིའི་ཕྱིར་ཞེས་ཐེ་ཚོམ་དུ་འགྱུར་བ་ལས་བྱས་པའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱི་ངག་འཇུག་གོ། །ནང་དུ་རྟོགས་པ་ཞེས་བྱ་བ་ནི་དེའི་རང་བཞིན་གྱི་དོན་ཏོ། །དེ་ལ་ཞེས་བྱ་བ་ནི་འདས་མ་ཐག་པའོ། །དེ་དྲན་པ་སྐྱེད་པ་ཞེས་བྱ་བ་ནི་ཚུལ་
གསུམ་གྱི་ནང་དུ་གཏོགས་པའི་དོན་དྲན་པ་སྐྱེད་པའོ། །ཡང་ཞེས་བྱ་བ་ནི་དོན་ཚུལ་གསུམ་ཁོ་ན་ཡིན་པར་མ་ཟད་ཀྱི་ངག་ཀྱང་ཚུལ་གསུམ་བརྗོད་པ་ཁོ་ནར་ནུས་པ་རྣམ་པར་གཞག་པའོ། །ཡུལ་བརྗོད་པ་ཞེས་བྱ་བ་ནི་ཕྱོགས་སོ། །རྟགས་བརྗོད་པ་འཇུག་པ་མི་སྲིད་པ་ནི་རྟགས་ཡུལ་མེད་པའི་ཕྱིར་རོ། །
འདི་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་བརྒྱུད་པས་ཀྱང་ནི་ནུས་མ་ཡིན་ཞེས་བྱ་བ་དང་། ཐེ་ཚོམ་ལས་ཀྱང་ཤེས་པར་འདོད་པ་ཞེས་བྱ་བས་སོ། །གཞན་ཡང་ཞེས་བྱ་བ་ནི་མི་ནུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགོས་པ་མེད་པ་ཡང་ཡིན་ནོ། །ངེས་པར་དེ་མ་བསྟན་ཏོ་ཞེས་བྱ་བར་ནི་ཕྱོགས་སོ། །གལ་ཏེ་སྔ་ཕྱི་
གང་དུ་ཡང་ཆད་པས་བཅད་པའི་གནས་ཡིན་ནོ། །ཚིག་བཞི་སྟེ་ཞེས་བྱ་བ་ནི་མི་རིགས་ཏེ་མ་བསལ་བ་ཡང་ཡིན་པའི་ཕྱིར་རོ་ཞེ་ན། འདི་བཞི་ནི་ཕྱོགས་ཀྱི་མཚན་ཉིད་མི་འཇུག་པ་བསལ་བས་ནི་གནོད་པར་འགྱུར་བ་བསལ་བའི་ཕྱིར་ལོགས་སུ་བསྟན་ཏོ། །ངེས་པར་ཁས་བླངས་པ་ནི་སྒྲ་མི་རྟག་པའོ། །
เล่ม ๑๘๗ · หน้า 233b
དེའི་མེད་ན་མི་འབྱུང་བ་མ་ཡིན་པ་ནི་ནམ་མཁའི་ཡོན་ཏན་ནོ། །མེད་ན་མི་འབྱུང་བ་ནི་དཔེར་ན། བདག་མེད་པར་ཁས་བླངས་པའི་མེད་ན་མི་འབྱུང་བ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དག་སྟེ། དེ་དག་ཁས་མ་བླངས་ན་བདག་མེད་པ་མི་འབྱུང་བས་སོ། །སྐབས་ཀྱི་སྟེ་ཞེས་བྱ་བ་ནི་སངས་རྒྱས་པས་
བདག་མེད་དོ་ཞེས་བརྩད་པ་ནི། གྲངས་ཅན་གྱིས་སྐབས་དེ་བཟློག་པའི་ཕྱིར་སྨྲས་པ་ལྟ་བུ་སྟེ། བདག་གི་དོན་ཞེས་མ་སྨྲས་ཀྱང་རྟོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་རྟགས་དོན་མེད་པའི་ཕྱིར་རོ། །འདུས་པ་མ་ཡིན་པའི་དོན་བྱེད་པ་ཉིད་དོ་ཞེས་ཁྱད་པར་གཞན་སྤངས་པའི་ཚིག་གིས་ཆོས་ཀྱི་བྱེ་
བྲག་ཉིད་དོ། །འདུས་པ་མ་ཡིན་པའི་དོན་ཞེས་བྱ་བར་གཞན་མ་སྤངས་པའི་ཚིག་གིས་ཆོས་ཅན་གྱི་བྱེ་བྲག་ཏུ་བྱས་པའོ། །རྣམ་པར་གཞག་པ་ཙམ་ཞེས་བྱ་བ་ནི་སྒྲའི་བརྗོད་པའི་ལུགས་ཙམ་མོ། །དེ་ལྟར་བརྗོད་པ་ལས་ཆོས་ཀྱི་བྱེ་བྲག་ལས་བཟློག་པ་བསྒྲུབ་པའི་འགལ་བ་དང་ཆོས་ཅན་གྱི་བྱེ་བྲག་ལས་
བཟློག་པ་བསྒྲུབ་པའོ་ཞེས་བྱ་བའི་མིང་གི་ཁྱད་པར་ཙམ་གྱི་འགལ་བ་ཉིད་ནི་གཅིག་ཁོ་ནའོ། །གལ་ཏེ་གཞན་ཞེས་སྨྲས་ཀྱང་འདུས་པ་མ་ཡིན་པ་ཞེས་ནི་མ་ཡིན་ནོ་ཞེ་ན། གཞན་ཡང་རང་བཞིན་བྱེ་བྲག་ཅན་དེ་དག་ཏུ་འདོད་པས་འདུས་པ་མ་ཡིན་པ་ཁོ་ནའི་དོན་ཞེས་སྐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། གཞན་དུ་
རྟགས་དོན་མེད་པས་སོ། །གལ་ཏེ་དེ་ལྟ་ན་ཡང་ཇི་ལྟར་སྐྱོན་དུ་འགྱུར་ཞེ་ན། དེ་དག་གང་གིས་འབྲེལ་ཞེས་བྱ་བ་སྨོས་ཏེ། དཔེ་ལ་ནི་འདུས་པའི་དོན་ཁོ་ན་དང་རྟགས་འབྲེལ་གྱི་ཅིག་ཤོས་དང་ནི་མ་ཡིན་པའི་ཕྱིར་འབྲེལ་པ་མ་གྲུབ་བོ། །གང་གིས་ཇི་ལྟར་བརྗོད་པ་ནི་གཞན་གྱི་དོན་ཙམ་མོ། །དེ་ནི་དཔེ་ལ་གཞན་
འདུས་པ་ཉིད་ཀྱི་དོན་བྱེད་པའི་བསྒྲུབ་པར་བྱ་བ་དང་རྟགས་རྗེས་སུ་འགྲོ་བ་གྲུབ་པོ། །དེ་ལྟ་ཡིན་ཡང་བསྒྲུབ་པར་བྱ་བ་དེ་དང་རྗེས་སུ་འགྲོ་བ་མེད་པ་སྟེ། དེ་དང་འགལ་བ་འདུས་པ་མ་ཡིན་པའི་དོན་བྱེད་པ་ཡང་དེ་དང་འགལ་བ་དང་། རྗེས་སུ་འགྲོ་བ་ཅན་གྱི་རྟགས་ཀྱིས་འདྲེན་ན་ཧ་ཅང་ཐལ་བར་འགྱུར་ཏེ་མེས་ཀྱང་
གྲང་བའི་རེག་པ་ལ་སོགས་པར་རོ། །དེ་ལྟར་ན་གཏན་ཚིགས་ཐམས་ཅད་འགལ་ཞིང་ཞེས་བྱ་བ་དག་གིས་ཁྱབ་པར་བྱེད་པ་དང་འགལ་བ་འདྲེན་པའི་ཕྱིར་རོ། །དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བར་འགྱུར་ཏེ། རང་གི་ཁྱབ་པར་བྱ་བ་དང་འགལ་བ་དཔེ་ལ་མི་སྲིད་པའི་ཕྱིར་རོ། །ཡང་ན་དཔེ་མལ་ཆ་
เล่ม ๑๘๗ · หน้า 234a
ལ་སོགས་པ་ལ་འདུས་པ་མ་ཡིན་པའི་དོན་བྱེད་པ་མ་ཚང་བའོ། །དེ་ཙམ་དུ་ཞེས་བྱ་བ་ནི་འགལ་བ་དག་ཀྱང་ངོ་། །གང་ན་ཡང་ཞེས་བྱ་བ་ནི་དཔེ་གང་ལ་ཡང་ངོ་། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་རྟགས་དང་འབྲེལ་བའོ། །རྟགས་དང་དཔེ་དག་མེད་པ་དེའི་ཕྱིར་རྟགས་གང་
ལས་ཀྱང་རྟོགས་པར་མི་འགྱུར་རོ། །བརྗོད་པའི་ཆོས་དེ་འདུས་པ་མ་ཡིན་པ་ཉིད་ཀྱི་དོན་བྱེད་པ་ཚིག་ཏུ་བརྗོད་ན་ནི་སྐྱོན་འདི་ཞེས་བྱ་བ་ནི་འགལ་བ་དང་དཔེ་མེད་པ་དག་གོ། །བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ནི་རྟགས་ཀྱིས་རྟོགས་པར་བྱ་བ་ཡིན་པ་ཉིད་དུ་སྨྲས་པ་དང་འདྲ་བའི་ཕྱིར་
རོ། །གལ་ཏེ་འདོད་ཀྱང་མ་སྨྲས་པ་འགལ་བ་ལ་སོགས་པའི་སྐྱོན་མེད་ནའོ། །འདོད་པ་ལ་ནི་གནོད་པར་བྱེད་པ་ལ་ཡང་འགལ་བའི་སྐྱོན་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་སྐྱོན་མེད་པར་འདོད་དོ་ཞེ་ན། སྐྱོན་མེད་པ་མ་ཡིན་ཏེ། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པས་བསྒྲུབ་
པར་བྱ་བ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྨྲས་པ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་ཕྱིན་ཅི་ལོག་མེད་དོ་ཞེ་ན། ཇི་སྐད་སྨོས་པ་སྟེ། འདུས་པ་མ་ཡིན་པའི་དོན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་
ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཉིད་དུ་བསྟན་པ་སྟེ། གཞན་དུ་བྱེ་བྲག་ཏུ་མ་བྱས་པའི་གཞན་གྱི་དོན་ཙམ་ནི་རྟགས་དོན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལ་འདུས་པ་མ་ཡིན་པའི་དོན་རྗེས་སུ་འགྲོ་བ་མེད་པར་འདོད་པ་ཉིད་དེ། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས།
བདག་གཞན་ཞེ་ན་མ་གྲུབ་ཕྱིར། །ཞེས་གསུངས་པ་ལྟ་བུ་སྟེ། བདག་མ་གྲུབ་པ་དེ་ཉིད་འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་ཡིན་ཏེ། བདག་དེ་དང་རྗེས་སུ་འགྲོ་བ་མེད་ཀྱི་དེ་དང་འགལ་བའི་རྗེས་སུ་འགྲོ་བའི་ཕྱིར་རོ། །གང་ལས་རྩོད་པ་ཞེས་བྱ་བ་ནི་བདག་གང་ལས་ཏེ། དེ་བསྒྲུབ་པའི་
ཕྱིར་བསྒྲུབ་པ་བཀོད་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་བཀོད་པའི་འབྲས་བུ་བདག་བསྒྲུབ་པར་བྱ་བ་ཡིན་པར་འདོད་ན་ཡང་ངོ་། །ཕྱིན་ཅི་ལོག་ཏུ་གྲུབ་པ་ཞེས་བྱ་བ་ནི་འདུས་པའི་རྗེས་སུ་འགྲོ་བའི་ཕྱིར་འདུས་པའི་དོན་དུ་གྲུབ་པས་སོ། །གལ་ཏེ་འདུས་པའི་དོན་ཉིད་བསྒྲུབ་པར་
เล่ม ๑๘๗ · หน้า 234b
བྱ་བ་ཡིན་ནོ་ཞེ་ན། འབྲས་བུ་མེད་པ་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ནི་ཕྱིར་རྒོལ་བ་ཡང་འདོད་པ་ཉིད་དོ། །འགལ་བ་འབྲས་བུ་མེད་པ་དེ་ཉིད་དཔེས་བསྟན་པ་ནི་སྒྲའི་མཚན་ཉིད་ནི་ཞེས་བྱ་བ་སྨོས་ཏེ། བྷ་ཏྲི་ཧ་རི་ན་རེ། ཤེས་དང་ལྡན་དང་ཕྱི་དོན་དང་། །རང་གི་ངོ་བོ་ཉིད་ཀྱང་སྟེ། །དེ་དེ་སྒྲ་བརྗོད་པས་
རྟོགས་པས། །སྤྱི་ནི་འབྲེལ་བར་རབ་ཏུ་གནས། །ཞེས་ཟེར་བ་ལྟ་བུའོ། །དེ་ཉིད་སྒྲ་རྣམས་ནི་མིང་དང་འབྲེལ་བར་མ་གྱུར་པའི་སྔོན་ནས་ཀྱང་དོན་དང་ལྡན་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མིང་དང་འབྲེལ་བ་ནི་བརྡར་བྱས་པའོ། །དེའི་སྔོན་རོལ་ནི་དེ་མ་གྲུབ་པ་ན་ཡང་ངོ་། །དོན་དང་ལྡན་ཏེ། སྒྲ་འདོན་
པ་ན་བརྗོད་པར་འདོད་པའི་ཤེས་པ་དང་ལྡན་པར་གོ་བར་བྱེད། ཕྱིའི་དོན་གོ་བར་ནུས། རང་གི་ངོ་བོ་གོ་བར་བྱེད་དེ། གོའུ་ཞེས་བྱ་བའི་སྒྲས་བརྗོད་པར་འདོད་པ་དང་། བ་ལང་དང་། རང་གི་ངོ་བོ་ག་དང་ཨོ་དང་ཨུ་དག་གོ་བར་བྱེད་པས་སོ། །དེས་ན་བརྡའི་སྔོན་རོལ་ནས་ཀྱང་བརྗོད་པར་འདོད་པའི་
ཤེས་པ་དང་རང་གི་ངོ་བོར་གོ་བར་བྱེད་དོ། །རྣམ་པར་དབྱེ་བ་ཅན་དུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་དང་པོ་དང་གཉིས་པ་ལ་སོགས་པའི་རང་བཞིན་ལས་མི་འདའ་བའི་ཕྱིར་རོ། །འདིར་རང་གི་ངོ་བོ་ཙམ་གྱི་དོན་དང་ལྡན་པར་སྒྲུབ་པར་འདོད་ལ་རྣམ་པར་དབྱེ་བས་ནི་ཕྱི་རོལ་གྱི་དོན་གྱིས་དོན་དང་ལྡན་པར་
འགྱུར་བའི་ཕྱིར་མི་འདོད་པ་བསྒྲུབ་པའམ། རང་གི་ངོ་བོ་ཙམ་གྱི་དོན་ནི་གྲུབ་ཀྱང་དོན་དུ་སྐྱེས་བུས་འདོད་པ་མེད་པའི་ཕྱིར་རྟགས་དོན་མེད་དེ། སྒྲ་ལས་རང་གི་ངོ་བོ་རྟོགས་པར་འདོད་པ་གཞན་པའི་རྟོགས་པར་བྱ་བ་ཅི་ཡང་མེད་པའི་ཕྱིར་རོ། །གཞན་གྱི་དོན་བྱེ་བྲག་ཏུ་མ་བྱས་པས་ཞེས་བྱ་བ་ནི་
འདུས་པ་མ་ཡིན་པ་གཞན་གྱི་ཞེས་བྱེ་བྲག་ཏུ་མ་བྱས་ན་ནི་སྒྲུབ་པར་འདོད་པ་བདག་གི་དོན་དུ་མི་འགྱུར་རོ། །གཞན་གྱི་དོན་ཉིད་ཁས་བླངས་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་མ་བྱས་པ་སྒྲུབ་ན་ནི་ཕྱིར་རྒོལ་བ་སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ཅན་གྱི་སྦྱོར་བ་ནི་རྒྱང་པན་པའོ། །དེ་
དག་རྗེས་སུ་དཔག་པ་ཚད་མར་མི་འདོད་པ་མ་ཡིན་ནམ་ཇི་ལྟར་རྟགས་སྦྱོར་བ་སྨྲས་ཤེ་ན། འདི་ནི་འགལ་བ་མེད་དེ་གཞན་ལ་རབ་ཏུ་གྲགས་པ་རྗེས་སུ་འདོད་པས། གཞན་ཉིད་ལ་སྟོན་པས་བྱེད་དོ་ཞེས་ཟེར་རོ། །སེམས་པ་ཅན་དུ་གསལ་བའི་ལུས་ཀྱི་མཚན་ཉིད་ཀྱི་སྐྱེས་བུ་ཞེས་བྱ་བ་ནི་དེ་དག་
เล่ม ๑๘๗ · หน้า 235a
གི་གྲུབ་པའི་མཐའ་ནི་འདི་ལྟ་བུ་སྟེ། སྐྱེས་བུ་དང་སེམས་ཞེས་བྱ་བ་དག་ལུས་ལས་གཞན་པ་ནི་ཅི་ཡང་མེད་དེ་འབྱུང་བའི་རང་བཞིན་གྱི་ལུས་ཉིད་སེམས་དང་སྐྱེས་བུ་ཞེས་བྱའོ། །དེའི་ཕྱིར་སེམས་པ་ཅན་དུ་གསལ་བའི་ལུས་ཀྱི་རང་བཞིན་གྱི་སྐྱེས་བུ་སྟེ་དགུན་ཆང་རྣམས་སོ། །སོ་
གའི་དུས་སུ་དང་བར་འགྱུར་བ་དག་ཆང་ཉིད་ལས་གཞན་མ་ཡིན་པ་དེ་བཞིན་དུ། སེམས་དང་སྐྱེས་བུ་ཡང་འབྱུང་བ་ཡོངས་སུ་གྱུར་པ་ཉིད་ཡིན་གྱི་འབྱུང་བའི་ལུས་ལས་གཞན་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་སྒྲུབ་པའི་ཕྱིར་ངན་གཡོའི་སྦྱོར་བ་སྟེ། བུམ་པ་སེམས་པའི་ངོ་བོར་གསལ་བའི་ལུས་ཀྱི་མཚན་ཉིད་
ཀྱི་སྐྱེས་བུས་ཟླ་དང་བཅས་པར་གྲུབ་ན་ལུས་ཉིད་སེམས་དང་སྐྱེས་བུ་ཡིན་པར་ཤུགས་ཀྱིས་གྲུབ་པའོ། །རྩིག་པ་ནི་རྗེས་སུ་འགྲོ་བའི་ཡུལ་ཏེ། དེ་ལ་བུམ་པ་དང་སྐྱེས་བུ་དེ་ལྟ་བུའི་ཟླ་དང་བཅས་པ་རྟགས་ཅན་དང་། ཨུཏྤ་ལ་མ་ཡིན་པ་ཉིད་ཀྱི་རྟགས་དག་ཡོད་པར་སྣང་བས་སོ། །དེ་ལ་ཡང་རྗེས་སུ་འགྲོ་བ་
མེད་པར་བསྟན་པ་ནི་དེ་ལྟ་བུར་གྱུར་པ་སྟེ་སེམས་ཉིད་ཀྱི་ངོ་བོར་གསལ་བའི་ལུས་ཀྱི་སྐྱེས་བུས་གཉིས་པ་ཅན་དུ་མ་གྲུབ་སྟེ། ལུས་ནི་སེམས་ལས་ཐ་མི་དད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟར་ན་སེམས་གསལ་བའི་ལུས་གཉིས་པ་ཅན་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་ཕྱིར་དཔེར་མི་
འགྱུར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ། །གལ་ཏེ་སྤྱིས་སྒྲུབ་པར་འདོད་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་གཉིས་པ་ཅན་ཙམ་དུ་སྒྲུབ་ཀྱི་སེམས་སུ་གསལ་བའི་ལུས་ཀྱིས་གཉིས་པ་ཅན་ཞེས་བྱེ་བྲག་མི་འཕེན་པའི་ཕྱིར་ལུས་དེ་ཙམ་གྱིས་སམ། ཡང་ན་བུམ་པས་གཉིས་པ་ཅན་ཡིན་པའི་ཕྱིར། དཔེ་ལ་རྗེས་
སུ་འགྲོ་བ་ལ་ཐེ་ཚོམ་མི་ཟའོ་ཞེ་ན། གལ་ཏེ་སེམས་པ་ཅན་དུ་གསལ་བའི་ལུས་ཀྱིས་གཉིས་པ་ཅན་དུ་མི་འགྲུབ་ན་གྲུབ་པར་བྱེད་པ་ཨུཏྤ་ལ་མ་ཡིན་པ་ཉིད་ཀྱི་འབྲས་བུ་ཅི་ཞིག་ཡིན། བུམ་པ་ལུས་ཙམ་གྱིས་གཉིས་པ་ཅན་དུ་ནི་ཕྱིར་རྒོལ་བ་དག་ཀྱང་འདོད་པའི་ཕྱིར་རོ། །ཡང་ན་ཞེས་བྱ་བ་
ནི་རྣམ་པར་རྟོག་པ་བཞི་སྟེ། གལ་ཏེ་དཔེ་ལ་ཡོད་པའི་བསྒྲུབ་པར་བྱ་བར་སེམས་ལས་བཟློག་པའི་བུམ་པས་གཉིས་པ་ཅན་ཡིན་ཏེ། སྐྱེས་བུས་ནི་ཐེ་ཚོམ་ཟ་བའི་ཕྱིར་མ་ཡིན་པའི་ཕྱིར་སེམས་པ་ཅན་དུ་གསལ་བ་མ་ཡིན་པའི་གཉིས་པ་ཅན་དང་གཏན་ཚིགས་རྗེས་སུ་འགྲོ་བར་དཔེ་ལ་གྲུབ་པས་
เล่ม ๑๘๗ · หน้า 235b
བུམ་པ་ལ་ཡང་མི་འདོད་པ་གྲུབ་པའི་ཕྱིར་འགལ་བར་འགྱུར་རོ་ཞེས་སྔར་གྲངས་ཅན་པ་ལ་སྨྲ་བ་དང་འདྲའོ། །གཞན་ཡང་གལ་ཏེ་ཡང་ཞེས་བྱ་བ་སྨོས་ཏེ། སྐྱོན་སྔར་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་དོན་ཏོ། །གལ་ཏེ་དཔེ་ལ་རྗེས་སུ་འགྲོ་བ་མེད་པ་སྤང་བའི་ཕྱིར་བྱེ་བྲག་མི་འཕེན་ཞེས་སྨྲ་བ་བྱེ་བྲག་དེ་སྒྲུབ་
པར་བྱེད་པ་རྟགས་ཀྱིས་ཡུལ་དུ་མི་བྱེད་ན་ཇི་ལྟར་ན་རྟགས་ཨུཏྤ་ལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེས་སེམས་པ་ཅན་དུ་གསལ་བའི་ལུས་ཀྱིས་གཉིས་པ་ཅན་དེ་འགྲུབ་སྟེ། སྒྲུབ་པར་འདོད་པ་འདི་ལྟར་སེམས་པ་ཅན་དུ་གསལ་བའི་ཞེས་སྨྲ། གལ་ཏེ་གཏན་ཚིགས་ཨུཏྤ་ལ་མ་ཡིན་པ་ཉིད་ཀྱིས་སེམས་པ་ཅན་
དུ་གསལ་བའི་གཉིས་པ་ཅན་དུ་འགྲུབ་ན་ནི་ཞེས་བྱ་བ་བྱེ་བྲག་འཕེན་ན་ནི་ཇི་ལྟར་ན་དེ་རྟགས་ཀྱི་ཡུལ་མ་ཡིན་ཏེ། བྱེ་བྲག་དེ་འཕངས་པའི་ཕྱིར་མི་འཕེན་ནོ་ཞེས་བྱ་བ་མི་རིགས་སོ། །གལ་ཏེ་ཡུལ་ཡིན་ནོ་ཞེས་བྱ་བ་བྱེ་བྲག་འཕེན་ནའོ། །རང་ལ་བརྟེན་པར་འགྱུར་བའི་སྐྱོན་ནི་སེམས་པ་ཅན་དུ་གསལ་བའི་
ལུས་སུ་ཐེ་ཚོམ་ཟ་བའི་ཕྱིར་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའོ། །དེ་ལྟ་བུ་ཡང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཡོད་པས་ནི་འདོད་པ་མ་གྲུབ་ན་ནི་རྗེས་སུ་འགྲོ་བ་ཡོད་པས་ནི་འདོད་པ་མི་འགྲུབ་ལ་འདོད་པ་གྲུབ་ན་ནི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་སྐྱེས་བུའི་ལུས་ཁྱད་པར་ཅན་འཕེན་དུ་ཡང་མི་རུང་ལ་མི་འཕེན་དུ་ཡང་
མི་རུང་བའི་རྒྱང་པན་པའོ། །ཨུཏྤ་ལ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་རྟགས་ནུས་པ་མེད་པ་ལ། མི་འདོད་པ་སྒྲུབ་པ་དེ་ལ་བརྟེན་པའི་བསྒྲུབ་པར་བྱ་བ་དེ་འགྲུབ་པར་བྱ་བའི་སྒྲུབ་པར་བྱེད་པ་དེ་ལྟ་བུས་ཉེ་བར་འཚོ་སྟེ་བདེ་བར་གནས་ནའོ། །ཕ་རོལ་སུན་འབྱིན་པ་ཀླན་ཀའི་འཇིགས་པ་མེད་པ་ནི་མི་འཚོ་འམ་ཅི་སྟེ་
རང་གི་ཉེས་པ་ལ་མི་ལྟ་བར་ཕ་རོལ་གནོན་པ་ནི་རྒྱལ་རིགས་ཀྱི་རྣམ་པར་གཞག་པ་སྟེ། རིགས་པ་ལ་བརྟེན་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀླན་ཀ་དང་བཅས་པ་དགོད་པ་ལ་མི་བདེ་བ་མེད་ན་སུན་འབྱིན་པ་འཇིགས་པ་མེད་པ་དེའི་ཕྱིར་ཇི་སྲིད་དོན་དུ་གྱུར་པ་སྟེ། སེམས་པ་ཅན་དུ་གསལ་བའི་ལུས་ཀྱི་
གཉིས་པ་ཅན་ནོ། །སྒྲུབ་པར་བྱེད་པའི་མཐུས་གྲུབ་པ་འཕངས་པ་ནི་ཨུཏྤ་ལ་མ་ཡིན་པ་ཉིད་སྒྲུབ་པར་འདོད་པས་འཕངས་པའོ། །དེས་ཁྱབ་པ་ནི་བསྒྲུབ་པ་མ་བཏང་གི་ངར་དུའོ། །སུན་འབྱིན་པས་ཀྱང་ཁྱབ་སྟེ། ཇི་སྲིད་དུ་རྗེས་སུ་འགྲོ་བ་ཐེ་ཚོམ་ཟ་བའམ། ཐེ་ཚོམ་མི་ཟ་ན་ཕྱིན་ཅི་ལོག་གམ་
เล่ม ๑๘๗ · หน้า 236a
ཞེས་སྨྲ་བར་འགྱུར་བས་སོ། །གཞན་ཡང་དེ་ལྟ་བུའི་བྱེ་བྲག་ཅན་སེམས་པ་ཅན་དུ་གསལ་བའོ། །ཁས་མི་ལེན་ན་ཞེས་བྱ་བ་ནི་སེམས་པ་ཅན་དུ་གསལ་བར་ཐེ་ཚོམ་ཟ་བའི་ཕྱིར་དེ་ལྟ་བུ་ཉིད་དུ་ཁས་མི་ལེན་ནོ། །སྤྱི་ཞེས་བྱ་བ་ནི་གཉིས་པ་དང་བཅས་པ་ཙམ་ཉིད་དོ། །
ལུས་དེ་ལྟ་བུ་ནི་མ་གྲུབ་པའི་ཕྱིར་དང་བུམ་པ་ཡང་གཉིས་པ་ཅན་དུ་བསྒྲུབ་པར་བྱ་བའི་བུམ་པ་ལ་མི་སྲིད་པར་སྟོན་པར་འགྱུར་བའི་ཕྱིར་གང་ཡང་རུང་བ་ལ་གཉིས་པ་ཅན་གྱི་དོན་ཉིད་མེད་པའི་ཕྱིར་རོ། །གཅིག་ཟ་བ་མི་སྲིད་པ་ནི་གང་ཡང་རུང་བ་གཅིག་ཟ་ཞེས་བྱ་བ་འདི་སྦྱོར་བར་མི་འདོད་ལ།
སྨྲ་བ་པོ་ཟ་བ་པོ་གཉིས་ལ་ཐེ་ཚོམ་མི་ཟ་སྟེ། ལྷ་སྦྱིན་ཁོ་ན་ཟ་སྙམ་ན་ཡང་གང་ཡང་རུང་བ་གཅིག་ཟའོ་ཞེས་བྱ་བའི་སྒྲ་འདི་སྦྱོར་བར་མི་འདོད་དོ། །དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་སྨོས་ཏེ་བུམ་པ་རང་ཉིད་བུམ་པ་ལས་དོན་གཞན་ཡིན་པར་ནི་ཁས་མི་ལེན་ཏེ་དེ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་རོ། །གལ་
ཏེ་བུམ་པ་ཉིད་བུམ་པ་ལས་གཞན་ཡིན་པར་ཁས་ལེན་ན་ནི་ཡང་འགལ་བའི་ཕྱིར་ཏེ། བུམ་པ་དང་བུམ་པ་མ་ཡིན་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ལས་གཞན་མ་ཡིན་པས་ལུས་ཙམ་ཞིག་བུམ་པ་ལས་དོན་གཞན་དུ་གྱུར་པ་ཞེས་བྱ་བ་ཡིན་པར་གཉིས་པ་ཅན་གྱི་ཚིག་གི་དོན་ཤུགས་
ཀྱིས་ཏེ། རིགས་པས་རྣམ་པར་གནས་པ་གཞན་གཅིག་ལས་མེད་པའི་ཕྱིར་གང་ཡང་རུང་བ་གཅིག་གིས་གཉིས་པ་ཅན་ཞེས་སྨོས་པ་ནི་དོན་མེད་དོ། །གཞན་དུ་ཞེས་བྱ་བ་ནི་བུམ་པ་ལས་གཞན་ཡིན་པའོ། །གལ་ཏེ་ལུས་ཉིད་འདིར་དོན་གཞན་དུ་འདོད་པ་ཁོ་ནའོ་ཞེ་ན། དེ་ཉིད་དེ་སྐད་ཅེས་བརྗོད་
པར་བྱའོ་ཞེས་བྱ་བ་ནི་ལུས་ཀྱི་གཉིས་པ་ཅན་ཡིན་ཏེ་ཞེས་དམ་བཅའ་བར་བྱ་བའི་བུམ་པ་དག་ལས་གང་ཡང་རུང་བ་ཞེས་མ་བརྗོད་དོ། །བུམ་པ་ཡང་དེ་སྐད་ཅེས་བྱ་བར་འགལ་བས་མི་སྲིད་པའི་བརྗོད་པ་མི་རིགས་པས་སོ། །གང་ཡང་རུང་བ་ཞེས་བྱ་བ་ནི་སྤྱིར་བརྗོད་པ་ཡིན་ལ། སྤྱིར་ནི་རྫས་བརྗོད་པར་
འདོད་པ་ཐམས་ཅད་ལ་སྲིད་ན་རུང་གི་རྫས་ཐམས་ཅད་ལ་སྲིད་པ་མ་ཡིན་པ་དེ་ནི་སྤྱི་མི་རིགས་པའི་ཕྱིར་ཏེ། དེ་ལྟར་ན་བྱེ་བྲག་ཀྱང་དེ་ཐལ་བར་འགྱུར་བའི་ཕྱིར་རོ། །བྲམ་ཟེ་ལ་སོགས་པས་ནི་རྒྱལ་རིགས་ལ་སོགས་པ་གཟུང་ངོ་། །དེ་ལྟར་བྲམ་ཟེ་ལ་སོགས་པས་གང་ཡང་མེད་པ་ལ་རིགས་ཉིད་ཀྱི་སྤྱིའི་
เล่ม ๑๘๗ · หน้า 236b
ཆོས་མི་སྲིད་དོ། །གཞན་ཡང་དབང་པོ་ཞེས་བྱ་བའི་སྤྱིའི་མཚན་ཉིད་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་རྟོག་པར་བྱེད་པའི་ཡིད་ཀྱི་ཤེས་པ་ལ་དབང་པོ་ལས་སྐྱེས་པ་ཞེས་བྱ་བའི་མཚན་ཉིད་དང་མི་ལྡན་པ་ལྟ་བུའོ། །དེ་ནི་ཇི་ལྟར་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་ཅེ་ན། དེ་ལྟར་རྟོགས་པ་མ་ཡིན་ཏེ། དབང་
པོ་ལས་སྐྱེས་པའི་མིག་གི་ཤེས་པས་གསལ་བ་དང་བྱ་བ་བྱེད་པར་ནུས་པ་དེ་ལྟར་རྟོག་པས་རྟོགས་པ་མ་ཡིན་པའི་ཕྱིར་དང་། དབང་པོ་དེ་འགྱུར་ཡང་རྟོག་པ་ཙམ་མི་འགྱུར་བའི་ཕྱིར་དང་། དབང་པོ་མེད་པར་ཡང་རྟོག་པ་འབྱུང་བའི་ཕྱིར་རོ། །དེ་དག་ལ་དེ་ལྟར་ཁས་ལེན་ན་ཞེས་བྱ་བ་ནི་དོན་གཞན་དུ་མ་
གྲུབ་པ་དེ་དག་ལ་གང་ཡང་རུང་བ་ཞེས་ཁས་ལེན་ནའོ། །འགྱུར་རོ་ཞེས་བྱ་བ་ནི་སྤྱི་བསྒྲུབ་པར་བྱ་བའོ། །གལ་ཏེ་ཅིའི་ཕྱིར་དོན་གཞན་མེད་ཅེ་ན། དེ་ཡང་ཞེས་བྱ་བ་སྨོས་ཏེ། རྗེས་སུ་འགྲོ་བ་མེད་པས་ཐེ་ཚོམ་ཟ་ལ་ཞེས་བྱ་བ་རྩིག་པ་ལ་སེམས་པའི་རང་བཞིན་གྱི་ལུས་ཀྱིས་གཉིས་པ་ཅན་ཉིད་མ་
གྲུབ་པ་སྟེ། ལུས་ཉིད་སེམས་པ་ཡིན་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེས་ན་བུམ་པ་ལ་ཡང་སེམས་པར་གསལ་བའི་ལུས་ཀྱིས་གཉིས་པ་ཅན་དུ་ཐེ་ཚོམ་ཟ་བའི་རྟགས་ཀྱིས་འགྲུབ་པ་མེད་དོ། །འགལ་བའི་ཕྱིར་ཞེས་བྱ་བ་ནི་སྔར་བཤད་པ་ཉིད་ཡིན་ནོ། །དེའི་ཕྱིར་ལུས་དང་བུམ་པ་གཉིས་པ་
ལ་ནི་མི་སྲིད་དོ། །དེ་ལྟར་ན་རྫས་བྱེ་བྲག་མེད་པའི་སྤྱི་ལྟ་ཞིག་ག་ལ་འགྲུབ། དཔེར་ན་ལྷ་སྦྱིན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཟ་བའི་ཆོས་གཉི་ག་ལ་སྲིད་ན་གང་ཡང་རུང་བ་ཞེས་སྤྱིར་བརྗོད་པ་རིགས་ཀྱི། གཉི་ག་ལ་ཟ་བ་ཉིད་མི་འདོད་ན་གང་ཡང་རུང་བ་གཅིག་ཟའོ་ཞེས་བྱ་བ་གཅིག་ཅིག་
སོད་དམ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལྷ་སྦྱིན་ཁོ་ན་ཟ་བ་མ་ཡིན་ནོ་ཞེས་བྱ་བ་ལས་ལྷ་སྦྱིན་གཅིག་པུ་ཟ་བ་ཞེས་བྱ་བ་ཆོས་འདི་ལྷ་སྦྱིན་ལ་འགོག་པ་ཙམ་ཞིག་བསམ་པས་གང་ཡང་རུང་བ་གཅིག་ཟའོ་ཞེས་བརྗོད་པར་མི་རུང་བའི་སྐྱོན་མེད་དོ་ཞེ་ན། གཅིག་གཟུང་བར་ཐལ་བ་སྟེ། རྫས་གཅིག་གི་
ཆོས་བསམ་པའི་སྐབས་ཡིན་པར་ཐལ་བ་སྟེ། མི་འདོད་པ་དེར་འགྱུར་བའི་སྐབས་མེད་པའི་ཕྱིར་ཏེ། དུ་མའི་གཉིས་པ་ཅན་སེམས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འདི་རྣམ་པར་བརྟག་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་འམ་འདིའོ་ཞེས་གཉིས་ལས་གང་ཡང་རུང་བ་གཅིག་ཏུ་
เล่ม ๑๘๗ · หน้า 237a
རྟོག་པའི་ཡུལ་ཡིན་པའི་ཕྱིར་གཅིག་གི་ཆོས་སེམས་པར་ཐལ་བ་མེད་དོ། །དེར་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཡུལ་དེར་རོ། །བུམ་པ་ཡང་གཉིས་པ་མ་ཡིན་ལ། ལུས་དེ་ལྟ་བུའི་ཁྱད་པར་ཅན་ཡང་གཉིས་པ་མ་ཡིན་ནོ་ཞེས་བྱ་བར་མི་འདོད་དེ། རིགས་པ་མ་ཡིན་ཏེ།
གཉི་ག་ཡང་མི་སྲིད་ན་བརྟག་པའི་ཡུལ་མེད་པའི་ཕྱིར་རོ། །དེ་ནི་རེ་ཞིག་གཅིག་ཁོ་ན་ཟ་བ་མ་ཡིན་ནོ་ཞེས་དགག་པར་རྟོག་པ་བསལ་ནས། གལ་ཏེ་ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་གཅིག་ཟའོ་ཞེས་བྱ་བ་ཟ་བ་པོ་གཅིག་ཉིད་ཡིན་ནོ་ཞེས་སྒྲུབ་པ་ཡིན་ན་ཡང་རིགས་པ་མ་ཡིན་ཏེ། གཉིས་པོ་དག་
ལས་ཅིག་ཤོས་ཀྱིས་གཉིས་པ་ཉིད་མི་སྲིད་ཀྱི་གཅིག་གི་གཉིས་པ་དང་བཅས་པར་སྒྲུབ་ན་ཡང་རྣམ་པར་རྟོག་པས་བསྡུ་བ་སྟེ། འདི་འམ་འདིས་གཉིས་པ་ཅན་ཡིན་ནོ་ཞེ་ན། གང་ཡང་རུང་བ་གཅིག་གིས་གཉིས་པ་ཅན་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ། །དེ་ལྟར་ན་རང་གི་འདོད་པའི་དོན་ཡང་རྗེས་སུ་
འགྲོ་བ་མེད་པའི་ཕྱིར་མི་འགྲུབ་ལ་སྤྱི་ཡང་བྱེ་བྲག་མི་སྲིད་པས་མ་ཡིན་གཅིག་ཏུ་དགག་པ་དང་སྒྲུབ་པ་ཡང་མི་རིགས་པའི་ཕྱིར་མི་འགྲུབ་པས་ན། ད་ནི་ཨུཏྤ་ལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ཡང་རྟགས་འདིས་ཅི་ཞིག་སྒྲུབ་པར་ནུས། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཞིག་ཡིན་པའི་
ཕྱིར་ཞེས་བྱ་བ་ལ་ཡང་རྗེས་སུ་འགྲོ་བ་མེད་པ་ཉིད་དང་། གཅིག་ཏུ་ངེས་པར་གཟུང་བ་ཡང་མི་འཐད་པ་དག་ཏུ་རབ་ཏུ་བརྗོད་པ་ཡིན་ནོ། །ཇི་ལྟར་ཞེ་ན། ནམ་མཁའ་དང་བུམ་པ་དག་ལ་མཐུན་པའི་ཕྱོགས་ཉིད་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་དང་། བདག་ཉིད་མེད་པའི་ཕྱིར་གང་ཡང་རུང་བ་ཞེས་བྱ་
བའི་རྟགས་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་དོ། །གལ་ཏེ་ཕྱོགས་སམ་མཐུན་པའི་ཕྱོགས་གཅིག་ཡིན་གྱི་ཅིག་ཤོས་ནི་ཡིན་པ་མི་སྲིད་པས་ངེས་པར་བཟུང་ན་ཡང་གང་ཡང་རུང་བའི་སྒྲར་མི་འཐད་དོ་ཞེས་བྱ་བར་སུན་དབྱུང་བར་བརྗོད་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་རྟགས་མ་གྲུབ་པའམ་རྫས་
མེད་ན་སྤྱི་མི་རུང་བའོ། །ཇི་ལྟར་སྤྱི་དང་རྟགས་མ་གྲུབ་ཅེ་ན། གཉི་ག་ལ་སྲིད་པར་འགལ་བ་མེད་ན་ཕྱོགས་དང་མཐུན་པའི་ཕྱོགས་དེ་དག་དེ་ལྟར་དེ་གང་ཡང་རུང་བ་ཞེས་བརྗོད་པའི་ཕྱིར་འགྱུར་རོ། །དེ་ལྟར་སྲིད་པ་ནི་མེད་དེ་འདི་ལྟར་གང་ཡང་རུང་བ་གཅིག་ཅེས་བྱ་བ་མཐུན་པའི་ཕྱོགས་བུམ་པའམ་
เล่ม ๑๘๗ · หน้า 237b
ནམ་མཁའ་ཞེས་བྱ་བ་གཞན་དུ་གྱུར་ན་རྟགས་དེ་ཕྱོགས་སྒྲ་ལ་མ་གྲུབ་སྟེ། འདི་ལྟར་སྒྲ་རྟག་པའམ་མི་རྟག་པ་ཞེས་བྱ་བ་ལྟ་བུའི་བྱེ་བྲག་གི་སྟེ། བསྒྲུབ་པར་བྱ་བ་ནི་སྒྲ་དེ་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཞེས་བྱ་བ་སྤྱིའི་རང་བཞིན་མ་ཡིན་ཏེ། རྣམ་པར་བརྟག་པ་ནི་འདི་འམ་འདི་
ཡང་རུང་ཞེས་སྤྱིར་བརྗོད་པ་ཡིན་ལ་སྒྲའི་བདག་ཉིད་ནི་སོ་སོར་ངེས་པ་སྟེ། ཕྱོགས་ཁོ་ན་གནས་ཀྱི་མཐུན་པའི་ཕྱོགས་མ་ཡིན་པའི་ཕྱིར་སོ་སོར་ངེས་པ་དང་མ་ངེས་པ་འགལ་བའི་ཕྱིར་རོ། །སོ་སོར་ངེས་པ་ཉིད་ཁས་མི་ལེན་ན་མ་ངེས་པར་སྤང་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་སྒྲ་ལ་མཐུན་པའི་ཕྱོགས་ཀྱང་
ཡིན་པ་ཞེས་བྱ་བ་མེད་པའི་ཕྱིར་རྟགས་མ་གྲུབ་པོ། །དེའི་མཐུན་པའི་ཕྱོགས་ལ་ཡང་ཕྱོགས་ཡིན་པ་ཉིད་པས་རྗེས་སུ་འགྲོ་བ་མེད་པ་ཡིན་མོད་ཀྱི། དེ་ནི་སྔར་བཤད་ཟིན་པས་རྟོགས་པའི་ཕྱིར་འདིར་བརྗོད་པ་མ་མཛད་དོ། །ཕྱོགས་དང་མཐུན་པའི་ཕྱོགས་དག་སོ་སོར་ངེས་པ་ལ་སྤྱི་མི་སྲིད་པའི་ཕྱིར་སྤྱི་མ་གྲུབ་
པོ། །དེ་ལྟར་ཞར་ལ་འོངས་པ་བསྟན་ནས་དོན་དཀྱུས་མ་ཉིད་བཤད་དེ། གལ་ཏེ་རྩིག་པ་ནི་སྤྱིར་གང་ཡང་རུང་བས་གཉིས་པ་ཅན་ཡིན་པར་སྨྲ་བས་གཉིས་པ་ཅན་དུ་འགྱུར་བའི་ཕྱིར་རྗེས་སུ་འགྲོ་བ་ཡོད་དོ་ཞེ་ན། གང་ཡང་རུང་བས་ཞེས་སྤྱིར་སྨྲས་ཀྱང་སྒྲུབ་པར་འདོད་པར་འདོད་པའི་སྐབས་ཀྱི་དོན་གྱི་ཤུགས་
ཀྱིས་གཉིས་པ་ནི་ལུས་ཁོ་ནས་སོ་ཞེས་བྱེ་བྲག་ཏུ་ཡང་གནས་ཏེ། ལུས་སེམས་པར་གསལ་བར་སྒྲུབ་པར་འདོད་པས་ལུས་ཁོ་ན་གཉིས་པར་རྟོགས་ཀྱི་བུམ་པ་ནི་དགོས་པ་མེད་པའི་ཕྱིར་རྟོགས་པ་མ་ཡིན་ནོ། །འགྲོ་བ་དང་འོང་བ་རིགས་པ་ཅན་སྲོག་ཆགས་ལ་སོགས་པ་འགའ་ཞིག་ལ་ཐེ་ཚོམ་ཟའི།
རིའམ་ཤིང་ལ་ནི་མ་ཡིན་པ་བཞིན་ནོ། །གལ་ཏེ་ལུས་ཁོ་ན་བརྗོད་པའི་བྱེ་བྲག་གི་སྒྲ་ཅུང་ཟད་ཀྱང་མེད་པའི་ཕྱིར་མ་ཡིན་ནོ་ཞེ་ན། བྱེ་བྲག་གི་སྒྲ་དང་ཉེ་བ་ཁོ་ན་ཞེས་བྱ་བ་སྨོས་ཏེ། སྐབས་ཀྱི་ཤུགས་ལ་སོགས་པ་སྟེ། དེ་སྨྲ་བ་འདོད་པའི་དབང་གིས་ཀྱང་ངོ་། །དོན་གཞན་དུ་གྱུར་པ་གཉིས་རིགས་པ་མ་
ཡིན་ཞེས་བྱ་བ་ནི་ལུས་ཁོ་ན་རིགས་པའི་ཕྱིར་རོ། །ཡང་ན་དོན་གཞན་པ་གཅིག་ཀྱང་མེད་དེ་གཉི་ག་ཞེས་བྱ་བ་ལུས་བྱེ་བྲག་ཅན་དག་མ་གྲུབ་པ་དང་བུམ་པ་ཡང་བུམ་པ་ལས་དོན་གཞན་དུ་མི་རུང་བས་སོ། །ཁས་མི་ལེན་ཞེས་བྱ་བ་ནི་ཕྱིར་རྒོལ་བའམ་རིགས་པས་ན་གཉི་ག་ཡང་ངོ་། །གལ་ཏེ་སྒྲ་དང་
เล่ม ๑๘๗ · หน้า 238a
བུམ་པའི་བྱེ་བྲག་གིས་ཞེས་བྱ་བ་ནི་གལ་ཏེ་སྤྱི་གང་ཡང་རུང་བ་ཞེས་སྨྲས་པ་ལ་དཔེ་རྩིག་པ་ལ་བུམ་པས་གཉིས་པ་ཅན་ཡིན་ཡང་ལུས་ཀྱི་མ་ཡིན་ལ། བུམ་པ་ལ་ལུས་ཙམ་གྱིས་གཉིས་པ་ཙམ་ཡིན་ཡང་ལུས་བྱེ་བྲག་ཅན་གྱིས་གཉིས་པ་མ་ཡིན་ཞེས་བྱ་བར་རྟོག་ན། གལ་ཏེ་
བུམ་པར་གྱུར་པའི་མི་རྟག་པ་ཡིན་ན་སྒྲ་ལ་མ་གྲུབ་པ་ཡིན་ལ། སྒྲའི་མི་རྟག་པ་ནི་རྗེས་སུ་འགྲོ་བ་མེད་དོ། །གལ་ཏེ་མི་རྟག་པ་སྤྱིར་ཡིན་ན་གཉིས་པ་ཅན་ཙམ་སྤྱིར་རྟགས་ཡིན་ནོ་ཞེ་ན། དཔེ་ལ་གྲུབ་པའི་མི་རྟག་པ་དེ་དང་སྒྲ་ལྡན་པར་བསྒྲུབ་པའི་ཕྱིར་རོ། །མི་རྟག་པ་གྲུབ་པ་དེ་ལྟར་གཉིས་པ་ཅན་གང་གིས་
ཡང་དོན་གཞན་དུ་གྱུར་པའི་ལུས་དང་བུམ་པ་དག་ཁས་ལེན་ན་གང་ཡང་རུང་བས་གཉིས་པ་ཅན་གྱི་དོན་གཞན་དུ་གྱུར་པའི་སྤྱི་སྲིད་པར་འགྱུར་ན་དོན་གཞན་དེ་ནི་མི་སྲིད་དོ་ཞེས་བསྒྲུབས་ཟིན་ཏོ། །དེ་ལྟར་འདུས་པ་ཡིན་པའི་ཕྱིར་ཞེས་པ་དང་། གཉིས་པ་ཅན་གྱིས་སྤྱད་པ་དེ་དེ་དག་གིས་ཚིག་དག་གཞན་དུ་
སྣང་ཡང་འདོད་པ་བསྒྲུབ་པར་བྱ་བ་སྨྲས་པས་ན། ཆོས་དང་ཆོས་ཅན་དག་གིས་ཁྱབ་པར་བྱས་པ་སྟེ། འདི་ཉིད་ཀྱི་དཔེར་བརྗོད་པ་ནི་འོག་ནས་སྟོན་ཏེ། སེལ་བ་ནི་དེ་ལས་གནོད་པ་ཅན་སྨྲ་བ་སྟེ། དེ་ལ་ཡང་ལན་སོ་སོར་བརྗོད་པ་ཡིན་ཏེ། དཔེར་ན་མི་རྟག་པའི་སྒྲའི་སྒྲ་ཡིན་ཏེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་
སྟེ། དེ་ལ་གནོད་པ་སྨྲ་བ་ན་རེ། དེ་ནི་དེ་ལྟ་མ་ཡིན་ཏེ། མི་རྟག་པའི་ཆོས་དང་ལྡན་པའི་སྒྲ་དེའི་སྒྲ་ནི་དེ་བརྗོད་པའི་སྒྲ་སྟེ། དེ་ལྟར་རྟགས་བྱས་ནས་བསྒྲུབས་ན་སྒྲ་རང་བརྗོད་པའི་སྒྲ་དང་ལྡན་པར་འགྱུར་གྱི་སྒྲ་མི་རྟག་པར་ནི་མི་འགྱུར་རོ། །གང་ཡང་སྒྲའི་མི་རྟག་པ་ཉིད་དང་ལྡན་པ་ཡིན་ཏེ་བྱས་
པའི་ཕྱིར་རོ་ཞེས་བྱ་བ་ལ་ཡང་གནོད་པར་སྨྲ་བ་སྟེ། སྒྲའི་མི་རྟག་པ་སྒྲ་ལས་གཞན་པ་ཞིག་དང་ལྡན་པར་གྲུབ་ན་ཡང་སྒྲ་མི་རྟག་པར་མི་འགྱུར་རོ། །སྒྲ་དང་མི་རྟག་པའི་སྤྱི་ལ་གནོད་པ་སྨྲ་བས་ཆོས་དང་ཆོས་ཅན་བརྗོད་པའི་དོན་ལ་འགལ་ཏེ་སྐྱོན་སྨྲ་བ་དེ་མེད་པའི་ཕྱིར་དེ་ཡང་འདོད་པ་བསྒྲུབ་པར་བྱ་བ་
སྨྲས་པ་འདིས་གསལ་བ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལྟར་སྨྲ་བའི་རྒོལ་བ་དེ་དག་ཀྱང་འདོད་པ་ནི་སྒྲ་མི་རྟག་ཅེས་སྤྱི་དེ་བརྗོད་པས་སྒྲུབ་པར་འདོད་པ་ཡིན་པའི་ཕྱིར་སྒྲ་མི་རྟག་པར་མི་འགྱུར་བའི་སྐྱོན་མེད་དོ། །དེའི་ཕྱིར་མི་རྟག་པའི་སྒྲའི་བརྗོད་པའི་སྒྲ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་ལྟར་གྱུར་པར་
เล่ม ๑๘๗ · หน้า 238b
སྒྲུབ་པར་འདོད་ན་སྒྲ་མི་རྟག་པར་མི་འགྱུར་ཏེ། སྒྲ་མི་རྟག་པའི་སྒྲའི་སྒྲར་ཏེ། དེའི་རྗོད་པར་བྱེད་པ་བསྒྲུབ་པའི་ཕྱིར་མི་རྟག་པའི་སྒྲའི་སྒྲ་ཞེས་བྱ་བར་འགྱུར་རོ། །དེ་ཡང་སྒྲུབ་པར་མི་འདོད་པའི་ཕྱིར་མི་རྟག་པ་སྒྲུབ་པར་འདོད་པ་ལ་དེར་མི་འགྱུར་བའི་གནོད་པ་འགའ་ཡང་མེད་དོ། །དེའི་ཕྱིར་མི་རྟག་
པ་ཞེས་བྱ་བའི་ཆོས་འབའ་ཞིག་ཆོས་ཅན་སྒྲ་ལ་སྒྲུབ་པར་བྱ་བའམ། དེ་མ་ཡིན་པ་གྲུབ་ན་ཕྱིན་ཅི་ལོག་ཏུ་སྟེ། འདོད་པ་ལ་གནོད་པར་བྱེད་པའི་འགལ་བ་བྱེད་དོ། །དེ་ལྟར་འདོད་པའི་སྤྱི་ནི་སྒྲ་མི་རྟག་ཅེས་བྱའོ། །ཕྱིན་ཅི་ལོག་ཀྱང་མི་འདོད་པའི་སྤྱི་སྟེ། སྒྲ་རྟག་ཅེས་བྱ་བ་ལྟ་བུའོ། །དེ་ལྟར་ན་
འགལ་བ་སྟེ་འདོད་པ་ལ་གནོད་པར་བྱེད་པ་འབའ་ཞིག་ནི་ཐམས་ཅད་དུ་སྤྱི་སྟེ། ཆོས་ཅན་དང་མི་འདོད་པའི་ཆོས་བསྡོམས་པ་དེ་ཉིད་ལ་ཡིན་ནོ། །འགལ་བ་དེ་གལ་ཏེ་ཆོས་ཀྱི་སྒོ་ནས་བརྗོད་པ་ནི་མིག་ལ་སོགས་པ་གཞན་གྱི་དོན་ཉིད་དོ་ཞེས་པ་ལྟ་བུ་སྟེ། དེ་འདོད་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་ན་ཆོས་ཀྱི་
བྱེ་བྲག་ལས་བཟློག་པ་ཞེས་ཐ་སྙད་དུ་བྱེད་དོ། །གཞན་གྱི་དོན་མིག་ལ་སོགས་པ་ཞེས་བྱ་བ་ནི་ཆོས་ཅན་གྱི་སྒོ་ནས་བརྗོད་པ་སྟེ། དེའི་འགལ་བར་འགྱུར་བ་ཡང་ཆོས་ཅན་གྱི་བྱེ་བྲག་ལས་བཟློག་པ་ཞེས་ཐ་སྙད་དུ་བྱས་ཀྱི་འདོད་པ་ཕྱིན་ཅི་ལོག་ཉིད་ཀྱི་དོན་ནི་གཅིག་པ་ཉིད་དོ། །དེ་བཞིན་དུ་གཏན་
ཚིགས་ལ་ཡང་སྒྲ་མི་རྟག་ཅེས་པ་དང་། མི་རྟག་པའི་སྒྲ་ཞེས་བྱ་བ་དག་ཐ་སྙད་དུ་བྱེ་བྲག་ཡོད་ཀྱི་སྒྲ་མི་རྟག་པ་ཉིད་དུ་དོན་ལ་ནི་གཅིག་གོ། །དེ་བཞིན་དུ་མི་རྟག་པའི་སྒྲའི་སྒྲ་ཞེས་བྱ་བ་ནི་ཆོས་ཀྱི་ཆོས་ཅན་བྱེ་བྲག་པའི་སྒོ་ནས་ཐ་སྙད་དུ་བྱས་པ་སྟེ། རྟག་པའི་སྒྲ་ལས་སྒྲ་བྱེ་བྲག་ཏུ་བྱས་ཏེ་བརྗོད་པའོ། །
སྒྲ་མི་རྟག་པ་ཉིད་དང་ལྡན་པ་ཞེས་བྱ་བས་ནི་ཆོས་ཅན་སྒྲས་མི་རྟག་པ་བྱེ་བྲག་ཏུ་བྱས་པས་བརྗོད་པ་སྟེ། སྒྲ་མ་ཡིན་པའི་མི་རྟག་པ་ལས་སྒྲ་བྱེ་བྲག་ཏུ་བྱེད་པའི་ཕྱིར་རོ། །དེ་དག་དོན་དུ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་ཀྱང་མི་རྟག་པ་ཞེས་བྱ་བའི་ཆོས་སྒྲ་དང་ལྡན་པར་རྟོགས་པ་འདོད་
པའི་ཕྱིར་རོ། །དེ་ཡང་བྱས་པའི་རྟགས་ཀྱིས་རྟོགས་པར་ནུས་པའི་ཕྱིར་འདོད་པ་ལ་གནོད་པ་མེད་དོ། །འདུས་པ་ཡོད་པའི་ཕྱིར་བྱ་བ་ལ་སོགས་པ་ནི་འདོད་པ་སྒྲུབ་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་བསྒྲུབ་པར་མི་འདོད་ན་བསྟན་བཅོས་བྱེད་པའི་འདོད་པ་གཞན་ཐམས་
เล่ม ๑๘๗ · หน้า 239a
ཅད་བསྒྲུབ་པར་བྱ་བ་ཡིན་པ་གསལ་བར་རིགས་པའི་ཕྱིར་རང་ཉིད་སྨོས་མི་དགོས་སོ་ཞེ་ན། འདོད་པ་གཞན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་ནི་བྱེ་བྲག་པར་གྱུར་པའི་སྨྲ་བས་སྨྲའོ་ཞེས་རྩོད་པ་ན། བྱེ་བྲག་པ་དེས་སྒྲ་བྱས་པས་མི་རྟག་པར་བསྒྲུབ་པ་ན། དཔྱོད་པ་པ་ན་
རེ། ཁྱེད་ཀྱི་སྟོན་པ་ཐུབ་པ་གཟེགས་ཅན་གྱིས་སྒྲ་ལ་ནམ་མཁའི་ཡོན་ཏན་དུ་ཁས་ལེན་པའི་ཕྱིར། སྒྲ་མི་རྟག་ན་ནམ་མཁའ་དག་ཡོན་ཏན་དུ་འགྱུར་རོ་ཞེས་སྒྲ་རང་གི་སྟོན་པའི་ཁས་བླངས་པ་མེད་པར་འགྱུར་བའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་དང་། དམ་བཅས་པ་རང་གི་བསྟན་བཅོས་དང་འགལ་བར་གཏན་ཚིགས་དང་དམ་
བཅའ་བའི་སྐྱོན་དུ་འགྱུར་རོ་ཞེས་བྱེ་བྲག་པ་ཡང་ཁས་ལེན་པར་སེམས་ལ། དཔྱོད་པ་པ་ཡང་སྐྱོན་ཡིན་པར་བྱེ་བྲག་པ་དང་དཔྱོད་པ་པ་ལ་ཁ་ཅིག་ཟེར་རོ། །གལ་ཏེ་དེ་ལྟ་བས་ན་རྒོལ་བ་དེ་དག་བྱས་པས་སྒྲ་འཇིག་པར་བསྒྲུབ་པ་ལ་དེ་ཉིད་ཀྱིས་དྲི་ཟའི་ཡོན་ཏན་ཉིད་ཡིན་པར་འདོད་པའི་དོན་ཕྱིན་ཅི་ལོག་
ཏུ་འགྱུར་ཏེ། སྒྲ་མི་རྟག་ན་བསྟན་བཅོས་ལས་གཞན་པའི་ཡོན་ཏན་དུ་འདྲ་བའི་ཕྱིར། དྲི་ཡང་མི་རྟག་པར་འགྱུར་ལ། མི་རྟག་པ་ནས་རྟག་པའི་ཡོན་ཏན་མ་ཡིན་པར་འགྱུར་ཏེ། བྱས་པའི་གཏན་ཚིགས་འགལ་བར་འགྱུར་ན། སྐྱོན་འདི་ཅིའི་ཕྱིར་མི་སེམས་དེ་གཞན་ལ་ཡང་ཞེས་བྱ་བ་ནི་ནམ་མཁའི་
ཡོན་ཏན་ལ་ཡང་མཚུངས་ཏེ། རྟག་པའམ་མི་རྟག་པ་སེམས་པའི་སྐབས་ཡིན་གྱིས་ནམ་མཁའི་ཡོན་ཏན་མ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ནི་སྐབས་མ་ཡིན་པ་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་དེ་སྒྲའི་ཆོས་སུ་མི་རྟག་པ་དང་གཅིག་པའི་ཕྱིར་རོ་ཞེ་ན། དངོས་
པོའི་འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་བསྟན་བཅོས་བྱེད་པར་བརྟགས་པ་འབའ་ཞིག་ཡིན་གྱི་དངོས་པོའི་ཆོས་མ་ཡིན་པའིའོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་ལས་ཞེས་བྱ་བ་ལ་སོགས་སྨོས་སོ། །གལ་ཏེ་བསྟན་བཅོས་ལས་ཁས་བླངས་པས་ཀྱང་གནོད་ན་ནི། དེ་
ལྟ་ན་དྲི་ལ་སའི་ཡོན་ཏན་ཉིད་དེ་ཡང་བསྟན་བཅོས་པས་ཁས་བླངས་པར་མཚུངས་པའི་ཕྱིར་འགལ་བར་འགྱུར་རོ། །དེ་མི་འགྱུར་ན་ནམ་མཁའི་ཡོན་ཏན་ཉིད་ཀྱང་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་གལ་ཏེ་སྒྲ་ལས་ནམ་མཁའི་ཡོན་ཏན་ཉིད་རྒོལ་བའི་འདོད་པ་ཡིན་པ་ཡང་བསྒྲུབ་པར་བྱ་སྟེ། རིགས་
เล่ม ๑๘๗ · หน้า 239b
པ་ཅི་ཞེ་ན། རྗེས་སུ་དཔག་པས་ཏེ། འདི་ལྟར་བསྒྲུབ་པར་བྱ་བ་སྒྲ་མི་རྟག་པའི་སྤྱིའི་ཕྱོགས་གཅིག་སྒྲའི་རང་བཞིན་ནམ་མཁའི་ཡོན་ཏན་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་མི་རྟག་ཅེས་པ་སྤྱིའི་ཕྱོགས་གཅིག་རྒོལ་བའི་འདོད་པ་ཡིན་ནོ་ཞེ་ན། བྱེ་བྲག་ཡིན་པ་ཙམ་གྱི་ཞེས་བྱ་བ་ནི་ནམ་མཁའི་
ཡོན་ཏན་ཉིད་སྒྲའི་རང་བཞིན་ཡིན་པར་ཁས་བླངས་ནས་བརྗོད་པའོ། །དོན་ནི་དེའི་རང་བཞིན་ཞེས་བྱ་བ་རང་གི་ཆོས་ཀྱི་བྱེ་བྲག་ཚུལ་མཐའ་ཡས་པ་རྣམས་ནམ་ཡང་མི་འདོར་བར་རྒོལ་བའི་འདོད་པ་འཇུག་པ་སྟེ། བསྒྲུབ་པར་བྱ་བ་རྒྱུན་མི་འཆད་དེ་མཐའ་ཡས་པར་ཐལ་བར་འགྱུར་རོ། །དེ་ལ་ཐལ་
བར་འགྱུར་བ་ཅི་ཡོད་ཅེ་ན། བསྒྲུབ་པར་མི་ནུས་པར་འགྱུར་བའི་ཕྱིར་ཏེ། དེ་སྙེད་ཀྱི་རྟགས་དང་འབྲེལ་པ་མ་རྟོགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཉམས་སུ་མྱོང་བ་ནི་སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་སྒྲུབ་པར་འདོད་པ་ནི་བློའིའོ། །དེ་འགོག་པ་ནི་དེ་དང་འགལ་བ་སྟེ། དེ་ལྟར་མི་འདོད་པའི་བློ་མི་རྟག་
པ་ཙམ་སྒྲུབ་པར་འདོད་པའོ། །དེ་ལྟར་འཇུག་པ་ནི་དེ་ལྟར་རང་རིག་པ་ཉམས་སུ་མྱོང་བ་སྟེ། དེ་ལ་ཚད་མ་མེད་བཞིན་སྟོབས་ཀྱིས་དེ་འདོད་རྒྱལ་གྱིས་ནམ་མཁའི་ཡོན་ཏན་སྒྲུབ་པར་འདོད་པ་ཡོད་དོ་ཞེས་སྒྲུབ་པའི་རྒོལ་བ་ནི་བྱས་པའི་གཏན་ཚིགས་སྨྲ་བའི་རྒོལ་བའི་འདོད་པ་ནམ་མཁའི་ཡོན་
ཏན་སྒྲུབ་པར་མི་འདོད་པའི་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་དང་འགལ་བ་ཀུན་དུ་སྤྱོད་དོ། །གལ་ཏེ་མི་རྟག་པ་ཙམ་ཞིག་སྒྲུབ་པར་འདོད་པའི་བདག་ཉིད་ཀྱིས་རྟོགས་ན་འདི་ལ་ནམ་མཁའི་ཡོན་ཏན་སྒྲུབ་པར་འདོད་པ་མེད་དོ་ཞེས་རང་གི་ཉམས་སུ་མྱོང་བ་དང་འགལ་བ་ཡང་ཀུན་དུ་སྤྱོད་དོ། །དེ་
རྟོགས་པ་ནི་བསྒྲུབ་པར་བྱ་བར་འདོད་པའི་ཉམས་སུ་མྱོང་བ་སྟེ། དེ་ཡང་འདོད་པ་ཁོ་ན་དང་མཐུན་པ་ཡིན་གྱི། མི་འདོད་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེ་ལ་སྟོབས་ཀྱིས་ཏེ་ཉམས་སུ་མྱོང་བའི་ཚད་མ་དང་འགལ་ཡང་ངོ་། །མྱོང་བ་མི་འདོད་པ་ཡང་འདོད་པ་ཡིན་ནོ་ཞེས་པའོ། །གལ་
ཏེ་སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་མ་སྨྲས་སམ་ཞེ་ན། རྒོལ་བའི་བསམ་པའི་འབྲས་བུའི་རྟགས་མ་ཡིན་པས་སོ། །རང་བཞིན་གྱིས་རྟགས་ནི་མེད་དེ་བསམ་པ་རང་བཞིན་གྱིས་བསྐལ་བའི་ཕྱིར་དེའི་རང་བཞིན་མི་རྟོགས་པས་སོ། །དེའི་ཕྱིར་འདོད་པ་དང་མ་འབྲེལ་བའི་དོན་ནམ་
เล่ม ๑๘๗ · หน้า 240a
མཁའི་ཡོན་ཏན་ཉིད་གང་ཡང་མི་རྟོགས་པས་གཞན་མི་རྟག་པ་རང་གི་རྟགས་ཀྱིས་གོ་བར་ནུས་པ་ལ་ཅི་ཡིད་གཉིས་ཏེ་མི་གནོད། གལ་ཏེ་བསྟན་བཅོས་ཀྱིས་གནོད་དོ་ཞེ་ན། རྗེས་སུ་དཔག་པ་རང་གི་ཡུལ་དངོས་པོའི་སྟོབས་ཀྱིས་རྟོགས་པ་ལའོ། །ལུང་ལ་མི་ལྟོས་ཏེ། དེས་
ཕན་པའམ་གནོད་པ་མེད་དེ་དངོས་པོའི་རང་བཞིན་ཚིག་བཞིན་དུ་མི་འགྱུར་བའི་ཕྱིར་རོ། །དེས་གྲུབ་པས་ནི་རྗེས་སུ་དཔག་པས་སོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་བཏང་ན་ཁོ་བོ་བྱེ་བྲག་པའི་སྨྲ་བ་པོ་ཞེས་བྱ་བའི་རྩོད་པ་བཏང་པར་འགྱུར་རོ་ཞེ་ན། དེའི་ཚེ་ཞེས་བྱ་བ་སྨོས་ཏེ། རྩོད་པའི་
ཚེ་འདི་ནི་ཞེས་བྱ་བའི་རྩོད་པའི་དེའི་ལུང་ཁས་ལེན་པའི་ཐབས་ཡིན་ཏེ་བརྩད་ནས་རིགས་པས་གྲུབ་ན་ལུང་གཟོད་ཁས་བླང་པར་བྱའོ། །དེའི་ཚེ་ཞེས་བྱ་བ་ནི་རྩོད་པའི་ཚེའོ། །དེ་ཡོད་ཀྱང་ཞེས་བྱ་བ་ལུང་ཡོད་ཀྱང་ངོ་། །ཐགས་མིན་ཏེ་རིགས་པས་རྩོད་པ་ནི་ལུང་གིས་ཕན་པའམ་གནོད་པས་མི་
ནུས་པས་སོ། །དེ་ལྟར་ཞེས་བྱ་བ་ནི་རིགས་པས་སོ། །ཡུལ་གཉིས་ཞེས་བྱ་བ་ནི་མངོན་སུམ་དང་ལྐོག་ཏུ་གྱུར་པའི་ལུང་ནི་དོན་ཏོ། །རྣམ་དག་ནི་ཚད་མས་གྲུབ་པ་སྟེ། གཟུགས་དང་ཚོར་བ་ལ་སོགས་པ་ལུང་གི་དོན་མངོན་སུམ་གྱིས་གྲུབ་པའོ། །མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་རྗེས་སུ་
དཔག་པས་གྲུབ་པའོ། །དེ་ལྟ་བུ་བསྟན་བཅོས་ཚད་མས་གྲུབ་ཅིང་ཚད་མས་མ་གྲུབ་པ་དོན་ལ་ཡང་ཚད་མ་དང་རང་གི་ཚིག་གིས་མི་གནོད་པ་ཡོངས་སུ་བཟུང་སྟེ། ཁས་བླང་བར་བྱའོ། །དེའི་ཕྱིར་རྩོད་པ་ནི་ལུང་ཁས་བླངས་པའི་ཐབས་ཡིན་ནོ། །ཡང་ཡོངས་སུ་གཟུང་བར་འདོད་ན་གཟུང་བ་
དེའི་དུས་ཡིན་པས་ཞེས་བྱ་བ་ནི་ལུང་ཉིད་ལ་གྲུབ་པའི་དོན་ལུང་ཉིད་ཀྱིས་ཡོངས་སུ་གཟུང་བར་འདོད་ནའོ། །དེ་ཚེ་བསྟན་བཅོས་ཀྱིས་རྟགས་དང་དམ་བཅའ་བའི་སྐྱོན་གྱིས་བརྩད་དེ། ལུང་དེས་གྲུབ་པའི་དོན་ལ་ནི་ལུང་དེ་དང་མི་འགལ་བས་སེམས་པར་རིགས་པ་སྟེ། འགལ་བ་མི་འཁྲུལ་པ་
ཅན་ཞེས་བྱ་བ་བསྒྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ལུང་གིས་བརྩད་པ་དེ་ཚད་མས་གྲུབ་པ་ལ་ཡང་མ་ཡིན་ཞེ་ན། གནས་གསུམ་པར་ནི་འཇུག་པ་ན་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་དཔྱོད་པ་ན་སྟེ། མངོན་སུམ་དང་ལྐོག་ཏུ་གྱུར་པ་ལ་ནི་མ་ཡིན་ཏེ་དེ་
เล่ม ๑๘๗ · หน้า 240b
ལ་ལུང་མི་ལྟོས་པའི་ཕྱིར་རོ། །ལུང་གིས་བརྩད་པ་དེ་ལ་ཡང་བསྒྲུབ་བྱའི་ཆོས་ཀྱིས་ནི་འབྲེལ་བར་འགྱུར་བ་སྟེ། སྟོང་པ་ཉིད་ཀྱི་འབྲེལ་བ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ལྟ་བུའི་ཆོས་གང་མེད་ན། བསྒྲུབ་པར་བྱ་བ་སྟོང་པ་ཉིད་མི་འབྱུང་བ་དག་ལ་གནོད་པའི་ལན་གདབ་པོ། །ཐུག་པ་
མེད་པར་ཐལ་འགྱུར་ཕྱིར། །དེ་བསྟན་བཅོས་ཀྱི་དོན་མཐའ་ཡས་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་མེད་པར་རྟོག་གེ་བ་འབའ་ཞིག་གིས་མི་རྟོགས་པའི་ཕྱིར་ཚད་མ་ལས་ལུང་གིས་ཕན་པར་བྱ་བ་འགྲུབ་པོ་ཞེ་ན། སེམས་པ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་སྒྲུབ་བྱེད་
ཅིག་ལ་བསྟན་བཅོས་ཀྱི་དོན་ཀུན་གྱི་དཔེ་དག་ནི་ཞེས་བྱ་བ་རྟགས་དང་འབྲེལ་པ་དག་མཐོང་ན་སྟེ། གྲུབ་ན་དེ་གྲུབ་ཉིད་དུ་འགྱུར་གྱི་རང་གི་དོན་ཙམ་གྲུབ་པས་ནི་མ་ཡིན་ནོ། །ཞེས་བྱ་བ་ནི། འཇིག་རྟེན་འདས་པའི་ལུས་ཞེས་བྱ་བ་ནི་འཇིག་རྟེན་ན་སྲིད་པའི་ཐ་སྙད་ལས་འདས་ཏེ་ཤེས་པར་མི་
ནུས་པའམ། འཇིག་རྟེན་གྱི་གྲགས་པ་དང་འགལ་བའི་དངོས་པོས་མ་འདྲེས་པའི་ཆོས་ནམ་མཁའི་ཡོན་ཏན་ལུང་ལས་གྲགས་པ་མ་གྲུབ་པས། རང་གི་ཁྱབ་པར་བྱེད་པ་མི་རྟག་པ་དེ་ཅི་འགྲུབ་པའམ་ཡང་ན་སྒྲ་དང་མ་འབྲེལ་བ་ནམ་མཁའི་ཡོན་ཏན་མ་གྲུབ་པས་སྒྲའི་བྱས་པས་མི་འགྲུབ་
བམ། དེའི་རྟགས་བྱས་པས་རང་གི་ངོ་བོ་མི་རྟག་པ་དེ་བསྒྲུབ་པར་བརྗོད་པ་ལ་འདོད་པ་ལའོ། །མི་རྟག་པ་བྱས་པ་དེ་གྲུབ་པ་ལ་ཇི་ལྟར་བྱེད་དམ་བཅའ་བ་དང་གཏན་ཚིགས་ཀྱི་སྐྱོན་ཅན་ཡིན་དེའི་ཕྱིར་དཔེའི་ཆོས་ཅན་ཚང་བང་དང་། རང་གི་ངག་ལས་ནི་བསྟན་བཅོས་ལས་གྲགས་པའི་ཆོས་མཐའ་
དག་མཐོང་བ་མ་ཡིན་ཡང་ངོ་། གལ་ཏེ་དེ་ལྟར་གྲུབ་པ་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། རང་བཞིན་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྩོད་པའི་གནོད་པ་ནི་ལུང་ལ་སོགས་པ་གང་གིས་ཀྱང་སྟེ། དངོས་པོ་ལ་ཚིག་གིས་མི་གནོད་པའི་ཕྱིར་དང་། ཚད་མ་ལ་ཚད་མས་མི་གནོད་པའི་ཕྱིར་རོ། །དེ་
ལྟར་རང་གི་དོན་གྱི་རྗེས་སུ་དཔག་པ་དཔྱད་ནས། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡང་གཞན་ལ་བསྟན་པར་འདོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའི་གཏན་ཚིགས་ངེས་སོ། །ལུང་མེད་པར་ཇི་ལྟར་རྟོགས་པ་མ་ཡིན་ཏེ། རྟོགས་པ་ཉིད་དོ། །གལ་ཏེ་བསྟན་བཅོས་ཀྱི་རིགས་པ་
เล่ม ๑๘๗ · หน้า 241a
ལ་གནོད་དོ་ཞེ་ན། བསྟན་བཅོས་མི་རིགས་པ་ཡིན་ཏེ། ནམ་མཁའི་ཡོན་ཏན་ལས་བྱས་པའི་ཚད་མས་གནོད་པས་སོ། །གཞན་རིགས་པ་སྨྲ་བ་སྟེ། བྱས་པ་དང་འབྲེལ་བའི་དངོས་པོ་མི་རྟག་པར་བསྒྲུབ་པའོ། །མཇུག་བསྡུ་བའི་ཕྱིར་དོན་ཀུན་མཚུངས་པར་བྱས་ནས་ནི་
ཞེས་བྱ་བ་སྨོས་ཏེ། བསྟན་བཅོས་ཀྱི་དོན་ཀུན་མཚུངས་པར་ཞེས་བྱ་བ་གཏན་ཚིགས་གཅིག་གིས་བསྒྲུབ་པར་རོ། །ཉམས་པར་འགྱུར་ཏེ་མི་སྲིད་པར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་རང་ཉིད་འདོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཅིག་གིས་གྲུབ་པ་ལ་འགལ་བ་མེད་ཀྱང་ཞེས་བྱ་བ་ནི་
གཏན་ཚིགས་གཅིག་གིས་ཏེ་བྱས་པས་མི་རྟག་པ་དང་སྡུག་བསྔལ་བ་དག་གྲུབ་པ་ལའོ། །འགལ་བ་མེད་ཀྱང་ཞེས་བྱ་བ་ནི་ཚད་མས་མི་གནོད་ཀྱང་ངོ་། །གནོད་པ་ནི་བསྟན་བཅོས་ཏེ་ཐུབ་པ་གཟེགས་ཅན་གྱི་ཚིག་གིས་སོ། །དེ་ནི་གཞན་གྱི་ཡུལ་ལ་སྟེ་དྲིས་པའི་ཡོན་ཏན་ཉིད་ལ་ཡོང་ངོ་། །གལ་ཏེ་
དེ་ཉིད་ལ་གནོད་པ་ཡིན་གྱི་ཞེས་བྱ་བ་ནི་སྒྲ་མི་རྟག་པ་ཉིད་ལའོ། །དེ་རང་གིས་བསྒྲུབ་པར་བྱ་བ་ལ་འགལ་བ་མེད་ཀྱང་ཞེས་བྱ་བ་ནི་བྱས་པ་དེ་རང་གིས་མི་རྟག་པ་བསྒྲུབ་པ་ལ་ཚད་མས་མི་གནོད་ཀྱང་ངོ་། །གཞན་གྱིས་བྱས་པ་ལ་ཡང་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་དྲི་ལའོ། །གལ་ཏེ་གཞན་ཐུབ་པ་
གཟེགས་ཟིན་གྱི་བསྟན་བཅོས་པ་ན་ནམ་མཁའི་ཡོན་ཏན་ཅན་ཡང་དམ་བཅས་པའི་སྐྱོན་ཡིན་པ་ཉིད་དེ་ཡིད་ཆེས་པ་གསལ་བའོ་ཞེ་ན། ཡིན་མོད་ཀྱི་ཞེས་བྱ་བ་ཡིད་ཆེས་པས་གསལ་བ་ཡིན་པའོ། །གཞན་གྱི་ཡུལ་ནི་དྲི་ལ་ཡང་ངོ་། །གལ་ཏེ་བྱས་པས་གནོད་པར་བྱས་པའི་ཆོས་ཅན་སྒྲའི་བརྗོད་
པར་འདོད་པའི་ཕྱིར། ནམ་མཁའི་ཡོན་ཏན་ཉིད་ལ་གནོད་པ་ཡིན་གྱི་གཞན་དྲི་ལ་ནི་མ་ཡིན་པའོ། །གཞན་ལ་ཡང་འགྱུར་རོ་ཞེས་བྱ་བ་ནི་དྲི་ལ་ཡང་ངོ་། །བྱས་པ་གང་ཡང་རང་གི་མི་རྟག་པ་སྒྲུབ་པར་ནུས་པ་དེའི་ཕྱིར་བསྟན་བཅོས་ཀྱི་གནོད་པ་འདིའོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་
བ་ནི་དྲི་ལ་སོགས་པ་བསྟན་བཅོས་ལས་བཤད་དོ་ཅོག་བསྒྲུབ་དགོས་པར་རོ། །དེའི་ནུས་པ་མ་ཡིན་ཏེ་སྔར་བཤད་པ་དེའི་ཕྱིར་བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ནི་ཁོ་བོ་ནི་བྱེ་བྲག་པའོ་ཞེས་སོ། །བསྟན་བཅོས་མ་གྲུབ་པ་ནི་སྒྲ་ལ་མིག་གིས་གཟུང་བའོ། །དེ་ཡང་དམ་བཅའ་བར་འགྱུར་
เล่ม ๑๘๗ · หน้า 241b
ཏེ། བསྟན་བཅོས་ལས་མིག་གིས་གཟུང་བ་བཤད་པ་དེ་སྒྲ་ལ་མ་གྲུབ་པའི་བསྟན་བཅོས་ལས་བཤད་པའི་མ་གྲུབ་པ་ཡིན་པའི་ཕྱིར་རོ། །རིགས་པས་གྲུབ་པའི་བསྒྲུབ་པར་བྱ་བ་མིག་གིས་གཟུང་བ་སྟེ་བསྟན་བཅོས་ལས་བྱུང་བ་ཡིན་པའི་ཕྱིར་ནམ་མཁའི་ཡོན་ཏན་བཞིན་ནོ་ཞེས་བྱ་བའི་རིགས་པས་འོངས་
པའོ། །དེ་ཁོ་ནའི་ཚིག་གིས་བཟློག་པར་ནུས་པ་མ་ཡིན་ཏེ། རིགས་པས་འོངས་པ་ནི་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་བདག་ཉིད་ཅེས་བྱ་བའི་སྒྲ་ཡང་རྒོལ་བ་བདག་ཉིད་ཀྱིས་འདོད་པ་ཞེས་བྱ་བ་ཕྱོགས་ཀྱི་རང་བཞིན་གྱི་དོན་ཅན་ཡིན་ན། གལ་ཏེ་བདག་ཉིད་མི་འདོད་ཀྱང་བསྟན་
བཅོས་བྱེད་པས་འདོད་པས་ཡང་ཕྱོགས་པས་ཕྱི་རོལ་ཏུ་གྱུར་པ་སྟེ་དོན་ཅན་དུ་འགྱུར་བའི་ཕྱིར་འདོད་པ་ཞེས་བྱ་བའི་སྒྲ་ཁོ་ནས་འགྲུབ་པའི་ཕྱིར་བདག་ཉིད་ཀྱི་སྒྲས་ནི་དོན་འགའ་ཡང་རྒྱས་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་པའམ། བྱེ་བྲག་པའི་བསྟན་བཅོས་ལ་སོགས་པ་དག་ལ་བདག་
གི་འདོད་པས་འཇུག་པ་ཞེས་བྱ་བའི་དོན་དུ་བདག་ཉིད་ཀྱི་སྒྲ་སྨོས་པ་ཡིན་ནོ་ཞེ་ན། ཡང་ཞེས་བྱ་བ་ནི་སྔ་མ་རྣམས་མི་རིགས་པར་མ་ཟད་དོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་ལ་བདག་ཉིད་མི་འདོད་པས་མི་འཇུག་ཅེས་བྱ་བའི་དོགས་པ་འདི་ག་ལས་ཏེ། འདི་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན།
བདག་ཉིད་ཅེས་མ་སྨྲས་ཀྱང་བདག་ཉིད་འདོད་ན་འཇུག་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་གང་གིས་ན་བདག་ཉིད་ཅེས་བྱ་བའི་སྒྲ་སྦྱོར་བའི་འབད་པ་བྱེད། གལ་ཏེ་བསྐུལ་བའི་དོན་དུའོ་ཞེ་ན། ཚད་མས་ཞེས་བྱ་བ་སྨོས་ཏེ་བསྟན་བཅོས་ལ་མངོན་སུམ་ལ་སོགས་པའི་ཚད་མས་གགས་མི་བྱེད་དེ་མི་གནོད་
ན་ཅིས་ལྡོག་པར་འགྱུར་ཏེ་རང་འཇུག་པར་མི་འགྱུར་རོ། །ཚིག་གིས་ཞེས་བྱ་བ་ནི་བདག་ཅེས་བྱ་བའོ། །གང་ཡང་མི་འཇུག་གོ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཚད་མས་གནོད་ནའོ། །ཡང་རྣམ་པར་བཤད་པ་བྱེད་པ་གཞན་དག་ནི་བདག་ཉིད་ཅེས་བྱ་བའི་སྒྲ་འདི་ལྟར་འཆད་དེ། གཞུང་
ལུགས་ཞེས་བྱ་བའི་གྲུབ་པའི་མཐའ་ལ་ཡོད་པའིའོ། །རབ་ཏུ་གྲགས་པའི་ཚད་མས་གྲུབ་པའོ། །དཔྱོད་པའི་སྐབས་སུ་ཉིད་ཀྱིས་ཞེས་བྱ་བ་ནི་རྟགས་སྦྱོར་བའི་སྐབས་ཀྱིས་སོ། །དེ་ནི་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་ཆོས་ཅན་གཟུང་བའི་དོན་དུ་འཆད་པའོ། །ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་
เล่ม ๑๘๗ · หน้า 242a
དོན་མེད་པའོ། །གལ་ཏེ་དཔྱོད་པའི་སྐབས་ཉིད་ཀྱིས་རང་གི་ངོ་བོ་གྲུབ་པའི་ཆོས་ཅན་ཅིའི་ཕྱིར་རྟོགས་ཤེ་ན། རང་གི་འདོད་པས་བརྟགས་པའི་བྱེ་བྲག་སྟེ་སྤྱི་གཅིག་དུ་མ་ལ་འཇུག་པ་ཉིད་སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་དང་། མི་རྟོགས་པ་ལ་སྤྱི་གསལ་བ་ལས་ཐ་
དད་པ་དང་། དོན་གཅིག་ལ་འདུ་བ་ཅན་ཡོད་པ་དག་ལྟ་བུའོ། །དེ་ཉིད་ཚིག་གི་དོན་ཡིན་ནོ། །དེས་ན་བདག་ཉིད་འདོད་པས་བརྟགས་པའི་བྱེ་བྲག་ཉིད་ཚིག་གི་དོན་ཏོ། །བརྟགས་པའི་བྱེ་བྲག་གིས་ཚིག་གི་དོན་ཀྱང་ཡིན་ལ་དོན་ལ་རག་ལས་པའི་ཉེ་བར་སྦྱོར་བ་ཅན་མ་ཡིན་པ་ཡང་ཡིན་པས།
བརྟགས་པའི་བྱེ་བྲག་གིས་དོན་ལ་རག་ལས་པའི་ཉེ་བར་སྦྱོར་བ་ཅན་མ་ཡིན་པའོ། །དེ་ནི་དུ་མ་ཡིན་པའི་ཕྱིར་རྣམས་ཏེ། སྐྱེས་བུའི་འདོད་པས་བརྟགས་པའི་དོན་ལ་རག་ལས་པའི་ཉེ་བར་སྦྱོར་བ་སྟེ། རག་ལས་པ་ཡང་ཡིན་ལ་ཉེ་བར་སྦྱོར་བ་ཡང་ཡིན་པས། རག་ལས་པའི་ཉེ་བར་སྦྱོར་བ་ཅན་ཏེ།
དོན་གྱིས་བསྐྱེད་པའི་སྣང་བའོ། །དེ་མ་ཡིན་པ་ནི་མ་ཡིན་པ་སྟེ་རང་དགར་སྣང་བའོ། །དེ་ལྟ་བུའི་དོན་མེད་པ་རྟོགས་པ་ཙམ་དག་ལ་རྣམ་པར་གཞག་པ་ནི་སྒྲུབ་པའོ། །དགག་པ་ནི་གསལ་བའོ། །སྦྱོར་བ་ནི་རྟགས་ལ་སོགས་པས་རྟོགས་པའོ། །འགའ་ཡང་མེད་དེ་རྟོག་པ་དང་ལྡན་པ་དག་གི་
འཇུག་པ་ནི་དོན་བྱ་བའི་དོན་དུ་གཉེར་བ་ཡིན་ལ། དེ་ལྟ་བུ་ནི་དོན་བྱེད་པ་མེད་པའི་ཕྱིར་རོ། །དེས་ན། མ་ནིང་གཟུགས་བཟང་མི་བཟང་ཞེས། །འདོད་ལྡན་རྣམས་ཀྱིས་བརྟགས་ཅི་ཕན། །ཞེས་བཤད་པ་ལྟ་བུའོ། །གལ་ཏེ་རང་གི་མཚན་ཉིད་མ་ཡིན་པ་དག་ཀྱང་དགག་པའི་ཕྱིར། དཔྱོད་
པར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་བཞིན་དུ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་གཉི་ག་ལ་གྲུབ་པའི་གཞི་མེད་པ་དེ་བཞིན་དུའོ། །རྒོལ་བ་དང་ཕྱིར་རྒོལ་ལ་སྤྱིར་གྲུབ་པའོ། །འདིའི་རང་བཞིན་ཇི་ལྟ་བུ་ཞེས་དཔྱོད་པའི་གཞིར་བྱེད་པ་མེད་དེ། གཞི་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་
གཞི་ཐ་སྙད་བྱེད་པ་ནི་མེད་དེ། སྤྱིར་མཐུན་པའི་ཐ་སྙད་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟ་བས་ན་བརྟགས་པ་དག་དགག་པར་བྱ་བར་ནི་རིགས་ཀྱི་རྟགས་ཀྱི་གཞིར་བྱ་བ་ནི་མ་ཡིན་ནོ། །རང་ཉིད་ཀྱི་སྒྲས་ནི་རྟགས་ཀྱི་ཡུལ་སྟོན་པའི་ཕྱིར་རོ། །ཡང་ཁ་ཅིག་སྟེ་ཆོས་ཅན་ནི་རབ་ཏུ་གྲུབ་པ་ཁོ་
เล่ม ๑๘๗ · หน้า 242b
ན་སྟེ་ཡིན་པར་བརྗོད་པ་སྟེ། འདོད་པས་སོ། །དེ་གྲུབ་པ་ཉིད་ཡིན་པས་ཆོས་ཅན་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བདག་ཉིད་ཞེས་བྱ་བས་བསྒྲུབ་པར་བྱ་བའི་ངོ་བོ་ཕྱོགས་ཡིན་པར་བརྗོད་དོ་ཞེས་ཟེར་ན། དེ་ཡང་རིགས་པ་མ་ཡིན་ཏེ། རང་གི་ངོ་བོ་ཞེས་དང་པོར་བསྟན་པ་
འདི་ཉིད་ཀྱིས་ཆོས་ཅན་བསྒྲུབ་པར་འགྱུར་བ་དགག་པའི་དོན་རྟོགས་པའི་ཕྱིར་ཏེ། འདི་ལྟར་རང་གི་ངོ་བོ་ཞེས་བྱ་བ་གང་གིས་ཆོས་ཅན་ལ་སོགས་པ་གྲུབ་པ་དང་། སྒྲུབ་པར་བྱེད་པ་སྟེ། རྟགས་དང་དཔེ་དག་བསྒྲུབ་པར་བྱ་བར་བསྟན་པ་སྲིད་ནའོ། །གལ་ཏེ་རང་གི་བདག་ཉིད་ལ་གྲུབ་པའི་ཆོས་
ཅན་བསྒྲུབ་པར་འགྱུར་བ་དགག་པའི་ཕྱིར། བདག་ཉིད་ཀྱི་སྒྲ་སྨོས་པ་ཡིན་ཏེ། རང་ཉིད་འདོད་ཅེས་བརྗོད་པས་རང་གི་མཚན་ཉིད་ནི་བདག་ཉིད་མི་འདོད་པས་སོ། །གལ་ཏེ་རང་གི་མཚན་ཉིད་ཀྱི་ཆོས་ཅན་དགག་པ་ཡོངས་སུ་གཟུང་བའི་ཕྱིར་བདག་ཉིད་ཀྱི་སྒྲ་མི་བརྗོད་ནའོ། །རང་གི་མཚན་ཉིད་བསྒྲུབ་
པ་འགྲུབ་པར་ཐལ་བར་འགྱུར་བ་དེ་ཡང་མ་ཡིན་ཏེ། རྗེས་སུ་དཔག་པའི་ཡུལ་ནི་སྤྱི་ཉིད་དོ། །ཞེས་བྱ་བ་ཉིད་ཀྱིས་རང་གི་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་དེའི་དོན་རྟོགས་པའི་ཕྱིར་རོ། །དེ་ཉིད་ཆོས་ཅན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཉེས་པ་གཞན་བསྟན་པར་བཞེད་ནས། རྣམ་པར་རྟོག་
པས་བསླད་པའི་ཕྱིར་ཅི་སྟེ། ཆོས་ཅན་ལ་སོགས་པ་སྨོས་སོ། །མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །ཅིའི་ཕྱིར་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །གལ་ཏེ་གཏན་ཚིགས་བྱེ་བྲག་གི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །ཆ་ཤས་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་
བ་ནི་ཆ་ཤས་དང་པོ་དམ་བཅས་པའོ། །གཉིས་པ་ནི་གཏན་ཚིགས་སོ། །གསུམ་པ་ནི་དཔེའོ། །དེ་ལས་འདི་དམ་བཅའ་བ་ལས་གཞན་པའི་ཆ་ཤས་ཀྱི་ཉེས་པ་ཡིན་པའི་ཕྱིར། དམ་བཅའ་བའི་སྐྱོན་དུ་མི་འགྱུར་ན། ཅིའི་ཕྱིར་དམ་བཅའ་བའི་སྐྱོན་དུ་སྨྲ་ཞེས་བྱ་བའི་དོན་དུའོ། །དེ་ལྟར་ཆ་ཤས་
ཕྱེ་ནས་དཔྱོད་པའི་སྐབས་བཏང་སྟེ་དཔྱོད་ན་ནི་གཏན་ཚིགས་ལ་སོགས་པ་སྟེ། དཔེའི་སྐྱོན་ཡང་ངོ་། །ཕྱོགས་ཀྱི་སྐྱོན་དུ་འགྱུར་ཏེ། དེ་ལྟར་ན་ཆ་ཤས་ཀྱི་རྣམ་པར་གཞག་པ་མེད་པར་འགྱུར་རོ། །ཆ་ཤས་ཀྱིས་དབྱེ་བ་མེད་པར་འགྱུར་བ་དེའི་ཕྱིར་ཕྱོགས་ཙམ་སྟེ། གཏན་ཚིགས་ལ་སོགས་པ་བསལ་
เล่ม ๑๘๗ · หน้า 243a
བས་དབེན་པ་ཉིད་ཀྱིས་རྗེས་སུ་འབྲེལ་པ་སྟེ་ཕྱོགས་དང་འབྲེལ་བའོ། །དེ་ལྟ་མ་ཡིན་ན་ཕྱོགས་ལ་སོགས་པའི་མཚན་ཉིད་རྟོགས་པར་དཀའ་བའི་ཕྱིར་རོ། །དཀའ་བ་དེའི་ཕྱིར་རྟོགས་པར་བླ་བའི་ཕྱིར། གཏན་ཚིགས་ལ་སོགས་གནོད་སྤངས་ལས། ལོགས་ཤིག་
ཕྱོགས་ཀྱི་མཚན་ཉིད་ནི་བརྗོད་པ་སྟེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བསྟན་ཅེ་ན། མ་ཁྱབ་པ་དང་སྟེ་གྲངས་ཅན་དག་ཚིག་ཏུ་སྨྲས་པ་ཙམ་ཕྱོགས་སུ་སྨྲ་བའོ། །བཟློག་པ་དག་ནི་ཁྱབ་ཆེས་པ་སྟེ། བྱེ་བྲག་པ་དང་། དཔྱོད་པ་པ་དག་བྱས་པས་མི་རྟག་པ་སྒྲུབ་པ་ན། ནམ་མཁའི་ཡོན་ཏན་ཡང་སྒྲུབ་
པར་འདོད་པའོ། །ཕྱོགས་ཀྱི་མཚན་ཉིད་ལུགས་གཞན་ཡང་སློབ་དཔོན་གྱིས་བསྟན་པ་བཤད་པའི་ཕྱིར། སྒྲུབ་བྱ་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་བྱ་བ་སྨོས་ཏེ། དེ་ལས་གཞན་ཕྱོགས་མ་ཡིན་ཏེ། བསལ་བ་དག་ནི་གནོད་འགྱུར་བས། །ཁས་ལེན་པར་མི་འགྱུར་བས་སོ། །ལྷག་མ་
ནི་མ་ཁྱབ་པ་དང་བཟློག་པ་དག་གོ། །མཚན་ཉིད་མི་འཇུག་ཕྱིར། མ་ཁྱབ་ཕྱིར་ནི་ཕྱོགས་མ་ཡིན་པའི་ཕྱིར་མཚན་ཉིད་ལ་མི་འཇུག་པ་བཟློག་པ་ལ་ནི་ཕྱོགས་ཀྱིའོ། །ལོག་པར་རྟོགས་པ་མཐོང་བས་ན། །ཞེས་བྱ་བ་ནི་གཞན་གྱིས་དམ་བཅས་པ་སྒྲ་ལ་ནམ་མཁའི་ཡོན་ཏན་ལ་སོགས་པ་ཕྱོགས་སུ་
འདོད་པའོ། །ཅིའི་ཕྱིར་ལོག་པར་རྟོགས་པ་ཡིན་ཞེ་ན། བསྒྲུབ་བྱར་འདོད་ཅིང་མི་ཉམས་ལ། །མི་རྟག་པ་དག་ཉིད་སྒྲུབ་པར་འདོད་པ་ལ་གནོད་པ་མེད་པའི་ཕྱིར་ཅི་ཞིག་གནོད། གལ་ཏེ་མི་གནོད་ཀྱང་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། ཐུག་པ་མེད་པའང་གཟིགས་ཕྱིར་
རོ། །ཞེས་བྱ་བ་སྨོས་ཏེ། བསྟན་བཅོས་ཀྱི་དོན་ཐམས་ཅད་བཀག་པར་གཟིགས་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་དང་འདོད་པ། །ཞེས་བྱ་བ་དག་གིས་ཁོ་ནའི་དོན་རྟོགས་པའི་ཕྱིར་ཁོ་ན་ཞེས་བྱ་བ་བརྗོད་པར་མི་བྱའོ་ཞེ་ན། འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་ཞེས་བྱ་བའི་སྒྲ་དུས་གསུམ་
དང་མངོན་པར་འབྲེལ་པའི་ཕྱིར་འདས་པ་དང་། ད་ལྟར་བསྒྲུབ་པར་བྱ་བར་མ་བསྟན་ཀྱང་རྟགས་མ་གྲུབ་པ་ལ་སོགས་པ་ཕྱིས་བསྟན་པར་འགྱུར་བའི་ཡང་དེ་ལྟར་ཕྱོགས་སུ་ཐལ་བར་འགྱུར་བའི་ཕྱིར་དེ་རྣམ་པར་གཅོད་པའི་དོན་དུ་ཁོ་ནའི་སྒྲ་སྨོས་ཏེ། མ་འོངས་པ་ན་ཡང་རུང་རང་གི་ངོ་བོ་ཁོ་ནའོ་ཞེས་བྱ་བར་
เล่ม ๑๘๗ · หน้า 243b
རྟོགས་པར་བྱ་བའི་དོན་དུའོ། །དེ་ལྟར་ན་ཐམས་ཅད་དུ་བསྒྲུབ་པར་བྱ་བའི་ངོ་བོ་མ་གྲུབ་པའོ། །གལ་ཏེ་འདོད་འགྱུར་ཅེས་བྱ་བའི་སྒྲས་འདོགས་པར་འགྱུར་བ་བསལ་ཟིན་པ་ཡིན་ནམ་ཞེ་ན། འདིར་དེ་རང་གི་ངོ་བོ་དང་ཉིད་བསྟན་ཅེས་བྱ་བ་འདིར་རོ། །འདོད་འགྱུར་ཅེས་བྱ་བ་ནི་ནུས་པ་མེད་པའི་ཕྱིར།
དེ་ལྟར་རྟོགས་པར་བྱེད་པའི་ཡན་ལག་མ་ཡིན་ནོ། །དོན་གཅིག་ཏུ་འདུས་པའི་ཆོས་ཅན་གཅིག་ལ་འབྲེལ་བ་སྟེ། དེ་ལྟ་བུའི་ཟླ་མེད་ཀྱང་བྱས་པའི་རྟགས་ཀྱིས་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་རྒོལ་བས་མི་འདོད་པ་ནམ་མཁའི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་ནི་མ་ཡིན་ནོ། །ཐ་དད་པར་གྱུར་
པ་ཞེས་བྱ་བ་ནི་རྟེན་གསལ་བ་ལས་སོ། །དབང་པོས་ཡོངས་སུ་གཟུང་བ་ནི་བལྟར་རུང་བའོ། །གཞན་དུ་ན་སྟེ་ཕྱིར་རྒོལ་བ་ཁོང་དུ་ཆུད་པར་མི་འདོད་ན་སྐབས་དང་མ་འབྲེལ་བ་སྨྲ་བ་ཉིད་ཡིན་ནོ། །གལ་ཏེ་བྱེ་བྲག་འགའ་ནི་རྟག་པར་བསྒྲུབ་པས་སྤྱི་སྒྲ་ཉིད་ལ་སོགས་པས་འཕེན་པས་སྤྱི་དེ་གྲུབ་པར་
རྒོལ་བའི་འདོད་པ་གྲུབ་པ་མ་ཡིན་ནམ་ཞེ་ན། རྟོགས་པར་བྱེད་པ་སྟེ། ཉན་པ་པོ་མི་རྟག །ལ་ལ་འབའ་ཞིག་རྟོགས་པར་འདོད་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་ངེས་པར་སྤྱིའི་དོན་བྱེ་བྲག་གི་ངེས་པ་སྟེ། རྟོགས་པའི་དོན་ཅན་ཡིན་པ་ནི་མེད་དེ། དངོས་པོར་གྱུར་པའི་འབྲེལ་པ་
མེད་པའི་ཕྱིར་རོ། །བྱེ་བྲག་དང་འབྲེལ་པ་དངོས་པོར་ཡོད་ན་ཡང་། ཁྱད་པར་གཞན་ལ་མི་རྩོད་པ་ཡང་སྲིད་དེ་མེ་ལ་ཚ་བ་ཉིད་ལ་རྩོད་པ་ན་འབྱུང་བའམ་འབྱུང་བ་ལས་གྱུར་པའི་བྱེ་བྲག་ལ་མི་རྩོད་པ་ལྟ་བུའོ། །གལ་ཏེ་སྟོང་པ་ཉིད་དུ་རྩོད་པ་ལ་བདག་མེད་པ་ལྟ་བུ་ནི་ཁྱད་པར་ངེས་པ་སྒྲུབ་པ་ཡིན་ཏེ། དེ་མེད་ན་
སྟོང་པ་ཉིད་མི་འབྱུང་བ་ཡིན་ན། དེ་ལྟ་བུ་མ་ཡིན་པ་མི་རྟག་པ་ལ་ནམ་མཁའི་ཡོན་ཏན་དང་སྤྱི་ལ་སོགས་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །སྤྱི་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་ད་ལྟ་བུ་ནི་གཞུང་ལུགས་དེ་ལ་མི་གནས་པ་རྣམས་ལ་གང་ན་ཡང་དེའི་རྗེས་སུ་འགྲོ་བ་སྟེ། དེ་སྒྲུབ་པར་འདོད་པ་མེད་དོ། །
འདོད་ན་ཡང་མི་འཁྲུལ་བའི་རྟགས་ཡོད་པ་མ་ཡིན་ཏེ། དེ་དག་དངོས་པོའི་ཆོས་མ་ཡིན་པའི་ཕྱིར་རོ། །སྤྱི་བསྒྲུབ་པ་མི་སྲིད་པར་བསྟན་པ་འདིས་གཉིས་པ་ཅན་གྱི་སྦྱོར་བ་ལ་ཡང་སུན་དབྱུང་བ་རབ་ཏུ་བརྗོད་པ་ཡིན་ཏེ། དེ་ཡང་སྤྱི་བཀོད་པའི་ཕྱིར་རོ། །སྤྱི་ལ་སོགས་པ་བསྟན་བཅོས་
เล่ม ๑๘๗ · หน้า 244a
ལས་བྱུང་བའི་ཕྱིར་འདོད་པ་ཡིན་ནོ་ཞེ་ན། ཡང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་བཤད་པ་ཡིན་ནོ། །སྐབས་སུ་བབ་པ་ཁོ་ན་ཞེས་བྱ་བ་ནི་རྟོགས་པ་པོའི་འདོད་པ་ཁོ་ནའོ། །བྱེ་བྲག་ཏུ་མ་བྱས་པ་ནི་ནམ་མཁའི་ཡོན་ཏན་དང་། སྤྱི་དང་དོན་གཅིག་ལ་འདུ་བ་ཅན་
ཞེས་བྱེ་བྲག་ཏུ་མ་བྱས་པའི་མི་རྟག་པའི་ཆོས་ཅན་ཉིད་དོ། །གཞན་དུ་ན་ཞེས་བྱ་བ་ནི་རྟོགས་པ་པོའི་མི་འདོད་པ་སྒྲུབ་པར་བྱེད་ནའོ། །དོན་གཞན་དུ་འགྲོ་བ་སྟེ་བསྟན་པར་བྱ་བ་མ་ཡིན་པ་སྟོན་པ་ནི་སྐབས་སུ་མ་བབ་པ་སྟོན་པས་མི་རིགས་པའི་ཕྱིར་ཆད་པས་བཅད་པ་སྟེ། ཕན་པའི་གནས་སུ་འགྱུར་རོ། །
བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་རང་གི་ངོ་བོ་ཞེས་བསྟན་པར་བྱ་ཞེས་བྱ་བ་ནི་གསལ་བ་ཞེས་བྱ་བའི་བར་ཀུན་ལ་སྦྱར་བ་བསྟན་ཏོ། །ཡིད་ཆེས་པ་དག་གིས་ཞེས་བྱ་བའི་དུ་མའི་ཚིག་ཏུ་བྱས་པ་ནི་བསྟན་བཅོས་དང་རང་གི་ཚིག་གི་དབྱེ་བས་སོ། །མངོན་སུམ་དོན་ཞེས་བྱ་བའི་དོན་ཞེས་བྱ་བ་ཅི་དགོས་ཤེ་ན། མངོན་སུམ་གྱི་
དོན་ཞེས་སྨོས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྒྲུབ་པར་བྱ་བ་ཐེ་ཚོམ་ཟ་བ་ལ་གཏན་ཚིགས་བརྗོད་དེ་སྟོན་པ་ཡིན་ནའོ། །རྟེན་མ་ཡིན་ཞེས་བྱ་བ་ནི་དེ་ལ་གཏན་ཚིགས་འཇུག་པ་མི་སྲིད་པའོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་གཅིག་ལ་ནི་ཕྱིན་ཅི་ལོག་པའི་ཡང་དག་པའི་ཤེས་པ་དག་སྟེ། མངོན་
སུམ་མམ་རྗེས་སུ་དཔག་པ་གཅིག་ན་ཆོས་དེ་འགོག་ལ། ཡང་དེ་ལ་རྟགས་ཡང་དག་པ་ལ་བརྟེན་པའི་རྗེས་སུ་དཔག་པའི་ཆོས་དེ་ཉིད་དེ་ལ་སྒྲུབ་པ་འགལ་བ་གཉིས་མི་སྲིད་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཡུལ་ཉེ་བར་བསྟན་པའི་ཕྱིར་ཡང་སྟེ། ཕྱོགས་བསྟན་པ་ཡང་གཏན་ཚིགས་ཀྱི་ཡུལ་ཉེ་བར་
བསྟན་པའི་ཕྱིར་ཡིན་ན་གཏན་ཚིགས་ཀྱི་ཡུལ་ཉེ་བར་བསྟན་པའི་ཕྱིར་ཡིན་ཞེས་རིམ་པ་གཞན་དུ་སྦྱར་བའོ། །ཐེ་ཚོམ་ནི་རྒྱུའི་བྱེད་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡོད་པར་སྲིད་པ་གཏན་ཚིགས་ཀྱིས་སྒྲུབ་པར་བྱེད་པའི་ཡུལ་ཡིན་ཏེ། བསལ་བས་བསྒྲུབ་པར་བྱ་བ་མི་སྲིད་པའམ།
གྲུབ་ཟིན་པ་གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་ཡིན་ཏེ། དེ་ལ་བྱེད་པ་མི་སྲིད་པའི་ཕྱིར་རོ། །རྗེས་སུ་དཔག་པའི་དབྱེ་བ་ནི་དངོས་པོའི་སྟོབས་ཀྱིས་རྗེས་སུ་དཔག་པ་གཅིག་དང་འབྲས་བུ་དང་། རང་བཞིན་དུ་བརྟགས་པ་དག་གི་དབྱེ་བས་སོ། །རང་གི་འབྲས་བུ་ཡང་དག་པར་བརྗོད་ཅིང་ཞེས་བྱ་བ་ནི་
เล่ม ๑๘๗ · หน้า 244b
རང་གི་དོན་ཡང་དག་པར་བརྗོད་ཅིང་ངོ་། །དེ་དང་འགལ་བར་ཁས་ལེན་པའི་གགས་བྱེད་ཅེས་བྱ་བ་ནི་ཐེ་ཚོམ་ཟ་བར་བྱེད་དེ་ཞེས་བྱ་བའི་དོན་ཏོ། །གགས་བྱེད་པར་མཚུངས་པ་དེའི་ཕྱིར་འདི་ལྟར་རང་གི་ཚིག་དང་བསྟན་བཅོས་དག་མངོན་པར་བསྡུས་ཏེ། མཚུངས་པར་ཡིད་ཆེས་འབྲས་བུ་ཡན་ལག་
ཅེས་བརྗོད་དོ། །རང་ཚད་མ་མ་ཡིན་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་ཚིག་འཇུག་པར་མི་འགྱུར་རོ། །འོན་ཀྱང་རང་གི་དོན་དེ་མཐོང་ལ་དེ་ཉིད་ལ་ཡང་གཞན་ལ་ཕྱིན་ཅི་མ་ལོག་པར་བརྗོད་པར་འདོད་ནས་སྨྲ་བའི་ཕྱིར་རམ་མི་སྨྲ་བར་ཁས་ལེན་ཏོ། །བསྟན་བཅོས་མ་བརྟེན་ན་དེར་གྲགས་
པ་སྟེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ཚད་མ་གཉིས་ཀྱིས་མཐུའི་ཡུལ་མ་ཡིན་པ་དཔྱད་པ་ཡང་མི་འཇུག་པ་དེ་ལྟ་བས་ཏེ། བསྟན་བཅོས་ཚད་མར་ཁས་མ་བླངས་ན་དཔྱད་པ་འཇུག་པར་མི་འགྱུར་བས་བསྟན་བཅོས་ཚད་མར་ཁས་བླངས་ནས་འཇུག་གོ། །མཚུངས་པར་ལྟ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་
ནི་གཉི་ག་ཡང་ཁས་བླངས་པས་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་མཚུངས་པར་རོ། །མཚུངས་པར་གསུངས་ཏེ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །ཚད་མ་དང་དེས་གཞལ་བར་བྱ་བའི་དོན་དག་མེད་དོ་ཞེས་བྱ་བ་ནི་རིག་བྱེད་ཀྱི་གཞུང་ལུགས་སོ། །རང་གི་ཚིག་དག་མི་
རིགས་ཏེ། གལ་ཏེ་རང་གི་ཚིག་དོན་ལ་མི་སླུ་བར་འགྱུར་ན་ནི་དེ་ཉིད་ཚད་མ་ཡིན་ལ། ཚད་མ་མ་ཡིན་ན་ནི་ཚིག་གི་དོན་མེད་དོ། །བསྟན་བཅོས་ཀྱང་ཚད་མ་མ་ཡིན་ན་མི་རིགས་ཏེ་དོགས་པ་མེད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ཚད་མ་དང་དེས་གཞལ་བར་བྱ་བ་དོན་མེད་དོ་ཞེས་བྱ་བ་དཔེར་བརྗོད་
པར་བྱའོ། །འདིར་ཆོས་ཅན་ནི་ཆོས་སོ། །དེ་རྣམ་པར་གཞག་པ་ནི་བསྟན་བཅོས་དེ་ལ་བརྟེན་པའི་ཕྱིར་བསྟན་བཅོས་དེ་ལ་གནོད་པ་ཉིད་ན་དེས་གཞག་པའི་གཞི་ཆོས་ཉིད་མི་གནས་པར་ནི་བདེ་བ་རབ་ཏུ་སྦྱིན་པ་ལ་སོགས་པའི་བྱེ་བྲག་བསམ་པའི་གཞི་མེད་པའི་ཕྱིར་མི་འཇུག་པའི་ཕྱིར་བསྟན་བཅོས་
ལས་གྲགས་པའི་ཕྱིར་བྱེ་བྲག་སེམས་པ་དེ་ལྟ་བུ་ལ་ངེས་པར་བསྟན་བཅོས་ཚད་མར་བྱ་དགོས་སོ། །ད་ནི་ཇི་ལྟར་འབབ་སྟེགས་དག་ཏུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྟེ། བསྟན་བཅོས་དང་འགལ་སྐྱོན་ཡིན་ན་སངས་རྒྱས་པ་དག་སྟེ་འབབ་སྟེགས་སུ་ཁྲུས་བྱས་པས་ཆོས་མ་ཡིན་པ་དག་པར་མི་
เล่ม ๑๘๗ · หน้า 245a
འགྱུར་རོ་ཞེས་བསྟན་བཅོས་མང་པོ་ལས་ཁྲུས་ཀྱི་ཆོས་མ་ཡིན་པ་དག་པར་བཤད་པ་དང་འགལ་བར་སྨྲ་བ་ཞེས་བྱ་བ་ཡིན་ནོ། །མ་མཐོང་བ་རྟོགས་པར་བྱེད་པ་ནི་གཅིག་ཏུ་བསྐལ་པ་རྟོགས་པར་བྱེད་པའོ། །ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་པའི་བསྟན་བཅོས་དག་དེ་ལྟར་མི་
སྨྲའོ་ཞེས་བྱ་བ་ཡིན་ནོ། །བཀག་པའི་སྐྱོན་མེད་དེ་རང་གི་བསྟན་བཅོས་དང་མི་འགལ་བའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ནི་བསྟན་བཅོས་གཞན་དང་འགལ་བ་མེད་དོ་ཞེས་སྟོན་ཏོ། །དེ་ལ་ཡང་ཞེས་བྱ་བ་ནི་གཞན་གྱིས་ཁས་བླངས་པའི་བསྟན་བཅོས་སོ། །སྨྲ་ཞིང་སེམས་པའི་ཕྱིར་རོ་ཞེས་
བྱ་བ་ནི་དེའི་ཕྱིར་ཚད་མར་ཁས་མི་ལེན་པས་ན་དེ་དག་དང་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་བསྟན་བཅོས་གང་ཞིག་དང་འགལ་ཅེ་ན། བསྟན་བཅོས་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་དེས་གཟུང་བའི་ཕྱིར་རོ་ཞེས་བྱ་བ་དེས་བསྟན་པའི་དོན་རྣམས་གཟུང་བའི་ཕྱིར་ཡིན་པ་
ན་དེ་དང་འགལ་བར་འགྱུར་བ་སེམས་ཀྱི་གཞན་དང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་གནས་པ་ཞེས་བྱ་བ་ནི་དེ་ཁས་ལེན་པའོ། །དེ་ལ་མི་བརྟེན་པའི་དངོས་པོ་ཞེས་བྱ་བ་ནི་བསྟན་བཅོས་ལས་བསྟན་པ་མ་ཡིན་པའི་དོན་ཏོ། །དེ་བསྟན་བཅོས་དང་འགལ་བར་འགྱུར་ན་ནི་དེ་དང་
བསྟན་བཅོས་དག་ཕན་ཚུན་གནོད་པ་ནི་མ་ཡིན་གྱི་ཕན་ཚུན་གགས་སུ་འགྱུར་ཏེ། གཉི་ག་ཡང་ཁས་བླངས་པར་མཚུངས་པའི་ཕྱིར་རོ། །དེ་བཞིན་ནོ་ཞེས་བྱ་བ་ནི། སྟོབས་མཚུངས་པའི་ཕྱིར་གགས་ཉིད་ཡིན་གྱི་གནོད་པ་ནི་མ་ཡིན་པའོ། །སྟོབས་མཚུངས་པ་དེ་ཡང་རང་གི་ཚིག་དང་འགལ་
བ་ཡིན་གྱི་བསྟན་བཅོས་དང་ནི་མ་ཡིན་ཏེ། བསྟན་བཅོས་དང་སྟོབས་མཚུངས་པ་ནི་བསྟན་མ་ཐག་པ་ཡིན་ནོ། །དེ་གཉིས་ལས་ཞེས་བྱ་བ་ནི་བསྟན་བཅོས་དང་རང་གི་ཚིག་དང་འགལ་བ་ལས་སོ། །གཞན་ལ་ཞེས་བྱ་བ་ནི་ཚད་མ་མེད་པ་ལའོ། །གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དེའི་
དོན་འགོག་པར་བྱེད་པའོ། །གགས་ནི་འགོག་པར་མི་ནུས་ཀྱི་ཐེ་ཚོམ་དུ་བྱེད་པའོ། །གཞན་དུ་ཞེས་བྱ་བ་ནི་ཚད་མ་མེད་པས་སོ། །དམ་བཅའ་བར་སྟོབས་མཚུངས་པའམ་ཞེས་བྱ་བ་ནི་བསྟན་བཅོས་དང་། བསྟན་བཅོས་དང་། རང་གི་ཚིག་དང་རང་གི་ཚིག་ཏུའོ། །དེ་དག་
เล่ม ๑๘๗ · หน้า 245b
ཕན་ཚུན་རིགས་པ་མེད་པའི་དམ་བཅའ་བས་ཇི་ལྟར་གནོད་པར་འགྱུར། དེ་དག་གི་ཅིག་ཤོས་དོན་ཇི་ལྟ་བ་བཞིན་གྱི་རྗེས་སུ་དཔག་པ་ཅན་ལ་ཡང་རིགས་པ་མེད་པའི་དམ་བཅའ་བས་ཇི་ལྟར་གནོད་པར་འགྱུར་བའོ། །གལ་ཏེ་ལུང་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་གནོད་པར་བྱེད་དོ་ཞེ་ན།
ལུང་ཚད་མ་ཉིད་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་བསལ་ཟིན་ཏོ། ཁས་བླངས་ཏེ་ཞེས་བྱ་བ་ནི་བསྟན་བཅོས་ཚད་མ་ཉིད་དུའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལུང་དང་རང་གི་ཚིག་དག་དོན་གྱི་འབྲས་བུར་བརྗོད་པའི་ཕྱིར་རོ། །ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར་ཏེ། ཡུལ་གང་ཞེ་ན། ཁས་
བླངས་པའི་ཡུལ་ལ་གནོད་པ་དང་གགས་བྱེད་པར་གནོད་པའི་ཕྱིར་ཏེ། དངོས་པོའི་དོན་ལ་གནོད་པ་ནི་མ་ཡིན་པས་སོ། །རྗེས་སུ་དཔག་པའི་དོན་ནི་དངོས་པོའི་ཡུལ་ལའོ། །གཞན་དུ་ན་ནི་ཞེས་བྱ་བ་ཡུལ་གྱི་དབྱེ་བ་མེད་ནའོ། །རྟགས་ཀྱི་བྱེ་བྲག་གི་དབྱེ་བས་མཐའ་ཡས་ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་དག་རྗེས་སུ་དཔག་པར་འདུས་ན་ནི་ཁས་བླངས་པ་དང་འགལ་བ་ལོགས་ཤིག་ཏུ་བྱས་པ་དོན་མེད་དོ། །གལ་ཏེ་ཁས་བླངས་པ་དང་འགལ་བར་མཚུངས་པ་ན་ཅིའི་ཕྱིར་རང་གི་ཚིག་དང་འགལ་བ་བསྟན་བཅོས་ལས་ལོགས་སུ་བསྟན་ཅེ་ན། ངག་བརྗོད་པ་ཙམ་དེ་ཉིད་
ལ་དེ་ཉིད་གགས་བྱེད་པ་ཉིད་ཀྱི་དོན་གྱིས་སོ། །གལ་ཏེ་བསྟན་བཅོས་ཀྱང་ཚད་མ་ཉིད་མ་ཡིན་པ་དེའི་ཕྱིར་དེ་ཡང་བསྟན་བཅོས་ལ་གགས་བྱེད་པ་ཉིད་དོ་ཞེ་ན། གཞི་ཡོད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་ཀྱིས་སོ་སོར་གཞག་པ་ཡིན་ན། བསྟན་བཅོས་དེ་ལ་གནོད་པ་བྱས་ན་དེས་
གཞག་པའི་ཆོས་ཅན་ཡང་འགོག་པར་འགྱུར་བའི་ཕྱིར་གནོད་པར་བྱེད་པ་ཞེས་བརྗོད་དོ། །གལ་ཏེ་བསྟན་བཅོས་དེ་དམ་བཅའ་བ་ཙམ་ཡིན་པའི་ཕྱིར་དེ་ལྟར་ཚད་མ་ཡིན་ནའོ། །བྱེ་བྲག་མེད་དོ་ཞེས་བྱ་བ་ནི་བསྟན་བཅོས་རང་གི་ཚིག་དག་ཁས་བླངས་པས་ཚད་མར་མཚུངས་པའི་ཕྱིར་རོ། །ཆོས་
ཅན་འགོགས་པར་བྱེད་པ་དེའི་ཕྱིར་བསྟན་བཅོས་དང་ཆོས་སུ་འགལ་བ་དག་ནི་གེགས་ཞེས་བྱ་བ་ཐེ་ཚོམ་དུ་བྱེད་པ་མ་ཡིན་གྱི་གནོད་པར་བྱེད་པ་སྟེ། ཆོས་ཅན་འགོག་པར་བྱེད་པ་ཡིན་ནོ། །སྔར་ཁས་བླངས་པ་ལ་ཕྱི་མ་གཞན་གྱིས་གནོད་པ་ནི་བསྟན་བཅོས་དང་འགལ་བའོ་ཞེས་བྱ་བ་སློབ་དཔོན་ཕྱོགས་
เล่ม ๑๘๗ · หน้า 246a
ཀྱི་གླང་པོས་གསུངས་སོ། །གལ་ཏེ་བསྟན་བཅོས་དང་རང་གི་ཚིག་དག་ཚད་མ་མ་ཡིན་པ་དེ་བས་ན་གགས་ཀྱང་ཇི་ལྟར་ཡིན་ཞེ་ན། དེ་སྟོབས་མཚུངས་ཏེ། གཉི་ག་ཡང་རིགས་པས་སྟོང་པའི་ཁས་བླངས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་དང་རང་
གི་ཚིག་དེ་དག་གང་ལ་ཚད་མར་ཡོད་པར་གྱུར་ན་ནི་རང་གི་དོན་གྲུབ་པ་ཉིད་ཡིན་པས་དེ་དང་འགལ་བ་ཚད་མ་མེད་པ་དེ་ཚད་མ་དང་ལྡན་པའི་གགས་མ་ཡིན་ཏོ། ཚད་མས་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ། །གལ་ཏེ་ཚད་མ་མེད་པའི་བསྟན་བཅོས་དང་ཚིག་དག་ཀྱང་རྒོལ་བ་དེས་ཚད་མར་
ཁས་བླངས་པའི་ཕྱིར་ཚད་མ་མ་ཡིན་པས་རང་དང་འགལ་བའི་དངོས་པོ་ཐམས་ཅད་ལ་གནོད་པར་བྱེད་པ་ཉིད་ཡིན་ནོ་ཞེ་ན། གང་ཁས་བླངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་ཞིག་ཡིན་ཏེ་ཅིར་མི་རུང་སྟེ་ཁྱད་པར་མེད་པའི་ཕྱིར་རོ། །སྐྱེས་བུའི་འདོད་པ་ཙམ་སྟེ། དངོས་པོ་ལ་མི་ལྟོས་
པ་ཁས་བླངས་པས་ཚད་མར་བྱས་ནས་གནོད་པ་བྱེད་པར་གཞན་ཡང་ཡོངས་སུ་རྫོགས་པའི་ཚད་མ་སྟེ། ཚད་མའི་མཚན་ཉིད་རྫོགས་པའོ་ཞེས་བཞད་གད་དུ་བྱ་བའོ། །ཐེ་ཚོམ་ཟ་བའི་དེ་ཕྱོགས་ཁ་ན་མ་ཐོ་བ་མེད་པ་ལ་ཡང་མཚུངས་ཏེ། དེ་ལ་ཡང་བསྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་ཡོད་ཀྱི་དེས་
པ་ནི་མ་ཡིན། དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཕྱོགས་བསྟན་པ་ཉིད་ཀྱིས་སོ། །ངེས་པ་ནི་བསྒྲུབ་པར་བྱ་བ་ལའོ། །འགལ་བའི་སྐྱོན་དང་ལྡན་པར་སྨྲ་བ་ལྟ་བུ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་དེ་ཅིའི་ཕྱིར། དེ་ལྟར་ཐེ་ཚོམ་དུ་འགྱུར་ཞེ་ན། གང་རྟགས་ཀྱི་མཚན་ཉིད་གསུམ་སྨྲ་བའི་ཚིག་ཇི་
ཙམ་གྱིས་བསྒྲུབ་པར་བྱ་བ་རྟོགས་པར་ནུས་པ་དེ་ཕྱོགས་ཀྱི་ཚིག་གིས་མི་ནུས་པའི་ཕྱིར་རོ། །ཐེ་ཚོམ་ཟ་བ་ཡིན་གྱི། བསལ་བ་བཞིན་དུ་མི་སྲིད་པར་སྟོན་པ་ནི་མ་ཡིན་གྱི། གནོད་པ་མེད་པའི་ཕྱིར་སྲིད་པའི་བསམ་པ་མེད་པ་དམ་བཅའི་ཚིག་གིས་རབ་ཏུ་སྟོན་པས་ན་ཁྱད་པར་ཡོད་དོ། །མི་
སྲིད་པ་གང་ཞེ་ན། ཚད་མ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་ན་མི་སྲིད་པ་ཡིན་ནོ། །གལ་ཏེ་ཁས་བླངས་པ་དང་རང་གི་ཚིག་དག་ནི་ཚད་མ་མ་ཡིན་པའི་ཕྱིར་དེས་འགལ་ཡང་སྲིད་པས་ཕྱོགས་སུ་འགྱུར་རོ་ཞེ་ན། དེ་བཞིན་དུ་སྟོབས་མཚུངས་པས་ཆོས་ཅན་གཅིག་ལ་ཆོས་གཉིས་
เล่ม ๑๘๗ · หน้า 246b
སྦྱར་བ་ཡང་མི་སྲིད་པ་ཉིད་དོ། །གལ་ཏེ་ཁས་བླངས་པ་དང་རང་གི་ཚིག་དག་འགལ་བ་སྦྱར་བ་ནི་སྨྲ་བའི་སྐྱོན་ཉིད་ཡིན་གྱི་དངོས་པོ་ལ་ནི་མ་ཡིན་པས་དེ་སྤྱད་པས་ཅི་ཞིག་དགོས་ཤེ་ན། གཞན་གྱི་དོན་ཞེས་བྱ་བ་སྨོས་ཏེ། གཞན་གྱིས་ཁོང་དུ་ཆུད་པ་ལ་དགོས་པའི་ཕྱིར་རོ། །གལ་ཏེ་སྨྲ་བ་པོའི་སྐྱོན་ཡང་
གཞན་ལ་ཅི་གནོད་ཅེ་ན། སྨྲ་བ་པོའི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་གཞན་མ་རྟོགས་པར་འདོད་པ་དག་ཐེ་ཚོམ་སྐྱེས་པས་ཐོ་འཚམས་པའི་ཕྱིར་སྨྲ་བ་པོའི་ཡོན་ཏན་ཡང་དཔྱད་པར་བྱ་སྟེ་སྨྲ་བ་དེ་ཉིད་གཞན་གྱིས་རྟོགས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཅུང་ཟད་ཀྱང་མེད་ན་ཞེས་བྱ་བ་ནི་
སྔར་ཁས་བླངས་པ་བྱེ་བྲག་མེད་ཀྱང་ཇི་ལྟར་གཅིག་ཚད་མ་དང་ཞེས་སྨྲས་པས་སོ། །གྲུབ་པའི་མཐའ་ལ་མ་བརྟེན་པར་དཔྱོད་པ་རབ་ཏུ་མི་འཇུག་པ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་འཇུག་པར་མི་ནུས་པའི་ཡུལ་ལའོ། །ཐམས་ཅད་ལ་ཡིན་པར་བརྗོད་དོ་ཞེས་བྱ་བ་ནི་ཁས་བླངས་པར་མཚུངས་པའི་བསྟན་
བཅོས་དང་འགལ་བ་ཡང་རང་གི་ཚིག་དང་འགལ་བ་ཉིད་ཡིན་པའོ། །གལ་ཏེ་བསྟན་བཅོས་དང་འགལ་བ་ནི་ཕ་རོལ་གྱིས་སྨྲས་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། བསྟན་བཅོས་དང་འགལ་བ་འདི་ལ་ཡང་རྒྱུ་ཅིས་ན་ངེས་པར་ཕ་རོལ་གྱིས་ཁས་བླངས་པ་ཁོ་ནའོ་ཞེས་བྱ་བ་ལ་རྟེན། འདི་ལྟར་བསྟན་བཅོས་ཁས་
ལེན་པའི་སྐྱེས་བུས་དེ་ཉིད་བསྟན་བཅོས་དེའི་དོན་ཏེ་གཞན་གྱི་ཁ་ནས་ཏེ། བསྟན་བཅོས་བྱེད་པ་འདི་སྐད་ཟེར་རོ་ཞེས་གཞན་ཡང་དེ་བདག་ཉིད་ཀྱིས་ཁས་བླངས་པའི་ཕྱིར་དོན་དེ་རང་གི་ཡིན་ལ། ཡང་དེ་དང་འགལ་བར་སྨྲ་བ་ཡིན་ན། དོན་དེ་ཉིད་ཀུན་དུ་སློང་བར་བྱེད་དེ། མི་གནས་པར་བྱེད་པའི་ཕྱིར་
རང་གི་ཚིག་དང་འགལ་བ་ཉིད་དོ། །གྲགས་པ་དང་འགལ་བར་བྱེད་པ་ཇི་ལྟ་བུ་ཞེ་ན། འདོད་པ་དང་འབྲེལ་བའི་དོན་དེ་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་དོན་རྣམས་ལའོ། །འདོད་པའི་སྒྲ་ཞེས་བྱ་བ་ཡང་རྣམ་པར་རྟོག་པའི་ཡུལ་ཉིད་དོ། །དེའི་སྟེ་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་པ་སྟེ། དེས་དེ་རྟོགས་
པར་ནུས་པ་ལའོ། །དེའི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དམ་བཅས་པས་བརྗོད་པར་མི་ནུས་པ་སྟེ། དེ་ཉིད་ཀྱི་ཕྱིར་དམ་བཅའ་བ་ལ་དེས་གནོད་པའོ། །གྲགས་པའོ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར་ཐ་སྙད་ལས་སྐྱེས་པའི་ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པའི་ཡུལ་གྱིས་དོན་གྱི་ཆོས་ཏེ་གྲགས་
เล่ม ๑๘๗ · หน้า 247a
པའི་སྒྲར་བརྗོད་དོ། །སྣ་ཚོགས་ཀྱི་རང་བཞིན་གྱི་གྲགས་པའི་དངོས་པོའི་ཡུལ་གྱི་དོན་ཏོ། །བྱས་དང་མ་བྱས་པའི་བརྡ་གྲུབ་པ་དང་མ་གྲུབ་པའོ། །འདོད་པ་ཙམ་གྱིས་བརྡ་འཇུག་པར་རུང་བ་ཡིན་ཏེ། བརྡ་ནི་འདོད་པ་ལ་བརྟེན་པས་སོ། །དེས་ཞེས་བྱ་བ་ནི་འཇུག་པར་
རུང་བ་ཉིད་ཀྱིས་སོ། །དོན་ཙམ་ཞེས་བྱ་བ་ནི་ཡུལ་དང་དུས་དང་རྫས་ངེས་པ་མེད་པའོ། །དེའི་ཕྱིར་རུང་བ་དེ་ནི་དོན་ཐམས་ཅད་དང་འབྲེལ་བའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འདས་པ་དང་མ་འོངས་པའི་སྒྲ་དག་གིས་ཏེ་དུས་མི་མཚུངས་པའི་སྒྲ་དག་གིས་ཀྱང་བརྗོད་པར་རུང་བ་དེ་དང་འགལ་བར་
བྱེད་པ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་དམ་བཅའ་བས་སོ། །གལ་ཏེ་སྒྲ་གང་དག་བརྡར་མ་བྱས་པའི་རུང་བ་ཉིད་དག་གིས་དོན་རྟོགས་པར་མི་བྱེད་པ་ཡིན་ནམ། ཇི་ལྟར་དེ་དག་འགལ་བ་མ་གྲགས་པ་དང་འགལ་བ་ཞེས་བྱ་ཞེ་ན། སྒྲ་ཐམས་ཅད་དོན་འདི་དག་དང་འབྲེལ་ཏོ་ཞེས་དངོས་སུ་གྲགས་པ་
སྟེ། བརྡ་གྲུབ་པ་མེད་མོད་ཀྱི་འོན་ཀྱང་གྲགས་པར་རུང་བའི་སྟོབས་ཉིད་ཀྱིས་ཀྱང་སྟེ། བརྡར་བྱས་པ་ཉི་ཚེར་མ་ཟད་པར་དོན་དེར་སྒྲ་དེ་རབ་ཏུ་གྲགས་པ་ཉིད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་ཏེ། ཇི་སྐད་དུ་གང་ལ་ཡང་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རི་བོང་ཅན་ཟླ་བའི་
སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་གཞན་དག་རུང་བ་ཉིད་ལ་གནོད་པ་སྨྲས་ཏེ། དེ་ནི་བུམ་པ་ཡང་ཟླ་བའི་སྒྲས་བརྗོད་པར་རུང་བ་ཉིད་དུ་ཡོད་པ་འགལ་བ་མ་གྲུབ་ཐེ་ཚོམ་ཟ་བའི་ཕྱིར་དཔེ་ལ་བསྒྲུབ་པར་བྱ་བ་མ་ཚང་བས་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་ན་རྗེས་སུ་
དཔག་པ་མེད་དོ། །སྒྲ་རབ་ཏུ་གྲགས་པ་ད་ལྟར་མེད་ཀྱང་འདས་པ་དང་མ་འོངས་པ་དག་རབ་ཏུ་གྲགས་པ་མི་འགལ་བའི་དོན་གྱིས་བསལ་ཏེ་དེས་གནོད་པའོ། །དེའི་ཕྱིར་མ་གྲགས་པ་ནི་རུང་བ་དང་འགལ་བ་ཡང་ཕྱོགས་མ་ཡིན་པར་གསུངས་པའི་ཕྱིར་རུང་བ་འགལ་བ་ཡང་གྲགས་པ་དང་འགལ་བ་
ཉིད་དོ། །བུམ་པའམ་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་རུང་བ་ཉིད་དག་སྲིད་པས་ན་གང་ལ་ཡང་ཟླ་བའི་སྒྲའི་དོན་མ་ཡིན་པར་མ་གྲུབ་པའི་དཔེ་མ་གྲུབ་པས་སོ། །འདི་དགག་པར་མི་ནུས་ཏེ། གནོད་པ་ཅན་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་རབ་ཏུ་གྲགས་པ་ནི་མི་འགལ་
เล่ม ๑๘๗ · หน้า 247b
བ་ཞེས་དེ་སྐད་གསུངས་སོ། །དེ་ལ་འགོག་པར་བྱེད་པའི་ཚད་མ་མེད་པར་ངེས་པ་ཡང་ཡིན་ཏེ་རུང་བ་ཉིད་ཚད་མས་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཡོད་པ་ཉིད་ཀྱང་འགལ་བ་ཡིན་ནོ། །རུང་བ་ཉིད་མི་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དུས་གསུམ་པ་དག་ཡིན་པའི་ཕྱིར་རོ། །གཏན་ཚིགས་ཐམས་ཅད་ཀྱང་
ཞེས་བྱ་བ་ནི་ཡོད་པ་ལས་ལྷག་པར་འཇུག་པའི་དངོས་པོ་ནི་མེད་པའི་ཕྱིར་ཡོད་པས་མ་རྙེད་ན་དེ་དག་གིས་མཐུན་པའི་ཕྱོགས་རྙེད་པར་མི་འགྱུར་བའི་དཔེར་བརྗོད་པའི་འབྲས་བུའོ་ཞེས་བྱ་བའི་ཡོད་པ་ཉིད་དཔེར་བྱས་པའིའོ། །སྔར་རུང་བ་ཉིད་ཚད་མས་གྲུབ་པའི་ཕྱིར་ཞེས་བཤད་པའི་ཚད་མ་དེ་འདི་
ཡིན་ཏེ། སྒྲའི་བརྡ་ལ་ཡང་དག་པར་བརྟེན་ལ་བརྡ་དེ་ནི་འདོད་པ་ཙམ་ལ་ཡང་དག་པར་བརྟེན་པའི་ཕྱིར་མ་གྲུབ་པ་མ་ཡིན་གྱི། སྒྲའི་ཐ་སྙད་དུ་ཞེས་བྱ་བའི་སྒྲ་ཡིས་བརྗོད་པར་རུང་བ་ཉིད་དུ་གྲུབ་སྟེ། འདོད་པ་ནི་ཐམས་ཅད་དུ་འཇུག་པའི་ཕྱིར་རོ། །དེའི་གང་རྣམ་པར་རྟོག་པའི་ཡུལ་ཡིན་པ་
དེ་ནི་བརྡར་བྱས་ཏེ་བརྗོད་པར་རུང་བ་ཡིན་ཏེ་ཟླ་བས་ག་པུར་བཞིན་ནོ། །རི་བོང་ཅན་ཡང་རྣམ་པར་རྟོག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་ཀྱིས་སོ། །དེ་ལྟ་བས་ན་སྒྲ་རབ་ཏུ་གྲགས་པ་ཞེས་གསུངས་སོ། །གལ་ཏེ་བརྗོད་པར་རུང་བ་ལ་གགས་བྱེད་པ་དེ་གནོད་པར་བྱེད་
པའི་ཚད་མ་སྲིད་པར་ཡིད་གཉིས་ཟ་ན་ཐེ་ཚོམ་ཅན་དུ་གྱུར་པའི་ཕྱིར་རུང་བར་མི་འགྲུབ་ན་གགས་ཀྱང་མི་སྣང་སྟེ། འདི་ལྟར་ཡུན་རིང་དུ་མ་མཐོང་བར་དོན་རྣམས་ཏེ་སྔོན་མ་རྟོགས་པའི་དོན་རྣམས་ལའོ། །ཕྱིས་བྱེ་བྲག་ཏུ་རྟོགས་པར་མཐོང་བ་སྟེ་ངེས་པར་རྟོགས་པའོ། །དེ་དང་སྒྲས་ཡུལ་དུ་བྱས་ནས་
རྟོགས་པ་མཐོང་བ་སྲིད་པ་སྟེ་མཐོང་ནའོ། །མཐོང་བ་དེ་ཡོད་ན་སྐྱེས་བུ་ཙམ་སྟེ་སྐྱེས་བུ་གང་གིས་ཀྱང་རུང་བ་སྟེ་མེད་པར་མ་ངེས་ཏེ། མཐོང་བ་དང་མ་མཐོང་བ་ཀུན་ལ་རུང་བ་ཉིད་གྲུབ་པའི་ཕྱིར་རོ། །རང་བཞིན་གྱིས་གཏན་ཚིགས་ཀྱི་གྲུབ་པར་གསུངས་པ་ལ། དེའི་ཕྱིར་སློབ་དཔོན་གྱིས་
ཚད་མས་རུང་བ་ཉིད་དུ་ངེས་པར་གསུངས་པ་ན། རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པར་དོན་གྱིས་བསྟན་པ་ཡིན་ཏེ། གནོད་པ་ཅན་གྱི་ཚད་མ་ཡོད་ན་རབ་ཏུ་གྲུབ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་གནོད་པའི་ཚད་མ་མེད་པར་ངེས་པ་ཡིན་ནོ། །ཚད་མ་ངེས་པ་ལ་
เล่ม ๑๘๗ · หน้า 248a
གནོད་པ་ཅན་མི་སྲིད་པར་བཤད་པ་དེ་དག་གི་མངོན་སུམ་དང་རྗེས་སུ་དཔག་པ་དག་མཚུངས་པ་ཉིད་དུ་བཤད་པ་ཡིན་ཏེ། དེ་གཉི་ག་ཡང་ཚད་མ་ཉིད་ཡིན་པར་བྱེ་བྲག་མེད་པར་ཚད་མར་འགྱུར་བའི་ཕྱིར་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ལ་གནོད་པ་བྱེད་པ་མི་སྲིད་དོ། །གལ་
ཏེ་ཚད་མའི་མཚན་ཉིད་དེ་དག་ཀྱང་ལྡན་དུ་ཟིན་ཀྱང་གཅིག་ཏུ་སྟེ་རྗེས་དཔག་ལ་འགལ་ཟླ་མཐོང་ན། དེ་ལ་མཐོང་བའི་ཕྱིར་མཚན་ཉིད་མཚུངས་པའི་ཕྱིར་མངོན་སུམ་ལ་ཡང་འགལ་ཟླ་ཡོད་པར་དོགས་པར་འགྱུར་རོ། །གལ་ཏེ་བྱེ་བྲག་ཡོད་ན་ནི་བྱེ་བྲག་དེས་གཅིག་སྟེ་མངོན་སུམ་གྲུབ་པར་བྱེད་པ་
ཞེས་བྱ་བར་ཚད་མར་རྣམ་པར་གཞག་ལ། དེའི་བྱེ་བྲག་ལས་ཕྱི་རོལ་ཏུ་གྱུར་པ་ནི་མེད་དོ། །དེ་ཙམ་གྱིས་ནི་གང་དག་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ་འཁྲུལ་པ་མཐོང་བའི་ཕྱིར་རོ་ཞེས་ཟེར་བ། ཕུར་བུ་པ་ལ་སོགས་པ་གསལ་བ་ཡིན་ནོ། །དེ་ནི་རིགས་པ་ཅན་ལ་སོགས་པའི་ལུགས་དགག་
པའི་ཕྱིར་གལ་ཏེ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ལ་གནོད་པ་ཅན་མི་སྲིད་དེ་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཡིན་པས་སོ། །གཏན་ཚིགས་ལ་འགལ་ཟླ་མེད་པ་ཉིད་འདི་འདྲ་བ་ཉིད་རྣམ་པར་ངེས་པ་ཡོད་དམ་ཞེས་བྱ་བ་སྨོས་ཏེ། མེད་ན་མི་འབྱུང་བ་ཁས་མི་ལེན་ན་ངེས་པར་མི་ནུས་
སོ་སྙམ་དུ་དགོངས་སོ། །མཚན་ཉིད་ཁྱད་པར་མེད་པ་ཞེས་བྱ་བ་ནི་མེད་ན་མི་འབྱུང་བ་མེད་པའི་རང་བཞིན་དུ་མཚུངས་པའོ། །དེ་འདྲ་བ་ལས་འགལ་ཟླའི་གཏན་ཚིགས་མཐོང་བ་དང་འདྲ་བ་གཞན་ལ་ཡང་འགལ་ཟླ་ལྡོག་པར་ངེས་པར་བྱས་པར་མི་ནུས་སོ་ཞེས་འདས་མ་ཐག་པར་བཤད་ཟིན་ཏོ། །གལ་ཏེ་
གནོད་པ་ཅན་མ་མཐོང་བ་དག་བརྗོད་པར་འདོད་པ་ནི་གྲངས་གཅིག་པ་ཅན་ཡིན་ནོ་ཞེ་ན། སྐྱེས་བུའི་རྟོགས་པའི་བྱེ་བྲག་ལས་ཏེ། དངོས་པོ་རྟག་པ་བཏང་བས་སོ། །དངོས་པོ་དེ་ཡང་དེ་ལྟར་ངེས་པར་བྱ་བར་ནུས་པ་མ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་འགལ་བ་མེད་པའི་དོན་དག་ལྷན་ཅིག་པ་དགག་པར་
མི་ནུས་པའི་ཕྱིར་རོ། །གལ་ཏེ་མཐོང་ན་མེད་པར་ངེས་པ་མ་ཡིན་ཡང་རྟགས་སུ་སྦྱོར་རོ་ཞེ་ན། དེའི་མཚན་ཉིད་ལ་སྟེ་རྟགས་ཀྱི་མཚན་ཉིད་གནོད་པར་བྱེད་པ་མེད་པ་ཉིད་ལའོ། །གལ་ཏེ་ངེས་པར་མ་ཤེས་ཀྱང་དངོས་པོ་ལ་གནོད་པ་མེད་པ་ཉིད་ཀྱང་སྲིད་དོ་ཞེ་ན། ཤེས་པ་ཉིད་ཀྱང་སྟེ་ཚད་
เล่ม ๑๘๗ · หน้า 248b
མས་རྟགས་ཀྱི་མཚན་ཉིད་ངེས་པ་ཉིད་ཀྱང་རྟགས་ཀྱི་མཚན་ཉིད་དུ་ཐམས་ཅད་ཀྱིས་སྨོས་སོ། །གལ་ཏེ་ཁྱོད་ལ་ཡང་འགལ་ཟླ་མེད་པ་ཉིད་ཇི་ལྟར་ངེས་ཤེ་ན། སྔར་སྨོས་པའི་མཚན་ཉིད་དེ་མེད་ན་མི་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར་བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་དེ་ཡང་མེད་ན་མི་འབྱུང་བ་ཅན་
འདིའི་ཡུལ་ལ་མི་འདོད་དོ། །འོ་ན་གང་ལ་འདོད་ཅེ་ན། འདིའི་ཡུལ་ཡང་འོག་ནས་བཤད་པར་བྱའོ། །དངོས་པོའི་སྟོབས་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པ་དེའི་ཕྱིར་འདི་ལྟར་སློབ་དཔོན་གྱིས་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཕྱོགས་ལ་གནོད་པར་བྱེད་པའི་ཚད་མར་བཤད་པ་ན་དེ་
ལ་གཏན་ཚིགས་ཀྱི་རྟེན་དུ་མི་སྲིད་པས་ན་དེ་ལ་རྗེས་སུ་དཔག་པ་མི་སྲིད་པར་བཤད་པ་ཡིན་ལ། དེ་ལ་རྗེས་སུ་དཔག་པ་སྲིད་ན་གནོད་པར་བྱེད་པར་ངེས་པ་གསུངས་པ་ཡིན་ནོ། །ཡང་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་ཞེས་བྱ་བ་ནི་འཇིག་རྟེན་གྱི་བརྗོད་པ་སྟེ། ཐ་སྙད་ཀྱི་དངོས་པོར་བརྗོད་
པར་བྱ་བ་ཉིད་ཀྱི་རྗེས་སུ་དཔག་པ་ནི་མེད་དོ་ཞེས་སློབ་དཔོན་གྱིས་གསུངས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ལ་སྣང་བའི་དོན་ལ་རྗེས་སུ་དཔག་པས་བརྗོད་པར་བསྒྲུབ་ཀྱི་ཕྱི་རོལ་གྱི་དངོས་པོ་ལ་ནི་མ་ཡིན་པའོ། །ཡུལ་ཐ་དད་པ་ཅན་ནི་རྗེས་སུ་དཔག་པ་ནི་ཕྱིའི་དངོས་པོ་ལ་གནོད་པར་བྱེད་
ལ་གྲགས་པ་ནི་རྣམ་པར་རྟོག་པའི་ཡུལ་ལའོ། །དངོས་པོ་ལ་རྗེས་སུ་དཔག་པ་ཇི་ལྟར་མེད་ཅེ་ན། རི་བོང་ཅན་གྱིས་ཟླ་བ་དངོས་པོར་བརྗོད་པར་མི་འདོད་ན་མིང་དུ་གྲགས་པ་གང་ཡང་དངོས་པོར་བརྗོད་པར་མི་འདོད་པའི་ཕྱིར་རི་བོང་ཅན་གྱིས་ཟླ་བ་དངོས་སུ་བརྗོད་དེ་ཡོད་པའི་ཕྱིར་དཔེར་
ན་བུམ་པ་བཞིན་ནོ་ཞེས་བརྗོད་ན་དཔེ་དེ་ཡང་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པའི་ཡང་ཐུན་མོང་མ་ཡིན་ནམ་ཞེ་ན། འདིར་ཡང་སྟེ། རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་བརྗོད་པར་ནུས་པ་ཙམ་ཡིན་ནོ་ཞེས་བྱ་བ་ལའོ། །ཐུན་མོང་མ་ཡིན་པ་ཉིད་མ་ཡིན་ཏེ། རྣམ་པར་རྟོག་པའི་
ཡུལ་ཉིད་དུ་ནི་ག་པུར་ལ་སོགས་པ་ཟླ་བའི་སྒྲས་བརྗོད་པར་གྲུབ་པ་མཐོང་བའི་ཕྱིར་དཔེར་གྲུབ་པས་སོ། །དེའི་ཕྱིར་བརྡའི་སྟོབས་ཀྱིས་འཇུག་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དངོས་པོ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྒྲ་དེའི་དོན་འགའ་ཞིག་ཏུ་ངེས་པར་གྲུབ་ན་དེའི་
เล่ม ๑๘๗ · หน้า 249a
དོན་དངོས་པོས་གྲུབ་པ་ཡིན་གྱི་དངོས་པོ་དག་ལ་མི་ལྟོས་ན་ནི་མ་ཡིན་ནོ། །གལ་ཏེ་སྒྲའི་དོན་གྲགས་པས་གྲུབ་པར་ཁས་ལེན་ན་རི་བོང་ཅན་ལ་ཡང་སྒྲའི་དོན་དུ་འགལ་བ་བྱེད་པ་མེད་དེ་གྲགས་པ་ཡིན་པའི་ཕྱིར་ག་པུར་ལ་སོགས་པ་ཟླ་བའི་སྒྲའི་དོན་ཡིན་པ་བཞིན་ནོ། །གལ་
ཏེ་ག་པུར་ལ་སོགས་པ་ནི་ཡིད་དགའ་བར་བྱེད་པ་དང་། བསིལ་བའི་དངོས་པོ་ཡིན་པའི་ཕྱིར་ཟླ་བའི་སྒྲས་བརྗོད་པར་བྱས་པ་ཡིན་ཞེ་ན། དེ་ཞེས་བྱ་བ་སྨོས་ཏེ། ག་པུར་དེ་ལུས་བསིལ་བར་བྱེད་པའི་དངོས་པོས་ཟླ་བའི་སྒྲས་བརྗོད་པར་གྲུབ་ན་ནི་རི་བོང་ཅན་ལུས་བསིལ་བར་བྱེད་པ་ལ་སོགས་པའི་
དངོས་པོས་ཟླ་བའི་སྒྲས་བརྗོད་པ་མེད་ན་ནི་རི་བོང་ཅན་ལ་ཡང་དངོས་སུ་བརྗོད་པ་ལ་གགས་བྱེད་ཀྱང་འདོད་པའི་ཕྱིར་སྐྱོན་ཅུང་ཟད་ཀྱང་མེད་དོ། །འདི་ལ་ཡང་ཞེས་བྱ་བ་ནི་གྲགས་པ་འདི་ལ་ཡང་ངོ་། །བརྗོད་པར་ནུས་པ་དེ་དག་འགོག་པ་ལ་འགལ་བར་འགྱུར་བ་སྟེ། ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པར་
བཤད་པ་ཡིན་ཏེ། སྔ་མ་རྣམས་ཉི་ཚེར་མ་ཟད་པའོ། །སྒྲ་དོན་རྒྱུ་མཚན་ཅན་དང་ནི་ཞེས་བྱ་བ་ནི་ལུས་བསིལ་བར་བྱེད་པའི་ཕྱིར་ཟླ་བ་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་བུའི་སྒྲ་དག་འགོག་པར་བྱེད་པ་སྟེ་ལུས་བསིལ་བར་བྱེད་པ་མེད་པའི་ཕྱིར་ཟླ་བར་མི་བརྗོད་དོ་ཞེ་ན། འགལ་བ་མེད་དེ་མི་
འདོད་པ་མེད་དོ་ཞེས་དེས་དེ་སློབ་དཔོན་གྱིས་མཛད་པའོ། །ཡང་ན་གོང་དུ་བཤད་པའི་གཏན་ཚིགས་ཀྱིས་སོ། །དོན་དམ་དོན་ཅན་ནི་དངོས་སུ་སྒྲའི་དོན་ཡིན་པ་ཅན་ཏེ། དེ་ཡང་དེ་དང་འདྲའོ། །སྔ་མ་བཞིན་ཞེས་བྱ་བ་ནི་རྗེས་སུ་དཔག་པས་བསལ་བ་བཞིན་ནོ། །གྲགས་པས་བསལ་བའི་བྱེ་
བྲག་དག་སྐྱོན་མེད་པ་དེ་བཞིན་དུ། མངོན་སུམ་གྱིས་བསལ་བ་ཡང་དབྱེ་བ་བསྟན་པའི་ཕྱིར། མངོན་སུམ་གྱིས་གསལ་བ་ཡང་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་སྣ་ཚོགས་པ་ཞེས་བྱ་བ་ནི་རིགས་དང་ལས་དང་ཡོན་ཏན་དག་གོ། །འབྲེལ་པ་གཞན་མེད་པ་ནི་རིགས་ལ་སོགས་པ་རྣམས་
དངོས་པོར་གྱུར་པའི་འབྲེལ་པ་མེད་པའི་ཕྱིར་གཉིས་སུ་མེད་པ་སྟེ་དངོས་པོ་ཉིད་རིགས་ལ་སོགས་པར་བརྗོད་པའི་ཕྱིར། ཆོས་དང་ཆོས་ཅན་གཉིས་སུ་མེད་པ་སྟེ། རྣམ་པ་སྣ་ཚོགས་ཀྱིས་སོ་སོར་སྣང་བ་ནི་ཆོས་དང་ཆོས་ཅན་ཐ་དད་པའོ། །བློས་མི་མཐོང་བ་ནི་མངོན་སུམ་གྱིས་སོ། །དེའི་
เล่ม ๑๘๗ · หน้า 249b
ཕྱིར་མི་མཐོང་བ་དེ་དག་བཀག་ཀྱང་དེས་བསལ་བ་མ་ཡིན་ཏེ། དེ་ལ་མི་སྣང་བའི་ཕྱིར་རོ། །དེ་ཉིད་འགོག་ན་ཞེས་བྱ་བ་ནི་མངོན་སུམ་ལ་སྣང་བའོ། །དེའི་དོན་དུ་ཞེས་བྱ་བ་ནི་མངོན་སུམ་གྱིས་གཟུང་བའི་དོན་དེ་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ། །ལྷག་མ་ནི་ལྡོག་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་
རྟོགས་པར་བྱས་པའི་བྱེ་བྲག་དག་ཡིན་གྱི་དངོས་པོའི་ངོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་ཡིན་ཏེ་རྣམ་པར་རྟོག་པའི་ཡུལ་ཡིན་གྱི་དབང་པོའི་བློའི་སྤྱོད་ཡུལ་མ་ཡིན་པའོ། །རང་གི་མཚན་ཉིད་དེ་ནི་རྣམ་པ་ཀུན་དུ་སྒྲས་བརྗོད་མིན་ཕྱིར། སྒྲའི་ཡུལ་དང་འགལ་བར་བྱས་ཀྱང་མངོན་སུམ་དང་འགལ་བ་
ཡིན་ནོ། །ལྡོག་པ་དེ་དག་ཀྱང་དངོས་པོ་དེ་ལ་བརྟེན་ནས་གྲུབ་པ་སྟེ་རྟོགས་པའོ། །དེའི་སྟོབས་དེ་དངོས་པོའི་སྟོབས་ཀྱིས་བརྗོད་དེ། དངོས་པོའི་མཉན་པར་བྱེད་པས་དབང་པོའི་སྤྱོད་ཡུལ་དུ་གནས་ཀྱི་རིགས་ལ་སོགས་པ་དབྱེ་བས་ནི་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་འདུག་ཀྱང་མི་འཇིག་
པ་སྟེ། འཇིག་པའི་རྒྱུ་དང་ལྷན་ཅིག་འདུག་ཀྱང་ངོ་། །བུམ་པ་ཞིག་པ་དེ་ལ་ཡང་བསལ་བ་སྟེ་དེ་སྣང་བ་ལས་སོ། །མི་སྣང་བར་གྱུར་པ་སྟེ། གཙོ་བོའི་རང་བཞིན་དུ་གནས་པར་འགྱུར་བའི་ཕྱིར་ཞིག་གི་སྙམ་དུ་སེམས་པར་ཟད་པ་སྟེ། དེ་ནི་གྲངས་ཅན་དག་གི་ལུས་སོ། །མི་གནས་པ་
སྟེ་གསལ་བར་མི་གནས་པ་དེ་ཉིད་ལ་མི་རྟག་པ་ཉིད་དུ་སྨྲ་སྟེ། འགལ་བ་མེད་པར་འགྱུར་བའི་ཕྱིར་རོ། །རྟག་པ་ཡང་དེ་ཁོ་ན་བཞིན་དུ་གནས་པ་ལ་བྱའོ་ཞེས་རིམ་པ་བཞིན་དུ་བལྟའོ། །རྒྱུས་དེ་ཞིག་པ་ལ་ཡོད་ན་ནི་ཞིག་པའམ་མི་སྣང་བ་ཞེས་བྱ་བའི་མིང་འདི་ལ་ཁྱོད་དང་ཁོ་བོ་དག་གིས་ཞེན་པར་
མི་བྱ་བ་སྟེ་དོན་དེ་ཁོ་ན་ལྟར་ཡོད་པའི་ཕྱིར་རོ། །ཚིག་གི་དོན་རྣམ་པར་གཞག་པ་ལ་གནོད་དེ་ཞེས་བྱ་ནི་གྲངས་ཅན་བདག་ཉིད་རྡུལ་དང་མུན་པ་སྙིང་སྟོབས་དང་ཤེས་པ་ཅན་རྣམས་ལའོ། །སེམས་པ་ཡོད་པ་ནི་སེམས་ཅན་དེ་བདག་གིས་དེ་དག་ཕན་ཚུན་ཐ་དད་པར་འདོད་པ་ཡིན་ན། མི་དམིགས་
ཀྱང་དེ་ལ་དེ་ཡོད་ན་རྡུལ་ལ་སོགས་པ་དག་ཀྱང་ཡོད་པའི་ཕྱིར་དེ་དག་གི་མཚན་ཉིད་བྱེ་བྲག་སྟེ་ཕན་ཚུན་སྟོངས་པར་མི་འགྱུར་རོ། །དེ་དག་ཕན་ཚུན་མེད་པ་དེ་སྒྲུབ་ན་མི་དམིགས་པ་མ་རྟོགས་པ་སྒྲུབ་པའི་རྐྱེན་འགའ་ཡང་མེད་དེ་དགག་པ་ནི་མི་དམིགས་པ་ཁོ་ནས་ཡིན་པའི་ཕྱིར་རོ། །དེ་ལྟ་
เล่ม ๑๘๗ · หน้า 250a
བས་ན་རྡུལ་ལ་སོགས་པ་གཅིག་ལ་གཅིག་མེད་པར་སྒྲུབ་པ་ན་རྡུལ་གྱི་མཚན་ཉིད་ནི་ཡང་བ་དང་འགལ་བ། མུན་པ་ནི་ལྕི་བ་དང་སྙིང་སྟོབས་ནི་གཡོ་བ་དང་སྲོམ་པ་དག་ཡིན་ལ། དེ་དག་གཅིག་ལ་གཅིག་གི་རང་བཞིན་དགག་པ་མི་དམིགས་པས་བྱེད་དེ་ཡོད་ན་དེའི་རང་
བཞིན་ལྟར་དམིགས་པར་འགྱུར་བ་མ་དམིགས་པའི་ཕྱིར་ཞེས་སོ། །དེ་དག་དང་སེམས་པ་ཡོད་པར་ཡང་ཐ་དད་པ་དེ་དག་ནི་སེམས་པ་མེད་པར་འདོད་པས་སོ། །དེའི་བདེ་བ་ཡང་མི་རིགས་པས་སོ། །མི་དམིགས་པས་དགག་པ་འགྲུབ་པ་སྟེ། དེ་ཉིད་ཀྱི་ཕྱིར་མི་དམིགས་པའི་མཚན་ཉིད་
ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟ་བུའི་དངོས་པོའི་རྗེས་སུ་དཔག་པའི་མ་ཡིན་ཏེ། ཞོ་དང་མྱུ་གུ་དག་ནི་འོ་མ་དང་ས་བོན་བཞིན་དུ་བལྟར་རུང་བ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་དེ་ཡོད་ན་ཞེས་བྱ་བ་སྨོས་ཏེ། བར་གྱི་གནས་སྐབས་ནི་མངོན་པར་བྱུང་བའོ། །དེ་ནི་མི་འགྱུར་བའི་
རང་བཞིན་ཡིན་པའི་ཕྱིར་སྔར་ཡང་བར་གྱི་མངོན་པར་བྱུང་བའི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་དམིགས་པས་མཐོང་བ་ཉིད་ཡིན་ནོ། །གལ་ཏེ་སྔར་མི་མཐོང་བའི་མཚན་ཉིད་ཡིན་ནོ་ཞེ་ན། མི་མངོན་པའི་མཚན་ཉིད་དེ། བར་དུ་བཏང་ན་ནི་དེའི་འཇིག་པ་
ཡིན་ནོ། །གལ་ཏེ་མཚན་ཉིད་ཞིག་ཀྱང་བུམ་པའི་རྫས་ཉིད་ན་རྟག་གོ་ཞེ་ན། རྫས་གཞན་དུ་གྱུར་པ་ཉིད་མི་མཐུན་པ་ཉིད་ཡིན་གྱི་གཞན་ཅི་ཡང་མེད་དོ། །དེ་ལྟར་སྣང་བ་དག་འགལ་བའི་མཚན་ཉིད་ཡིན་པའི་ཕྱིར་དེ་རྣམས་གཞན་པ་ཉིད་དུ་སྔར་མང་དུ་བརྗོད་ཟིན་ཏོ། །དེའི་ཕྱིར་སྐྱེ་བའི་གཏན་
ཚིགས་དང་རྒྱུ་འོ་མ་ལ་སོགས་པ་དེའི་འབྲས་བུ་ཞོ་དེ་ལྟར་སྐྱེས་པར་སྐྱེད་པའི་རང་བཞིན་འགྲུབ་ཀྱི་འབྲས་བུ་དེའི་དངོས་པོ་རྒྱུ་ལ་ཡོད་པ་ནི་མ་ཡིན་པའོ། །རི་བོང་གི་རྭ་ལས་ཁྱད་པར་གྱི་བྱེ་བྲག་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །འོ་མ་ནི་ཞོ་དེའི་བདག་ཉིད་མ་ཡིན་ཡང་སྟེ་འོ་མ་ལ་ཞོ་མེད་ན་ཡང་ངོ་། །
གལ་ཏེ་འོ་མ་དེའི་ཞོ་ཁོ་ན་སྐྱེད་པའི་རང་བཞིན་དེ་ལས་འོངས་ཤེ་ན། རང་གི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་ནུས་པ་ཡང་ཅི་ཞིག་ཡིན་ཞེས་བྱ་བ་ནི་མི་སྣང་བའི་གནས་སྐབས་ན་ནི་ནུས་པའི་རང་བཞིན་དུ་རྒྱུ་ལ་གནས་སོ་ཞེས་བྱ་བ་ནི་གྲངས་ཅན་དག་གི་ཡིན་དེ་དཔྱད་པའོ། །གལ་
เล่ม ๑๘๗ · หน้า 250b
ཏེ་ཞོ་དེ་ཉིད་དོ་ཞེ་ན། དེ་ཁོ་ན་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱད་པར་ཡོད་ན་ཡང་དེ་བཞིན་དུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདས་མ་ཐག་ཏུ་སྨྲས་ཟིན་ཏོ། །གལ་ཏེ་འབྲས་བུ་ཞོ་དེ་ལས་ནུས་པ་གཞན་ནོ་ཞེ་ན། ཇི་ལྟར་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིགས་པ་དེ་དག་གིས་
རྒྱུ་དང་འབྲས་བུའི་གནས་སྐབས་དག་རང་བཞིན་གཞན་ཉིད་དུ་རབ་ཏུ་བརྗོད་པ་ཡིན་ནོ། །དེ་ལྟར་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་དང་དམ་བཅའ་བའི་མཚན་ཉིད་དག་བཤད་ནས། ད་ནི་གཏན་ཚིགས་བཤད་པར་འདོད་ན་ཕྱོགས་ཀྱི་ཆོས་ཞེས་བྱ་བ་སྨོས་ཏེ། མཐུན་པའི་
ཕྱོགས་ལ་ཡོད་མེད་རྣམ་གཉིས་ཏེ། །དེ་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་སོ། །ཕྱོགས་ཀྱི་ཆོས་ལ་ཡང་རྣམ་གསུམ་སྟེ། དེ་ལ་ཡོད་པ་དང་མེད་པ་དང་གཉི་ག་ཡིན་པའོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་རྣམ་པ་གསུམ་མོ། །སོ་སོར་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་
སོགས་པ་ལ་ཡང་སོ་སོར་རྣམ་པ་གསུམ་ཞེས་སྦྱར་རོ། །གལ་ཏེ་གཏན་ཚིགས་ཕྱོགས་ཀྱི་ཆོས་ཡིན་ན་བསྒྲུབ་པར་བྱ་བ་དང་དམ་བཅའ་བ་དང་། ཕྱོགས་དག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཞེས་བྱ་བར་འགྱུར་ལ། དེ་ལྟར་ན་རྟགས་དོན་མེད་དེ་བསྒྲུབ་པར་བྱ་བ་གྲུབ་
ཟིན་པའི་ཕྱིར་རོ། །མ་གྲུབ་ན་ནི་གཞི་མ་གྲུབ་པར་འགྱུར་རོ་ཞེ་ན། ཕྱོགས་ནི་ཆོས་ཅན་ཏེ། ཉེ་བར་བཏགས་པའི་ཕྱིར་རོ། །སྒྲའི་དོན་དངོས་ལ་གནོད་པ་ཡོད་ཅིང་བཏགས་པས་གནོད་པ་སྤོང་པ་དང་། གདགས་པའི་རྒྱུ་མཚན་ཡོད་ན་གདགས་པར་བྱས་ན། འདིར་སློབ་དཔོན་དབང་
ཕྱུག་སྡེ་ན་རེ་དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན། དགོས་པ་མེད་པ་མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་དང་པོའི་ཆོས་ཅན་གྱི་དང་གཉི་ག་མ་ཡིན་པའི་ཆོས་ཅན་གྱི་ཆོས་ཏེ། དུ་བ་དང་མིག་གིས་གཟུང་བ་དག་དང་། ཁ་བཟང་དཀར་
ཏེ་ཁྲའི་གནག་པའི་ཕྱིར་ཞེས་བྱ་བ་གོ་རིམས་བཞིན་ནོ། །དེ་ཐམས་ཅད་གཏན་ཚིགས་ཡིན་པ་དགག་པའི་དོན་ཡིན་པའི་ཕྱིར་དགོས་པ་ཡོད་པས་སོ། །དགོས་པ་དེ་ཡང་ཇི་ལྟར་འགྲུབ་ཅེ་ན། བསྒྲུབ་པར་བྱ་བའི་ཕྱོགས་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར་ཕྱོགས་
เล่ม ๑๘๗ · หน้า 251a
ཞེས་སྤྱི་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་དེ་འདྲ་བ་རྟོགས་པར་བྱ་བའི་ཕྱིར་ཡིན་པས་ཕྱོགས་སུ་གདགས་སུ་མི་རུང་བའི་ཆོས་ཅན་དག་སེལ་བར་བྱེད་དོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཕྱོགས་མ་ཡིན་པའི་ཆོས་ཅན་སེལ་བ་ནའོ། །མིག་གིས་གཟུང་བར་བྱ་བ་ཡིན་
པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་ཁྲའི་གནག་པ་ཞེས་བྱ་བ་དག་སྤངས་པ་ཡིན་ཏེ། དེ་དག་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འདིར་ཆོས་ཅན་གྱི་ཆོས་ཞེས་བརྗོད་པར་བྱ་སྟེ། དེ་ལ་ཆོས་ཞེས་སྨྲ་བས་ཀྱང་གཞན་ལ་ལྟོས་པ་ཡིན་པའི་ཕྱིར་ཆོས་ཅན་དོན་གྱིས་རྟོགས་པས་
ཆོས་ཆོས་ཅན་ལ་བརྟེན་པ་ཙམ་དུ་གྲུབ་སྟེ་རྟོགས་སོ། །དེར་ཆོས་ཅན་ཞེས་སྨོས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཤུགས་ཀྱིས་འགྲུབ་པོ་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཉེ་བ་ཡིན་པའི་ཕྱིར་ཏེ། གཏན་ཚིགས་ནི་བསྒྲུབ་པར་བྱ་བའི་རྒྱུ་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བའི་
ཆོས་ཅན་ལ་ཡོད་པ་རྒྱུ་ཡིན་གྱི། དཔེ་ལ་སོགས་པ་ལ་ཡོད་པ་མ་ཡིན་ཏེ་གྲུབ་ཟིན་པའི་ཕྱིར་དང་། གཏན་མི་ནུས་པའི་ཕྱིར་རོ་ཞེ་ན། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་ཏེ། འདི་ལྟར་འབྲེལ་པ་དེ་གྲུབ་པས་བསྒྲུབ་པར་ནུས་ཀྱི། གཞན་དུ་ནི་མ་ཡིན་པ་དེ་ཡང་དཔེ་ལ་ཡོད་པས་འགྲུབ་
པས་དཔེའི་ཆོས་ཅན་ཡང་འགྲུབ་པར་བྱེད་པའི་དོན་གྱིས་ཉེ་བའི་ཕྱིར་རོ། །གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་ཅེས་སྨྲས་པའི་ཕྱིར་དཔེའི་ཆོས་ཅན་བཤད་ཟིན་པས་སོ། །བཤད་པ་བྱེད་པ་འདི་ཡིས་ཏེ། །ཆོས་ཞེས་བྱ་བས་ཆོས་ཅན་རྟོགས་པ་ལ་ཡང་ཆོས་ཅན་སྨོས་པས་ཉེ་བའི་ཕྱིར།
བསྒྲུབ་པར་བྱ་བའི་ཆོས་ཅན་དུ་གྲུབ་པ་དང་། དེ་ལས་ཡང་དཔེའི་ཆོས་ཉེ་བར་བརྩད་པ་ན་མཐུན་པའི་ཕྱོགས་ལ་ཡོད་ཅེས་སྨོས་པའི་ཕྱིར་ཞེས་བྱ་བ་འབད་པ་སྤང་བའོ། །ཕྱོགས་ཞེས་སྨོས་པས་ལེགས་པར་བཞག་པར་འགྱུར་ཏེ། ཕྱོགས་ཀྱི་ཡན་ལག་གི་ཆོས་ཅན་ནོ་ཞེས་སྤྱི་ཡན་ལག་ལ་
བཏགས་པས་ཚིགས་ཆུང་ངུས་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཉིད་ཀྱིས། སྤྱི་ནི་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་སམ་ཡང་ན་ཆོས་ཅན་ནི། །གཙོ་བོ་མིང་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་ཉེ་བར་གདགས། །ཞེས་གསུངས་སོ། །གལ་ཏེ་གཏན་ཚིགས་
เล่ม ๑๘๗ · หน้า 251b
ནི་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་ཡང་དེའི་ཆོས་ཁོ་ནར་གོའོ། །དེའི་ཕྱིར་ཉེ་བར་གདགས་པར་མ་བྱའོ་ཞེ་ན། དོན་གྱིས་གོ་བ་ན་ཡང་རྟོགས་པར་དཀའ་བ་ཡོངས་སུ་སྤང་
བའི་ཕྱིར་ཏེ། སྒྲུབ་པར་བྱེད་པའི་དོན་གཟུང་ན་དཔེའི་ཆོས་ཅན་ལ་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་དགོས་པ་སྔ་མར་མ་ཟད་པའོ། །དངོས་སམ་བརྒྱུད་པ་ཞེས་བྱ་བ་ནི་མེད་པ་ལས་ནི་མངོན་སུམ་དུའོ། །གཞན་དག་ལས་ནི་བརྒྱུད་པ་སྟེ། བསྒྲུབ་པར་བྱ་བ་མེད་པའི་ཕྱིར་
ཁྱབ་པར་བྱེད་པ་ལོག་པས་རྟོགས་མེད་དོ་ཞེས་བརྒྱུད་པས་སོ། །འདི་དེ་ཁོ་ན་ཉིད་ནི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་ག་ཡིན་པ་དག་གོ། །ཅི་རིགས་པར་གཏན་ཚིགས་ལ་སོགས་པ་སྟེ། གཏན་ཚིགས་དང་གཏན་ཚིགས་ལྟར་སྣང་བ་ངེས་པར་གཟུང་བར་བྱའོ། །ཅིས་ངེས་པར་གཟུང་
ཞེ་ན། རང་གི་རྟོགས་པ་སྒྲུབ་པར་བྱེད་པ་སྟེ། ཕྱོགས་ཀྱིས་གསུམ་གྱི་དེ་ཁོ་ན་ཉིད་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་དེ་ཁོ་ན་ཉིད་གསུམ་གསུམ་དག་རང་གི་དེ་ཁོ་ན་ཉིད་རྟོགས་པ་གྲུབ་པར་བྱེད་པ་སྟེ། མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་ངེས་པར་གཟུང་བར་བྱ་
སྟེ། ཕྱོགས་ཀྱི་ཆོས་མེད་དམ་ཐེ་ཚོམ་ཟ་བར་ཚད་མས་གྲུབ་པ་ནི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བའོ། །དེ་ལས་བཟློག་པ་ནི་གཏན་ཚིགས་སོ། །ཕྱོགས་ཀྱི་ཆོས་གྲུབ་པ་ལ་ཚུལ་ལྷག་མ་གཉིས་མ་གྲུབ་ན་འགལ་བའོ། །དེ་གཉིས་ལ་ཐེ་ཚོམ་ཟ་ན་མ་ངེས་པའོ། །མི་མཐུན་
པའི་ཕྱོགས་ལ་མེད་པ་མ་གྲུབ་པ་ནི་ཐུན་མོང་གི་མ་ངེས་པའོ། །དེ་ཉིད་ལ་ཐེ་ཚོམ་ཟ་ན་ཡང་མ་ངེས་པའོ། །རྗེས་སུ་འགྲོ་བ་དང་། ལྡོག་པ་དག་ཉེས་པར་སྨྲ་ན་ཡང་གཏན་ཚིགས་ལྟར་སྣང་བའོ་ཞེས་གཟུང་བར་བྱའོ། །ལྡོག་པ་ཡིན་ལ་ཐེ་ཚོམ་དང་གཅིག་ལ་མ་གྲུབ་པ་ནི་དངོས་པོ་
ལ་ཡོད་པ་ཡང་ཡིན་པ་ཡང་གཟུང་བར་བྱའོ། །ཚུལ་གསུམ་པོ་དག་ཚང་བ་དང་མ་ཚང་བ་དེ་དག་གི་དེ་ཁོ་ན་ཉིད་ལ་ཐེ་ཚོམ་ཟ་བ་དང་ཕྱིན་ཅི་ལོག་སྟེ། དེ་ཁོ་ན་ལྟར་མ་རྟོགས་པ་གང་ཡང་གཞན་དུ་གནས་པ་ལ་གཞན་དུ་རྟོགས་པའོ། །དེ་ལྟ་བུའི་མཚན་ཉིད་ཀྱིས་ནི་འདོད་པ་བསྒྲུབ་པར་བྱ་
เล่ม ๑๘๗ · หน้า 252a
སྟེ་གྲུབ་པར་རོ། །མི་འདོད་པ་བསྒྲུབ་པར་བྱ་བ་སྟེ་སུན་འབྱིན་པའོ་མི་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་མི་ནུས་པའི་ཕྱིར་རོ། །མ་ངེས་པ་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་ཏེ་ཞེས་བྱ་བ་ནི་གཏན་ཚིགས་དང་འགལ་བ་དག་ནི་ཕྱོགས་ཀྱི་ཆོས་ཉིད་ཡིན་པར་འགྲུབ་སྟེ། སྒྲུབ་པར་
བྱེད་པ་ཡིན་པའི་ཕྱིར་རོ། །མ་ངེས་པ་ནི་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །དགོས་པར་མི་འགྱུར་བས་མ་སྨོས་སོ། །མ་གྲུབ་པ་ནི་ཕྱོགས་ཀྱི་ཆོས་མ་ཡིན་པ་ཉིད་ཡིན་ནོ། །མ་ངེས་པ་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པའམ་མེད་པར་ངེས་པ་ནི་ལྟོས་ཏེ། སྲོག་ལ་སོགས་
པ་དང་མཉན་བྱ་དག་དངོས་པོ་ལ་གཅིག་ཏུ་ངེས་པ་ཡིན་ན་ཡང་རྟོགས་པ་པོ་ཐེ་ཚོམ་ཟ་བའི་སྒོ་ནས་མ་ངེས་པའི་སྐྱོན་དུ་འགྱུར་ལ་ཐེ་ཚོམ་ཟ་བའི་སྐྱོན་དེ་དངོས་པོ་ལ་མ་ངེས་པ་ཡང་མཚུངས་ཏེ། སྐྱོན་དེ་ཁོ་ནས་མ་ངེས་པར་འགྱུར་བའི་ཕྱིར་རོ། །དེ་དེ་ལྟར་བརྗོད་པ་ཡང་འདིར་སུན་འབྱིན་པ་ཉིད་
ཡིན་ནོ་ཞེས་བྱ་བ་ནི་རྒོལ་བ་གང་མ་ངེས་པའི་བསྒྲུབ་པ་དགོད་པ་ལ་འདི་མ་ངེས་ཞེས་ཕྱིར་རྒོལ་བས་བརྗོད་ན་ཡང་སུན་འབྱིན་པ་ཡིན་ཏེ། གཞན་གྱི་འདོད་པ་ཕྱིན་ཅི་ལོག་ཏུ་བྱས་པ་འབའ་ཞིག་ཏུ་མ་ཟད་པའོ། །རང་གི་རྟོགས་པ་སྒྲུབ་པར་བྱེད་པའི་ཚད་མས་ངེས་པ་ལས་གཞན་དུ་རྒོལ་བ་དང་།
ཕྱིར་རྒོལ་བ་གང་ཡང་རུང་བ་རྟགས་ཚུལ་གཉིས་སམ་གཅིག་ལ་ཐེ་ཚོམ་ཟ་བ་སྟེ། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡིན་ནོ། །ཕྱོགས་ཀྱི་ཆོས་མ་གྲུབ་ན་ནི་མ་ངེས་པ་དང་འགལ་བར་མི་འགྱུར་བའི་ཕྱིར་གཉིས་སྨོས་ཀྱི་གསུམ་ནི་མ་ཡིན་ནོ། །ཚུལ་གཅིག་ཕྱིན་ཅི་
ལོག་སྟེ་མི་མཐུན་པའི་ཕྱོགས་ལ་མེད་པར་ཕྱིན་ཅི་ལོག་ནའོ། །འདོད་པའམ་འདོད་པའི་གགས་དེ་ལྟར་རྟོགས་པར་བྱེད་པ་ནི་ནུས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་མ་ངེས་པའོ་ཞེས་སུན་འབྱིན་པར་སྨྲ་བ་ནའང་། འདིའི་ཕྱིར་མ་ངེས་པ་ཡིན་ཏེ། དཔེར་ན་འདི་ལྟ་བུའི་ཞེས་ཚད་
མས་ངེས་པའི་རྟགས་ལ་བརྟེན་པ་ཡིན་ནོ། །དེའི་ཕྱིར་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པ་ཉིད་དུ་བསྒྲུབ་པ་ནི་སུན་འབྱིན་པའི་གཏན་ཚིགས་གཉི་ག་ལས་ལྡོག་པར་མི་རིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཉི་ག་ལས་ཕྱི་རོལ་དུ་གྱུར་པར་མི་རིགས་པའི་
เล่ม ๑๘๗ · หน้า 252b
ཕྱིར་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དག་གི་དངོས་པོས་བསྡུས་པས་ཕུང་པོ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་གཅིག་ལས་ཚད་མས་ངེས་ན་ཡང་མ་ངེས་པར་མི་འགྱུར་ན། གཅིག་ལ་ཡོད་པར་རྟོགས་པར་བྱེད་པའི་སྒྲུབ་པར་བྱེད་པ་སྟེ། ཚད་མ་ཡང་མེད་པའི་ཕྱིར་མི་མཐུན་པའི་ཕྱོགས་
ལ་འཇུག་པ་དང་། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་དང་། ཅིག་ཤོས་ལ་མ་ངེས་པ་ཡིན། ཐུན་མོང་གི་མ་ངེས་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །གཞན་ལས་མ་ཡིན་ཞེས་བྱ་བ་སྐྱེས་བུ་ཡོན་ཏན་མཚུངས་པ་དག་ལས་གཞན་ལས་
མ་ཡིན་པའོ། །ཇི་སྙེད་དུ་ཞེས་བྱ་བ་ནི་སློབ་དཔོན་གྱིས་གསུངས་པའོ། །འདི་གཉིས་གཅིག་ཏུ་བསྡུས་པས་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པས་བསྡུས་པ་དང་། གཅིག་ཏུ་ངེས་པ་ལོག་པ་དག་གོ། །ལྡོག་པ་ངེས་ན་ནི་ཕུང་པོ་གསུམ་པ་སྲིད་ནའོ། །ཁྱད་པར་རྣམ་པར་གཅོད་པ་ནི་
རྟག་པ་དང་ཅིག་ཤོས་གཉི་ག་འགོག་པའོ། །སྨྲས་པ་ནི་ལེའུ་གཉིས་པར་རོ། །གལ་ཏེ་ངེས་པའི་གཏན་ཚིགས་ཞེས་བྱ་བ་ནི་ཡང་དག་པའི་གཏན་ཚིགས་སོ། །སྨྲ་བའི་སྐྱོན་ནི་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ལ་སོགས་པ་སྨྲས་པས་སོ། །དེ་ཡང་ཞེས་བྱ་བ་ནི་ཡང་དག་པའི་རྟགས་ཉེ་
བར་སྨྲས་པའོ། །གཅིག་ཏུ་མ་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་ནི་དངོས་པོའི་ངོ་བོས་ནི་ངེས་པ་མ་ཡིན་པའོ། །དངོས་པོའི་མཚན་ཉིད་སྟོན་པའི་ཕྱིར་ཏེ། དེའི་རྒྱུས་ངེས་པར་མ་ཡིན་ཏེ། སྨྲ་བའི་སྐྱོན་གྱིས་བྱས་པའི་ཕྱིར་ཏེ། འོན་ཀྱང་དངོས་པོས་ནི་མ་ངེས་པར་མི་འགྱུར་རོ་ཞེས་བྱ་
བ་སྟེ། འདིའི་བསམ་པ་ཅི་ཞེ་ན། མཉན་པར་བྱ་བ་དང་སྲོག་ལ་སོགས་པ་རྟོགས་པར་ངེས་པར་མ་གྲུབ་ཀྱང་དངོས་པོ་ལ་ནི་ངེས་པ་ཞིག་ཡོད་པའི་ཕྱིར་རྟགས་སུ་འགྱུར་རོ་སྙམ་པའོ། །གཞན་གྱིས་དོན་གྱི་རྗེས་སུ་དཔག་པ་ནི་དངོས་པོའི་ཆོས་ཉི་ཚེ་ལ་ཡང་དག་པར་བརྟེན་ཏེའོ། །སྨྲ་
བའི་སྐྱོན་སྤངས་ཏེ་ཕ་རོལ་གྱིས་རྟོགས་པར་བྱ་བའི་ཕྱིར་ཡིན་ལ་དེ་ཡང་སྒྲ་ལ་ལྟོས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ནི་མ་ངེས་པ་ཡིན་ཏེ། འདིའི་ཕྱིར་རོ་ཞེས་བྱ་བ་སུན་འབྱིན་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་གཅིག་ལ་མ་གྲུབ་པའམ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་མ་
เล่ม ๑๘๗ · หน้า 253a
གྲུབ་པ་ནི་གཅིག་ལ་མ་གྲུབ་པས་ན་མ་གྲུབ་པ་ཡིན་ན་ཐེ་ཚོམ་དང་། གཅིག་ལ་མ་གྲུབ་པ་ནི་དངོས་པོ་ལ་ཡང་ཡིན་ནོ་སྙམ་དུ་བསམས་པའོ། །འདོད་པ་མི་འཐོབ་པས་དེ་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་ནི། རྒོལ་བ་གང་མ་གྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་པ་སྨྲ་བ་དེ་
ལ་ཕྱིར་རྒོལ་བས་འདིའི་ཕྱིར་འདི་མ་གྲུབ་པོ་ཞེས་སྨྲས་ནས། རྒོལ་བའི་འདོད་པ་དང་སྟེ་བསྒྲུབ་པར་བྱ་བ་མི་འཐོབ་སྟེ། དེའི་གགས་སུ་འགྱུར་བའི་ཕྱིར་རོ། །དེ་ནི་དེ་ལྟ་ཡིན་ཏེ་སུན་འབྱིན་པ་ཡིན་ནོ། །ཕྱིན་ཅི་ལོག་ཐོབ་པ་མེད་པར་ཡང་སུན་འབྱིན་པ་ཡིན་ནམ་སྟེ་སུན་འབྱིན་པ་ནི་ཕྱིར་རྒོལ་
བ་མི་འདོད་པར་བྱས་པའམ་ཚུལ་ཕྱིན་ཅི་ལོག་ཏུ་བྱས་པ་འབའ་ཞིག་ཡིན་ནོ་སྙམ་པའོ། །སྒྲུབ་པར་བྱེད་པའི་གགས་བྱེད་ནུས་པས་སུན་འབྱིན་པར་གཞག་སྟེ། འདི་ནི་ཐེ་ཚོམ་ཟ་བའམ། གཅིག་ལ་མ་གྲུབ་པའོ་ཞེས་སྨྲས་ན། ངག་དེས་གཏན་ཚིགས་ལྟར་སྣང་བ་དེའི་ངོ་བོར་
རྟོགས་པར་བྱེད་པའི་ཕྱིར་བསྒྲུབ་པར་བྱ་བ་འགྲུབ་པར་བྱ་བའི་གགས་བྱེད་ནུས་པའི་ཕྱིར་རོ། །གལ་ཏེ་མིག་གིས་གཟུང་བ་ཉིད་གཏན་ཚིགས་ཀྱི་མཚན་ཉིད་གཉི་ག་ལ་གྲུབ་པ་ལས་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། འདི་ལ་ཡང་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་དང་གཅིག་ལ་མ་གྲུབ་པའོ། །མ་
ངེས་པ་ནི་ངེས་པ་མེད་པ་དེའི་ཕྱིར་སྒྲུབ་པ་ནི་མ་ཡིན་ལ་དེ་དེ་ཁོ་ན་ལྟར་ཕྱིར་རྒོལ་བས་བརྗོད་ན་ནི་སུན་འབྱིན་པ་ཡིན་ཏེ། ཕྱིར་རྒོལ་བ་བརྗོད་པ་དེས་རྒོལ་བའི་འདོད་པ་ལ་གགས་ནུས་པས་སོ། །མ་གྲུབ་པ་ཡང་དེ་བཞིན་ནོ། །དེའི་ཕྱིར་གཏན་ཚིགས་དང་འགལ་བ་དག་ཁོ་ན་རང་གི་
ཁྱབ་པར་བྱེད་པ་ལ་ངེས་པའི་ཕྱིར། གཉི་ག་སྒྲུབ་པ་ཡང་ཡིན་ལ་སུན་འབྱིན་པ་ཡང་ཡིན་ཏེ། ཕ་རོལ་གྱི་འདོད་པ་ལ་གགས་ནུས་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་དགུར་བསྟན་པ་ཞེས་བྱ་བ་ནི་གང་མིག་གི་ཆ་དགུར་གྲགས་པའོ། །དེ་ཉིད་གང་ཞེ་ན། གཞལ་བྱ་ཡིན་པའི་
ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་དག་གོ་རིམས་བཞིན་དུ་ཆར་གོང་མ་དང་། བར་མ་དང་ཐ་མ་རྣམས་སུ་ཡི་གེའི་ཕྲེང་གི་རིམ་པ་ལྟར་རིམ་གྱིས་མ་འཁྲུགས་པར་བྲི་བར་བྱའོ། །དེ་ལྟར་ན་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་གཉི་ག་དང་། མི་མཐུན་པའི་ཕྱོགས་ལ་
เล่ม ๑๘๗ · หน้า 253b
ཡོད་པ་དང་། མེད་པ་དང་གཉི་ག་དག་གི་དབྱེ་བ་དང་། གཏན་ཚིགས་དང་འགལ་བ་དང་མ་ངེས་པའི་དབྱེ་བ་དག་ཆ་སོ་སོར་ཕྱེ་བ་རྟོགས་པར་འགྱུར་ཏེ། ཕྲེང་བའི་ལུགས་དང་མཐུན་པར་བརྟགས་པས་ནི་མཐུན་པའི་ཕྱོགས་ཀྱི་གསུམ་མོ། །གྱེན་ཐུར་དུ་བརྟགས་པ་གསུམ་
གྱིས་ནི་མི་མཐུན་པའི་ཕྱོགས་ལ་གསུམ་མོ། །འདིར་ཕྱོགས་ཀྱི་ཆོས་ཀྱི་ཚེ་དབྱེ་བ་ཡིན་པའི་ཕྱིར་མ་གྲུབ་པ་ནི་མེད་དོ། །སྟེང་དང་འོག་གི་གཏན་ཚིགས་སོ། །གཡས་གཡོན་དག་གིས་འགལ་བའོ། །ཟུར་བཞི་ནི་ཐུན་མོང་གི་མ་ངེས་པ་དག་གོ། །དབུས་ནི་ཐུན་མོང་མ་ཡིན་
པའོ། །དེ་ཉིད་ཀྱི་མཚམས་དང་པོ་དང་དབུས་ཀྱི་རྩོད་པ་གཉིས་སོ། །མཚམས་ལྷག་མ་གསུམ་གྱིས་ནི་ལྡོག་པ་གྲུབ་པའོ། །ཕྱོགས་བཞི་རང་བཞིན་འབྲས་བུའོ། །གཞལ་བྱ་བྱས་པ་མི་རྟག་པ། །བྱས་པ་སྲོག་སོགས་རྩོལ་ལས་སྐྱེས། །མི་རྟག་རྩོལ་དང་རེག་བྱ་མིན། །གཏན་
ཚིགས་དགུ་རུ་གྲགས་པ་ཡིན། །རྟག་དང་མི་རྟག་རྩོལ་འབྱུང་དང་། །རྟག་དང་བདག་བཅས་རྟག་ཉིད་དང་། །རྩོལ་འབྱུང་མིན་དང་མི་རྟག་རྟག །བསྒྲུབ་བྱའི་ཆོས་སུ་རབ་ཏུ་གྲགས། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །གཏན་ཚིགས་མེད་པར་འགྱུར་བ་མ་ཡིན་
ནམ་ཞེས་བྱ་བ་ནི་ཕྱོགས་དང་མཐུན་པའི་ཕྱོགས་དག་ཀྱང་མི་མཐུན་པའི་ཕྱོགས་སུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ལ་གཞན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཡོད་པ་རྣམས་སོ། །དེ་དག་བསྒྲུབ་པར་བྱ་བ་ལས་
གཞན་ཡིན་པའི་ཕྱིར་ལ། དེ་དང་ལྡན་པའི་བྱེ་བྲག་དེ་དག་ཀྱང་མི་མཐུན་པའི་ཕྱོགས་གཞན་པར་འགྱུར་བའི་ཕྱིར་རོ། །ཆོས་གཞན་དང་ལྡན་པ་ནི་སེར་སྐྱའམ་མང་དུ་ཟ་བའམ། རིང་བ་ཉིད་དང་ངོ་། །བརྗོད་པར་འདོད་པ་བྲམ་ཟེའི་རིགས་ལས་སྐྱེས་པའོ། །དེ་མི་བརྟེན་
ཏེ་མེད་ན་འདོད་སེར་སྐྱ་ལ་སོགས་པ་བྲམ་ཟེ་ལས་གཞན་ཡིན་པའི་ཕྱིར་བྲམ་ཟེ་མ་ཡིན་པར་འགྱུར་རོ། །ཡུལ་གཞན་ལ་ནི་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་སོགས་པ་ལའོ། །ཡང་ན་ཆོས་གཞན་པ་དག་གོ། །དེ་མ་ཡིན་པའི་སྒྲུབ་པས་རྣམ་པར་ཕྱེ་ནས་ཞེས་བྱ་བ་མི་མཐུན་པའི་
เล่ม ๑๘๗ · หน้า 254a
ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པར་བསྟན་ནས་ཏེ། ཅིའི་ཕྱིར་ཞེ་ན། བརྗོད་པར་འདོད་པས་བསྒྲུབ་པར་བྱ་བའི་ཆོས་དང་མི་ལྡན་པས་བྱེ་བྲག་ཏུ་བྱས་ནས་འཇུག་སྟེ། རྟོགས་པར་བྱེད་པའི་ཕྱིར་དེ་དང་མི་ལྡན་པའི་མཚན་ཉིད་ཕྱོགས་ལ་སོགས་པ་ལ་མེད་པའི་ཕྱིར་རོ། །
རྣམ་པ་དེ་ལྟ་བུ་མི་སྲིད་ཅེས་བྱ་བ་ནི་སྤྱི་འབའ་ཞིག་ལས་ཆོས་གཞན་དང་མི་ལྡན་པའོ། །བརྗོད་པར་འདོད་པའི་ཆོས་དང་ལྡན་པར་ཆོས་གཞན་མ་སྤངས་པས་མཐུན་པའི་ཕྱོགས་སུ་བྱེད་པ་དེའི་ཕྱིར་རོ། །འོན་ཀྱང་ཆོས་དེས་ཞེས་བྱ་བ་ནི་བརྗོད་པར་འདོད་པ་བསྒྲུབ་པར་བྱ་བའི་ཆོས་དེས་སོ། །
རྩོད་པའི་ཕྱིར་ཞེས་བྱ་བ་ནི་འདི་དག་གཏན་ཚིགས་ཉིད་ཡིན་པར་ཁ་ཅིག་འདོད་ལ་གཞན་ནི་དེ་འགོགས་པས་སོ། །དེ་ལྟར་ན་འདིར་ཁ་ཅིག་ནི་རྩོད་པ་མེད་ཀྱང་། དགོས་པ་གཞན་གྱིས་དཔེར་བརྗོད་པ་ཡང་ཡོད་པར་སྟོན་ཏོ། །བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་མི་རྟག་པའི་འབྲས་བུ་ཞེས་
བྱ་བ་ནི་སྒྲ་མི་རྟག་པའི་འབྲས་བུའོ། །འདིར་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པས་རྒྱུ་མི་རྟག་པར་གྲུབ་པས། དེའི་རྒྱུ་སྒྲ་ཡང་མི་རྟག་པར་སྒྲུབ་པས་རིག་བྱེད་ཀྱི་སྒྲ་རྟག་པར་སྨྲ་བ་དག་གིས་འདྲི་བར་བྱེད་པའོ། །སྔ་ན་ཡོད་པ་ལ་ཞེས་བྱ་བ་ནི་རྟག་པའི་སྒྲ་བརྩལ་མ་ཐག་པའི་ཤེས་པའི་གོང་
ནས་ཡོད་པའོ། །དེ་ལྟར་ན་སྒྲ་རྟག་ཏུ་ཡོད་པའི་ཕྱིར་དེའི་འབྲས་བུ་ཤེས་པ་ཡང་རེས་འགའ་བར་མི་འགྱུར་རོ། །གལ་ཏེ་རྩོལ་བ་ལས་སྒྲ་ལ་ལྷན་ཅིག་བྱེད་པས་དེའི་དབང་གིས་ཤེས་པ་རེས་འགའ་བར་འགྱུར་རོ་ཞེ་ན། དེ་ལ་སྐྱེས་བུའི་རྐན་དང་འདོད་པ་ལ་སོགས་པས་བརྩལ་མ་ཐག་ཏུ་
བྱུང་བའི་ཤེས་པ་ཞེས་བྱ་བ་ནི། དེ་ལ་ཉེ་བར་སྦྱོར་བ་མེད་ཅེས་བྱ་བར་སྦྱར་རོ། །ཉེ་བར་སྦྱོར་བ་འབྲས་བུ་ངེས་པ་མི་འབྱུང་བའི་ཕྱིར་རོ། །གགས་སམ་ཞེས་བྱ་བ་ནི་དེ་བསལ་བའོ། །དབང་པོ་ལ་ཡང་ཉེ་བར་སྦྱོར་བ་སྦྱར་ཏེ། དེས་དབང་པོ་སྦྱོར་བར་མི་བྱེད་པའོ། །གགས་མི་སྲིད་པ་
ཞེས་བྱ་བ་ནི་ཤེས་པས་དམིགས་པའམ། མི་དམིགས་པའི་རང་བཞིན་དུ་རྟག་པའི་ཕྱིར་རོ། །དུམ་བུར་མི་བྱེད་ཅེས་བྱ་བ་ནི་ཐོས་པར་རུང་བ་ལ་མི་རུང་བར་མི་བྱེད་ནའོ། །ཅུང་ཟད་ཀྱང་ཁྱད་པར་དུ་བྱེད་དོ་ཞེས་བྱ་བ་ནི་དུས་མཉམ་པའི་རྩིག་པས་སོ་སྙམ་དུ་དགོངས་པའོ། །རྣམ་པར་ཤེས་
เล่ม ๑๘๗ · หน้า 254b
པའི་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་ཕན་པར་བྱེད་པས་ནུས་པ་མཐར་ཐུག་པར་འགྱུར་བ་རྣམས་སོ། །ཉེ་བར་བསྐྱེད་པར་བྱ་བ་མ་ཡིན་པ་ནི་སྒྲ་རྟག་པའོ། །ལྟོས་པར་མི་རིགས་པ་ནི་ལྷན་ཅིག་བྱེད་པའོ། །ཅིའི་ཕྱིར་ཞེ་ན། མི་ནུས་པའི་རང་བཞིན་དུ་རྟག་པའི་ཕྱིར་རོ། །ལྷན་ཅིག་
བྱེད་པར་ནུས་པ་ཅན་དེ་རྣམས་ཞེས་བྱ་བ་ནི་ཡུལ་དང་དབང་པོ་ལ་སོགས་པ་མི་རྟག་པ་རྣམས་སོ། །གགས་རྩིག་པ་ལ་སོགས་པ་ཡོད་ན་སྣང་བ་ཞེས་བྱ་བ་མེད་པའི་ཕྱིར་རམ་རྒྱུ་མི་ཉེ་བའི་ཕྱིར་རོ། །སྔར་སྐྱེད་པར་ནུས་པ་དེ་གགས་སམ་ཞེས་བྱ་བ་ནི། དེ་མ་འགགས་ན་
གགས་བྱ་བར་མི་ནུས་པའི་ཕྱིར་རོ། །དེ་འགགས་ཀྱང་གགས་མེད་ན་ཡང་ཤེས་པ་སྐྱེད་ནུས་པ་སྐྱེ་བ་སྲིད་པས་གགས་ཡོད་ན་ཞེས་བྱ་བ་སྨོས་ཏེ། རྒྱུའི་འཕེན་པ་ཟད་པས་རྒྱུན་ཆད་པ་ཡང་རྟོགས་པར་བྱའོ། །དེའི་རང་བཞིན་མ་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ནུས་པ་དེའི་གགས་
བྱ་བར་མི་ནུས་ཏེ་ནུས་པའི་རང་བཞིན་གྲུབ་པའི་ཕྱིར་རོ། །གགས་བྱ་བར་ནུས་ན་ནི་ནུས་པའི་རང་བཞིན་ཡང་མ་ཡིན་ནོ། །དེའི་རང་བཞིན་མ་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ནི་གགས་བྱེད་པའི་ཚེ་ཡང་ནུས་པའི་རང་བཞིན་མ་ཉམས་པ་སྟེ། དངོས་པོའི་རང་བཞིན་ནུས་པ་གྲུབ་པ་
ནི་ཡང་མི་ནུས་པའི་ཕྱིར་མི་འགྱུར་རོ། །མི་རྟག་པ་དག་ཀྱང་གྲུབ་པའི་རང་བཞིན་བཟློག་ཏུ་མི་རུང་ན་རྟག་པ་ལྟ་ག་ལ་རུང་། ཡང་ཞེས་བྱ་བ་ནི་རྣམ་པར་བརྟག་པ་གཞན་ཏེ། སྐད་ཅིག་མའི་རང་བཞིན་ཞེས་བྱ་བ་མི་རྟག་པ་བུམ་པ་ལ་སོགས་པའོ། །ཕན་ཚུན་དེ་རྩིག་པས་ཀྱང་བུམ་
པའི་ཉེ་བར་ལེན་པ་དང་ལྷན་ཅིག་ཤེས་པ་མི་སྐྱེད་པའི་རང་བཞིན་གྱི་བུམ་པའི་སྐད་ཅིག་མ་གཞན་སྐྱེད་པ་ཉིད་དུ་སྲིད་པའོ། །དེས་ན་སྒྲིབ་པ་ལས་རང་བཞིན་དུམ་བུར་བྱེད་དོ། །གཞན་དུ་ཞེས་བྱ་བ་ནི་ཁྱད་པར་དུ་བྱེད་པ་ལས་གཞན་དུ་ཁྱད་པར་མི་བྱེད་ནའོ། །ཅུང་ཟད་ཀྱང་མི་བྱེད་ན་ནི་
ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལ་ལྷན་ཅིག་བྱེད་པས་ཁྱད་པར་དུ་མི་བྱེད་ནའོ། །དེ་ལྟར་གགས་རྟག་པར་འགྱུར་ཏེ་གགས་མི་བྱེད་པས་སོ། །རྟག་པས་དེ་བཞིན་དུ་མི་འགྱུར་གྱི་ཞེས་བྱ་བ་ནི་གགས་རྟག་པས་སོ། །དེ་ལྟ་བུ་མེད་དེ་ཞེས་བྱ་བ་ནི་ཤེས་པས་རེས་འགའ་དམིགས་པའི་
เล่ม ๑๘๗ · หน้า 255a
ཕྱིར་རོ། །དེས་ཁྱད་པར་དུ་བྱེད་པ་ཅན་དུ་རྟོགས་སོ་ཞེས་བྱ་བ་ནི་གགས་ཀྱིས་སོ། །དོན་དེ་ལས་ཐོབ་པའི་ཁྱད་པར་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་དོན་དེ་ལས་ཐོབ་པའི་ཁྱད་པར་དེ། རང་བཞིན་གྱི་འབྲས་བུ་ཉེ་བར་སྦྱོར་ཏེ་སྐྱེད་དོ་ཞེས་ཟེར་རོ། །གྱིས་ཤིག་སྟེ་ཁྱོད་ཉིད་
ཀྱིས་རྟག་པར་འདོད་པ་ཉམས་པར་འགྱུར་རོ་སྙམ་དུ་དགོངས་པའོ། །འབྲས་བུ་ཅུང་ཟད་བྱེད་ན་སྒྲ་དེ་སྔར་གྱི་སྟེ་ཕན་པ་མ་བྱས་པའི་རང་བཞིན་ནོ། །ངེས་པ་ཞེས་བྱ་བ་ནི་རྟག་པའོ། །མི་འགྱུར་ཏེ་ཞེས་བྱ་བ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལྷན་ཅིག་བྱེད་པ་དེའི་ཕན་པ་སྒྲ་ལས་དོན་གཞན་
ཡིན་ནོ་ཞེ་ན། དེའི་ཕན་པ་དོན་གཞན་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཡང་ཞེས་བྱ་བ་ཕན་པ་དོན་གཞན་དེ་ལས་ཤེས་པ་སྐྱེ་བ་ལའོ། །དེ་ཤེས་པ་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་སྒྲ་དེ་ཤེས་པ་དེས་ཤེས་པར་མི་འགྱུར་ཏེ། སྒྲ་ལས་གཞན་པའི་ཕན་པ་དང་འབྲེལ་གྱི་སྒྲ་
དང་ནི་མ་ཡིན་པས་སོ། །དབང་པོའམ་ཉེ་བ་དག་ལ་ལྷན་ཅིག་བྱེད་པར་ལྟོས་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །བདག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ཁྱད་པར་ཏེ་རང་ལས་ཐ་དད་པའི་ཁྱད་པར་གྱིས་ནི་རྟག་པ་ལ་ཁྱད་པར་མི་སྐྱེད་པའི་ཕྱིར་དང་། རང་ཉིད་ལས་ཐ་དད་པ་ཡང་མི་སྲིད་པས་
སོ། །གཞན་ཡང་རུང་ཞེས་བྱ་བ་ནི་སྔ་མ་དག་ལས་གཞན་པ་སྟེ། སྐྱེས་བུའི་རྩོལ་བ་ལ་སོགས་པའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དབང་པོ་ལ་སོགས་པས་སོ། །དེ་དག་གིས་ཞེས་བྱ་བ་ནི་སྒྲ་ཉིད་ལ་ཉེ་བར་སྦྱོར་བ་མི་རིགས་པར་བཤད་པ་དག་གིས་སོ། །སྒྲའམ་དབང་པོ་ཞེས་བྱ་བ་ནི་སྒྲ་
གཅིག་པོ་མ་ཡིན་གྱི་དབང་པོ་དག་ལ་རྩོལ་བ་ལ་སོགས་པས་ཕན་པར་བྱེད་པའོ། །ལྷན་ཅིག་བྱེད་པར་ཉེ་བར་སྦྱོར་བའི་ཕྱིར་ལ་ཞེས་བྱ་བ་ནི་ཕན་པས་བྱས་པའི་དབང་པོས་སྒྲ་ལ་ལྷན་ཅིག་བྱེད་པར་ཉེ་བར་སྦྱོར་བར་འགྱུར་ཏེ། མ་སྦྱར་ན་དབང་པོ་དགོས་པ་མེད་པའི་ཕྱིར་རོ། །རྟག་ཏུ་དམིགས་
པར་འགྱུར་ཏེ་ཞེས་བྱ་བ་ནི་ཤེས་པའི་རྒྱུ་ནུས་པ་སྐྱེ་བ་དང་ཉམས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་དང་ཉམས་པ་མེད་ཅེ་ན། འདི་ལྟར་གལ་ཏེ་ཞེས་བྱ་བ་སྨོས་ཏེ། སྒྲ་ནི་རྟག་པ་ཉིད་དུ་འདོད་ལ། དེ་ནི་གང་ལས་ཀྱང་ནུས་པ་འཐོབ་པའམ་ཉམས་པ་མེད་ན་རྟག་པར་འགྱུར་རོ། །གལ་
เล่ม ๑๘๗ · หน้า 255b
ཏེ་ནུས་པ་སྒྲ་ལས་དོན་གཞན་ཡིན་ནོ་ཞེ་ན། ཤེས་པ་སྐྱེད་པའི་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་མེད་པ་ཞེས་བྱ་བ་ནི་སྒྲ་རྟག་པ་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དོན་གཞན་པ་ཉིད་ཀྱི་སྐྱོན་ནི་སྔར་བཤད་པ་ལྟར་དོན་གཞན་དེ་དང་ཤེས་པར་འབྲེལ་གྱི་སྒྲ་སྒྲ་དང་མ་ཡིན་པའི་ཕྱིར་
སྒྲ་དེ་ཤེས་པས་མི་ཤེས་པའོ། །འབད་པ་མ་བྱས་སམ་འབད་པ་རྫོགས་ཏེ་རྒྱུན་ཆད་ནའོ། །རེས་འགའ་ཡང་སྒྲ་དམིགས་པ་མེད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་གཉིས་དང་ལྡན་པ་དེའི་ཕྱིར་རོ། །དེའི་བདག་ཉིད་ལས་ཞེས་བྱ་བ་ནི་སྒྲའི་རང་གི་ངོ་བོ་ལའོ། །ཕན་པ་འགའ་ཞིག་
སྲིད་དེ་ཞེས་བྱ་བ་ནི་རྩོལ་བས་སོ། །རྒྱུའི་ཆོས་མཐོང་བའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བཤད་མ་ཐག་པའོ། །གལ་ཏེ་དེ་ལྟར་ན་རྩོལ་བའི་རྗེས་སུ་འགྲོ་བ་དང་ལྡོག་པས་མི་རྟག་པར་འགྱུར་གྱི། ཤེས་པས་ནི་མ་ཡིན་ནོ་ཞེ་ན། རྩོལ་མ་ཐག་ཏུ་ཤེས་པ་སྟེ་ཞེས་བྱ་བ་སྨོས་
ཏེ། བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཡོད་པའི་ཕྱིར་ཞེས་རྟགས་སུ་བྱེད་ཀྱི་ཤེས་པ་ཙམ་དུ་ནི་མ་ཡིན་ནོ། །དེ་ཡང་བརྩལ་མ་ཐག་ཏུ་བྱུང་བ་སྒྲ་ལ་དམིགས་པའི་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྒྲ་བརྩལ་མ་ཐག་ཏུ་བྱུང་བ་ལྟར་ཤེས་པ་ཡང་དེ་བཞིན་ནོ། །སྔར་ཡོད་ངེས་པ་
ཉིད་ཀྱིས་མིང་། །ཞེས་བྱ་བ་ནི་བརྩལ་བ་ལས་སྔར་ཡོད་པར་ངེས་པ་སྟེ། རྟག་པ་ཉིད་ཀྱི་སྒྲ་ཤེས་པ་སྐྱེས་པ་ནི་མ་ཡིན་པའོ། །གགས་དང་དབང་པོ་དག་ལ་ལྷན་ཅིག་བྱས་པས་ཕན་པ་སྲིད་ཀྱང་སྒྲ་རྟག་པ་ལ་ནི་གང་གིས་ཀྱང་བྱེ་བྲག་ཏུ་མི་བྱེད་དོ། །དེའི་གགས་བསལ་བ་དང་།
དབང་པོ་ལ་ཕན་བཏགས་པ་གང་ལ་ཡང་ལྟོས་པ་མེད་པའི་སྒྲ་རེས་འགའ་ཡང་འབྲས་བུ་རྣམ་པར་ཤེས་པ་མི་བྱེད་པ་འགལ་བའི་ཕྱིར་རོ། །ཤེས་པ་འདི་འདྲ་བ་ནི་བརྩལ་མ་ཐག་ཏུ་བྱུང་བའམ་རེས་འགའ་བའོ། །དེ་དག་ཅེས་བྱ་བ་ནི་མི་རྟག་པའིའོ། །དཔེའི་ཡུལ་ལ་ཞེས་བྱ་བ་ནི་
བརྩལ་བ་ལས་བྱུང་བའི་དཔེར་བརྗོད་པའི་ཡུལ་ལའོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སུའོ། །གལ་ཏེ་འོ་ན་གཞལ་བར་བྱ་བ་ལ་སོགས་པ་ཅིའི་ཕྱིར་བསྟན་ཅེ་ན། གཏན་ཚིགས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་དང་
เล่ม ๑๘๗ · หน้า 256a
དེར་སྣང་བ་དག་གོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་བཤད་པའི་མཚན་ཉིད་གསུམ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་ལ། དེ་དག་མ་ཚང་བ་ནི་ཅི་རིགས་པར་གཏན་ཚིགས་ལྟར་སྣང་བའོ། །བྱེ་བྲག་རྟོགས་པར་བྱ་བ་ཡིན་པ་དེ་ཉིད་
ཀྱི་ཕྱིར། འབྲས་བུའི་རྟགས་ཀྱི་དཔེར་བརྗོད་པ་ནི་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པའོ། །རང་བཞིན་གྱི་ཕྱོགས་གཅིག་ནི་བརྩལ་མ་ཐག་ཏུ་བྱུང་བའི་སྐྱེ་བའོ། །ཆ་ནི་བརྩལ་མ་ཐག་ཏུ་བྱུང་བའི་སྟེ། ཆ་ཅིག་ཤོས་རང་བཞིན་གྱི་རྟགས་ཀྱི་ཆ་སྒྲ་བརྩལ་མ་ཐག་ཏུ་བྱུང་བའི་སྐྱེ་བའོ། །གལ་
ཏེ་འབྲས་བུ་དང་རང་བཞིན་གྱི་དབྱེ་བ་ཉིད་ཅི་དགོས་ཤེ་ན། གང་མེད་ན་མི་འབྱུང་བ་ཡོད་པའམ་ཞེས་བྱ་བ་སྨོས་ཏེ། རང་བཞིན་ཐ་དད་པ་དག་མེད་ན་མི་འབྱུང་བ་ཡོད་པའོ། །ལྡན་པ་ཅན་ནི་རྗེས་སུ་དབྱུག་པ་དང་འབྲེལ་བ་སྟེ། ཐ་དད་པའི་འབྲེལ་པའོ། །སོགས་པས་ནི་འདུ་བའི་
འདྲེལ་པ་སྟེ། དེ་ནི་ཐ་མི་དད་པ་ལྟར་བྱེད་པའོ། །གང་ཡང་དོན་གཅིག་ལ་འདུ་བ་སྟེ་གཞི་གཅིག་པར་བྱེད་པའོ། །དེ་འདྲ་བའི་འབྲེལ་བ་ནི་མེད་ན་མི་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར། འཁྲུལ་པ་སྲིད་པ་ཅན་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་དམིགས་པའི་
ཞེས་བྱ་བ་གཏན་ཚིགས་ཡོད་ན་སྣང་བར་རུང་བ་ལས་མ་དམིགས་པའོ། །མེད་པ་ནི་བསྒྲུབ་པར་བྱ་བ་སྟེ་མེད་པའི་ཐ་སྙད་དུ་རུང་བའོ། །མི་དམིགས་པ་ལས་གཞན་མ་ཡིན་ཞེས་བྱ་བ་ནི་གཏན་ཚིགས་ལས་གཞན་མ་ཡིན་པའོ། །གལ་ཏེ་དེ་ལྟ་ན་མི་དམིགས་པའི་རྟགས་ཀྱིས་ཅི་ཞིག་
སྒྲུབ་ཅེ་ན། དེའི་རྒྱུ་མཚན་ཅན་ཤེས་པ་དང་སྒྲ་དག་སྟེ་སྣང་བ་མི་དམིགས་རྒྱུ་ཅན་གྱི་མེད་པའི་ཐ་སྙད་རྨོངས་པ་ལ་བསྒྲུབ་པའོ། །ཇི་ལྟར་དེ་བཞིན་དུ་རྟོགས་པར་བྱ་ཞེ་ན། ཞེས་བྱ་བ་ནི་རྒྱུ་ཡོད་པས་འབྲས་བུ་ཡོད་པར་སྒྲུབ་པའོ། །འདི་ཡི་ཐ་སྙད་གྲུབ་འགྱུར་ན། །ཞེས་བྱ་བ་ནི་དཔེ་ལ་སྟེ།
སྔོན་གནས་ཁང་ན་སྦྲུལ་སྣང་དུ་རུང་བ་མི་དམིགས་པའི་མེད་དོ་ཞེས་ཐ་སྙད་དུ་རུང་བར་གྲུབ་པར་འགྱུར་བ་ལའོ། །དཔེ་ལ་འབྲེལ་པ་དེ་གྲུབ་པ་ལ་ཕྱིས་ཡུལ་གང་ན་སྣང་བ་མི་དམིགས་པ་ཅན་དེ་ལ་ཡང་ཡོད་ན་སྣང་དུ་རུང་བ་ལས་མི་སྣང་བའི་ཕྱིར། མེད་པའི་ཐ་སྙད་དུ་རུང་བ་ཡིན་ཏེ་གནས་ཁང་
เล่ม ๑๘๗ · หน้า 256b
བཞིན་ནོ་ཞེས་བརྗོད་པས། སྣང་བ་མི་དམིགས་པ་དེའི་འབྲས་བུ་ཉིད་བློ་སྒྲ་ཡང་འགྲུབ་སྟེ། དེའི་འབྲས་བུ་ཁྱབ་པའི་ཕྱིར་རོ། །ལན་འགའ་མ་ཡིན་པར་ཀུན་དུ་དཔྱད་ཟིན་པ་ནི་དཔེ་ངེས་པར་ཁྱབ་པ་རྟོགས་པའོ། །སྤྱི་དྲན་པ་ཡང་དྲན་པར་འགྱུར། ཞེས་བྱ་བ་ནི་སྣང་དུ་
རུང་བ་མཐོང་བར་ངེས་ན་མེད་པའི་ཐ་སྙད་དུ་རུང་བའོ་ཞེས་བྱ་བ་དྲན་པ་སྟེ། ཆོས་ཅན་གྱི་བྱེ་བྲག་ཏུ་མ་བྱས་པའོ། །དེ་ཉིད་དཔེའི་ཆོས་ཅན་ལ་ནི་ངེས་པས་དྲན་པར་བྱེད་པས་སོ། །མཐོང་བ་དང་མ་མཐོང་བ་ཉིད་ཀྱིས་གྲུབ་ཅེས་བྱ་བ་ནི། དཔེ་བརྗོད་པ་སྟེ། མངོན་སུམ་དང་མི་དམིགས་
པས་ཆོས་ཐ་དད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པས་རྒྱུ་དང་འབྲས་བུའི་རང་བཞིན་གྲུབ་པ་ཉིད་ཡིན་ཡང་རྨོངས་པས་རྒྱུ་དང་འབྲས་བུ་ཐ་སྙད་མི་ཤེས་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་ཕྱིར་འབྲས་བུ་དང་རྒྱུ་དང་ངོ་བོ་ཞེས་ཐ་སྙད་རྟགས་དང་རྟགས་ཅན་ཐ་དད་པ་ལྟར་སྣང་བ་ནི་བརྟགས་
པ་ཐ་དད་ཀྱི་རང་གི་ངོ་བོར་མ་ཡིན་པ་བཞིན་ནོ། །ཐ་སྙད་ཀྱི་དེ་ཙམ་དུ་གཞན་དུ་འགྲུབ་སྟེ་ཞེས་བྱ་བ་ནི་དེ་ཙམ་དུ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཀྱི་ཐ་སྙད་པའོ། །གཞན་དུ་ཞེས་བྱ་བ་ནི་དཔེ་ལའོ། །ཡང་ན་ཐ་དད་པར་རོ། །ཁྱད་པར་མེད་པའི་ཕྱིར་རོ། །ཞེས་བྱ་བ་ནི་
དོན་དམ་པར་རོ། །གལ་ཏེ་མི་དམིགས་པ་དེ་ཉིད་ཇི་ལྟར་གྲུབ་ཅེས་བྱ་བ་ནི་སྣང་བ་མི་དམིགས་པ་ཉིད་གང་གིས་གྲུབ་ཅེས་བྱའོ། །མེད་པ་དེ་ཡང་ཞེས་བྱ་བ་ནི་མི་དམིགས་པ་ནི་ཤེས་པ་མེད་པ་ཡིན་པར་བསམ་པས་སོ། །གཅིག་དམིགས་པའི་མཐུ་ཡིས་ཞེས་བྱ་བ་ནི་མི་དམིགས་པ་མངོན་
སུམ་གྱིས་འགྲུབ་པར་སྟོན་ཏོ། །རང་གི་ཡུལ་གྱི་ཤེས་པ་མེད་པ་ལས་ཞེས་བྱ་བ་ནི་གཞན་གྱི་ལུགས་དགག་པ་སྟེ། ཕ་རོལ་ཁ་ཅིག་ནི་དེ་ལ་དམིགས་པའི་ཤེས་པ་མེད་པས་མེད་པར་སྨྲའོ། །རང་བཞིན་ཁྱད་པར་ཅན་གྱི་ཤེས་པ་ཡོད་པ་ཞེས་བྱ་བ་ནི་དགག་པར་འདོད་པས་དབེན་པའི་ཤེས་པ་
ཡོད་པ་ལས་སོ། །ཐམས་ཅད་མི་རྟོགས་ན་ཞེས་བྱ་བ་ནི་ཕ་རོལ་འདོད་པ་ལྟར་ཤེས་པ་མེད་པ་ཙམ་གྱིས་དེས་དབེན་པའི་ཆོས་དམིགས་པ་མ་ཡིན་ནའོ། །གང་ལ་ཞེས་བྱ་བ་ནི་ཆོས་ཅན་གང་ལའོ། །འདི་དམིགས་ལ་གཞན་ནི་མི་དམིགས་པའོ་ཞེས་བྱ་བ་ནི་ཕྱོགས་དབེན་པ་འདི་དམིགས་
เล่ม ๑๘๗ · หน้า 257a
ལ། དགག་པར་འདོད་པ་མི་དམིགས་པའོ། །གལ་ཏེ་ཉམས་སུ་མྱོང་བ་ཡང་གང་གིས་གྲུབ་ཅེ་ན། རང་གི་ངོ་བོའི་བྱེ་བྲག་ཡང་དག་པར་མྱོང་བ་སྟེ། རང་རིག་པ་ལས་སོ། །དེ་ལྟ་བས་ན་ཤེས་པ་བདག་ཉིད་ཀྱི་བྱེ་བྲག་སྟེ། རང་ཉིད་ཕྱོགས་དབེན་པ་རྟོགས་པའོ་
ཞེས་ཤེས་པ་བདག་ཉིད་ཀྱིས་གྲུབ་ཅིང་དེ་ཉིད་ཀྱི་ཡུལ་གྱི་དོན་གྱི་བྱེ་བྲག་སྟེ། འདི་ནི་དམིགས་ལ་འདི་ནི་མི་དམིགས་སོ་ཞེས་བྱེ་བྲག་ཏུ་བྱེད་དོ། །གཞན་དུ་ཞེས་བྱ་བ་ནི་རང་རིག་པ་ལས་གཞན་དུའོ། །དོན་གྱི་ཡང་ཞེས་བྱ་བ་ནི་ཤེས་པ་རང་ལ་ཡོད་པའི་བྱེ་བྲག་གིས་གྲུབ་པ་ལྟར་དོན་
གྱི་རང་གི་བྱེ་བྲག་འགྲུབ་པ་ནི་མ་ཡིན་ནོ་ཞེས་བཟློག་པ་བསྡུ་བ་ནི་ཡང་གི་དོན་ཏོ། །རྣམ་པར་ཤེས་པ་ལ་ཡོད་པའི་བྱེ་བྲག་ཕྱོགས་གཞན་དང་མ་འདྲེས་པ་དམིགས་པར་རང་ཉིད་ཀྱིས་གྲུབ་པའི་བྱེ་བྲག་ལས་ཕྱོགས་ནི་དམིགས་ལ་དགག་པར་བྱ་བ་ནི་མི་དམིགས་སོ་ཞེས་བྱ་བ་གྲུབ་
པའི་ཕྱིར་རོ། །ཐམས་ཅད་མི་རྟོགས་པ་ཐལ་བར་འགྱུར་རོ། །ཞེས་བྱ་བ་ནི་ལེའུ་དང་པོར་རྒྱས་པར་བཤད་ཟིན་ཏོ། །ཁྱད་པར་ཅན་གྱི་མྱོང་བ་ལ་ཞེས་བྱ་བ་ནི་ས་ཕྱོགས་དགག་པར་བྱ་བས་དབེན་པའི་མྱོང་བའོ། །གཞན་འགོག་པ་ནི་དགག་པར་བྱ་བ་མེད་དོ་ཞེས་རྟོགས་པར་བྱེད་པའོ། །
གཞན་མ་ཡིན་ཞེས་བྱ་བ་ནི་ཁྱད་པར་ཅན་མྱོང་བ་ཉིད་ཡིན་པའོ། །མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་ཞེས་བྱ་བ་ནི་ཁྱད་པར་ཅན་དམིགས་པ་ཉིད་དགག་པར་བྱ་བ་མི་དམིགས་པའི་ཕྱིར་རོ། །དེའི་ཕྱོགས་འབའ་ཞིག་ནི་དམིགས་པར་བྱ་བ་མི་དམིགས་པ་ཡིན་ལ། དེ་ལ་དམིགས་པའི་ཤེས་པ་
ནི་དམིགས་པར་བྱེད་པའི་མི་དམིགས་པ་ཡིན་ཏེ། དེ་དག་དམིགས་པའི་རང་བཞིན་ཡིན་ཡང་དགག་པར་འདོད་པའི་ཆོས་ཀྱི་དམིགས་པ་དག་ཡིན་པའི་ཕྱིར་མ་ཡིན་པ་དགག་པས་མི་དམིགས་པར་གཞག་སྟེ། གྲོང་གི་ཕག་ནི་བཟའ་བ་མ་ཡིན་པས་བཟར་མེད་དོ་ཞེས་བྱ་བ་བཞིན་ནོ། །དེ་
ཉིད་དེ་ངེས་པ་ལས་ཞེས་བྱ་བ་ནི་མ་འདྲེས་པ་ཉམས་སུ་མྱོང་བ་དེ་ཉིད་དེ་ངེས་པ་ལས་དེ་ཉམས་སུ་མྱོང་བ་ནི་ཕྱོགས་འབའ་ཞིག་མྱོང་བ་ཡིན་གྱི་དགག་པར་བྱ་བ་མྱོང་བ་ནི་མེད་དོ་ཞེས་བྱ་བ་དང་། དེའི་ཡུལ་ནི་ཕྱོགས་དགག་པར་བྱ་བ་དང་མ་འདྲེས་པ་ཡིན་གྱི་དགག་པར་བྱ་བ་མེད་དོ་ཞེས་ངེས་པའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด