ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནི་ཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๗ · หน้า 257b
ཤེས་པ་སྐྱེད་པར་བྱེད་པ་ནི་དེ་ཁོ་ན་ཡོད་དོ་ཞེས་ངེས་པར་བྱེད་པ་སྟེ། ཕྱོགས་དང་དེ་ཉམས་སུ་མྱོང་བ་ཁོ་ནའོ། །གཞན་ཡོད་པ་ནི་དགག་པར་བྱའོ། །གཞན་ཉམས་སུ་མྱོང་བ་ཡང་དགག་པར་བྱ་བའི་ཉམས་སུ་མྱོང་བའོ། །མེད་པའི་ཐ་སྙད་ཀྱི་རྒྱུ་ཡང་དེ་ཡིན་ནོ་ཞེས་བྱ་བ་ནི་གཅིག་ངེས་པར་
དམིགས་པའི་ཡུལ་དང་ཤེས་པ་དེ་དག་མ་ཡིན་པར་དགག་པས་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དོན་མེད་པས་གྲུབ་ཟིན་པའི་ཕྱིར་རྨོངས་པ་ལ་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་དུ་སྒྲུབ་པར་བྱེད་དེ། སྣང་དུ་རུང་བའི་དོན་མི་དམིགས་པ་ཐམས་ཅད་དུ་དེའི་དོན་མེད་པར་ཤེས་པར་བྱ་བ་བརྗོད་པར་བྱ་སྟེ་དེ་ལྟར་
སྤྱད་པར་བྱ་བ་ཡིན་ཏེ། སྔོན་གྱི་གནས་ཁང་ན་སྣང་དུ་རུང་བའི་མི་དམིགས་པ་ལྟ་བུའོ་ཞེས་བསྒྲུབ་པ་སྟེ་རྒྱས་པར་སྔར་བཤད་ཟིན་ཏོ། །རང་བཞིན་ཁྱད་པར་ཅན་གྱི་ཤེས་པ་ཡོད་པ་ཞེས་བྱ་བ་ནི་དགག་པར་བྱ་བ་དང་མ་འདྲེས་པའི་དོན་ཤེས་པའོ། །གཞན་དུ་ནི་དེ་འདྲ་བའི་ཤེས་པ་མེད་པར་སྤང་
ངོ་། །མུན་པར་ལག་པས་བྱུག་པ་ན་ཞེས་བྱ་བ་ནི་མུན་པའི་ས་ཕྱོགས་ན་བུམ་པས་སྟོང་པ་མྱོང་བ་མེད་དེ་མི་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་མཐོང་བ་འབའ་ཞིག་ཁྱད་པར་ཅན་མྱོང་བ་མ་ཡིན་གྱི་རེག་པ་ལས་ཀྱང་བུམ་པ་སྟོང་པ་མྱོང་བས་དེ་ཉིད་བྱེ་བྲག་ཅན་མྱོང་བ་
མི་དམིགས་པ་ཡིན་ནོ། །འབད་པ་དང་བཅས་པ་ནི་ཐོགས་པ་སྟེ། དགག་པར་བྱ་བ་ཡོད་པའོ། །འདིས་ནི་ཡོད་ན་ངེས་པར་དམིགས་པར་འགྱུར་བ་བསྟན་ཏོ། །འབད་པ་མེད་པ་ནི་མི་དམིགས་པའོ། །དེ་མེད་ན་ཞེས་བྱ་བ་ནི་བར་སྣང་སྟོང་པའི་རེག་པ་དམིགས་པ་དེ་མེད་ནའོ། །
གཞན་མེད་པ་ནི་དེ་ལས་གཞན་བུམ་པ་ལ་སོགས་པ་དགག་པར་འདོད་པ་མེད་པའོ། །ཡང་ཕ་རོལ་ཁ་ཅིག་ན་རེ་དམིགས་པའི་རྒྱུ་གཞན་ཡོད་ལ་ཞེས་བྱ་བ་དབང་པོ་གཟུགས་སྣང་བ་དང་བཅས་པ་དང་། ཤེས་པ་ཕྱོགས་མ་འདྲེས་ལ་དམིགས་པ་དག་ཡོད་ལ་དེ་ལས་གཞན་པ་ནི་ཕྱོགས་ལས་
གཞན་པ་དགག་པར་བྱ་བའོ། །དེ་ལས་དམིགས་པའི་ཤེས་པ་མེད་པ་ལས་དགག་པར་བྱ་བ་མེད་པར་འགྲུབ་སྟེ། འདིས་ནི་དགག་པར་བྱ་བ་ལ་དམིགས་པ་མེད་པ་ཙམ་ཡིན་གྱི། དམིགས་པའི་རྒྱུ་གཞན་ཡོད་ལ་དེ་ལས་དམིགས་པ་མེད་པ་ཞེས་བྱ་བ་ཉེས་པ་མེད་པ་ཁྱད་པར་ཅན་
เล่ม ๑๘๗ · หน้า 258a
བསྟན་ཏོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མེད་པ་ཁྱད་པར་ཅན་མ་ཡིན་གྱི། ཤེས་པ་མེད་པ་ཙམ་དུ་གྱུར་ནའོ། །དེ་ལྟ་ན་གཉིད་ལོག་པ་ལ་སོགས་པ་སྟེ་བརྒྱལ་བ་དང་། ཁ་ཕར་བལྟས་པ་ལ་སོགས་པ་གནས་སྐབས་ན་བུམ་པ་ལ་སོགས་པ་མི་དམིགས་པ་གང་དག་ནི་མེད་པར་
ཡང་རྟོགས་པར་ཐལ་བར་འགྱུར་རོ། །མེད་པ་ཁྱད་པར་ཅན་བཟུང་ན་ནི་གཉིད་ལ་སོགས་པ་མེད་པ་མི་འགྲུབ་སྟེ། གཉིད་ལ་སོགས་པ་དེ་ལ་ནི་ཡོན་ཏན་དང་ལྡན་པའི་དབང་པོ་ལ་སོགས་པ་སྟེ་སྣང་བ་དང་ཡིད་ལ་བྱེད་པ་ཤེས་པ་སྐྱེད་པར་ནུས་པར་རོ། །དེ་ཞེས་བྱ་བ་ནི་གཉིད་ལོག་པ་ལ་སོགས་
པའོ། །ཤེས་པ་མེད་པ་ཙམ་གྱི་དམིགས་པ་ཁྱད་པར་ཅན་མེད་པའི་ཕྱིར་ཏེ། རྒྱུ་དེས་དེ་ཉིད་ཡོད་བཞིན་དུ་གང་དག་གི་མེད་པར་མ་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་མི་དམིགས་པ་ཙམ་དུ་ཟད་པས་ན་མ་རྟོགས་པ་ཡིན། དེ་མི་དམིགས་པ་དེ་འདྲ་བ་ཉིད་མེད་པའི་ཕྱིར་ཏེ། དམིགས་པའི་
རྒྱུ་གཞན་ཡོད་པའི་དམིགས་པ་མེད་པའི་ཕྱིར་རོ། །དེ་ཡོད་ན་ནི་གང་དག་གི་མེད་པར་རྟོགས་པར་འགྱུར་རོ་ཞེས་ཟེར་རོ། །འདིར་མ་དམིགས་པའི་རྒྱུ་གཞན་ཡོད་ན་ཞེས་བྱ་བ་དེ་ཉིད་དབང་པོ་ལ་སོགས་པ་དེ་དག་གི་ཡོན་ཏན་འཇུག་པ་སྟེ། བྱ་བ་བྱེད་པ་ཉིད་བརྗོད་པ་ཡིན་ལ་ཡོན་ཏན་དེ་ལྟ་བུ་
ནི་དམིགས་པ་འཇུག་པས་སྟོན་པ་སྟེ། རང་གི་ཤེས་པ་སྐྱེས་པས་ཡོན་ཏན་སྟོན་པ་ཡིན་ཏེ། དེ་ལྟ་ན་ནི་ཞེས་བྱ་བ་ནི་དམིགས་པ་འཇུག་ནའོ། །གདོད་དབང་པོ་ལ་སོགས་པ་ཡོན་ཏན་དང་ལྡན་པ་ཡིན་ཏེ། རང་གི་འབྲས་བུ་དམིགས་པ་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡོན་ཏན་དང་ལྡན་
པ་ཉིད་དུ་རྟོགས་སོ། །དེ་ལྟར་ན་དམིགས་པའི་རྒྱུ་གཞན་ཡོད་ལ་ཞེས་བྱ་བ་དེ་ཡང་དམིགས་པ་ཉིད་ཡིན་ཏེ། དམིགས་པ་མེད་ན་གཉིད་ལོག་པ་ལ་སོགས་པ་ལྟར་ཡོན་ཏན་གྱི་རྒྱུར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་དམིགས་པ་ཡིན་དང་ཁོ་བོ་ཅག་གི་སྨྲ་བ་ཉིད་ལ་བརྟེན་པར་འགྱུར་ཏེ། ཁྱོད་ཀྱི་
དམིགས་པ་ཁྱད་པར་ཅན་གྱི་དམིགས་པ་ཞེས་བྱ་བ་ཡང་དོན་གང་ཡོད་ན་སྣང་དུ་རུང་བའི་དམིགས་པ་དེ་ཉིད་ཀྱི་དམིགས་པའི་ཁྱད་པར་ཅན་མེད་པ་སྟེ། དགག་པར་བྱ་བ་དང་མ་འདྲེས་པར་ཆོས་ཅན་གྱི་རྣམ་པ་གཅིག་ཏུ་སོ་སོར་ངེས་པའོ། །གཞན་དུ་ཞེས་བྱ་བ་ནི་མི་དམིགས་པ་ཉིད་མི་དམིགས་པ་ཡིན་པ་ལས་
เล่ม ๑๘๗ · หน้า 258b
གཞན་དུ་དོན་དམིགས་པ་མེད་པ་མི་དམིགས་པ་ཡིན་ནའོ། །དོན་གྱི་མེད་པ་ཉིད་ནི་དགག་པར་བྱ་བ་མེད་པ་ཉིད་དོ། །དེ་ཤེས་པ་མི་དམིགས་པ་ཡིས་རྟོགས་འགྱུར་ན། ཤེས་པ་མི་དམིགས་པ་ནི་མེད་པ་ཉིད་དེ་ཤེས་པ་དེ་ལྟ་བུའི་མེད་དོ་ཞེས་བྱ་བ་རྟགས་གཞན་གྱིས་རྟོགས་པ་ཡིན་ཕྱིར་
ཏེ། དེ་རང་གིས་ནི་མི་རྟོགས་ཏེ་མེད་པ་ཡིན་པའི་ཕྱིར་དོན་གྱི་མེད་པ་བཞིན་ནོ། །རྟགས་དེ་ཡང་མི་དམིགས་པ་ཉིད་ཡིན་ཏེ་དགག་པ་མེད་པའི་སྔ་མ་བཞིན་ནོ། །དེའི་ཕྱིར་དེ་མི་དམིགས་པ་ཡིན་པའི་ཕྱིར་ཡང་རྟགས་གཞན་ལ་ལྟོས་ཏེ་སྔ་མ་བཞིན་ཞེས་བྱ་བའི་རིམ་གྱིས་ཐུག་པ་མེད་འགྱུར་རོ། །
གཞན་ཡང་དག་པར་མྱོང་བ་མེད་པར་ཞེས་བྱ་བ་སྨོས་ཏེ། དགག་པར་བྱ་བའི་ཕྱིར་ཡང་དག་པར་མྱོང་བ་སྟེ་ཤེས་པ་སྟེའོ། །དེ་མེད་པར་ཤེས་པ་རང་གིས་རང་རིག་པའི་སྟོབས་ཀྱིས་ཕྱོགས་མ་འདྲེས་པ་ལ་དམིགས་པའི་ཤེས་པ་རང་ཉིད་ཀྱིས་མི་འགྲུབ་སྟེ། ངེས་པའི་ཤེས་པ་མི་སྐྱེད་
ནའོ། །འོ་ན་ནི་ཤེས་པ་དེའི་ཁྱད་པར་གྱིས་ཡུལ་ལ་ཡང་དགག་པར་བྱ་བ་མེད་པའི་ཁྱད་པར་དུ་མི་རྟོགས་པར་ཐལ་བར་འགྱུར་ཏེ། འདི་ལྟར་ཡང་དག་པར་མྱོང་བ་ནི་བདག་ཉིད་ཀྱི་ཁྱད་པར་ཏེ་འདི་ཉམས་སུ་མྱོང་བ་ཡོད་ཀྱི་འདི་ཉམས་སུ་མྱོང་བ་ནི་མེད་དོ་ཞེས་རང་གི་ཁྱད་པར་རྟོགས་པས་
གཞན་དོན་གང་གི་དམིགས་པ་མེད་པའི་དོན་གཞན་དེ་ཡང་དེ་བཞིན་དུ་ཤེས་པ་བཞིན་དུ་མེད་པར་རྟོགས་པར་བྱེད་ལ་གང་གི་དམིགས་པ་ཡོད་པ་ནི་ཡོད་པར་རོ། །གཞོན་ནུ་མ་ལེན་ན་རེ་གང་གི་སྐྱོན་མེད་ལ་ཞེས་ཟེར་ཏེ། མི་དམིགས་པའི་རྟགས་ཐུག་པ་མེད་པ་ལ་གང་གི་སྐྱོན་མེད་པ་ལའོ། །
རང་བཞིན་ཁྱད་པར་ཅན་གྱི་ཤེས་པ་མེད་པ་སྟེ་ཤེས་པ་མེད་པ་མ་ཡིན་པར་སྨྲ་བ་དག་གི་ལྟར་ཡང་མ་ཡིན་པའི་ཕྱིར་ཡང་ཐུག་པ་མེད་དོ། །འོ་ན་ཅི་ཞེ་ན། འོན་ཀྱང་གང་མི་དམིགས་པས་ཏེ། ཞེས་བྱ་བ་སྨོས་ཏེ། དེ་ཉིད་བཤད་པའི་ཕྱིར་བུམ་པ་མེད་དོ་ཞེས་བུམ་པ་དེ་ཉིད་མེད་པ་དམིགས་པ་
ལས་མེད་རྟོགས་ཏེ། རྣམ་པར་རྟོག་པ་ཅན་དེས་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རྟོག་པ་མེད་པ་ལས་རང་རྒྱུད་པའི་ཚད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ཞེས་བྱ་བ་ནི་བུམ་པ་མེད་དོ་ཞེས་ཤེས་པའོ། །གང་ལས་ཏེ་བུམ་པ་མེད་པ་གང་ལས་བུམ་པ་མེད་དོ་ཞེས་ཤེས་པའི་རྒྱུ་ཡིན་པས་
เล่ม ๑๘๗ · หน้า 259a
འདོད་པ་དེ་ཇི་ལྟར་ཤེས་པའི་རྐྱེན་ཡིན། ཅིའི་ཕྱིར་ཞེ་ན། མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེད་པ་ནི་མེད་པ་གཞན་ལ་མི་ལྟོས་པས་ཞེས་བྱ་བ་ནི་མེད་པའི་ཕྱིར་མེད་པ་དེ་གཞན་གང་ལ་ཡང་མི་ལྟོས་ཏེ་ལྟོས་པ་མེད་པའི་ཕྱིར་རོ། །ཡང་ན་མེད་པར་བྱ་བའི་ཕྱིར་གཞན་
ལ་མི་ལྟོས་པ་དེ་རྒྱུ་ཕྱི་ནས་མེད་པའི་ཕྱིར་མེད་པ་བྱེད་ན་བྱེད་པ་འགོག་པར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བ་ནི་མེད་དོ་སྙམ་པའི་རྟོག་པ་ཅན་གྱི་ཚད་མའོ། །བྱེ་བྲག་ལ་བརྟེན་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་བྱེ་བྲག་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་ཡང་བརྟེན་པའི་སྒྲ་འཇུག་
པས་སོ། །མཚན་ཉིད་དེ་དག་དང་ལྡན་པ་ཞེས་བྱ་བ་ནི་ཤེས་པ་སྐྱེད་པར་ནུས་པ་དང་གཞན་ལ་བྱེ་བྲག་སྐྱེ་བ་སྟེ་བྱ་བ་བྱེད་པ་དང་རང་གྲུབ་པའོ། །འདི་ལ་རྐྱེན་དུ་འགྱུར་བ་མི་སྲིད་དོ་ཞེས་བྱ་བ་ནི་བུམ་པ་མེད་པ་འདི་མེད་དོ་ཞེས་ཤེས་པའོ། །ཚད་མ་རང་རྒྱུད་པ་དགག་པའི་ཕྱིར་མཐོང་བའི་དེ་མ་ཐག་
པ་ཅན་ཞེས་བྱ་བ་སྨོས་ཏེ། ཁྱེད་དང་ཁོ་བོ་ཅག་ལ་མཐུན་པར་གྲུབ་པའི་མཐོང་བ་རྟོག་པ་མེད་པའི་དེ་མ་ཐག་པ་ཅན་གྱི་ཤེས་པ་མཐོང་བ་ཁོ་ནའི་སྟོབས་ལས་སྐྱེས་ཤིང་དེ་ཁོ་ནའི་རྗེས་སུ་བྱེད་པའོ། །དེའི་སྟོབས་ཀྱིས་སྐྱེ་བ་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་རང་དགའ་འམ་རྟགས་ལས་མ་
ཡིན་པའོ། །ཤེས་པ་དེ་ཡང་དངོས་པོ་དེ་ཉིད་དུ་ནུས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་རྟོགས་པར་ནུས་ཏེ་ཤེས་པ་ཉིད་ཀྱིས་ཡོངས་སུ་བཅད་ཟིན་པའི་ཕྱིར་དང་པོ་ཤེས་པ་རྟོགས་པ་མེད་པ་དེ་ཁོ་ན་དོན་དེ་ལ་ཚད་མར་འགྱུར་རོ། །དེ་ལྟར་རྣམ་པ་གཅིག་ཏུ་མཐོང་བས་རྣམ་པར་རྟོག་པ་གཅིག་ཏུ་ངེས་པ་
ཅན་བསྐྱེད་པས་གཅིག་ཏུ་ངེས་པ་དེའི་མཐུས་གཅིག་པོ་ལས་གཞན་པ་དགག་པར་བྱ་བ་མེད་དོ། །འགོག་པའི་ཕྱིར་སྔ་མ་ཁོ་ན་ཚད་མ་ཡིན་གྱི་དེའི་མཐུ་ལས་སྐྱེས་པ་དེའི་རྗེས་སུ་བྱེད་པས་མ་རྟོགས་པ་རྟོགས་པ་མེད་པ་རྣམ་པར་རྟོག་པ་ཅན་ནི་རང་རྒྱུད་པའི་ཚད་མ་མ་ཡིན་ནོ། །མཐོང་
བ་རྣམ་པ་གཞན་དང་འདྲེས་ན་མ་མཐོང་ངོ་ཞེས་ཤེས་པའི་རྟོགས་པ་ཅན་དེ་མི་འབྱུང་བའི་ཕྱིར་རོ། །དེ་དག་གི་མཇུག་བསྡུ་བའི་ཕྱིར་དེ་ཕྱིར་ཞེས་བྱ་བ་སྨོས་ཏེ། མཐོང་བ་ཁོ་ནས་དོན་དེ་རྟོགས་ཟིན་པ་དང་། རྟོག་པ་ཅན་དེ་ཡང་མཐོང་བའི་མཐུ་ལས་བྱུང་བའི་ཕྱིར་རང་དགས་རྟོགས་པ་མེད་
เล่ม ๑๘๗ · หน้า 259b
པས་སོ། །གཞན་གྱི་སྟོབས་ཀྱིས་བསྐྱེད་པ་དེ་ཉིད་བྱེ་བྲག་ཏུ་བསྟན་པའི་ཕྱིར་དབང་པོ་ལ་མི་བརྟེན་པ་ཞེས་སྦྱར་ཏེ། འདི་མཚོན་པ་ཡིན་པས་བསྒོམས་པ་ལ་བརྟེན་པ་མ་ཡིན་ནོ་ཞེས་ཀྱང་སྦྱར་རོ། །དེའི་ཕྱིར་མངོན་སུམ་མ་ཡིན་པར་བསམས་པའོ། །ཕྱི་རོལ་གྱི་དོན་ངེས་པའི་ཤེས་པ་ཡིན་པའི་
ཕྱིར་རང་རིག་པར་དོགས་པ་ནི་མེད་དོ། །རྟགས་དག་ལ་བརྟེན་པ་མ་ཡིན་པས་ནི་རྗེས་སུ་དཔག་པ་མ་ཡིན་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཐོང་བ་ཉིད་ཀྱིས་སྔོན་པོ་རྟོགས་ཟིན་པས་དེ་ལ་ངེས་པའི་རྟོགས་པ་ནི་སྔོན་པོ་དེ་ཉིད་ལ་རྟོགས་པར་བྱེད་པར་ཟད་ཀྱི་མ་རྟོགས་པའི་དངོས་པོའི་ཆོས་རྟོགས་པ་
མེད་པས་དེ་ཚད་མ་མ་ཡིན་ནོ། །སྣང་བ་མི་དམིགས་པ་བརྟེན་ནས་མི་སྣང་བ་མི་དམིགས་པ་བསྟན་པའི་ཕྱིར། མ་མཐོང་བས་མེད་མི་རིགས་ཕྱིར། །ཞེས་བྱ་བ་སྨོས་ཏེ། མ་མཐོང་བ་ཙམ་དང་དོན་ཡོད་པར་འགལ་བ་མེད་པའི་ཕྱིར་རོ། །གཞན་ནི་ཡོད་པ་ཟློག་བྱེད་དེ། །ཞེས་བྱ་བ་ནི་སྣང་བ་མི་
དམིགས་པ་ལས་གཞན་མི་སྣང་བ་མི་དམིགས་པས་ནི་ཡོད་པ་ཟློག་བྱེད་དེ་ཡོད་པའི་ཐ་སྙད་ནི་ཡོད་པའི་འབྲས་བུ་ཡིན་པའི་ཕྱིར་ཡོད་པའོ། །དེའི་ཕྱིར་ཡོད་པའི་ཐ་སྙད་ཟློག་བྱེད་དེ། མེད་ན་མི་འབྱུང་བ་མེད་པའི་ཕྱིར་རོ། །དཔེར་ན་རྟགས་མེད་རྣམ་རྟོག་སོགས། །དེ་རྟགས་ལྟར་སྣང་བ་ལ་
བརྟེན་པའི་རྟོགས་པས་ཀྱང་གཞན་ཡོད་སྒྲུབ་པ་མ་ཡིན་ཏེ། མེད་ན་མི་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་གིས་འདོད་པའི་མ་མཐོང་བ་ཙམ་གྱི་མི་དམིགས་པ་འདི་ཡང་དེ་འབྲས་ངེས་པ་དེ་མེད་པའི་ཐ་སྙད་ཀྱི་འབྲས་བུ་ངེས་པ་ཅན་མ་ཡིན་ཏེ། དངོས་པོ་མེད་ན་མི་དམིགས་པར་
མི་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལྡོག་པ་སྒྲུབ་པར་ནུས་མིན་ནོ། །དེ་དངོས་པོ་འགོག་པ་སྒྲུབ་པར་ནུས་པ་མ་ཡིན་ནོ། །གཏན་ཚིགས་དང་པོའི་དབང་བྱས་ཏེ། །ཞེས་བྱ་བ་ནི་སྔར་བཤད་པ་སྟེ་སྣང་བ་མི་དམིགས་པའོ། །ངེས་པ་ཉིད་ནི་སྒྲུབ་བྱེད་ཡིན་ཏེ་མེད་པར་ངེས་
པའོ། །རང་གི་ངོ་བོ་སྦྱོར་བ་ནི་རྟགས་སྣང་བ་མི་དམིགས་པ་རང་གིས་སྒྲུབ་པའོ། །ཚད་མས་གནོད་པའི་ཕྱིར་ཡང་ཞེས་བྱ་བ་འདི་ཡང་འགལ་བ་ཡིན་ནོ་ཞེས་བསྡུ་བའོ། །ཚད་མས་གནོད་པ་ཞེས་བྱ་བ་ནི་གཅིག་སྤངས་པས་ཅིག་ཤོས་གནས་པ་མ་ཡིན་ཡང་དེ་གཉིས་བདག་ཉིད་གཅིག་པར་
เล่ม ๑๘๗ · หน้า 260a
འགལ་བར་ཚད་མ་གཞན་གྱིས་བསྒྲུབ་པས་འགལ་བ་སྟེ། ཕན་ཚུན་སྤངས་པས་གནས་པའི་ཆོས་དང་ལྡན་པ་དག་གོ། །བདག་ཉིད་གཅིག་པར་ཚད་མས་གནོད་པའི་འགལ་བ་དེ་ཉིད་ཁས་ལེན་པ་ལ་སྦྱོར་བར་གནོད་པ་ཅན་དེ་ཕན་ཚུན་དགག་པར་བྱ་བའི་དོན་བཀོད་
པ་ཡང་འགྱུར་ཏེ་འགལ་བས་ཁྱབ་པ་དམིགས་པས་ཞེས་བྱ་བ་མི་དམིགས་པའི་སྦྱོར་བ་གནོད་པ་ཅན་གྱི་དོན་སྦྱོར་བར་འགྱུར་རོ། །དེ་རྟགས་ཀྱང་འགལ་བར་འགྱུར་ཏེ་ཞེས་བྱ་བ་ནི་འགལ་བ་ཁས་ལེན་པ་དེའི་རྟགས་ངེས་མི་འདོད་པ་བསྒྲུབ་པའི་ཕྱིར་འགལ་བའི་གཏན་ཚིགས་ལྟར་སྣང་བར་
འགྱུར་རོ། །དེ་ཉིད་བཤད་པར་འདོད་པས་དཔེར་ན་ལྟོས་པ་དང་བཅས་པ་དང་ངེས་པར་འབྱུང་བ་དག་ལྟ་བུའོ། །དེ་ཉིད་གཅིག་པར་ཚད་མས་གནོད་པར་བསྟན་པའི་ཕྱིར་ཚད་མ་ཡང་ཞེས་བྱ་བ་སྨོས་སོ། །གོས་ལ་ཚོན་བཞིན་ཞེས་བྱ་བ་ལྟོས་པ་དང་བཅས་པ་ལ་ངེས་པ་མེད་པས་ཁྱབ་པར་བསྟན་
ཏོ། །དེའི་ཕྱིར་ལྟོས་པ་དང་བཅས་པ་ནི་ངེས་པ་མེད་པ་ཉིད་སྒྲུབ་པའི་ཕྱིར་གཞན་ནི་རྒྱུས་འཇིག་པའི་ཕྱིར་མི་རྟག་པར་ངེས་པར་འགྱུར་བ་ལས་བཟློག་པ་སྒྲུབ་པའི་ཕྱིར། གཏན་ཚིགས་ལྟོས་པ་དང་བཅས་པ་ཉིད་འགལ་བར་འགྱུར་རོ། །ངེས་པའི་ཕྱིར་ཞེས་བྱ་བ་ནི་འཇིག་པ་ངེས་པའི་ཕྱིར་
འགལ་བའམ་སྐྱོན་མེད་པའོ། །མ་ཡིན་ཏེ། དེ་དག་ཅེས་བྱ་བ་ནི་འཇིག་པའི་རྒྱུ་དེ་དག་གོ། །རང་གི་རྒྱུའི་ཚོགས་པ་ལ་རག་ལས་པའི་བུམ་པའི་རང་གི་རྒྱུ་ལས་གྲུབ་ཟིན་པ་དག །རྒྱུ་གཞན་ལ་མངོན་དུ་ཕྱོགས་པ་སྟེ་རག་ལས་པར་མཐོང་བ་མེད་དོ། །རང་གི་རང་བཞིན་རྫོགས་ཟིན་པའི་ཕྱིར་
ཏེ། གཞན་དེ་ལ་རག་མ་ལས་པའི་ཕྱིར་རོ། །གལ་ཏེ་འཇིག་པར་བྱེད་པ་འདི་ཆོས་ཉིད་ཡིན་པའི་ཕྱིར་ངེས་པར་འབྱུང་བ་དེ་བཞིན་ནོ་ཞེ་ན། ཆོས་ཉིད་ཡིན་པར་ཁས་ལེན་པ་དེ་ཉིད་སྐད་ཅིག་མ་ཡིན་འདོད་པར་འགྱུར་ཏེ། སྐད་ཅིག་མ་ཞེས་བྱ་བ་གྲུབ་མ་ཐག་ཏུ་འཇིག་པའི་རང་བཞིན་
མ་ཡིན་ན་འཇིག་པའི་ཆོས་མ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་སྔོན་འཇིག་པ་མ་བྱུང་བ་དེ་ཕྱིས་འཇིག་པའི་རྒྱུས་ཀྱང་མི་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རང་བཞིན་གྱིས་འཇིག་པར་འགྱུར་རོ། །གཞན་ཡང་ཆོས་ཉིད་དུ་ཁས་ལེན་ན་དེའམ་ཞེས་བྱ་བ་ནི་དངོས་པོའོ། །རང་བཞིན་ངེས་ན་
เล่ม ๑๘๗ · หน้า 260b
བྱ་བས་སྦྱོར་ཏེ། རྒྱུ་ལས་མི་རྟག་པའི་རང་བཞིན་དུ་ངེས་ནའོ། །དེ་རྒྱུ་ཞེས་བྱ་བ་འཇིག་པའི་རྒྱུའོ། །དེ་ཡང་མི་རྟག་པའི་རྒྱུ་རང་བཞིན་ངེས་ནའོ། །དེའམ་ཞེས་བྱ་བ་དངོས་པོའམ་དེའི་སྐྱེད་པར་བྱེད་པ་སྟེ། འཇིག་པའི་རྒྱུ་གཞན་མ་ཡིན་པའོ། །རང་བཞིན་ཡིན་པར་དེ་དངོས་པོ་རང་
བཞིན་གྱིས་འཇིག་པའོ། །དེའི་སྐྱེད་པར་བྱེད་པ་དང་ཡང་འཇིག་པའི་རང་བཞིན་དུ་སྐྱེད་པའི་རང་བཞིན་ཡིན་པར་ཅིས་མི་འདོད་དེ། ཇི་ལྟར་ན་བརྒྱུད་པས་ཡིན་དེ་སྐྱེད་པར་བྱེད་པ་ལས་ནི་དངོས་པོའོ། །དེས་ན་ནི་འཇིག་པའི་རྒྱུ་ལས་འཇིག་པའོ། །ཐོག་མ་ནས་དེའི་རང་བཞིན་མ་ཡིན་པ་ཉིད་
ལ་ནི་ཞེས་བྱ་བ་ནི་རང་བཞིན་སྐྱེད་པའི་རྒྱུ་ལས་སྐྱེ་བ་ན་མི་རྟག་པ་དེའི་རང་བཞིན་མ་ཡིན་པ་ཉིད་ཡིན་ན་ནི་ཕྱིས་འཇིག་པ་ནི་རྒྱུས་ཀྱང་འཇིག་པ་དེ་འབྱུང་བར་མི་ནུས་ཏེ། ནམ་མཁའ་བཞིན་ནོ། །དེ་དག་གིས་ཞེས་བྱ་བ་ནི་གཞན་ལ་རག་ལས་པ་མ་ངེས་པ་ཁྱབ་པར་བཤད་པས་སོ། །རེས་
འགའ་བའི་རང་བཞིན་ནི་མ་ངེས་པའོ། །ལྟོས་པ་མེད་པ་ངེས་པ་སྟེ། །གང་ཞིག་དེ་ཡོད་གཞན་ལྟོས་མེད། །དེ་དག་དི་ཡོད་ལ་ངེས་ཡིན། །ཞེས་གསུངས་པ་ལྟ་བུའོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ནི། རེས་འགའ་བའི་རང་བཞིན་དང་ལྟོས་པ་མེད་པ་དག་
གོ། །དེ་དག་ཉིད་མ་ངེས་པ་ཡིན་པའི་ཕྱིར་མ་ངེས་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འགལ་བ་ཞེས་བྱ་བ་ནི་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བའོ། །ཚད་མས་གྲུབ་པ་མ་ཡིན་པ་ཞེས་བྱ་བ་ནི་ཕན་ཚུན་སྤངས་པས་གནས་པ་ཉིད་ཡིན་གྱི་ཚད་མས་གནོད་པ་ཞེས་བྱ་བ་ནི་
གཞན་གསུམ་པ་ནི་མ་ཡིན་པའོ། །ཚད་མས་གནོད་པ་མ་ཡིན་ཏེ་ཕན་ཚུན་སྤངས་པས་གནོད་པ་ཞེས་བྱ་བ་རང་བཞིན་འགལ་བ་དམིགས་པ་ཉིད་ཡིན་པར་འགྱུར་བར་རོ། །འགལ་བས་ཁྱབ་པའི་རང་བཞིན་ཡང་ཞེས་བྱ་བ་ནི་ཕན་ཚུན་སྤངས་པས་གནས་པའི་འགལ་བ་མ་ཡིན་ཡང་ངོ་། །དེ་
འགལ་བར་བཞག་པ་ནི་ཕན་ཚུན་སྤངས་པས་གནས་པ་མ་ཡིན་ཏེ། ལྟོས་པ་དང་བཅས་པ་སྤངས་པས་ངེས་པར་འབྱུང་བ་ཉིད་དུ་མི་འགྲུབ་པའི་ཕྱིར་ཏེ། དེ་རི་བོང་གི་རྭ་ལ་སོགས་པ་རང་ཉིད་མེད་པའི་ཕྱིར་ལྟོས་པ་པོ་མེད་པས་ལྟོས་པ་དང་བཅས་པ་ཉིད་སྤངས་ཀྱང་ངེས་པར་འབྱུང་
เล่ม ๑๘๗ · หน้า 261a
བ་མི་གནས་པའི་ཕྱིར་རོ། །དེ་ཉིད་ལ་ངེས་པར་འབྱུང་བ་སྤངས་ཀྱང་ལྟོས་པ་དང་བཅས་པར་མི་གནས་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུར་ཞེ་ན། ཕན་ཚུན་སྤངས་ཏེ་གནས་པས་ཁྱབ་པའི་རང་བཞིན་ཡིན་པས་དེ་ངེས་པར་འབྱུང་བ་དང་། ངེས་པ་མེད་པ་ནི་ཕན་
ཚུན་སྤངས་ཏེ་གནས་པའི་འགལ་བ་སྟེ། དེའི་དངོས་པོ་དང་དེའི་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །ངེས་པ་དེའི་དངོས་པོ་མེད་པས་ཁྱབ་པ་ནི་གཞན་ལ་ལྟོས་པ་ནིའོ། །དེ་ཡང་ཤུགས་ཀྱིས་ཏེ་ཕན་ཚུན་སྤངས་པ་མ་ཡིན་ཡང་དེ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར་ཤུགས་ཀྱིས་ཞེས་བྱ་བ་བརྒྱུད་
པས་འགལ་བ་སྟེ། དེ་དང་དེ་མེད་པ་ནི་མངོན་སུམ་དུ་འགལ་ལ། འགལ་བ་དེ་དང་ལྡན་པ་ནི་དེའི་ཤུགས་ཀྱིས་སོ། །ཤུགས་ཀྱིས་འགལ་བ་དེ་སྒྲུབ་པར་བྱེད་པའི་ཚད་མ་ནི་མི་དམིགས་པའི་སྦྱོར་བར་འགྱུར་རོ་ཞེས་བྱ་བ་སྦྱོར་བ་དེས་རང་བཞིན་འགལ་བ་ལས་གཞན་སྦྱོར་བ་
དང་། ཤུགས་ཀྱིས་འགལ་བ་ཡང་གྲུབ་པར་འགྱུར་རོ་ཞེས་དེ་ལྟར་བསྟན་པའི་ཕྱིར་འགལ་བས་ཁྱབ་པ་མི་དམིགས་པ་ཞེས་བྱ་བ་རང་བཞིན་འགལ་བ་དམིགས་པ་ལས་སྦྱོར་བ་ཐ་དད་པར་བསྟན་པ་ཡིན་ནོ། །ཆོས་ཅན་གྱི་ངག་དག་གི་སྦྱོར་བར་བརྗོད་པ་ནི་དོན་ཆོས་ཅན་ཡོད་པ་ལ་
རུང་གི་མེད་པ་ལ་མི་རུང་བའི་ཕྱིར་ཏེ། དེ་སྒྲའི་དོན་ཕྱིའི་དོན་མ་ཡིན་པར་བསམས་པའོ། །དེ་བཀག་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཐེ་ཚོམ་ལ་སོགས་པ་དགག་པར་མི་འགྱུར་བའོ། །ཅིའི་ཕྱིར་སྦྱོར་བ་བརྗོད་པར་མི་བྱ་ཞེ་ན། ཡུལ་མེད་པ་ཞེས་བྱ་བ་སྨོས་ཏེ། རྟགས་གཞི་མ་གྲུབ་པའི་
ཕྱིར། དགག་པའི་སྦྱོར་བ་མི་དམིགས་པའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པས་ཡོད་བཞག་པ་ནི་རྣམ་པར་རྟོག་པ་ལ་སྣང་བ་ལ་ཡོད་པར་སྣང་བ་ནི་ཡོད་པར་རྟེན་པའོ། །མེད་པར་སྣང་བ་ནི་མེད་པར་རྟེན་པའོ། །ཡོད་པ་དང་མེད་པ་གཉི་གར་སྣང་བ་ནི་གཉི་གར་རྟེན་པ་སྟེ་བུམ་པ་དང་རི་བོང་
གི་རྭ་དང་ལུས་ཅན་མ་ཡིན་ཞེས་བྱ་བ་རྣམས་དང་གོ་རིམས་བཞིན་ཏེ། ལུས་ཅན་མ་ཡིན་པ་ནི་ནམ་མཁའ་ལ་སོགས་པ་ཡོད་པར་སྣང་བ་དང་། རི་བོང་གི་རྭ་ལ་སོགས་པ་མེད་པ་དག་ཏུ་སྣང་བ་གཉི་གར་བསྟན་པ། དེར་ནི་ཕྱི་དངོས་ཉེར་བླངས་ཏེ། །ཞེས་བྱ་བ་གཙོ་བོ་ལ་སོགས་པ་དགག་
เล่ม ๑๘๗ · หน้า 261b
པ་དེར་ནི་ཕྱིའི་དངོས་ཞེས་བྱ་བ་རྣམ་པར་རྟོག་པ་ལ་སྣང་བ་ལས་གཞན་པ་རང་གི་མཚན་ཉིད་དོ། །དེ་ཉེ་བར་བཟུང་སྟེ་དགག་པར་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་ལྟར་ན་ཡང་སྒྲ་དོན་མེད་མིན་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་གཙོ་བོ་ལ་སོགས་པ་ཆོས་ཅན་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྦྱོར་
བ་བརྗོད་ཕྱིར་ཏེ་རྣམ་པར་རྟོག་པ་ལ་སྣང་བ་མེད་པ་ནི་བརྗོད་པ་མི་སྲིད་པས་སོ། །དེའི་རྣམ་པ་ཅན་གྱི་རྣམ་པར་སྐྱེད་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི་སྨྲ་བ་པོ་སྒྲས་སྟོན་པ་ཡང་ངོ་། །རྒྱུ་དང་འབྲས་བུའི་ཤེས་པ་ལ་ཞེས་བྱ་བ་ནི་སྟོན་པ་དང་ཉན་པ་པོའོ། །སོ་སོར་མི་སྣང་བ་ནི་རང་གི་མཚན་ཉིད་ཀྱི་
དོན་ཏོ། །སོ་སོར་རང་གིས་རིག་པ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་རྒོལ་བ་དང་། ཕྱིར་རྒོལ་བ་ལ་རང་རིག་པའི་མངོན་སུམ་གྱིས་གྲུབ་པའོ། །འདི་ལ་གཞན་རིགས་པ་ནི་མེད་དེ། གཞན་དེ་བརྫུན་པའི་ཕྱིར་རོ། །ཡང་དག་པར་མ་ཐོབ་པ་ནི་མ་འོངས་པའོ། །འདི་ལ་གནོད་པ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སྣང་བ་འདི་ལ་གནོད་པ་མེད་པ་དེ་མེད་པར་མི་འགྱུར་བའི་ཕྱིར་རོ། །འདི་དག་བློ་དོན་ཡུལ་ཅན་འདོད། །ཅེས་བྱ་བ་ནི་སྒྲ་འདི་དག་ཐམས་ཅད་དངོས་སུ་ནི་བློ་ལ་སྣང་བའི་དོན་ཅན་ནོ། །དེ་ལ་ཡང་རྣམ་པར་གཞག་པའི་མཚན་ཉིད་རྒྱུ་མེད་པ་
ཅན་བསྒྲུབ་པ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པ་དགག་པ་དེ་ལ་ཡང་ཕ་རོལ་གྱིས་ཇི་ལྟར་བཞག་པ་སྟེ། མི་གསལ་བ་དང་རྟག་པ་དང་སྤྱི་དང་སྐྱེད་པར་བྱེད་པ་དག་ཏུ་བློ་ལ་སྣང་བ་དེའི་ཕྱིའི་རྒྱུ་མེད་པ་ཅན་དུ་སྒྲུབ་པར་བྱེད་པ་དེ་ལྟ་བུའི་མི་དམིགས་པའི་ཡོད་པའི་ཕྱིར་ཏེ། རྣམ་པར་རྟོག་པ་
ལ་སྣང་བའི་གཞི་སྒྲུབ་པས་སོ། །དེ་བློ་ཉེ་བར་གཞག་པའི་དོན་དུ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའི་སྣང་བའི་བློ་དེའི་ཕྱིའི་རྒྱུ་མ་ཡིན་ནོ་ཞེས་ཉེ་བར་སྒྲུབ་པའི་དོན་དུའོ། །འདིར་ནི་དངོས་པོ་ཉིད་སེམས་ཏེ། །ཞེས་བྱ་བ་ནི་གཙོ་བོ་དགག་པ་ལ་སོགས་པ་འདིར་རོ། །དངོས་པོ་ཉིད་ཡིན་ནམ་མ་ཡིན་
པ་སེམས་ཀྱི་སྒྲའི་དོན་རྣམ་པར་རྟོག་པ་ལ་སྣང་བ་ནི་སེམས་པའོ། །དངོས་པོ་ཁོ་ན་སེམས་པ་ཡང་ཅིའི་ཕྱིར་ཞེ་ན། འབྲས་བུ་སྐྱེད་དང་འབྲེལ་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ཁོ་ནས་འབྲས་བུ་སྐྱེད་ལ་རྟོག་པ་དང་ལྡན་པ་ཡང་འབྲས་བུ་ཡོད་པ་ཁོ་ན་ལ་བླང་དང་དོར་བར་རྟོག་གོ། །
เล่ม ๑๘๗ · หน้า 262a
དེ་ཁོ་ན་ཉིད་ཀྱང་ཡང་དག་པར་མི་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པས་སོ། །འདི་དག་ཐམས་ཅད་ནི་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་ཐམས་ཅད་དོ། །གསུངས་ཏེ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །བརྗོད་ཟིན་པ་ཡིན་ནོ་ཞེས་བྱ་བ་
ནི་ལེའུ་གཉིས་པར་རོ། །གྲངས་ཅན་དག་གཙོ་བོ་ཡོད་པ་ཉིད་སྤྱི་དེ་སྒྲུབ་པར་འདོད་ནས། ཡོད་པ་རང་བཞིན་གཏན་ཚིགས་ན། །ཞེས་བྱ་བ་སྨོས་ཏེ། ཡོད་པའི་ཕྱིར་མི་རྟག་ཅེས་བྱ་བའོ། །སྤྱི་ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན་ཏེ། བསྒྲུབ་པར་བྱ་བར་འགྱུར་བའོ། །གལ་ཏེ་
རྟག་པ་དང་མི་གསལ་བ་དང་། སྐྱེད་པར་བྱེད་པ་ཞེས་བྱ་བའི་བྱེ་བྲག་རྗེས་སུ་འགྲོ་མེད་ཅེ་ན་ཞེས་བྱ་བ་ནི་དཔེ་མ་གྲུབ་པོ་ཞེ་ན། གཏན་ཚིགས་བསྒྲུབ་བྱ་དག་འགལ་འགྱུར་ཏེ། ཁྱེད་ཀྱི་གཏན་ཚིགས་བྱས་པའི་ཕྱིར་མི་རྟག་ཅེས་བྱ་བ་ཡང་སྒྲར་འགྱུར་བའི་མི་རྟག་པ་ནི་བུམ་པ་ལ་
མེད་ལ་རྟགས་ཀྱང་དེ་དང་འདྲའོ་ཞེས་པའོ། །གལ་ཏེ་འདི་ལྟར་བྱེ་བྲག་ཅེས་བྱ་བ་ནས་གསུངས་ཏེ་ཞེས་བྱ་བའི་བར་ནི་བྱེ་བྲག་རྗེས་འགྲོ་མེད་ཅེས་ཞེས་བྱ་བའི་ཆ་འཆད་དོ། །ཚད་མ་ཡུལ་གྱིས་མི་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་ཚད་མས་མ་གྲུབ་པའི་ཕྱིར་རོ། །གསུངས་
སོ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །གཏན་ཚིགས་ཀྱང་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་ལ་བརྟེན་ན་བུམ་པར་གྱུར་པའི་ཡོད་པ་ཡང་དཔེ་ལ་མེད་པའི་ཕྱིར་རོ། །བྱེ་བྲག་གིས་བསྒྲུབ་པར་བྱ་བ་ཁོ་ན་སྐྱོན་དང་བཅས་པ་མ་ཡིན་གྱི་ཞེས་བྱ་བ་ནི་ཡོད་པ་བྱེ་བྲག་
གིས་ཏེ། གཙོ་བོ་ཡོད་པ་སྤྱི་ཉིད་དང་རྟག་པ་དང་སྐྱེད་པར་བྱེད་པའམ་དབང་ཕྱུག་ཡོད་པ་རྟག་པ་དང་བདེ་བ་དང་རྗེས་སུ་གཟུང་བ་དང་། ཆད་པས་གཅོད་པར་བྱེད་པ་ལ་སོགས་པ་བྱེ་བྲག་ཏུ་བྱས་ཏེ་སྒྲུབ་ན་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡོད་པ་ཉི་ཚེར་མ་ཟད་དེ་འོན་ཀྱང་ཡོད་པ་གཏན་ཚིགས་སུ་
བྱས་ན་ཡང་རྗེས་སུ་འགྲོ་བ་མེད་པར་སྐྱོན་མཚུངས་པ་ཡིན་ཏེ། བུམ་པར་གྱུར་པའི་ཡོད་པ་ནི་སྒྲ་ལ་མེད་པའི་ཕྱིར་མ་གྲུབ་པ་ཡིན་ལ་སྒྲར་གྱུར་པའི་ཡོད་པ་ནི་དཔེ་ལ་མེད་པས་སོ། །སྐྱོན་འདི་མེད་དེ་ཞེས་བྱ་བ་ནི་མཚུངས་པའོ། །ཡོད་པ་ཙམ་ཞིག་ཉེར་བླངས་ཏེ། །ཞེས་བྱ་བ་རྟག་པ་
เล่ม ๑๘๗ · หน้า 262b
དང་སྐྱེད་པར་བྱེད་པ་ལ་སོགས་པའི་བྱེ་བྲག་བོར་ཏེའོ། །དོན་འགའ་གྲུབ་པར་མི་འགྱུར་ལ། ཞེས་བྱ་བ་ནི་ཁྱོད་ཀྱི་འདོད་པའམ་མ་རྟོགས་པའི་དོན་ནོ། །ཡོད་པ་ཙམ་སྟེ་ཁོ་བོ་ཅག་ཀྱང་ཡོད་པ་ཙམ་ནི་འགོག་པར་མི་བྱེད་དོ། །བྱེ་བྲག་གང་ལ་ཡང་ཡོངས་སུ་མ་སྦྱར་བར་སྨྲས་
པས་ཞེས་བྱ་བ་ནི་རང་དགར་དང་སྐྱེད་པར་བྱེད་པ་དང་། །རྟག་པ་ལ་སོགས་པའི་བྱེ་བྲག་གང་ལ་མ་སྦྱར་བའི་ཡོད་པའོ། །ཡོད་པ་དེ་ནི་སྒྲུབ་བྱེད་ན། །བྱེ་བྲག་ཁོ་ནར་བསྒྲུབ་བྱ་ཡིན། །ཞེས་བྱ་བ་ནི་གཞན་དུ་ན་རྟགས་དོན་མེད་པའི་ཕྱིར་རོ། །གཞན་ཡང་རུང་ཞེས་བྱ་བ་ནི་དབང་ཕྱུག་
ཡོད་པར་འདོད་པས་ཀྱང་རང་དབང་དང་བདེ་བ་དང་འབྱིན་པ་པོ་ལ་སོགས་པར་དང་། དེས་ནི་དེའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་བྱེ་བྲག་ཏུ་བསྒྲུབ་པའི་རྟགས་དེས་སམ་སྨྲ་བ་པོ་དེ་གཙོ་བོ་ལ་སོགས་པ་དེའི་རང་བཞིན་ནོ། །རྗེས་སུ་འགྲོ་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་
བུ་ཚད་མས་གར་ཡང་མཐོང་བ་མེད་པའི་ཕྱིར་གཞི་བྱེ་བྲག་གིས་བྱེ་བྲག་ཅན་དུ་འདོད་ན་ཞེས་བྱ་བ་ནི་རིའི་མེ་ཞེས་བྱ་བར་སྒྲུབ་ནའོ། །དེ་ལྟར་གཞི་དེས་བྱེ་བྲག་ཏུ་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རིའི་མེ་ཡོད་དོ་ཞེས་སྒྲུབ་པ་ནི་མ་ཡིན་པའོ། །འོ་ན་ཅི་ཞེ་ན། མི་ལྡན་པ་རྣམ་པར་གཅོད་པ་
ནི་བྱེ་བྲག་སྟེ། འདི་ལ་མེ་ཡོད་པའོ་ཞེས་མེ་དང་མི་ལྡན་པ་རྣམ་པར་གཅོད་པའོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །དེ་ལ་སྤྱི་ཁོ་ན་ཞེས་བྱ་བ་ནི་ཆོས་ཅན་དེ་ལ་སྤྱི་མེ་ཙམ་སྟེ་ཆ་བྱེ་བྲག་ཏུ་མ་བྱས་པ་ལྡན་པར་འགྲུབ་པའོ། །གང་ལ་ཡང་མེད་པའི་ཕྱིར་ཏེ། བྱེ་བྲག་མེད་པ་ནི་ཞེས་བྱ་
བ་ནི་དཔེར་འདོད་པའི་ཆོས་ཅན་གང་ལ་ཡང་རྟག་པ་དང་། བདེ་བ་དང་། རང་དབང་ཅན་ཚད་མས་མ་གྲུབ་པའི་ཕྱིར་བྱེ་བྲག་དེ་ལྟ་བུ་དག་དང་ལྡན་པའི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །གལ་ཏེ་ཇི་ལྟར་མེད་དེ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཇི་ལྟར་མེད་དེ་ཡོད་པ་དེ་ཤེས་བྱ་བ་ལ་སོགས་
པ་ཡིན་ལ་དེ་ལྟ་ན་ཤེས་བྱ་བ་ལ་སོགས་པ་ནི་རྗེས་སུ་འགྲོ་བ་ཅན་ཡིན་ནོ་ཞེ་ན། ཅི་ཞིག་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཤེས་བྱ་བ་ལ་སོགས་པ་ནི་གྲུབ་ཟིན་པའི་ཕྱིར་དང་། དེ་གྲུབ་པ་ཡང་ཁྱེད་ཀྱི་འདོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པའི་བློའི་སྣང་བ་ནི་དོན་
เล่ม ๑๘๗ · หน้า 263a
ལ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ནི་རྟག་པ་དང་བདེ་བ་དང་འབྱིན་པ་པོ་དག་སྣང་ལ་དེའི་རྟེན་རང་གི་མཚན་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནམ། དུ་བས་མེ་ལ་སོགས་པ་ཡང་རྣམ་པར་རྟོག་པ་ལ་སྣང་བའི་རྟེན་གྲུབ་པ་ཉིད་ཡིན་པ་བཞིན་ཞེས་བྱ་བའོ། །སྒྲུབས་
ཤིག་ཅེས་བྱ་བ་ནི་གལ་ཏེ་མེ་ལ་སོགས་པ་ལྟར་རྟེན་རང་གི་མཚན་ཉིད་ཀྱི་དོན་ཅན་བསྒྲུབ་པར་ནུས་ན་ནི་སྒྲུབས་ཤིག་སྟེ། དཔེ་མ་གྲུབ་པའི་ཕྱིར་ནུས་པ་མི་སྲིད་སྙམ་དུ་དགོངས་པའོ། །གལ་ཏེ་ཕྱི་རོལ་གྱི་དོན་གྱི་རྟེན་ཅན་ཉིད་དུ་མི་འགྲུབ་པའི་ཕྱིར་གཙོ་བོ་ལ་སོགས་པ་སྟེ། དབང་ཕྱུག་ལ་
སོགས་པ་དེའི་མཚན་ཉིད་ཀྱི་བྱེ་བྲག་སྟེ། ཕྱིའི་དོན་གྱི་མཚན་ཉིད་ལ་མི་བརྟེན་ན་སྟེ། དེ་ལྟ་བུར་མི་འགྲུབ་ན་རྟགས་ཞེས་བྱ་བ་ལ་སོགས་པ་དེའི་སྒྲའི་དོན་ཙམ་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །རྟེན་གྱི་ཆོས་དེ་དག་ཉེ་བར་བརྟགས་པ་ཡིན་ཏེ། གཙོ་བོའི་བྱེ་བྲག་གི་
རང་བཞིན་རྟེན་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་རྟེན་གྱི་དོན་བཏགས་པ་ཙམ་དུ་ཟད་ཀྱི་མེ་ལ་སོགས་པ་ལྟར་དོན་དམ་པའི་རྟེན་ནི་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། རྟེན་མ་གྲུབ་པ་ལ་ཞེས་བྱ་བ་སྨོས་ཏེ། དོན་དམ་པའི་རྟེན་དང་རྗེས་སུ་འགྲོ་བ་གར་ཡང་མ་གྲུབ་པའི་ཕྱིར་དེ་བྱེ་བྲག་མེད་པས་ཞེས་
བྱ་བ་ནི་ཡོད་པ་ཤེས་པ་ལ་སོགས་པ་དེ་རྟག་པ་དང་བདེ་བ་ལ་སོགས་པའི་བྱེ་བྲག་རྗེས་སུ་འགྲོ་བ་གྲུབ་པ་མེད་པས་རྣམ་པར་རྟོག་པ་ལ་སྣང་བའི་རྟེན་གྱིས་དོན་ཉིད་དོན་ཡོད་པ་ཙམ་ཉིད་དེ་བྱེ་བྲག་དང་བྲལ་བའོ། །དོན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྟགས་སོ། །གཞན་དུ་ནི་ཞེས་
བྱ་བ་ལ་སོགས་པས་རྗེས་སུ་འགྲོ་བ་ཡོད་པ་རྣམས་སོ། །མེ་སྤྱི་དེ་ཆོས་ཅན་གྱི་བྱེ་བྲག་གིས་དབེན་པའི་མེ་ཙམ་དུ་བ་ཙམ་དང་འབྲེལ་པ་གྲུབ་པའོ། །དེ་ཉིད་ཆོས་ཅན་དེ་ལ་མ་གྲུབ་པའི་ཕྱིར་སྒྲུབ་པར་བྱེད་པའི་ཕྱིར་སྐྱོན་མེད་དོ། །དེ་སྤྱི་ཡིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་
དང་ཆོས་ཅན་འབྲེལ་པའི་སྤྱི་ཡིན་པའི་ཕྱིར་ཆོས་ཅན་ལ་མི་ལྡན་པ་སྤངས་ཀྱང་འབྲེལ་པའི་སྤྱི་དང་རྗེས་སུ་འགྲོ་བ་མེད་དོ་སྙམ་པའོ། །དེ་ལྟར་གྱུར་པའི་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གྲུབ་ཟིན་པའི་བདག་ཉིད་དང་རྗེས་སུ་འགྲོ་བའོ། །བྱེད་པ་ནི་ཞེས་བྱ་བ་དེ་དང་རྟགས་འབྲེལ་
เล่ม ๑๘๗ · หน้า 263b
བ་འཛིན་པ་རིགས་པ་ལ་མཁས་པ་སུ་ཡང་མེད་དེ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་རྗེས་སུ་འགྲོ་བ་སྟོན་ཅེ་ན། ཕ་རོལ་གྱིས་གོ་བར་བྱེད་པ་ནི་ཞེས་བྱ་བ་སྨོས་ཏེ། ཉན་པ་པོས་བསྒྲུབ་པར་བྱ་བ་མ་གཏོགས་པ་ལ་སྟོན་པ་ནའོ། །མེ་ཙམ་གྱིས་ཞེས་བྱ་བ་ནི་ཆོས་ཅན་དང་མ་སྦྱར་བའོ། །
དཔེར་ན་ཚང་བང་ལྟ་བུ་ཞེས་དཔེའི་ཆོས་ཅན་སྨོས་པས་ནི་རྗེས་སུ་འགྲོ་བ་དྲན་པར་བྱ་བ་ཙམ་ཡིན་གྱི་ཆོས་ཅན་སྡུད་པ་ནི་མ་ཡིན་ནོ། །ཁྱད་པར་བྱེད་པ་ནི་མཚོན་པར་བྱེད་པ་ཡིན་པའི་ཕྱིར་དུ་བ་ཡང་ཆོས་ཅན་གྱི་བྱེ་བྲག་དང་བྲལ་བ་ཉིད་ལ་རྗེས་སུ་འགྲོ་བར་བལྟའོ། །དེ་ལྟར་མེ་ཙམ་གྱི་དུ་བ་ཙམ་
ལ་ཁྱབ་པར་གྲུབ་པ་དང་། ཆོས་ཅན་གང་ཁོ་ན་ལ་དུ་བ་དེ་འདྲ་བ་རང་ཉིད་མཐོང་བའི་ཆོས་ཅན་ཁོ་ན་ལ་མེའི་བློ་སྐྱེད་པར་བྱེད་པ་སྟེ། དེས་ཁྱབ་པར་ཤེས་པའི་ཕྱིར་རོ། །དེ་ལྟ་ན་རི་མེ་དང་ལྡན་པ་ཞེས་སྒྲུབ་པར་བྱེད་པ་ཤུགས་ཀྱིས་རྟོགས་པས་བསྒྲུབ་པར་བྱ་བར་བསྟན་པ་ནི་རིའི་མེ་ཞེས་
རྗེས་སུ་འགྲོ་བའི་ཚེ་བསྟན་པ་ནི་ཅི་ཡང་མ་ཡིན་ཏེ། དེ་འདྲ་བའི་རྗེས་སུ་འགྲོ་བ་མི་སྲིད་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་ལ་བརྟེན་ཅིང་ཞེས་བྱ་བ་ནི་ཆོས་ཅན་དེ་ལ་དུ་བ་དེ་བརྟེན་ཅིང་སྟེ་ཕྱོགས་ཀྱི་ཆོས་བརྗོད་ཅིང་ཁྱབ་པ་བརྗོད་པ་སྟེ་མེ་དང་དུ་བ་ཙམ་གྱི་རྗེས་སུ་
འགྲོ་བ་དང་ལྡོག་པ་འབྲེལ་པའི་རྩ་བ་ཅན་བརྗོད་པ་ཙམ་གྱི་འདོད་པ་རི་མེ་དང་ལྡན་པ་ཞེས་བྱ་བ་བསྒྲུབ་པར་བྱ་བ་སྒྲུབ་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པར་ཡང་མ་ཡིན་ལ་རྟགས་དོན་མེད་པའང་མ་ཡིན་ནོ། །དེའི་ཕྱིར་སྤྱི་རྗེས་སུ་འགྲོ་བའི་ཚེ་ཁོ་བོ་ཅག་གིས་མ་བསྟན་ན་ཇི་ལྟར་རྟགས་དེ་ཁྱད་
པར་ཅན་གྱི་རྗེས་སུ་འགྲོ་བ་སྟེ། རྗེས་སུ་འགྲོ་བ་མེད་པར་འགྱུར། ཡང་དེའི་བཀོད་པ་སྔོན་དུ་འགྲོ་བ་ཅན་ནི་བསྒྲུབ་པར་བྱ་བ་བཀོད་པ་སྔོན་དུ་འགྲོ་བ་ཅན་གང་ན་དུ་བ་ཡོད་པ་དེ་ནི་རིའི་མེ་ཡོད་དོ་ཞེས་སྤྱི་བཀོད་པ་ཅན་གྱིའོ། །འདིར་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་
རྟོགས་པར་བྱ་བའི་ཆེད་དུ་རྗེས་སུ་འགྲོ་བ་སྨྲ་བ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་སྟོན་པ་ནའོ། །སྒྲུབ་པར་བྱེད་པའི་ངག་ལས་དམ་བཅའ་བའི་ངག་ལོགས་ཤིག་ཏུ་བྱ་བར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དངོས་སྤྱི་དང་རྗེས་སུ་སྟོན་པ་ཡིན་ནོ། །དམ་བཅའ་བའི་ངག་ཉིད་རྗེས་
เล่ม ๑๘๗ · หน้า 264a
སུ་འགྲོ་བ་དང་ལྡོག་པའི་ངག་ཡིན་པས་སྒྲུབ་པའི་ངག་སྟེ། སྦྱོར་བའི་ཚིག་ཏུ་འགྱུར་བའི་ཕྱིར་དེ་ལས་ལོགས་ཤིག་སྟེ། སྒྲུབ་པར་བྱེད་པའི་ངག་ལས་ལོགས་ཤིག་ཏུ་དམ་བཅའ་བའི་ངག་ནི་སྒྲུབ་པའི་ཡན་ལག་མ་ཡིན་ནོ་ཞེས་སྟོན་པར་ཇི་ལྟར་འགྱུར་ཏེ། དེ་
སྒྲུབ་པའི་ངག་ཉིད་དུ་བསྟན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟགས་ཀྱི་ཆོས་ཀྱིས་མི་འཁྲུལ་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །ཆོས་ཅན་ལ་བསྟན་པ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་བསམ་པ་མེད་པར་ཆོས་ཅན་གཞན་དཔེའི་ཆོས་ཅན་ལ་ཆོས་ཙམ་དང་འབྲེལ་པ་རབ་
ཏུ་བསྟན་པའོ། །དེ་ལ་རབ་ཏུ་གྲུབ་པ་ཡིས་བྱ་བ་ཆོས་ཙམ་དང་འབྲེལ་པ་བསྟན་པའི་རྟགས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རབ་ཏུ་གྲུབ་པས་སོ། །ཆོས་ཅན་ལ་ཡང་ལྡན་པར་རྟོགས། །དེ་རྟགས་དག་ལ་གྲུབ་པའི་ཆོས་ཅན་དེ་ལ་ཡང་ཁྱབ་པར་བྱེད་པའི་ཆོས་དེ་རྟོགས་སོ། །
གསུངས་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །མེ་ལ་སོགས་པ་རྗེས་སུ་འགྲོ་བ་ཡོད་པས་སྒྲུབ་པར་བྱེད་པ་ལྟར་གཙོ་བོ་ལ་སོགས་པར་ཡོད་པ་ཡང་ཁ་ན་མ་ཐོ་བ་མེད་པ་སྟེ་སྐྱོན་མེད་པ་མ་ཡིན་ནོ། །གཞན་གྱི་ཕྱོགས་སུན་འབྱུང་བ་བཤད་ནས་རང་གི་ཕྱོགས་ཀྱི་ཀླན་
ཀའི་ལན་གདབ་པའི་ཕྱིར། བྱེ་བྲག་ཡོངས་སུ་མི་སྦྱོར་ཕྱིར། །ཞེས་བྱ་བ་སྨོས་ཏེ། སྒྲའི་ཡོད་པ་ཞེས་བྱེ་བྲག་ཡོངས་སུ་མི་སྦྱོར་བའི་ཕྱིར་ཏེ་ཡོད་པ་ཙམ་མོ། །དངོས་པོ་ཙམ་ཞིག་ཅེས་བྱ་བ་ནི་མི་རྟག་པ་ཙམ་ཞིག་གོ། །སྒྲུབ་བྱེད་ཅེས་བྱ་བ་ནི་ཁྱབ་པར་བྱེད་པ་དེ་ཙམ་ཞིག་དང་
ཁྱབ་པ་གྲུབ་པའི་ཡོད་པ་ཡིས་སོ། །གལ་ཏེ་སྒྲའི་ཡོད་པ་ཞེས་བྱེ་བྲག་ཏུ་མ་གཟུང་ན་ཇི་ལྟར་སྒྲ་ལ་གྲུབ་པར་བྱེད་ཅེ་ན། དེ་ལ་བྱེ་བྲག་གཟུང་བར་བྱ་བ་ངེས་པ་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། སྒྲའི་ཡོད་པ་ཞེས་བྱ་བ་རྗེས་སུ་འགྲོ་བ་གཟུང་བར་ངེས་པ་ནི་མེད་དེ། ཡོད་པ་ཙམ་ལ་
བརྟེན་པའི་རྗེས་སུ་འགྲོ་བས་ཀྱང་བྱ་སྟེ། བྱེ་བྲག་མེད་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འདོད་པ་སྒྲུབ་པ་ནུས་པའི་ཕྱིར་ཏེ། འདི་ལྟར་ཡོད་པ་ཙམ་ལ་མི་རྟག་པ་ཙམ་གྱིས་ཁྱད་པར་གྲུབ་པ་ནི་ཁྱབ་པ་དང་ལྡན་པའི་ཡོད་པ་དེ་ཆོས་ཅན་གང་ལ་ཡོད་པར་ཕྱོགས་ཀྱི་ཆོས་སུ་བརྗོད་
เล่ม ๑๘๗ · หน้า 264b
པས་རང་ལ་ཁྱབ་པར་བྱེད་པའི་ཆོས་མི་རྟག་པ་ཡང་ཆོས་ཅན་དེ་ལ་ཡོད་པས་རྟོགས་པའི་ཕྱིར་རོ། །ཡོད་པ་བསྒྲུབ་པར་བྱ་བ་ཉིད་ཡིན་ན་ནི་བྱེ་བྲག་རྗེས་སུ་འགྲོ་བ་མེད་པ་ལ་ཡོད་པ་ཙམ་ནི་གྲུབ་ཟིན་པའི་ཕྱིར་རྟགས་གཞལ་བར་བྱ་བ་ལ་སོགས་པ་འབྲས་བུ་མེད་དོ། །གཞན་ཡང་ཞེས་
བྱ་བ་ནི་སྐྱོན་རྣམས་སྡུད་པའོ། །ཡོད་པ་མ་གྲུབ་པ་ལ་ཇི་ལྟར་འགྱུར་ཞེས་བྱ་བ་ནི། གཙོ་བོ་ལ་སོགས་པ་ཡོད་པར་ནམ་ཡང་མ་གྲུབ་པ་དེ་ལ་དེའི་རང་བཞིན་གྱི་རྟགས་ཡོད་པར་ཇི་ལྟར་འགྱུར། གཙོ་བོ་ལ་སོགས་པ་རང་བཞིན་ཡོད་པའི་རང་བཞིན་གྱི་ཆོས་འགའ་ཞིག་རྟགས་
སུ་གྲུབ་ན་ནི་དེའི་རང་བཞིན་གྲུབ་པའི་ཕྱིར་གཙོ་བོ་ལ་སོགས་པའི་དེ་ཡོད་པ་དེ་ཉིད་ཡིན་པར་ཡང་ཇི་ལྟར་མི་འདོད་པ་དེ་ཐ་དད་པ་མེད་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གྱིས་རྟགས་བསྒྲུབ་པར་བྱ་བ་ཉིད་ཀྱི་ངོ་བོ་ཡིན་ན་ཇི་ལྟར་རྟགས་དང་རྟགས་ཅན་གྱི་བྱེ་བྲག་ཏུ་འགྱུར་ཞེ་ན། རང་
གི་ངོ་བོ་ཉིད་ཡིན་ཡང་སྟེ། གཏན་ཚིགས་བསྒྲུབ་པར་བྱ་བའི་རང་གི་ངོ་བོ་ཡང་ཁྱད་པར་གཞན་སྤངས་པ་འགའ་ཞིག་ལ་ལྟོས་ཏེ་ཆོས་ཞེས་ཆོས་ཅན་ལས་ལྡོག་པ་ལྟ་བུར་བསྟན་ཏེ་ཐ་དད་པ་ལྟ་བུར་རོ། །ཆོས་དང་ཆོས་ཅན་གྱི་ཚིག་སྒྲ་དག་སྟེ་སྒྲའི་དོན་ཐ་དད་པས་ཀྱང་ངོ་། །བརྗོད་
པར་བྱ་བ་ནི་དེ་དག་གི་རྟེན་ཕྱིའི་དོན་ཏོ། །འདི་ནི་རང་བཞིན་གྱི་རྟགས་མེད་པར་བསྟན་པའོ། །འབྲས་བུ་ཡང་མི་སྲིད་པར་དོན་གྱིས་རྟོགས་པར་བྱ་སྟེ། གཙོ་བོ་ལ་སོགས་པ་ཇི་ལྟར་འདོད་པའི་བྱེ་བྲག་ཅན་ལ་མ་གྲུབ་པའི་ཕྱིར་དེའི་འབྲས་བུ་ཡང་ཅུང་ཟད་ཙམ་ཡང་མི་འགྲུབ་པས་སོ། །
དངོས་པོ་ལ་མི་བརྟེན་པ་ཞེས་བྱ་བ་ནི་མེད་པའི་དངོས་པོ་ལ་མི་འཇུག་པའོ། །གལ་ཏེ་མ་ཡིན་པར་དགག་པ་མེད་པ་ཡིན་ཡང་དངོས་པོ་ལ་འཇུག་གོ་ཞེ་ན། མ་ཡིན་པར་དགག་པ་མ་ཡིན་པར་ཞེས་བྱ་བ་སྨོས་སོ། །འོ་ན་དེ་ཇི་ལྟར་ཞེ་ན། མེད་པར་བཀག་པ་སྟེ་དངོས་པོའི་ཆོས་ཐམས་
ཅད་དུ་ལྡོག་པ་ཙམ་གྱི་མེད་པ་སྟེ། རྣམ་པར་རྟོག་པས་གཞག་པ་ཡོད་པ་ལས་གཏན་ཚིགས་སོ། །དེ་ཡང་མི་འགལ་བ་སྟེ་དེ་ཡང་ཇི་ལྟ་བུ་ཞིག་ཅེ་ན། ཇི་ལྟར་ལུས་མེད་བྱ་བ་ལུས་མེད་པ་ཉིད་ནི་ཡོད་པ་མ་ཡིན་པ་ཉིད་དེ་ཅི་ཡང་མེད་པ་ལ་ཡང་འཇུག་གོ། །ཡང་ཞེས་བྱ་བའི་
เล่ม ๑๘๗ · หน้า 265a
སྒྲས་ནི་སེམས་ལ་སོགས་པ་ཡོད་པ་ལ་ཡང་འཇུག་གོ། །དེའི་ཕྱིར་གཉི་གའི་ཆོས་འཁྲུལ་པའོ། །མེད་པ་ལ་བཀག་པའི་སྒྲས་འཇུག་པར་བཤད་པ་ན་གསལ་བྱེད་པ་ན་རེ། ཡོད་པ་མ་ཡིན་པ་མེད་པའི་ཕྱིར་ཏེ། གཞི་མེད་པའི་ཕྱིར་བཀག་པའི་
ཡུལ་མ་ཡིན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཞེས་བྱ་བ་ཡོད་པ་མ་ཡིན་པ་དགག་པའི་ཡུལ་མ་ཡིན་ནའོ། །ད་ནི་དེ་ཇི་ལྟར་ཞེས་བྱ་བ་ནི་ཡོད་པ་མ་ཡིན་བསྒྲུབ་པའི་ཡུལ་མ་ཡིན་ནའོ། །གལ་ཏེ་མ་ཡིན་པ་ཉིད་ཀྱིས་དགག་པའི་ཡུལ་དུ་འགྱུར་བ་ཡང་ཇི་ལྟར་ཞེ་ན། དགག་པའི་
མཚན་ཉིད་ནི་སྒྲུབ་པ་ལོག་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སྒྲུབ་པའི་ཚུལ་མ་ཡིན་པ་ཉིད་ཀྱིས་དགག་པའི་ཡུལ་དུ་གྱུར་པ་ཡང་ཇི་ལྟར་ཞེ་ན། དགག་པའི་མཚན་ཉིད་ནི་སྒྲིབ་པ་ལོག་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མཚན་ཉིད་དང་ཡུལ་དག་གཞན་ཉིད་ནི་མ་
ཡིན་ནོ། །གལ་ཏེ་ཡོངས་སུ་བགྲངས་པ་ཁོ་ན་ལ་ཞེས་བྱ་བ་ནི་གང་ལ་དགག་པ་འཇུག་པར་འདོད་པ་ཁོ་ན་ལ་དགག་པ་ལ་འཇུག་པ་སྟེ། དཔེར་ན་གྲངས་ཅན་གང་དག་དབང་ཕྱུག་མེད་པ་དག་ནི་གཙོ་བོ་འགའ་ཞིག་ལས་སྣ་ཚོགས་སྐྱེ་བར་འདོད་ལ། དེ་དག་ན་རེ་གྲངས་ཅན་རྣལ་འབྱོར་
སྤྱོད་པ་ལ་དྲང་སྲོང་ཆུ་ཀླུང་ལ་སོགས་པ་དབང་ཕྱུག་ཏུ་སྨྲ་བ་དག་བཀག་པའི་ཕྱིར་དབང་ཕྱུག་མེད་དོ་ཞེས་བྱ་བ་ནི་གཏན་ཚིགས་མེད་པར་འཇུག་གི་མེད་པ་གཞན་ལ་ནི་མ་ཡིན་ཏེ། དེ་ལ་འཇུག་པར་མི་འདོད་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །དེའི་ཕྱིར་ལུས་མེད་ཅེས་བྱ་བ་ཡང་
སེམས་ལ་སོགས་པ་ཁོ་ན་ལ་འཇུག་གི་ཡོད་པ་མ་ཡིན་པ་ལ་ནི་མ་ཡིན་ཏེ། ཡོངས་སུ་མ་བགྲངས་པའི་ཕྱིར་ཏེ། དེ་ལ་འཇུག་པར་མི་འདོད་པའི་ཕྱིར་རོ་ཞེས་ཟེར་ནའོ། །ཀྱེ་མ་ཞེས་བྱ་བ་ནི་སྐྱོ་བར་སྟོན་པའོ། །ཡང་ན་སྙིང་རྗེ་བའོ། །སྡུག་བསྔལ་བས་འཚོ་བ་སྒྲུབ་པ་འདི་
ཞེས་བྱ་བ་ནི་རང་གི་འདོད་པའི་སྐྱོན་ཆགས་པའི་ཉེས་པ་བསྲུང་དཀའ་བའི་ཕྱིར་རོ། །བདག་ཉིད་ཀྱི་གསོན་པ་སྡུག་བསྔལ་བར་བྱེད་པའོ། །ཇི་ལྟར་བསྲུང་བར་མི་ནུས་ཤེ་ན། བརྡ་ལས་བྱུང་བ་ཞེས་བྱ་བ་སྨོས་ཏེ། སྒྲའི་འཇུག་པ་ནི་བརྡ་ལས་བྱུང་བ་སྟེ་དེ་ལ་བརྟེན་པའོ། །བརྡ་དེ་
เล่ม ๑๘๗ · หน้า 265b
ཡང་སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་སྟེ། དངོས་པོ་ཡོད་པ་ཁོ་ན་ལ་བརྟེན་པར་མ་ངེས་པའོ། །དེ་ལྟ་བུའི་སྒྲ་དེ་འདོད་པ་ཙམ་ལས་བརྒྱུད་དེ། འཇུག་པས་ལུས་མེད་ཅེས་བྱ་བ་ཡོད་པ་མ་ཡིན་པ་ལ་ཡང་འཇུག་སྟེ། སྐྱེས་བུས་དེ་ལ་ཡང་བརྡ་བྱས་པའི་ཕྱིར་རོ། །དེ་
འདྲ་བའི་སྒྲ་དེ་དོན་ལ་ངེས་པར་ཏེ་རང་འདོད་པས་འཇུག་པ་གཞན་དུ་ཞུགས་པར་འདོད་པ་སྟེ་གྲགས་པའི་དངོས་པོ་དང་འགལ་བར་བྱེད་འདོད་པ་དེའི་ཚེའོ། །ཆོ་ངེས་བཏབ་ཀྱང་ཞེས་བྱ་བ་ནི་ལུས་མེད་ཅེས་བྱ་བ་ཡོད་པ་མ་ཡིན་ལ་མ་བརྗོད་ཅིག་ཅེས་གསོལ་བ་ཤིན་ཏུ་བཏབ་
ཀྱང་ངོ་། །འཇིག་རྟེན་མི་ལྡོག་གོ་ཞེས་བྱ་བ་ནི་གྲགས་པ་བརྡ་ཇི་ལྟ་བ་བཞིན་དུ་གོ་བར་འགྱུར་བར་མི་ལྡོག་པའོ། །འཇིག་རྟེན་ནི་ཡོད་པ་མ་ཡིན་པ་ཡང་རྟོགས་པར་བྱ་བའི་ཕྱིར་མེད་ཅེས་བྱ་བའི་སྒྲ་ལ་བརྡར་བྱེད་པའོ། །གལ་ཏེ་བརྡར་བྱས་ཀྱང་མི་རྟོགས་ན་ནི་འདོད་པ་དང་བྱེ་བྲག་
མེད་པའི་ཕྱིར་ཏེ། མི་རྟོགས་པར་འདོད་པའི་ཡོད་པ་མ་ཡིན་པ་དང་བརྡར་བྱས་པར་བྱེ་བྲག་མེད་པའི་ཕྱིར་གཉིས་པ་མ་ཡིན་པར་དགག་པ་སེམས་ལ་སོགས་པ་ལ་ཡང་ལུས་མེད་ཅེས་བྱ་བ་ནི་སྒྲས་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་ཀྱང་རྟོགས་པ་ཡང་དག་པར་
བརྟེན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་སེམས་ལ་སོགས་པའི་བརྡ་ལས་ཀྱང་རྟོགས་པ་མེད་པའི་སྒྲ་ལ་བརྟེན་པའི་ཕྱིར་ཏེ། མེད་པའི་སྒྲས་རྟོགས་པའོ། །དེ་ནི་གཞན་ལ་ཡང་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་བརྡའི་མཐུ་ལས་རྟོགས་པའོ། །ཐེ་ཚོམ་ཟ་བ་ཡང་རྣམ་
པར་བཅད་པས་གོ་བར་བྱེད་པ་ཉིད་ཐོབ་སྟེ་རྟགས་སུ་འགྱུར་བ་ཡིན་ན། རྣམ་པར་གཅད་པ་ཙམ་ལུས་མེད་ཅེས་བྱ་བ་དེ་ནི་མ་ཡིན་པར་བཀག་པས་སེམས་ལ་སོགས་པ་ཡོད་པ་ལ་ཡང་འཇུག་པ་ཡོད་པ་ལ་ཡིན་པ་རི་བོང་གི་རྭ་ལ་སོགས་པ་ལ་ཡང་སྲིད་པས་སོ། །དེ་ཇི་ལྟར་དེའི་བདག་
ཉིད་དུ་སྒྲུབ་པར་བྱེད་ཅེས་བྱ་བ་ནི་གཉི་ག་ལ་སྲིད་པའི་རྟགས་ཇི་ལྟར་ན་ཡོད་པས་དེའི་བདག་ཉིད་དུ་ངེས་པ་སྒྲུབ་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྣམ་པར་གཅད་པ་མ་ཡིན་པའི་མཚན་ཉིད་ཅེས་བྱ་བ་ནི་དགག་པ་མ་ཡིན་པ་སྟེ་སྒྲུབ་པའོ། །དངོས་པོ་མེད་པ་ལ་ཡང་བློས་རྣམ་པར་གཞག་
เล่ม ๑๘๗ · หน้า 266a
པའི་ཕྱིར་ཞེས་བྱ་བ་ནི་བརྡའི་དབང་གིས་སོ། །ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཡོད་པ་དེ་མེད་པ་ལ་ཡང་འཇུག་པའི་ཕྱིར་ཐུན་མོང་གི་མ་ངེས་པ་ཡིན་ནོ་ཞེས་སྔ་མ་རྣམ་པར་བཅད་པས་བཤད་པ་ཡིན་ཏོ་གོ་བར་བྱ་བ་ཡིན་ནོ། །གཉི་གའི་ཆོས་དེ་ཞེས་བྱ་བ་
ལུས་མེད་ཅེས་བྱ་བའོ། །ཡོད་པ་ལས་གཞན་ཡོད་པ་མ་ཡིན་པ་ལ་འཇུག་པ་རང་གི་ངག་གིས་སྨྲས་པས་བཤད་ཅེས་བྱ་བ་ནི། གཏན་ཚིགས་གཉི་གའི་ཆོས་ཡིན་པའི་རྟོགས་པའི་སྐབས་ཀྱིས་སོ། །གཉི་གའི་ཆོས་ཉིད་ཡིན་ཡང་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་གཉི་གའི་ཆོས་
ཡིན་ཡང་ངོ་། །སྐྱོན་མེད་དེ་ཞེས་པ་ནི་མ་ངེས་པའིའོ། །དེ་ཡང་རྟག་པ་དང་མི་རྟག་པ་གཉི་ག་ཡིན་པས་ཅིའི་ཕྱིར་འཁྲུལ་པ་ཅན་མ་ཡིན་ཞེ་ན། ཕྱོགས་ཉིད་འཁྲུལ་པའི་ཡུལ་ནི་མ་ཡིན་ཏེ། བུམ་པ་དང་ནམ་མཁའ་དག་མཐུན་པའི་ཕྱོགས་ཉིད་དུ་བྱས་པའི་ཕྱིར་དེ་ལ་འཇུག་པས་
མི་མཐུན་པའི་ཕྱོགས་ལ་འཇུག་པའི་འཁྲུལ་པར་མི་རིགས་པའི་ཕྱིར་རོ་སྙམ་པའོ། །ཁྱོད་ཅེས་བྱ་བ་ནི་ཕྱོགས་དང་མཐུན་པའི་ཕྱོགས་ལ་གང་ཡང་རུང་བ་ཞེས་བྱ་བ་སྨྲ་བའོ། །དེ་ཇི་ལྟར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པ་མི་མཐུན་པའི་ཕྱོགས་ཡིན་ན་གཉི་གའི་ཆོས་ཞེས་བྱ་བ་རྟག་
པ་དང་མི་རྟག་པ་ནམ་མཁའ་དང་བུམ་པའི་ཆོས་དེ་བུམ་པའི་ཆོས་ཉིད་དུ་ནི་བསྒྲུབ་པར་བྱ་བ་རྟག་པ་མེད་པ་ལ་འཇུག་པ་ནམ་མཁའི་ཆོས་ནི་བཟློག་པ་ལའོ། །དེའི་ཕྱིར་གཉི་གའི་ཆོས་དེ་ཇི་ལྟར་མི་མཐུན་པའི་ཕྱོགས་ལ་མི་འཇུག །གལ་ཏེ་དེ་དག་མཐུན་པའི་ཕྱོགས་ཉིད་
དུ་བྱས་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་ནོ་ཞེ་ན། ཕྱོགས་དང་མི་མཐུན་པའི་ཕྱོགས་རྣམ་པར་ཕྱེ་བ་ལ་ལྟོས་པ་ཞེས་བྱ་བ་ནི་སྐྱེས་བུའི་འདོད་པས་རྣམ་པར་ཕྱེ་བ་ལ་ལྟོས་པ་སྟེ། དེའི་སྟོབས་ཀྱིས་མི་འཁྲུལ་པ་དང་ཅིག་ཤོས་སུ་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། མི་འཁྲུལ་
པ་དང་འཁྲུལ་པ་ནི་དངོས་པོ་བ་སྟེ། དངོས་པོའི་སྟོབས་ཀྱིས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་ཀྱིས་བྱས་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། རྒོལ་བས་ཕྱོགས་སུ་བྱས་པ་ལ་ཡོད་པའི་བྱས་པ་ཡིན་ན་ཇི་ལྟར་གྱུར་ཀྱང་མི་རྟག་པས་ཁྱབ་པོ་ཞེས་བྱ་བའོ། །ཁྱབ་པ་ཚད་མས་ཉེ་
เล่ม ๑๘๗ · หน้า 266b
བར་སྟོན་ཏེ་ཞེས་བྱ་བ་ནི་འདོད་པ་མ་ཡིན་པའོ། །བྱས་པ་ཐམས་ཅད་ཅེས་བྱ་བ་ནི་ཕྱོགས་ཀྱི་བྱས་པ་ཞེས་བྱ་བ་ནི་བྱེ་བྲག་དང་བྲལ་བའོ། །དེ་ལྟར་གྲུབ་ན་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱི་ཁྱད་པར་རོ། །གཞན་དུ་ཞེས་བྱ་བའི་སྐྱེས་བུའི་འདོད་པས་གལ་ཏེ་འདོད་པས་ཁྱབ་པ་སྒྲུབ་པ་ཡང་
ཅིའི་ཕྱིར་གོ་བར་བྱེད་པ་མ་ཡིན་ཞེ་ན། སྐྱེས་བུའི་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཞིག་སྐྱེས་བུས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་ཕྱོགས་ཡིན་ཏེ་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་ཡིན་པའོ། །དེ་ཡང་འདོད་པ་འབའ་ཞིག་གི་ཕྱོགས་སུ་མི་འགྱུར་གྱི་དངོས་པོ་གང་ཁོ་
ན་མི་འཁྲུལ་པའི་ཡུལ་དུ་མཐོང་བ་ཞེས་བྱ་བ་གནོད་པ་མེད་པ་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཁོ་ནར་གནས་པ་དེ་ཕྱོགས་སུ་བྱེད་པའི་ཕྱིར། དངོས་པོས་ཡིན་ལ་དེ་ཡོད་པ་ཡང་དངོས་པོས་ཡིན་པའི་ཕྱིར་གཉི་གའི་ཆོས་མི་འཁྲུལ་པ་ཉིད་དོ་ཞེ་ནའོ། །རྗེས་སུ་དཔག་
པའི་ཡུལ་ལ་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཞུགས་ལའོ། །མངོན་སུམ་གྱིས་གནོད་པ་ཡོད་པ་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གནོད་པ་ཡང་ངོ་། །སྨྲས་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་གཉིས་པ་ལ་སོགས་པ་མང་དུའོ། །གནོད་པ་མེད་པ་ཉིད་ཀྱི་མཚན་ཉིད་ཀྱང་དེ་ལ་མ་ངེས་པའི་མཚན་
ཉིད་དོ་ཞེས་ཀྱང་ངོ་ཞེས་བྱ་བ་ནི་དེ་ཡང་སྔར་སྨྲས་ཟིན་ཏོ་ཞེས་བྱ་བ་སྟེ་ལེའུ་འདི་ཉིད་དུའོ། །དེ་དག་གིས་ཅི་ཞིག་བརྗོད་ཅེ་ན། ཕྱོགས་ཀྱི་མཚན་ཉིད་ཇི་སྐད་དུ་སྨྲ་བ་དེ་ལྟ་བུས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ལ་ཕྱོགས་རྣམ་པར་ཕྱེ་བས་རྟགས་ཀྱིས་གོ་བར་བྱེད་པའི་མཚན་ཉིད་
ལ་ཕན་པར་འགྱུར་བའམ་གནོད་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ནི་ཕྱོགས་ཀྱི་མཚན་ཉིད་ཀྱི་གཏན་ཚིགས་ཀྱི་གོ་བར་བྱེད་པར་མི་འགྱུར་ནའོ། །དེ་ལྟར་བསྒྲུབ་པར་བྱ་བ་ལ་མི་ལྟོས་ན་གོ་བར་བྱེད་པ་ཉིད་དོ་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་འདི་བསྒྲུབ་པར་བྱ་
བ་ལས་གཞན་པའོ། །གང་གིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་མ་ལྟོས་པའི་རྟགས་ཀྱིས་སོ། །གང་གི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་གང་གི་རྒྱུས་སོ། །དོན་ལ་མི་འཁྲུལ་པར་སེམས་པར་བྱེད་པ་སྟེ། དོན་དམ་པའི་དོན་ལ་མི་སླུ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པའི་
เล่ม ๑๘๗ · หน้า 267a
དོན་ལ་མི་སླུ་བར་སེམས་དང་བའོ། །དངོས་པོས་ཁྱབ་པས་ནི་དོན་དམ་པས་སོ། །དེའི་ཕྱིར་སྐྱེས་བུས་ཕྱོགས་ཉིད་དུ་མི་འདོད་ཀྱང་དངོས་པོས་ཁྱབ་པའི་རྟགས་ཡོད་ན་ཁྱབ་པར་བྱེད་པའི་དོན་དེ་ལ་མི་འཁྲུལ་ལ། དངོས་པོས་ཁྱབ་པ་དེ་མེད་ན་སྐྱེས་བུས་ཕྱོགས་
སུ་བྱས་ཀྱང་མི་སླུ་བར་མི་འགྱུར་རོ་ཞེས་བྱ་བར་རྟོགས་པར་བྱའོ། །དེའི་ཕྱིར་རྟགས་གང་ཞིག་མི་མཐུན་པའི་ཕྱོགས་ལ་འཇུག་ཀྱང་མི་མཐུན་པའི་ཕྱོགས་དེ་སྐྱེས་བུ་འདི་ཕྱོགས་སུ་བྱེད་ན་རྟགས་མི་འཁྲུལ་ལ་གཞན་ཕྱོགས་སུ་མི་བྱེད་པ་དག་ནི་འཁྲུལ་པར་འགྱུར་རོ་ཞེས་བྱ་བ་འདི་ནི་ཤིན་
ཏུ་རྣམ་པར་དག་པའི་ཚད་མ་ཡིན་ཏེ། དངོས་པོ་དང་མི་མཐུན་པར་ཞུགས་པ་ཡིན་པའི་ཕྱིར་འཐིང་སླད་དུ་བྱས་པའོ། །དེ་ལྟར་གཉི་གའི་ཆོས་གཏན་ཚིགས་འཁྲུལ་པར་བསྟན་པ་བཤད་ནས་མེད་པའི་ཆོས་འགལ་བར་བསྟན་པའི་ཕྱིར་མེད་པ་ཙམ་གྱིས་ཁྱབ་པ་ནི་མེད་པར་བཀག་པས་ཁྱབ་
པའོ། །དོན་གྱི་རྣམ་པར་བཅད་པ་ནི་ཡོད་པའི་དོན་ལོག་པ་ཙམ་མོ། །ཡང་འདི་ཞེས་བྱ་བས་རང་གི་ཕྱོགས་ལ་ཀླན་ཀའི་ལན་འདེབས་པ་སྟེ་འདི་ཞེས་བྱ་བ་ནི་ཡོད་པའོ། །དེ་ཙམ་གྱིས་ཁྱབ་པ་ཞེས་བྱ་བ་ནི་མི་རྟག་པ་སྒྲ་ལ་སོགས་པའི་བྱེ་བྲག་དང་བྲལ་བའོ། །སྤྱིའི་དངོས་པོ་
ཞེས་བྱ་བ་ཡོད་པ་ཡང་སྒྲ་ལ་སོགས་པའི་བྱེ་བྲག་དང་བྲལ་བའི་དངོས་པོའོ། །དེས་ན་ཞེས་བྱ་བ་ནི་སྤྱིའི་དངོས་པོ་ཁྱབ་པ་གྲུབ་པས་སོ། །ལྡོག་པ་མེད་པས་སོ་ཞེས་བྱ་བ་ནི་མི་རྟག་པའི་ཕྱིར་ཞེས་བྱ་བའི་རྟགས་ནི་མི་མཐུན་པའི་ཕྱོགས་སྒྲ་ལ་སོགས་པ་ལས་མ་ལོག་པའི་ཕྱིར་རོ། །འདིར་
ཡང་དེ་ལྟར་ཡིན་ཏེ་ཞེས་བྱ་བ་ནི་ལོག་པ་ཡོད་པ་ཡིན་པའོ། །ཇི་ལྟར་ཞེ་ན། མི་མཐུན་པའི་ཕྱོགས་བུམ་པ་ལ་སོགས་པ་ལ་ལྡོག་པ་ཡོད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་གཙོ་མི་ཆེ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྟོབས་ཆུང་བའི་ཕྱིར་སྙམ་པའོ། །ཇི་ལྟར་ཞེ་ན། བྱེ་བྲག་པའི་ལུགས་ལྟར་རྡུལ་ཕྲ་རབ་དག་
རྟག་པ་ཡིན་ལ་དེ་ལ་རེག་པར་བྱ་བ་མ་ཡིན་པ་ཉིད་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མཐུན་པའི་ཕྱོགས་ལ་མ་ཁྱབ་པས་སོ། །གལ་ཏེ་དེ་ལྟར་ན་འདི་གོ་བར་བྱེད་པར་འགྱུར་ཏེ། འདིར་མི་རྟགས་པ་ཉིད་མཐུན་པའི་ཕྱོགས་རྩོལ་བ་ལས་བྱུང་བ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ཕྱིར་སྟོབས་དང་ལྡན་
เล่ม ๑๘๗ · หน้า 267b
པའོ། །མི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་འགའ་ཞིག་ལས་ལྡོག་པ་ཡང་ཡོད་ལ་དེ་སྟོབས་ཆུང་བ་སྟེ་མི་མཐུན་པའི་ཕྱོགས་གློག་དང་རྩལ་ལ་སོགས་པ་ལས་ལྡོག་པ་མེད་པའི་ཕྱིར་རོ། །རྟག་པ་རྣམ་པར་བཅད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་རྟག་པ་ལ་སོགས་པས་སོ། །
གཞན་དུ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཉི་ཚེ་མཉམ་པའམ་དེ་སྟོབས་ཆེ་བས་སོ། །འདི་ཡོད་པ་ཙམ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །འདིའི་ནུས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟགས་དག་གིས་སྒྲུབ་པར་འདོད་པའི་ཕྱིར་རོ། །བྱེ་བྲག་དེ་དག་འབའ་ཞིག་ཅེས་བྱ་བ་ནི་སྒྲ་དང་
ཕྱོགས་རྟག་པ་དང་། མེ་མེད་པར་རྣམ་པར་བཅད་པ་དག་གོ། །འོ་ན་ཅི་ཞིག་ན། མི་མཐུན་པའི་ཕྱོགས་མ་ཡིན་པ་ནི་སྤྱི་སྟེ་ཕྱོགས་ཉིད་ཅེས་བྱ་བའི་སྤྱི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་ཡིས་ནི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཅེས་བྱ་བར་རྟོགས་པར་འགྱུར་
ལ། མི་མཐུན་པའི་ཕྱོགས་དང་མ་འདྲེས་པ་དེ་ནི་གཞན་རྣམ་པར་བཅད་པ་རྟོགས་པ་ཉིད་ཀྱིས་གྲུབ་པའི་ཕྱིར་སྤྱིའི་ཚད་མས་མ་གྲུབ་ཅིང་དགོས་པ་མེད་པ་དེས་ཅི་ཞིག་བྱ་ཞེས་བསྟན་པའི་ཕྱིར་གལ་ཏེ་གཞན་དང་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་
ལྡོག་པ་གཙོ་ཆེར་སྒྲུབ་པ་ཞེས་པ་ནི་རྟགས་ཀྱང་ལྡོག་པ་སྟོབས་དང་ལྡན་པར་གྲུབ་ལ་རྟགས་ཅན་ཡང་ལྡོག་པ་སྟེ། རྣམ་པར་གཅད་པ་ཉིད་གཙོ་བོ་ཡིན་གྱི་སྤྱི་ནི་མི་དགོས་སོ་ཞེས་གྲུབ་པའོ། །མི་མཐུན་པའི་ཕྱོགས་ལ་མ་མཐོང་དུ་ཟིན་ཀྱང་ཞེས་བྱ་བ་ནི་མ་མཐོང་བ་ཙམ་འབྲེལ་
པའི་ཡུལ་ལོག་པས་ཞེས་བྱ་བ་ཚད་མའི་སྟོང་བའོ། །ལུས་དང་དབང་པོ་དང་བློ་དག་ཅེས་སོ་སོར་ཕྱེ་ནས་སྦྱར་ཏེ། དཔྱོད་པའི་སྦྱོར་བ་གསུམ་པོ་དག་ནི་རིག་བྱེད་ཀྱི་ལུང་དེ་ཉིད་ཀྱི་ཚད་མ་དེ་སྐྱེས་བུའི་ཐམས་ཅད་མཁྱེན་པ་ནི་མི་སྲིད་དོ་ཞེས་ཟེར་རོ། །དེའི་ཕྱིར་ལུས་ལ་སོགས་པ་
རྣམས་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་མོད་ཀྱི་ཉེ་བར་ལེན་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ་རྣམས་ནི་ནུས་པ་ཤིན་ཏུ་མེད་དོ། །བདག་དང་བདག་གིའོ་ཞེས་མ་མཐོང་བ་ཉིད་ལས་ཞེས་བྱ་བ་ནི་ལོག་པ་ན་འདོད་ཆགས་ལ་སོགས་པ་ལྡོག་གོ་ཞེས་བྱ་བར་སྟོན་
เล่ม ๑๘๗ · หน้า 268a
ཏོ། །དཔེར་ན་བདག་དང་བདག་གིར་མ་བཟུང་བའི་དངོས་པོ་ལྟ་བུའོ། །དེའི་ཕྱིར་བདག་དང་བདག་གིར་འཛིན་པ་ཡོད་པ་ཙམ་གྱིས་འདོད་ཆགས་ལ་སོགས་པ་ཡོད་ལ་དེ་མེད་ན་མེད་པའི་ཕྱིར་ལུས་ལ་སོགས་པ་ཉི་ཚེའི་ནུས་པ་མ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་
ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་དག་ལ་མ་མཐོང་དུ་ཟིན་ཀྱང་དེ་དག་དང་འགལ་བ་མེད་དེ་དེ་དག་ཡོད་ལ་འདོད་ཆགས་ལ་སོགས་པ་སྐྱེད་མི་ནུས་པ་སྲིད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་
ཞེས་བྱ་བ་ནི་དེ་ལྟར་བའི་རོ་ལ་སོགས་པ་སྟེ། དུས་མཉམ་པའི་དངོས་པོ་གཉིས་ལ་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་རོ། །འདི་ལ་རྟོགས་པའི་རིམ་པ་དང་སྐྱེ་བའི་རིམ་པ་གཉིས་སུ་ཤེས་པར་བྱ་སྟེ། དེ་ལ་མོད་ལས་ནི་ཤེས་པའི་རིམ་པས་བཤད་དོ། །འགྲེལ་པ་ལས་ནི་སྐྱེ་བའི་རིམ་པ་
སྔར་བཤད་ནས་དེའི་རྗེས་ལ་རྟོགས་པའི་རིམ་པ་བཤད་དོ། །གྲོག་མོའི་ཉེ་བར་ལེན་པའི་རྒྱུ་ནི་གྲོག་མོའི་སྐད་ཅིག་མ་སྔ་མའོ། །དེ་ལྷན་ཅིག་བྱེད་པ་ནི་འབྱུང་བར་འགྱུར་བའི་བྱེ་བྲག་ཆར་འབབ་པའི་རྒྱུའོ། །དེའི་ཕྱིར་གྲོག་མོ་འཕོ་བའི་རྒྱུའི་རང་བཞིན་ཆར་འབབ་པའི་རྒྱུ་འབྱུང་བར་
འགྱུར་བའི་ལྷན་ཅིག་བྱེད་པ་ཅན་ནམ། གྲོག་མོའི་འཕོ་བའི་ཉེ་བར་ལེན་པ་ཆར་འབབ་པའི་རྒྱུ་འབྱུང་བར་འགྱུར་བ་ལྷན་ཅིག་བྱེད་པ་ཡིན་པ་ཉིད་དཔག་པས་ཆར་འབབ་པ་དཔོག་པའི་ཕྱིར་འབྲས་བུའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ཡིན་ནོ། །ཉ་འཕར་བ་ལ་སོགས་པ་ཡང་དེ་བཞིན་
ནོ། །རྭ་ཅན་ཡིན་ཏེ་གླང་ཡིན་པའི་ཕྱིར་རོ་ཞེས་པ་ཆ་ཤས་ཅན་གྱིས་ཆ་ཤས་རྟོགས་པ་ཞེས་བྱ་བ་རྟགས་གསུམ་པ་ལས་གཞན་པ་སྡེ་གཞན་ཡིན་པའི་ཕྱིར་རང་བཞིན་གྱི་རྟགས་མ་ཡིན་ལ་དུས་མཉམ་པའི་ཕྱིར་འབྲས་བུའི་རྟགས་མ་ཡིན་ཞིང་དགག་པ་མི་བྱེད་པས་མི་དམིགས་པ་
ཡང་མ་ཡིན་ནོ་སྙམ་པའོ། །སྤྱི་རུ་རྣམ་པར་གཞག་པ་ནི་ཞེས་བྱ་བ་ནི་གླང་ཉིད་དུའོ། །སྤྱི་ཅན་ནི་ནོག་པ་དང་རྭ་ལ་སོགས་པའོ། །ཡང་གཞན་དག་ཆུ་མི་གཡོ་བར་མཐོང་ནས་དེའི་གཏིང་གི་གཞི་རྗེས་སུ་དཔོག་པ་ཡང་སྔ་མའི་ཚུལ་གྱིས་རྟགས་བཞི་པར་འདོད་དེ་བརྟེན་པས་རྟེན་དཔོག་
เล่ม ๑๘๗ · หน้า 268b
པའོ། །དེ་ལྟ་བུའི་བདག་ཉིད་ཀྱི་ཆུ་ཞེས་བྱ་བ་ནི་ཐུར་དུ་མི་ལྟུང་བར་གནས་པའི་རང་བཞིན་ནོ། །དེ་གཞི་ལས་མངོན་པར་ཞུགས་པ་ཞེས་བྱ་བ་ནི་གཞི་ལས་སྐྱེས་པ་སྟེ་ཆུའི་ཉེ་བར་ལེན་པ་དང་གཞིའི་ཉེ་བར་ལེན་པ་དག་ལྷན་ཅིག་བྱས་པས་ཆུ་བརྟན་པའི་རང་བཞིན་སྐྱེས་པའོ། །དེ་ལས་
ཕན་པ་ཉམས་སུ་མྱོང་བ་མེད་ན་ཞེས་བྱ་བ་ནི་གཞི་ལས་ཆུས་ཁྱད་པར་ཅུང་ཟད་མ་ཐོབ་ནའོ། །དེ་ལས་གནས་སྐབས་ཀྱི་བྱེ་བྲག་ཐོབ་པར་མི་རིགས་སོ་ཞེས་བྱ་བ་ནི་རྟེན་དེ་ལས་བརྟེན་པ་ཆུ་བརྟེན་པ་ཉིད་ཐོབ་པར་མི་རིགས་པ་སྟེ་ཕན་པ་མེད་པ་ལ་རྟེན་དང་བརྟེན་པ་ཉིད་མི་འཐད་པའོ། །
སྔར་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་ལན་མང་དུའོ། །ཡང་དག་པར་སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་དང་བརྟེན་པ་སྦྱོར་བའི་འབྲེལ་པ་ཡང་དག་པར་སྦྱོར་བ་ཞེས་བྱ་བས་བརྟན་པར་གཞི་དང་སྦྱོར་བའོ། །ཅི་སྟེ་དེ་དག་གི་ཡང་དག་པར་སྦྱོར་བ་ཡིན་ཞེས་བྱ་བ་ནི་རྒྱུ་ཅུང་ཟད་མེད་ན་ཡང་དག་
པར་སྦྱོར་བ་མི་རུང་བའི་ཕྱིར་རོ། །གལ་ཏེ་དེ་དག་ལས་ཞེས་བྱ་བ་ནི་གཞི་དང་ཆུ་དང་ལས་ཡང་དག་པར་སྦྱོར་བ་སྐྱེ་བོ་འདུ་བས་སོ་ཞེས་བྱ་བ་ནི་གཞི་དང་ཆུ་དག་ལས་ཡང་དག་པར་སྦྱོར་བ་མི་སྐྱེ་བའི་དེ་དག་ལ་འདུ་བ་སྟེ་དེ་དང་འབྲེལ་པ་སྟེ། ཅི་སྟེ་གཅིག་ལ་ཞེས་བྱ་བ་ནི་རྟེན་ནམ་
ཆུ་ལའོ། །དེ་ལྟར་ན་ཡང་དག་པར་སྦྱོར་བ་རྟེན་མེད་ཀྱང་ཆུ་འབའ་ཞིག་བརྟན་པར་གནས་པར་རུང་བའོ། །གལ་ཏེ་དེ་ལས་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཅིག་ཁོ་ན་ལའོ། །དེ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ནི་གཞི་དང་ཆུ་དག་ཁྱད་པར་སྐྱེས་པའི་ཕན་པར་བྱ་བ་དང་། ཕན་པར་
བྱེད་པ་མ་ཡིན་པ་འདྲ་བས་སོ། །ཕན་པ་མེད་པ་དེའི་ཕྱིར་ཡང་དག་པར་སྦྱོར་བ་ལས་གཞི་དང་ཆུ་དག་ཡང་དག་པར་སྦྱོར་བ་དེ་དང་ལྡན་པ་ཞེས་བྱ་བར་མི་འགྱུར་རོ། །ཡང་ན་ཡང་དག་པར་སྦྱོར་བ་ལ་ཡང་དག་པར་སྦྱར་བར་བྱ་བ་བཞིན་དང་། ཆུ་དེ་དག་དང་ལྡན་པར་མི་འགྱུར་རོ། །
དེ་དང་མི་ལྡན་ན་ཡང་དེ་ལས་བརྟན་པར་གནས་པར་མི་འགྱུར་རོ། །གལ་ཏེ་ལྷན་ཅིག་པ་ལ་ཞེས་བྱ་བ་ནི་གཞི་དང་ཆུ་ལྷན་ཅིག་ཚོགས་པ་ལའོ། །ཕན་ཚུན་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བའི་སྟོབས་ཀྱིས་ཆུ་དང་གཞི་དག་ལ་དང་དེ་དག་གིས་ཀྱང་ཡང་དག་པར་སྦྱོར་བ་
เล่ม ๑๘๗ · หน้า 269a
ལའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བས་ནི་དུས་གཅིག་པའི་རྟེན་དང་བརྟེན་པ་དག་འབྲེལ་པར་བྱེད་པའི་ཕྱིར་འབྲེལ་པ་ཅན་དག་ཕན་ཚུན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་མེད་པས་སོ། །དེ་ཉིད་ཀྱི་
ཕྱིར་རང་གི་ངོ་བོ་ལ་ནི་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཅན་དག་གསུམ་པ་འབྲེལ་པ་དག་ཏུ་མཉམ་པར་འབྲེལ་པ་ཡིན་པའི་ཕྱིར་གསུམ་ཀ་ཡང་གྲུབ་ཟིན་པའི་ཕྱིར་རོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་འབྲེལ་པའི་ཆོས་དག་གི་ངོ་བོ་ལས་གཞན་པའི་ཕན་པའོ། །རྣམ་
པ་གང་གིས་ཀྱང་ཞེས་བྱ་བ་ནི་རང་ངམ་གཞན་གྱི་ངོ་བོ་གང་གིས་ཀྱང་ངོ་། །དེའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ཉིད་ནི་ཞེས་བྱ་བ་ནི་དངོས་པོ་ཐ་དད་པའིའོ། །དེ་དག་ལ་ཞེས་བྱ་བ་ནི་བུམ་པ་དང་ས་གཞི་དང་བ་ཏ་ར་དང་རྒྱ་ཤུག་དང་ཆུ་དག་ལའོ། །དེ་ལྟ་བུའི་བདག་ཉིད་ཀྱི་ཐ་
སྙད་ཅེས་བྱ་བ་ནི་རྟེན་དང་བརྟེན་པའིའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་དེ་བུམ་པའི་ལྷན་ཅིག་བྱེད་པ་དང་ཆུའི་ཉེ་བར་ལེན་པ་དག་ལྷན་ཅིག་བྱས་པར་ཆུ་བརྟེན་པ་ཉིད་དུ་སྐྱེ་ལ་ས་གཞི་ལ་སོགས་པ་ཡང་དེ་དང་འདྲའོ། །འདི་དག་དེའི་མེད་ན་མི་འབྱུང་བ་མ་ཡིན་པའི་ཕྱིར་
ཞེས་བྱ་བ་འདི་རྟེན་དང་བརྟེན་པ་ཞེས་བྱ་བ་འདི་དག་ཡང་དག་པར་སྦྱོར་བ་དེའི་མེད་ན་མི་འབྱུང་བ་མ་ཡིན་ཏེ་རྟེན་དང་བརྟེན་དུ་འདོད་པ་ཙམ་གྱིས་དེ་ལ་བརྟེན་པའི་མཚན་ཉིད་འགྲུབ་པའི་ཕྱིར་བརྒྱུད་པས་བཏགས་པ་ནི་བརྒྱུད་པ་ཡང་མ་ཡིན་ལ་བཏགས་པ་ཡང་མ་ཡིན་པས་བརྒྱུད་པས་
བཏགས་པ་སྟེ། དེ་ལ་རྟེན་དང་བརྟེན་པར་འདོད་པ་གཉིས་ལས་ནི་ཡང་དག་པར་སྦྱོར་བ་ནུས་པའོ། །དེ་ལས་ནི་དེ་བརྟེན་པའི་རང་བཞིན་ནོ་ཞེས་བྱ་བའོ། །དེ་ཉིད་བརྟག་པ་སྟེ་ཡང་དག་པར་སྦྱོར་བ་ཚད་མས་གྲུབ་པ་མེད་པའི་ཕྱིར་རོ། །དོན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟེན་
དང་བརྟེན་པ་དག་ཡོད་པ་ཙམ་གྱིས་བརྟེན་པའི་གནས་པར་འགྲུབ་པར་ཚད་མས་འགྲུབ་པའི་ཕྱིར་རོ། །ཕན་བཏགས་པས་བཤད་པ་ནི་གནས་པ་བརྟེན་པ་ཉིད་ཡིན་ན་ནི་དེ་དུས་མཉམ་པ་ལ་མི་འཐད་དེ་གྲུབ་ཟིན་པ་ལ་ཕན་པ་མི་སྲིད་པས་སོ། །གཞན་དུ་གྱུར་པ་ཡང་དེ་ལ་ཕན་པ་མ་ཡིན་ནོ་ཞེས་
เล่ม ๑๘๗ · หน้า 269b
སོ། །གགས་བྱེད་པ་ཡང་ཅི་ཞིག་ཅེས་བྱ་བ་ནི་དེ་ཉིད་དམ་དེ་མ་ཡིན་པ་ཞིག་ཅེས་བཏགས་པའོ། །དེ་ལ་རྟོག་པ་དང་པོའི་དབང་དུ་བྱས་ཏེ། དེའི་ལྟུང་བའི་གགས་བྱེད་པའི་ཕྱིར་ཞེས་བྱ་བ་གང་གནས་པ་དེ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་གགས་བྱེད་པའི་ཕྱིར་རོ། །དེ་ཁོ་ན་ལ་ཞེས་བྱ་བ་ནི་
བརྟེན་པའི་ཆོས་ལས་གཞན་དུ་གྱུར་པའི་གགས་ཞེས་བྱ་བའི་རང་བཞིན་ཏེ་དེ་ཉིད་ལ་གཞི་ཉེ་བར་སྦྱོར་བའི་ཕྱིར་བརྟེན་པའི་དབང་པོ་ལ་ནི་ཅི་ཡང་མི་བྱེད་པའི་ཕྱིར་གཞི་དེ་ཇི་ལྟར་བརྟེན་པའི་དབང་པོ་ལྟུང་བའི་གནས་ཡིན་ཏེ། གགས་བྱེད་པས་མི་ལྟུང་ངོ་ཞེས་བྱ་བ་ནི་གཞི་གགས་ལ་
གགས་ཀྱིས་མི་ལྟུང་བར་བྱེད་དོ་ཞེས་བྱ་བར་རྟོགས་ན་ཡང་ངོ་། །མི་ལྟུང་བ་དེ་ཡང་བརྟེན་པའི་དངོས་པོ་དེ་ཉིད་དམ་དེ་མ་ཡིན་ཞེས་བརྒལ་ཞིང་བརྟག་པ་མཚུངས་སོ། །གགས་ཀྱི་ཚིགས་དོན་བྱས་པ་ཞེས་བྱ་བར་དེ་ཅུང་ཟད་བྱས་པ་ཞིག་ཡིན་པར་བཤད་ན་ཡང་དེ་མི་འཐད་དེ། ཐུག་
པ་མེད་པར་ཡང་འགྱུར་ཏེ་ཞེས་བྱ་བར་ནི་ཁྱད་པར་དེ་ལས་ཁྱད་པར་འགའ་ཞིག་མ་ཐོབ་ན་ནི་དེའི་ཁྱད་པར་དུ་ཡང་མི་འགྱུར་ལ་དེ་ལས་ཁྱད་པར་གཉིས་པ་ཞིག་ཐོབ་ན་ཡང་སྔ་མ་ལྟར་བརྟག་པ་མཚུངས་པའི་ཕྱིར་ཁྱད་པར་རྣམས་ཐུག་པ་མེད་པར་འགྱུར་རོ། །གནོད་པ་དེ་དག་གི་རྩ་བ་དེ་ནི་དེའི་བདག་
ཉིད་དུ་གྱུར་པའི་ཕན་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་ཡང་ཅིས་ན་ཁས་མི་ལེན་ཞེ་ན། དེ་ཁས་བླངས་ན་དེའི་རང་བཞིན་རྟེན་ལས་གྲུབ་པར་གྱུར་ལ་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུར་འགྱུར་ཞིང་རྟེན་དེ་ལས་རྟོགས་པ་ཡང་འབྲས་བུའི་རྟགས་ལས་སྐྱེ་བར་འགྱུར་དུ་འོངས་པས་སོ། །རང་
གི་བདག་ཉིད་གཞན་དུ་མ་གྱུར་པའི་ཕན་པ་མི་འཐད་པ་དེའི་ཕྱིར་ལྟུང་བ་མེད་པའི་གགས་ཡིན་ནོ་ཞེ་ན། སྔ་མ་བཞིན་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ལེའུ་གཉིས་པའི་རང་བཞིན་གྱི་རྟགས་བཤད་པ་ལ་སོགས་པར་བཤད་པ་ལྟར་རོ། །དེ་ཉིད་བསྟན་པའི་ཕྱིར་འདི་བྱེད་པའི་དངོས་
པོ་འགོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་འདོད་པ་ཡིན་ནོ་ཞེས་བྱ་བ་ནི་གཞི་ལྟུང་བ་མི་བྱེད་དོ་ཞེས་ཁོ་བོ་ལ་གྲུབ་ཟིན་པའི་ཕྱིར་ཁྱེད་ཀྱིས་བརྗོད་པ་ནི་དོན་མེད་དོ། །དེ་ལ་ཡང་ཉེས་པ་གཞན་བསྟན་པའི་ཕྱིར་དེ་ལྟར་ལྟུང་བ་དེ་བྱས་པ་མེད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་
เล่ม ๑๘๗ · หน้า 270a
སོ། །སྐད་ཅིག་མའི་དངོས་པོ་རྣམས་ཞེས་བྱ་བ་ནི་གཞན་གྱིས་ལྷན་ཅིག་བྱས་པའི་རྒྱུན་སྐད་ཅིག་མ་གཞན་ལ་སྐྱེ་བར་རུང་བའོ། །དེ་ལ་ཡང་བརྟེན་པའི་རྒྱུ་དང་ཡུལ་མཚུངས་པ་ཉིད་སྐྱེ་བ་སྟེ། དེ་དང་ཉེ་བར་འབྲས་བུའི་རྒྱུན་སྐྱེ་བའོ། །གཞི་ལ་སྐྱེ་བར་གྲུབ་པོ་ཞེས་
བྱ་བ་ནི་དེ་ལས་སྐྱེས་པའི་རྟགས་ཅན་ཤེས་པ་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཉིད་དུ་འགྱུར་རོ། །འབྲས་བུའི་ཞེས་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི་མདོ་སྔ་མ་ལས་བདག་ཉིད་དེ་འདྲའི་རྒྱུ། དེའི་འབྲས་བུ་ཞེས་སྨོས་པ་ལྟར་རོ། །མེད་པ་མི་འབྱུང་བར་ངེས་པའི་ཕྱིར་རོ་ཞེས་བྱ་བ་ནི་
བསྒྲུབ་པར་བྱ་བར་འདོད་པ་མེད་པར་ཡང་གཏན་ཚིགས་སུ་འདོད་པར་འབྱུང་སྲིད་པའི་ཕྱིར་རོ། །རྟོགས་པ་རྣམས་ཀྱི་སྒྲུབ་བྱེད་མིན། །ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་རྣམས་ཀྱི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་བྱེད་ཡན་ལག་ཀྱང་ཅི་ཡིན་ཞེ་ན། གཏན་ཚིགས་
ཀྱང་ཚུལ་གསུམ་པ་གོ་བར་བྱེད་པ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །མ་འབྲེལ་པས་ནི་མི་རྟོགས་ཏེ། །ཞེས་བྱ་བ་ནི་ཆོས་ཅན་དང་སྒྲུབ་པར་འདོད་པའི་ཆོས་དག་དང་ངོ་། །དེ་ལ་ཆོས་ཅན་དང་མ་འབྲེལ་བ་གོ་བར་མི་བྱེད་པ་བསྟན་པའི་ཕྱིར། ཚད་མ་ལ་སོགས་པ་མཐོང་བ་སྟེ། སྒྲུབ་པར་འདོད་
པའི་ཆོས་དང་འབྲེལ་བ་མཐོང་བ་ཡང་ངོ་། །རྒྱ་མཚོར་མེ་བཞིན་ཞེས་བྱ་བ་ནི་ཆོས་ཅན་དང་འབྲེལ་པར་མ་གྲུབ་པའི་དཔེར་བརྗོད་པའོ། །མ་འབྲེལ་པས་ཞེས་བྱ་བ་ནི་ཆོས་ཅན་དང་ཆོས་དག་དང་ངོ་། །གོ་བར་བྱ་བ་དང་། གོ་བར་བྱེད་པ་དག་གི་ཅིག་གམ་གཉི་ག་ལ་མ་གྲུབ་པས་ཐེ་
ཚོམ་ཟ་བ་ནི་ཅི་རིགས་པར་དེ་དག་ཉིད་ཀྱི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ་རྒོལ་བ་ལ་མ་གྲུབ་པ་དང་ཕྱིར་རྒོལ་བ་གཉི་ག་ལ་མ་གྲུབ་པ་ཞེས་བྱ་བའོ། །ཐེ་ཚོམ་ཟ་བ་ཡང་དེ་བཞིན་ནོ། །གཅིག་རབ་མ་གྲུབ་ཐེ་ཚོམ་ཟ། །ཞེས་བྱ་བ་ནི་ཅི་རིགས་པ་སྟེ། ཆོས་ཅན་དང་མ་འབྲེལ་
པའི་དོན་གཅིག་མ་གྲུབ་བམ་ཐེ་ཚོམ་ཟ་བ་ནི་མ་གྲུབ་ཅེས་བྱ་བར་སྦྱར་རོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་གཅིག་གམ། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་གཅིག་མ་གྲུབ་བམ་ཐེ་ཚོམ་ཟ་ན་འཁྲུལ་པར་འགྱུར་ཞེས་བྱ་བར་སྦྱར་རོ། །གཉིས་མ་གྲུབ་པ་དང་ཐེ་ཚོམ་ཟ་ཞེས་བྱ་བ་ནི་
เล่ม ๑๘๗ · หน้า 270b
མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དག་གཅིག་རབ་མ་གྲུབ་ན་འགལ་བར་འགྱུར་ཞེས་བྱ་བར་སྦྱར་རོ། །ཐེ་ཚོམ་ཟ་ན་འཁྲུལ་པ་ཅན། །ཞེས་བྱ་བར་སྦྱར་རོ། །འཆི་བ་ཁས་བླངས་ནས་སེམས་པ་ཅན་ཉིད་ཇི་ལྟར་ཁས་བླངས་པར་མི་འགྱུར་ཞེས་
བྱ་བ་ནི། རྣམ་པར་ཤེས་པ་འགག་པའི་མཚན་ཉིད་ཀྱི་འཆི་བ་ཁས་བླངས་ནའོ། །གལ་ཏེ་འཆི་བའི་སྒྲ་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤུན་ལྤགས་བཤུས་ནས་འཆིའོ་ཞེས་གྲགས་པའི་ཕྱིར་རོ་ཞེ་ན། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། སྒྲས་གང་བརྗོད་པར་
གྲུབ་པར་ཐལ་བ་སྟེ། དཔེར་ན་ཆུ་ངོགས་སྟོང་པ་ལ་ཆུ་འགྲམ་ནི་བུ་རམ་གྱི་ཕུང་པོ་ཡོད་དོ་ཞེས་བརྗོད་ན་ཡང་དེ་ཡོད་པ་ལ་སོགས་པའོ། །དངོས་པོས་གོ་བར་བྱ་བའི་དངོས་པོ་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྟགས་དངོས་པོར་གྱུར་པས་གོ་བར་བྱ་བའི་ཆོས་དངོས་པོ་གྲུབ་པ་མ་ཡིན་པའོ། །
འོ་ན་ཅི་ཞེ་ན། སྒྲའི་དོན་ཙམ་ཞིག་འགྲུབ་པར་འགྱུར་བའོ། །མི་རྟག་པའི་ཕྱིར་དབྱིབས་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་གྲངས་ཅན་དག་མི་རྟག་པའི་ཕྱིར་རོ། །བློ་སེམས་པ་མེད་པར་བསྒྲུབ་པ་དང་། དབང་ཕྱུག་ཏུ་སྨྲ་བ་དག་དབྱིབས་དང་ལྡན་པའི་ཕྱིར་ས་སྟེངས་དག་ཁྱད་པར་དུ་
འཕགས་པའི་བློ་སྔོན་དུ་འགྲོ་བ་ཅན་དུ་གྲུབ་པ་དག་ཀྱང་མ་གྲུབ་པ་ཡིན་པར་བཤད་པའོ། །ཁྱད་དུ་འཕགས་པའི་བློ་ནི་དབང་ཕྱུག་སྟེ། ཐམས་ཅད་མཁྱེན་པའི་བློ་དེས་བྱ་བར་འདོད་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་མི་རྟག་པ་དང་དབྱིབས་དང་ལྡན་པ་དག་གོ། །དེ་དག་ལས་མི་རྟག་པའི་
ཕྱིར་ཞེས་བྱ་བ་སྒྲ་ཉིད་ཙམ་དུ་བཤད་པའི་ཕྱིར་ཉམས་པའི་བདག་ཉིད་ཅེས་བྱ་བ་སྨོས་ཏེ། ཉམས་པ་ནི་ཡོད་པ་གཏན་ནས་མེད་པའི་འཇིག་པའོ། །ཉེ་བར་ཞི་བའི་མི་རྟག་པ་ནི་མི་མངོན་རྒྱུ་ལ་གནས་པའོ་ཞེས་གྲངས་ཅན་དག་གིས་འདོད་པ་དེ་ཉམས་པའི་རང་བཞིན་མི་རྟག་པ་ཡིན་
པར་ཕ་རོལ་གྲངས་ཅན་མི་འདོད་པའོ། །དེའི་ཕྱིར་རྒོལ་བ་ཉིད་ལ་མ་གྲུབ་པའོ། །ཡང་ན་གྲངས་ཅན་གྱི་སངས་རྒྱས་པ་ལས་མ་གྲུབ་པའི་ཕྱིར་གཉི་ག་ལ་མ་གྲུབ་པའོ། །གལ་ཏེ་སྤྱིར་གྲུབ་པ་ལ་ཞེས་བྱ་བ་མི་རྟག་པ་ཞེས་བྱ་བར་བརྗོད་པའི་སྤྱིར་གྲུབ་པའི་ཕྱིར་བྱེ་བྲག་ཉམས་
เล่ม ๑๘๗ · หน้า 271a
པའི་མི་རྟག་པ་དང་། ཉེ་བར་ཞི་བའི་མི་རྟག་ཞེས་བརྟག་པར་མི་བྱ་སྟེ། སྤྱིར་གྲུབ་པ་ལ་བྱེ་བྲག་ཏུ་རྟོགས་པར་བྱེད་ན་ལན་ཕྱིན་ཅི་ལོག་སྟེ་འབྲས་བུ་མཚུངས་པ་ཞེས་བྱ་བའི་ལྟག་ཆོད་ཡིན་ཏེ་ཁྱེད་ལ་བྱས་པ་ཉིད་བུམ་པར་གྱུར་པའམ། སྒྲར་གྱུར་པ་
ཞེས་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ཡང་འདོད་པ་ཞེས་བྱ་བ་ནི་གྲངས་ཅན་དང་ཕྱིར་རྒོལ་བ་དག་ལའོ། །སྤྱིའི་དངོས་པོ་མི་རྟག་པ་ཞེས་བྱ་བ་གཉི་ག་ལ་མཐུན་པར་གྲུབ་པའོ། །མཐུན་པར་གྲུབ་པའི་དཔེར་བརྗོད་པ་ནི་དཔེར་ན་བྱས་པའི་ཕྱིར་བྱ་བའི་གཏན་
ཚིགས་ལྟ་བུའོ། །གལ་ཏེ་འདི་ཡང་སངས་རྒྱས་པ་དང་གྲངས་ཅན་དག་ལ་སྤྱིར་གྲུབ་པ་མེད་དེ་དེ་དག་ནི་ཡོད་པ་ཉིད་གསལ་བར་འགྱུར་བ་བྱས་པ་ཡིན་པར་འདོད་པ་མ་ཡིན་ནམ་ཞེ་ན། བྱས་པ་དེ་ཚད་མས་གྲུབ་པའི་དབང་དུ་བྱས་ཏེ་གྲུབ་པར་བརྗོད་པ་ཡིན་གྱི་གྲུབ་པའི་མཐའི་དབང་
དུ་བྱས་ན་ནི་མ་གྲུབ་པ་ཡིན་ནོ་ཞེས་འོག་ནས་འཆད་པར་འགྱུར་རོ། །མི་མངོན་པ་ཉིད་ཡོད་པ་མ་ཡིན་ནམ་ཞེས་བྱ་བའི་སྤྱིར་གྲུབ་པ་ཡིན་ཏེ་ཉམས་པ་དང་ཉེ་བར་ཞི་བ་གཉི་ག་ཡང་མི་གསལ་བའི་རང་བཞིན་དུ་གཉི་ག་འདོད་པའི་ཕྱིར་རོ་སྙམ་པའོ། །ཕ་རོལ་གྱི་མི་རྟག་པ་ཉིད་དེ་ལྟ་བུ་ཞེས་བྱ་བ་
ནི་སངས་རྒྱས་པ་ལ་སོགས་པ་ནི་མི་རྟག་པ་ཉིད་ཉེ་བར་ཞི་བ་ལྟ་བུ་མི་འདོད་པའོ། །མཚན་ཉིད་འདི་ཞེས་བྱ་བ་ནི་མི་རྟག་པའི་མཚན་ཉིད་མི་མཐོང་བ་འདིས་སོ། །གཙོ་བོ་དང་སྐྱེས་བུ་དག་ཀྱང་མི་རྟག་པར་འགྱུར་ཏེ། དེ་དག་ཀྱང་གྲངས་ཅན་གྱི་གཞུང་ལས་མི་མཐོང་བར་འདོད་དེ་འདི་
ལྟར། ཀྭ་ཡི་རྣམ་ཤེས་སུ་ཡིས་ཤེས། །ཞེས་བྱ་བ་དང་གཙོ་བོ་ནི་མི་མཐོང་བའི་ཚིགས་སུ་འཇུག་གོ་ཞེས་སྨྲ་བའི་ཕྱིར་རོ། །གལ་ཏེ་སྔ་མའི་ཆོས་ལས་གཞན་པའི་མི་གསལ་བ་ཞེས་བྱ་བ་ནི་སྔར་གསལ་བས་མི་གསལ་བར་འགྱུར་བའི་མི་གསལ་བ་ནི་རྟག་པར་འདོད་པའོ། །ཆོས་
སྔ་མ་ལས་ཀྱང་གཞན་ལ་ཞེས་བྱ་བ་ནི་མི་གསལ་བ་སྔར་གསལ་བ་ལས་མི་འདྲ་བར་འགྱུར་བའོ། །མི་ཉམས་པའི་བུམ་པའི་རྫས་རྟག་པར་ཡང་འདོད་པའོ། །གནས་སྐབས་ལྡོག་པ་ཞེས་བྱ་བ་ནི་བུམ་པའི་གསལ་བ་དང་མི་གསལ་བའི་གནས་སྐབས་ལྡོག་པ་སྟེ། དེའི་འཇིག་པར་སྨྲ་
เล่ม ๑๘๗ · หน้า 271b
བའོ། །དེ་ཉིད་བཤད་པའི་ཕྱིར་གང་ཡང་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མཚུངས་པར་བརྗོད་དེ་ཞེས་བྱ་བ་ནི་ཉེས་པར་དྲན་པར་རོ། །དེ་ཉིད་བསྟན་པའི་ཕྱིར་དེ་ཡང་ཞེས་བྱ་བ་སྨོས་ཏེ། གནས་སྐབས་ལྡོག་པ་དེའི་ཡང་ངོ་། །མི་ཉམས་པ་ཡང་ཡིན་ནོ་ཞེས་
བྱ་བ་ནི་གང་འགལ་བ་ཡིན་པའོ། །དེ་ལྡོག་ན་ཅིག་ཤོས་མ་ལོག་ཀྱང་ཞེས་བྱ་བ་ནི་ཆུ་འཛིན་པའི་གནས་སྐབས་དེ་ལོག་ན་ཅིག་ཤོས་གནས་སྐབས་ཅན་མ་ལོག་སྟེ། ཕྲ་བའི་རང་བཞིན་གྱི་བུམ་པར་གཙོ་བོ་ལ་ཞི་བས་གནས་སྐབས་ཀྱང་དེ་ཐམས་ཅད་མི་འབྱུང་སྟེ། བུམ་པ་དེ་
ཐམས་ཅད་དུ་མེད་དོ་ཞེས་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །དེའི་གནས་སྐབས་དེ་ཉིད་ཅེས་བྱ་བ་ནི་ཆུ་འཛིན་པའི་གནས་སྐབས་དེ་ཉིད་དོ། །དེ་ཡང་ལོག་པ་ཞེས་བྱ་བ་ནི་བུམ་པའི་མཚན་ཉིད་དུ་ཆུ་འཛིན་པའོ། །མི་ལྡོག་པའི་གནས་སྐབས་ཅན་གྱི་ནུས་པའི་རྫས་གནས་པར་འདོད་པ་
ནི་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ཏེ་ཞེས་བྱ་བ་འགལ་བའི་ཐ་སྙད་ཡིན་ནོ་ཞེས་སྔར་བཤད་པའི་ཉེས་པས་གོས་པར་འགྱུར་ཏེ། འདི་ལྟར་བུམ་པ་དེའི་མཚན་ཉིད་མེད་པའི་ཕྱིར་ཡོད་པ་མ་ཡིན་ལ་གལ་ཏེ་བུམ་པ་ཡོད་ན་ཡང་བུམ་པ་ཆག་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་
པོ་གཅིག་པ་ཉིད་ཡིན་ན་ཡང་ཞེས་བྱ་བ་ནི་སྐྱེས་བུའི་དངོས་པོ་གཅིག་ཡིན་ཡང་ངོ་། །གནས་སྐབས་གོས་དང་རྒྱན་དང་སྤྱོད་པས་ཐ་དད་པ་མཐོང་བ་ཡིན་ནོ་ཞེ་ན། གནས་སྐབས་ཐ་དད་པ་དེ་ཉིད་དངོས་པོའི་ཐ་དད་པ་ཡིན་ཏེ་དངོས་པོ་ཉིད་གཞན་དང་གཞན་དུ་སྐྱེས་པ་ཡིན་གྱི་གནས་སྐབས་ཅན་གྱི་
དངོས་པོ་ལོགས་གཅིག་ན་ནི་མེད་པའི་ཕྱིར་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་དུ་ཅིས་ན་མི་འདོད་དེ་འདོད་པར་བྱའོ། །འདོད་པ་དེ་ལྟ་བས་ན་བདེ་བ་ལ་སོགས་པ་སྟེ། སྙིང་སྟོབས་བདེ་བ་ཉིད་སྡུག་བསྔལ་བ་ཉིད་མུན་པ་བཏང་སྙོམས་ཉིད་ཐ་དད་པ་དང་བེམས་པོ་དེ་དག་དང་སྐྱེས་བུ་
ཤེས་པ་ཡོད་པ་དག་ཏུ་ཐ་དད་པ་ཉིད་ཡིན་པ་ལ་ཐེ་ཚོམ་མེད་དོ། །གལ་ཏེ་ཐ་དད་པའི་མཚན་ཉིད་ཡིན་ཡང་དངོས་པོ་ཐ་དད་པ་མ་ཡིན་ན་ནི་བདེ་བ་ལ་སོགས་པ་ཡང་དངོས་པོ་ཐ་དད་པར་མི་འགྲུབ་པོ། །གནས་སྐབས་ཐ་དད་ཀྱང་ཞེས་བྱ་བ་ནི་ཟློས་གར་མཁན་གྱི་སྐྱེས་བུ་དགའ་བྱེད་
เล่ม ๑๘๗ · หน้า 272a
ཀྱི་གནས་སྐབས་གསེར་གྱི་མདོག་ཅན་དང་ནོར་བུ་བུམ་རྣའི་གནས་སྐབས་ནག་པོ་ལ་སོགས་པ་ཐ་དད་ཀྱང་དེ་ཉིད་གཟུགས་རྗེས་སུ་བྱེད་དེ་ཡོད་པས་ན་གནས་སྐབས་ཅན་གཟུགས་ནི་རྟག་པར་ཡོད་པར་འགྲུབ་ཅེ་ན། དེའི་བདེ་བ་ལ་སོགས་པ་ནང་རྣམས་དང་།
དེ་དག་དང་སྐྱེས་བུ་རྣམས་སུ་ཡང་མཚུངས་པར་འགྱུར་ཏེ་དེ་དག་ཀྱང་བདེ་བ་དང་སྡུག་བསྔལ་བ་དང་། བཏང་སྙོམས་དང་། བེམས་པོ་དང་ཤེས་པ་ཡོད་པ་དག་གནས་སྐབས་ཐ་དད་པ་ཡིན་གྱི་དངོས་པོ་གཅིག་ཉིད་དུ་མཚུངས་པར་ཐལ་བར་འགྱུར་བས་ན་ཁྱེད་ཀྱི་ཐ་སྙད་ལ་
གནོད་དོ། །གལ་ཏེ་ཐ་དད་ན་རིམ་གྱིས་གསལ་བ་འགལ་བའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པ་དག་གི་བ་ལང་གི་རྭ་གཡས་གཡོན་ལྟར་དུས་གཅིག་ཏུ་གསལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བདེ་བ་ལ་སོགས་པ་ནི་སེམས་པ་ཅན་སེམས་པ་མེད་པ་དག་ཅིག་ཅར་གསལ་བའི་ཕྱིར་ཐ་
དད་པར་འགྱུར་ལ་བུམ་པའི་ཆུ་འཛིན་པ་ནི་རིམ་གྱིས་གསལ་བའི་ཕྱིར་དེ་དག་གཅིག་པ་ཉིད་དོ་ཞེ་ན། རིམ་གྱིས་གསལ་བའི་ཕྱིར་གཅིག་དང་གཅིག་ཉིད་ཡིན་པ་དེ་ལྟ་ན་ད་ནི་བུམ་པ་དང་ཞོ་ལ་སོགས་པ་ཇི་ལྟར་དུ་མ་ཉིད་ཡིན་ཏེ། གཅིག་ཏུ་ཐལ་བར་འགྱུར་རོ་ཞེས་སྦྱོར་ཅིའི་ཕྱིར་
ཞེ་ན། དུ་མར་བཞག་པའི་མཚན་ཉིད་གཅིག་པར་གསལ་བ་ཞེས་བྱ་བ་དང་འགལ་བའི་རིམ་གྱིས་གསལ་བ་དམིགས་པའི་ཕྱིར་ཏེ། ཐོག་མར་ནི་བུམ་པ་གྲུབ་ལ་དེ་ནས་དེ་ལ་བརྟེན་པའི་ཞོ་ལ་སོགས་པ་གསལ་བའི་ཕྱིར་ཟློས་གར་མཁན་ལྟར་གཅིག་པར་ཐལ་བར་འགྱུར་བས་སོ། །དེ་
ལྟ་ན་ཐ་དད་པའི་མཚན་ཉིད་རིམ་པ་མ་ཡིན་པར་གསལ་བ་ཞེས་བྱ་བ་ནི་མ་ཁྱབ་པའི་སྐྱོན་ཆགས་ལ་གཅིག་པའི་མཚན་ཉིད་རིམ་གྱིས་གསལ་བ་ནི་ཁྱབ་ཆེས་པའི་ཕྱིར་རོ། །ཡང་ན་རིམ་པ་མ་ཡིན་པར་གསལ་བའི་ཕྱིར་བུམ་པ་དང་ཞོ་ལ་སོགས་པ་ཐ་དད་པ་ཉིད་ཡིན་ཞེས་བྱ་བ་ནི་དེ་དག་རིམ་
གྱིས་གསལ་བའི་ཕྱིར་ཐ་དད་པའི་མཚན་ཉིད་རིམ་མ་ཡིན་པར་གསལ་བ་དང་འགལ་བའི་ཕྱིར་དང་། གཅིག་པའི་མཚན་ཉིད་རིམ་གྱིས་གསལ་བ་ཡོད་པའི་ཕྱིར་ཇི་ལྟར་དུ་མ་ཉིད་ཡིན་ཏེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིམ་གྱིས་གསལ་བ་ལ་ཐ་མི་དད་པས་ཁྱབ་པ་མ་གྲུབ་པའི་ཕྱིར་དང་
เล่ม ๑๘๗ · หน้า 272b
ཞེས་བྱ་བ་ནི་བུམ་པ་དང་ཞོ་ལ་སོགས་པ་ཉིད་ཀྱིས་ཏེ། རིམ་གྱིས་གསལ་ཡང་ཐ་མི་དད་པ་མེད་པའི་ཕྱིར་རོ། །ཅི་ཞིག་འགལ་ཞེས་བྱ་བ་ནི་རིམ་གྱིས་སྣང་བ་དང་ཐ་དད་པ་དག་གོ། །གལ་ཏེ་བུམ་པ་དང་ཞོ་ལ་སོགས་པ་རིམ་གྱིས་སྣང་བ་ཡང་ཅིའི་རྒྱུ་ཡིན་ཞེ་ན་རིམ་གྱིས་ཡིན་པ་ནི་ཞོ་
དང་བུམ་པ་དེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། རྒྱུ་དེ་མ་གྲུབ་ན་འབྲས་བུ་མི་འགྲུབ་པའི་ཕྱིར་རོ། །དེས་ན་རིམ་གྱིས་གསལ་བའི་ཕྱིར་སྔ་ཕྱི་ཐ་དད་པ་ཉིད་དུ་འགྲུབ་པོ། །གལ་ཏེ་ཐ་མི་དད་ན་ཆ་ཤས་མེད་པའི་ཕྱིར་རིམ་མ་ཡིན་པར་ཐལ་བར་འགྱུར་ཏེ། གཅིག་གི་བདག་ཉིད་གསལ་བ་ཉིད་གཅིག་
བཞིན་ནོ། །གལ་ཏེ་འབྲས་བུ་ཡིན་པའི་ཕྱིར་ཐ་མི་དད་དོ་ཞེས་བྱ་བ་ནི་གྲངས་ཅན་པ་དག་ནི་འབྲས་བུ་རྒྱུའི་རང་བཞིན་དུ་ཡོད་པར་འདོད་པས་སོ། །གལ་ཏེ་འགྲེལ་པ་གྲུབ་ན་ཞེས་བྱ་བ་ནི་འབྲས་བུ་ཉིད་གཅིག་པ་དང་ངོ་། །དེ་ཡང་ཞེས་བྱ་བ་ནི་འབྲེལ་པའོ། །བཤད་པར་བྱའོ་ཞེས་བྱ་བ་ནི་སྲོག་
ལ་སོགས་པ་རྗེས་སུ་འགྲོ་བ་མེད་ན་གཉིས་ལ་ཐེ་ཚོམ་ཟ་བའི་སྐབས་སུའོ། །འཇིག་པ་དང་ཅིག་ཤོས་དག་ཅེས་བྱ་བ་ནི་བསགས་པ་དང་ཉེ་བར་ཞི་བ་དང་། མི་རྟག་པ་དག་བྱེ་བྲག་མེད་དེ་གཉིས་གྲུབ་པར་མི་གསལ་བ་ལ་སོགས་པ་བརྟགས་ཀྱང་ངོ་། །སྤྱིའི་ཆོས་ཞེས་བྱ་བ་ནི་རྒོལ་པ་ལ་
མཐུན་པའོ། །མི་མཐུན་པའི་དཔེ་ནི་དཔེར་ན་རྒྱུ་རྣམས་ལ་ཞེས་བྱ་བ་རྐན་དང་། མཆུ་དང་། བརྗོད་པར་འདོད་པ་ལ་སོགས་པའི་རྗེས་སུ་འགྲོ་བས་སྒྲ་སྐྱེས་བུས་བྱས་པར་འདོད་པ་དང་། རྫ་མཁན་ལ་སོགས་པའི་རྗེས་སུ་འགྲོ་བས་བུམ་པ་བྱས་པ་སྤྱིར་བརྗོད་པ་ལྟའོ། །འབྲེལ་
པ་ཐ་དད་པ་དག་ཀྱང་ངོ་ཞེས་བྱ་བ་ནི་བྱས་པ་ཉིད་ཅེས་བྱ་བའི་སྤྱིའི་ཆོས་གཞན་གྱིས་བརྟགས་པ་ལ་དཔྱད་ཀྱང་སྟེ། དེ་མེད་ཀྱང་བྱས་པ་ཉིད་ཚད་མས་གྲུབ་པོ། །གཞན་ཡང་བུམ་པའི་བྱས་པ་དང་སྒྲའི་བྱས་པ་ཆོས་ཅན་དང་འབྲེལ་པའི་ཐ་དད་པ་ཞེས་བྱ་བ་བྱེ་བྲག་མ་སྤྱད་ཀྱང་
བྱས་པ་སྤྱི་གཉི་ག་ལ་གྲུབ་པོ། །དམིགས་ན་ནི་དེར་འགྱུར་རོ་ཞེས་བྱ་བ་སྤྱི་གྲུབ་པར་འགྱུར་བའོ། །ཅི་སྟེ་སྐབས་ཉིད་གཏན་ཚིགས་སུ་བརྗོད་ན་ཡང་དེར་སྤྱི་གྲུབ་ཀྱང་མ་ངེས་པ་ཉིད་དུ་གྱུར་པའི་ཕྱིར་འབྲེལ་པ་ལེགས་པར་དཔྱད་པར་བྱ་བ་ཡིན་ཏེ། འབྲེལ་པ་དེས་བསྒྲུབ་པར་བྱ་བ་
เล่ม ๑๘๗ · หน้า 273a
འགྲུབ་པའི་ཕྱིར་རོ། །ཇི་ལྟར་ཁང་བཟངས་ལ་སོགས་པ་ཞེས་བྱ་བ་ནི་བ་ལང་གི་གནས་ཁང་དང་། ཚོང་ཁང་གི་སྐབས་ལ་སོགས་པར་བློ་སྔོན་དུ་བཏང་བས་བྱས་པའི་རྣམ་པར་རྗེས་སུ་མཐུན་པའོ། །གལ་ཏེ་མཐོང་ན་ནི་ཞེས་བྱ་བ་ནི་སའི་སྙིང་དང་རི་ལ་སོགས་པ་
ཡང་དེ་ལྟ་བུའི་དབྱིབས་ཀྱི་རྣམ་པར་མཐོང་ནའོ། །དེ་བཞིན་དུ་གཏན་ཚིགས་སུ་འགྱུར་རོ། །ཞེས་བྱ་བ་ནི་ཁང་བཟངས་ལ་སོགས་པ་དེ་བཞིན་དུ་སྤྱིར་གྲུབ་པའི་གཏན་ཚིགས་སུ་འགྱུར། སྐྱེས་བུའི་བྱེད་པ་ནི་ཤིང་མཁན་ལ་སོགས་པའི་བྱེད་པ་ཡོད་པ་དང་མེད་པའོ། །རྗེས་སུ་འཇུག་ཅན་ནི་དེ་
དང་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་ནོ། །དེ་ནི་ཁང་བཟངས་ལ་དང་རྟ་བབས་ལ་སོགས་པའོ། །དེ་ལྟ་བུར་ས་སྟེངས་ཀྱི་དབྱིབས་ལ་སོགས་ཏེ་ཁ་དོགས་ལ་སོགས་པ་གང་མཐོང་བར་འགྲུབ་ན་དབྱིབས་དེའི་ཕྱིར་བློ་སྔོན་དུ་སོང་བ་གང་ཞིག་དཔག་པ་དེའི་རིགས་ཏེ། དངོས་པོ་མཚུངས་
པར་འགྲུབ་པའི་ཕྱིར་རོ། །གཞན་དུ་དངོས་པོ་ཐ་དད་གྲུབ་པ་ལ་ཞེས་བྱ་བ་ནི་དབྱིབས་དག་རིགས་ཀྱི་འདྲ་བ་རི་དང་ཁང་བཟངས་ལ་སོགས་པ་ལ། སྒྲ་མཚུངས་ཐ་དད་མེད་པ་ཡིས། །དབྱིབས་དང་ལྡན་པ་ཞེས་བྱ་བ་ནི་སྒྲ་མཚུངས་སོ། །སྐྱེ་བོ་ཡིས་བརྫངས་སོགས་ཏེ་གྱེན་དུ་འགྲོ་བ་ཙམ་
ལ་སོགས་པས་སོ། །དོན་ཐ་དད་ཀྱང་སྒྲ་མཚུངས་པས་རྟོགས་ན་འཇི་བའི་རྣམ་པར་འགྱུར་བ་ས་ཕུང་དང་བུམ་པ་ལ་སོགས་པའི་བྱེད་པ་པོར་རྫ་མཁན་གྲུབ་པའི་ཕྱིར་རོ། །གྲོག་མཁར་ཡང་འཇི་བའི་རྣམ་པར་འགྱུར་བ་ཡིན་པའི་ཕྱིར་རྫ་མཁན་གྱིས་བྱས་པར་འགྲུབ་པར་འགྱུར་རོ། །བསྒྲུབ་བྱས་
ཁྱབ་པ་ནི་མི་རྟག་པའི་རྗེས་སུ་འགྲོ་བ་སྤྱི་ཡིས་ཞེས་བྱ་བ་ནི་བྱས་པ་ཉིད་གཉི་ག་ལ་གྲུབ་པས་སོ། །འབྲེལ་པའི་ཐ་དད་སྨྲས་པ་ཡིས། །ཞེས་བྱ་བ་ནི་སྒྲས་གྱུར་པའི་བྱས་པ་བུམ་པ་ལ་མེད་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པར་མཚུངས་སོ་ཞེས་ཀླན་ཀ་བས་སྨྲས་པའོ། །སྐྱོན་ནི་ཞེས་བྱ་བ་
ནི་སུན་འབྱིན་པས་སོ། །དེས་དོན་འབྲས་བུར་མཚུངས་པར་ཡིན་པར་འདོད། ཅེས་པ་ལྟག་ཆོད་ཀྱི་བྱེ་བྲག་འབྲས་བུ་མཚུངས་པ་ཞེས་བྱ་བ་ཡིན་ནོ། །རིགས་གཞན་པར་ནི་བྱ་བ་དངོས་པོ་རིགས་མི་མཐུན་པར་གྲུབ་པ་ལའོ། །སྒྲུབ་བྱེད་མི་རིགས་གོང་བུ་བཞིན། །ཞེས་བྱ་བ་ནི་སྒྲ་
เล่ม ๑๘๗ · หน้า 273b
མཚུངས་པར་སྒྲུབ་པར་བྱེད་པར་མི་རིགས་ཏེ། ངག་ལ་སོགས་པ་ཡང་ར་དང་ལྡན་པར་ཐལ་བར་འགྱུར་ཏེ་གོང་བུ་སྒྲས་མཚུངས་པའི་ཕྱིར་གླང་བཞིན་ནོ། །དངོས་པོ་གྲུབ་པ་མ་ཡིན་ལ། །ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དང་འབྲེལ་པ་དག་གོ། །མ་གྲུབ་པ་རིགས་ཞེས་བྱ་བ་ནི་མ་གྲུབ་པ་
དང་མ་ངེས་པ་ལ་སོགས་པ་ཕྱོགས་ཀྱི་ཆོས་དང་འབྲེལ་པ་དང་མ་གྲུབ་པར་རིགས་སོ། །གྲུབ་ན་ནི་ཞེས་བྱ་བ་དངོས་པོ་ལ་འདོད་པའི་རྟགས་དང་རྗེས་སུ་འགྲོ་བ་གྲུབ་ན། རྟགས་ཀྱི་དོན་མ་གྲུབ་ཀྱང་མ་གྲུབ་པའི་ཉེས་པར་མི་འགྱུར་བའོ། །དཔེར་ན། སྒྲ་ཡི་ནམ་མཁའ་རྟེན་སོགས་པའི་
ཞེས་བྱ་བ་སྨོས་ཏེ། སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་དང་འབྲེལ་པའི་བྱས་པ་དང་བྱས་པ་དེ་ཉིད་ནམ་མཁའི་ཡོན་ཏན་དང་རྗེས་སུ་འགྲོ་བ་ཉིད་མ་གྲུབ་ཀྱང་བྱས་པས་མི་རྟག་པ་གྲུབ་པའི་ཕྱིར་བརྗོད་པ་བཞིན་ནོ། །འུག་པ་བ་ནི་བྱེ་བྲག་པའོ། །སྒྲུབ་བྱེད། ལུས་ཅན་ལ་སོགས་སྨྲ་བ་
བཞིན། །ཞེས་བྱ་བ་ནི་ལུས་ཅན་ཡིན་པའི་ཕྱིར་མི་རྟག་པ་ཞེས་བྱ་བར་སྨྲས་པ་ན། སངས་རྒྱས་པ་ལ་འུག་པ་པས་འདོད་པའི་ལུས་རྟག་པ་ཉིད་དང་ཐམས་ཅད་དུ་སོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་ཞེས་བྱ་བའི་ཆོས་བརྟགས་པའི་སྒྲ་མཚན་ཉིད་དེ་དག་གི་མ་གྲུབ་ཀྱང་རེག་པར་བྱ་
བ་ཉིད་ཀྱི་ལུས་རྟགས་སུ་འདོད་པ་གྲུབ་པའི་ཕྱིར་དོན་གྲུབ་པ་བཞིན་ནོ། །གལ་ཏེ་དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བྱས་པ་ཕྱིར་རྒོལ་བ་གྲངས་ཅན་ལ་མ་གྲུབ་པོ་ཞེས་བཤད་པ་མ་ཡིན་ནམ། དེའི་ཕྱིར་བྱས་པ་ཡང་སྤྱིར་གྲུབ་པ་མེད་དོ་ཞེ་ན། གང་ཡང་བསྟན་བཅོས་
ལ་བརྟེན་པའི་ཅིག་ཤོས་ལ་མ་གྲུབ་པར་སློབ་དཔོན་གྱིས་གསུངས་སོ། །ཇི་སྐད་དུ་གསུངས་ཤེ་ན། མངོན་པར་གསལ་བ་སྨྲ་བ་ལ་བྱས་པ་ཉིད་མ་གྲུབ་པོ་ཞེས་སོ། །དེ་ལ་མངོན་པར་གསལ་བ་སྨྲ་བ་ནི་གྲངས་ཅན་ཏེ། མི་མངོན་པར་རྒྱུ་དག་གིས་མངོན་པར་བྱས་ཀྱི་མེད་པ་ལས་
རྒྱུས་བྱས་པར་མི་འདོད་པས་སོ། །རྗེས་སུ་དཔག་པར་ཐམས་ཅད་ལ་ཞེས་བྱ་བས་ནི་ལུང་ལ་བརྟེན་པའི་དང་། དངོས་པོའི་སྟོབས་ཀྱིས་ཞུགས་པ་དག་གོ། །ཚད་མས་མཐོང་བ་ལ་ཞེས་བྱ་བ་བྱས་པ་ཉིད་རྒྱུའི་རྗེས་སུ་འགྲོ་བ་དང་། ལྡོག་པར་ཚད་མས་གྲུབ་པ་ལའོ། །དམ་བཅའ་
เล่ม ๑๘๗ · หน้า 274a
བས་མ་གྲུབ་པར་བརྩད་པར་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གྲངས་ཅན་གྱི་གྲུབ་མཐའ་མ་གྲུབ་པས་མ་གྲུབ་པར་བྱ་བར་མི་རིགས་པའོ། །རྗེས་སུ་དཔག་པ་ནི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡང་མ་ཡིན་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་
ཞུགས་པ་ནི་བསྟན་བཅོས་ལ་མི་བརྟེན་པའོ། །དེའི་ཕྱིར་མཚན་མ་ཁོ་ནས་དངོས་པོ་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དེ་ལ་གནོད་ཀྱི་ལུང་གིས་ནི་མ་ཡིན་ནོ། །གལ་ཏེ་ཚད་མས་རྟོགས་པ་མ་ཡིན་ཏེ། ཚད་མས་གྲུབ་པ་ལས་བྱེ་བྲག་ཏུ་བྱ་བའི་དོན་མ་ཡིན་ན། ཅི་མངོན་
པར་གསལ་བ་སྨྲ་བ་ལ་ཞེས་གསུངས་ཏེ་མ་གྲུབ་པོ་ཞེས་བྱ་བ་འགའ་ཞིག་ཏུ་གསུངས་པར་འགྱུར་རོ། །དེ་བས་ན་མངོན་པར་གསལ་བ་ལ་ཞེས་བྱ་བས་ནི་ལུང་ལ་ལྟོས་ཏེ་གསུངས་སོ། །གཞན་དུ་ནི་མི་ཤེས་པ་ཉིད་ལ་དེ་སྐད་ཅེས་བྱ་བའོ་ཞེས་བྱ་བ་ནི་བསྟན་བཅོས་ལས་མ་གྲུབ་པ་ལས་གཞན་
དུ་དངོས་པོ་ལ་ཞུགས་པ་ལ་ནི་ཚད་མས་མ་ཤེས་པ་ཙམ་ལ་སྟེ། མ་རྟོགས་པ་ཙམ་ལ་དེ་སྐད་ཅེས་བྱ་བའོ་ཞེས་བྱ་བ་ནི་མ་གྲུབ་པ་ཞེས་ཏེ། མངོན་པར་གསལ་བར་སྨྲ་བ་ལ་ཞེས་བྱེ་བྲག་ཏུ་མི་དགོས་པའོ། །ཡང་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཞན་ཏེ། དེ་ཞེས་བྱ་བ་མངོན་པར་
གསལ་བ་སྨྲ་བ་ལ་བྱས་པ་མ་གྲུབ་པ་ཞེས་བྱ་བ་སྨྲ་བ་དེའོ། །དཔེར་བརྗོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དཔེར་བརྗོད་པ་ངེས་པར་བྱས་པ་མ་ཡིན་པ་སྟེ། ཕྱོགས་ཙམ་ཞེས་བྱ་བ་གཅིག་ལ་མ་གྲུབ་པ་ཙམ་བསྟན་པ་གཙོར་བརྗོད་ཀྱི་ཚད་མས་གྲུབ་པ་དང་ལུང་གི་དབྱེ་བ་མ་དཔྱད་པའོ། །བསྒྲུབ་
པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་ཐ་མི་དད་ན་དེ་དག་གི་རང་བཞིན་དུ་མི་རུང་བའོ། །དེ་ཡོད་པ་ཙམ་གྱིས་ཞར་ལ་འོངས་པ་ཞེས་བྱ་བ་ནི་སྒྲ་ཡོད་པ་ཙམ་གྱིས་ཞར་ལ་སྟེ་དེ་ཉིད་ཀྱིས་སོ། །འོངས་པ་ཞེས་བྱ་བ་ནི་གྲུབ་པའོ། །དེ་ཡང་ཆོས་ཅན་སྒྲ་གྲུབ་པ་ཉིད་ཀྱིས་
གྲུབ་པའོ། །དེ་ལྟར་གྲུབ་པ་ལ་ཡང་སྒྲ་འབྱིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་མེད་དོ། །དེ་ཉིད་རྒྱས་པར་བཤད་པ་ནི་སྒྲ་དེ་ལྟར། གྱུར་ན་ཞེས་བྱ་བ་ནི་ཆོས་ཅན་གྲུབ་པ་ཉིད་ཀྱིས་སྒྲ་རང་གྲུབ་པས་ན་ཕྱོགས་བསྟན་པ་སྟེ། ཆོས་ཅན་བསྟན་པ་ཉིད་ཀྱིས་དེ་ལྟར་སྒྲར་གྲུབ་ལ། ཕྱིས་
เล่ม ๑๘๗ · หน้า 274b
རང་ཉིད་ལས་ཀྱང་ཞེས་བྱ་བ་ནི་སྒྲ་ཡིན་པའི་ཕྱིར་ཞེས་རྟགས་བསྟན་པས་ཀྱང་སྒྲ་ཉིད་ལས་གཞན་རྟོགས་པ་མེད་པས་སོ། །དེའི་ཕྱིར་སྒྲ་དེ་ཕྱོགས་སུ་བྱས་ནས་དེ་གྲུབ་པར་བྱ་བར་བྱས་ནའོ། །དེ་ཉིད་གཏན་ཚིགས་ཀྱང་ཡིན་ན་ཞེས་བྱ་བ་ནི་སྒྲ་ཕྱོགས་ཡིན་པ་དེ་ཉིད་གཏན་ཚིགས་ཡིན་
ནའོ། །ཡང་ན་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་ཡོད་པ་ཙམ་གྱིས་ཞར་ལ་འོངས་པས་ཡང་དེ་བསྟན་པ་ནི་དོན་མེད་དོ་ཞེས་འདས་མ་ཐག་ཏུ་བཤད་ཟིན་ཏོ། །རྩོད་པ་མེད་པར་ཡང་འགྱུར་ཏེ་ཞེས་བྱ་བ་ནི་རྟགས་དོན་མེད་པའོ། །གལ་ཏེ་རྗེས་སུ་འགྲོ་བ་མ་མཐོང་བས་རྗེས་སུ་འགྲོ་བ་མ་
གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་རྟགས་ཉིད་གྲུབ་པར་འདོད་ན་རྗེས་སུ་འགྲོ་བ་མ་མཐོང་བ་ནི་མ་ཡིན་ཏེ། འདི་ལ་རྗེས་སུ་འགྲོ་བ་མི་སྲིད་པ་ཡིན་ཏེ། འདི་ལྟར་ཇི་ལྟར་ཆོས་ཅན་ཆོས་ཅན་གཞན་ལ་རྗེས་སུ་འགྲོ་བ་ཡིན་ཏེ། དེ་ནི་མི་སྲིད་པ་སྟེ་ཆོས་ཅན་གྱི་བྱེ་བྲག་ལ་རྟགས་ཀྱིས་གྲུབ་
པའི་ཕྱིར་རོ། །དེའི་ཕྱིར་རྟགས་ཀྱི་རང་བཞིན་མ་ཡིན་ནོ། །དེས་ན་དེ་གྲུབ་པ་ན་རྟགས་གྲུབ་པ་མ་ཡིན་ནོ། །གལ་ཏེ་མར་མེ་ལ་སོགས་པ་རང་གིས་རང་རྟོགས་པའི་ཤེས་པ་སྐྱེད་པའི་བྱེད་པ་ལྟར་རྟགས་ཀྱང་རང་གིས་རྟོགས་པར་བྱེད་དོ་ཞེ་ན། མར་མེ་ལ་སོགས་པ་ནི་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །རང་གི་ཤེས་པའི་ཡུལ་དུ་རྟགས་ཅན་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྟགས་རྟོགས་པའི་ཤེས་པ་ཉིད་ཡུལ་དུ་བསྒྲུབ་པར་བྱ་བ་ཉིད་རྟོགས་པ་ནི་མ་ཡིན་ཏེ། །རྟགས་ཤེས་པ་ལས་དུས་ཕྱིས་རྟགས་ཅན་རྟོགས་པ་སྟེ། དེ་དག་རྒྱུ་དང་
འབྲས་བུ་ཉིད་ཡིན་པའི་ཕྱིར་དུས་གཅིག་པ་མ་ཡིན་ནོ། །འདིར་ཐལ་བར་འགྱུར་རོ་ཞེས་བྱ་བ་རྟགས་ཤེས་པ་རྟགས་ཅན་ཡུལ་དུ་བྱེད་པའོ། །གལ་ཏེ་ཆོས་དང་ཆོས་ཅན་ཞེས་བྱ་བ་ནི་བྱས་པ་དང་མི་རྟག་པ་དག་ཀྱང་དོན་དམ་པར་ཐ་མི་དད་པའི་ཕྱིར་སྐྱོན་མཚུངས་པའོ་སྙམ་
པའོ། །སྨྲས་ཟིན་ཏེ་ཞེས་བྱ་བ་ནི་ལེའུ་གཉིས་པར་རོ། །དེ་ལྟར་གྱུར་པ་མ་གྲུབ་སྟེ། །ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་གྱི་ཐ་དད་པ་མ་གྲུབ་པའོ། །དེ་དང་གཞན་ཉིད་དགག་པར་བྱ། །ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་དག་དེ་ཉིད་དང་གཞན་ཉིད་དགག་པར་བྱ་བའི་དོན་
เล่ม ๑๘๗ · หน้า 275a
དམ་པར་དེ་ཉིད་དང་གཞན་ཉིད་ཁོ་ནའོ། །རང་གི་བྱེ་བྲག་ལ་བརྟེན་པའི། །ཞེས་བྱ་བ་ནི་བྱས་པ་དང་མི་རྟག་པ་དག་གི་ལྡོག་པའི་ཆོས་ཀྱི་བྱེ་བྲག་ལ་བརྟེན་པའོ། །ཤེས་ལ་ཇི་ལྟར་ཐ་དད་པར། །ཞེས་བྱ་བ་ནི་ཆོས་དང་ཆོས་ཅན་དག་དེ་ཉིད་དང་གཞན་ཉིད་
དང་བྲལ་བར་སྣང་བའི་ཕྱིར་བྱས་པ་དང་མི་རྟག་པའི་ཆོས་དུ་མ་སྣང་བ་དེ་ལ་རྟགས་དང་རྟགས་ཅན་གྱི་ཐ་སྙད་བརྟེན་པའི་ཕྱིར་སྐྱོན་མི་མཚུངས་པའོ། །འདིར་ནི་ཞེས་བྱ་བ་ནི་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་འདིར་རོ། །ཐ་སྙད་ལ་མཐོང་བའི་ཞེས་བྱ་བ་ནི་བྱས་པ་དང་མི་རྟག་པ་ལྡོག་པའི་
ཁྱད་པར་གྱིས་རྟགས་དང་རྟགས་ཅན་དུ་བྱེད་པའི་ཐ་སྙད་ལ་ཐ་དད་པའི་མཐོང་བའི་བློ་དེ་ཉིད་ལ་ཡང་མ་རེག་ཕྱིར་ཏེ། ལྡོག་པའི་བྱེ་བྲག་འཛིན་པའི་བློ་ལའང་མ་རེག་པ་སྟེ། དེ་དང་འདྲ་བའི་བྱེ་བྲག་ཀྱང་མི་སྣང་བའོ། །ཉིད་ལའང་ཞེས་བྱ་བ་ནི་དངོས་པོས་ཐ་དད་པ་དུ་མ་ལྟ་བུ་ག་ལ་ཞིག་ཅེས་
བྱ་བའི་དོན་ཏོ། །དེ་ཡང་སྒྲ་ལས་སྒྲ་ནི་ལྡོག་པའི་བྱེ་བྲག་མེད་པའི་ཕྱིར་གོ་བར་བྱ་བ་དང་གོ་བར་བྱེད་པ་མེད་དོ། །གཉི་ག་ལ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ཡང་ཕྱོགས་ཐ་དད་པ་ཅུང་ཟད་ཀྱང་མ་གྲུབ་པས་སོ། །དེ་དག་གིས་ཆོས་ཀྱང་བཤད་པ་ཡིན་ཏེ་ཞེས་བྱ་བ་
སྒྲ་མི་རྟག་སྟེ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ཆོས་ཉིད་གཏན་ཚིགས་ཉིད་དུ་བརྗོད་པའི་མ་གྲུབ་པ་ཡང་བཤད་པར་རིག་པར་བྱའོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་དོ། །དེ་ལ་ཡང་ཞེས་བྱ་བ་ནི་ཆོས་ཅན་ནམ་ཆོས་ཉིད་སྒྲུབ་པར་བྱེད་པར་
འགྱུར་བའོ། །ཉིད་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཉིད་ཡིན་པའི་ཕྱིར་རྟགས་མ་གྲུབ་པ་ཡིན་ནོ། །གལ་ཏེ་ཕྱོགས་ལ་སོགས་པ་སྟེ། །མཐུན་པ་དང་མི་མཐུན་པའི་ཕྱོགས་དག་གིས་ཕན་ཚུན་ཐ་དད་པ་གསུམ་དུ་གནས་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་
ཉིད་ཅེས་བྱ་བ་རྟགས་ཀྱི་རང་བཞིན་གྱི་ཆོས་མི་མཐུན་པའི་ཕྱོགས་ཀྱང་མ་ཡིན་ལ། བསྒྲུབ་པར་བྱ་བ་ཅན་དུ་གྱུར་པ་མཐུན་པའི་ཕྱོགས་ཀྱང་མ་ཡིན་པ་གསུམ་པ་ཕྱོགས་ལ་ཡོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་རྟགས་གྲུབ་པོ་སྙམ་མོ། །གང་གིས་ཞེས་བྱ་བ་ནི་རྒྱུན་གྱིས་སོ། །དེ་ལས་བཟློག་པ་མི་མཐུན་
เล่ม ๑๘๗ · หน้า 275b
པའི་ཕྱོགས་སོ་ཞེས་བྱ་བ་ནི་སྒྲུབ་པར་མི་འདོད་པའོ། །ད་ལྟར་ན་ཞེས་བྱ་བ་ནི་བསྒྲུབ་པར་མི་འདོད་པས་མི་མཐུན་པའི་ཕྱོགས་སུ་རྣམ་པར་གཞག་གི་དངོས་པོ་མ་ཡིན་ན་སྒྲུབ་པར་འདོད་པས་ནི་ཕྱོགས་སུ་འགྱུར་བའི་ཕྱིར་མི་མཐུན་པའི་ཕྱོགས་བསྒྲུབ་པར་བྱ་བ་མེད་པ་དངོས་པོས་གནས་པ་ཡང་
འདོད་པས་འཇིག་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་གཏན་ཚིགས་འགའ་ཡང་མ་ངེས་པར་མི་འགྱུར་ཏེ། མི་མཐུན་པའི་ཕྱོགས་ཀྱང་འདོད་པས་བྱས་པའི་ཕྱིར་འདོད་པས་མི་མཐུན་པའི་ཕྱོགས་མེད་པར་བྱས་ནས་རྟགས་ཉིད་དུ་འགྱུར་བའི་ཕྱིར་རོ། །
མང་དུ་སྨྲས་སོ་ཞེས་བྱ་བ་ནི་ལེའུ་འདི་ཉིད་དུའོ། །གལ་ཏེ་བསྒྲུབ་པར་བྱ་བ་མ་གྲུབ་པ་ཙམ་ཐམས་ཅད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པ་ཙམ་མོ། །གཉི་ག་ལ་ངེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉི་གས་བསྒྲུབ་པར་བྱ་བ་མེད་པར་ངེས་པའོ། །དེའི་ཕྱིར་ཆོས་ཅན་ལ་ཞེས་བྱ་བ་ནི་
བསྒྲུབ་པར་བྱ་བའི་ཆོས་ཅན་ལའོ། །མ་ངེས་པའི་ཕྱིར་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་བསྒྲུབ་པར་བྱ་བ་མེད་པར་མ་ངེས་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཅེས་བྱ་བ་ནི་གཏན་ཚིགས་ཀྱི་རང་བཞིན་གྲུབ་པོ་ཞེ་ན། འདིར་མི་མཐུན་པའི་ཕྱོགས་མ་ཡིན་ཡང་ཞེས་བྱ་བ་
ནི་བསྒྲུབ་པར་བྱ་བའི་ཆོས་གཏན་ཚིགས་སུ་བྱས་པ་འདིར་བསྒྲུབ་པར་བྱ་བ་ལ་དེས་ན་ནི་མཐུན་པའི་ཕྱོགས་སུ་འགྱུར་བས་བསྒྲུབ་པར་བྱ་བ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མ་ཡིན་ཞེས་བྱ་བ་གཏན་ཚིགས་ཡིན་ནོ། །དེ་ལྟ་ན་གཏན་ཚིགས་དེ་བསྒྲུབ་པར་བྱ་བ་ལོག་པ་མི་
མཐུན་པའི་ཕྱོགས་ཡིན་ལ། དེ་ལས་ལོག་པའི་མཚན་ཉིད་དུ་མ་ངེས་ན་ནི་བསྒྲུབ་པར་བྱ་བ་གྲུབ་པའི་ཕྱིར་ལམ་ལོག་ན་ངེས་པ་ཡང་མི་མཐུན་པའི་ཕྱོགས་ཉིད་དུ་གྲུབ་པའི་ཕྱིར་ལྡོག་པ་མ་ངེས་པ་དེ་ཇི་ལྟར་ན་སྒྲུབ་པར་བྱེད་པ་ཡིན་ཏེ། རྟགས་དེའི་མཚན་ཉིད་ལྡོག་པ་ངེས་པ་མ་ངེས་པ་སྟེ་མ་
གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་ཀྱིས་ན་དེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ཡིན་པ་དེ་ཉིད་ཀྱིས་ན་གཏན་ཚིགས་ཏེ། རྟགས་ཀྱི་ལྡོག་པའི་མཚན་ཉིད་ངེས་སོ་ཞེ་ན། ཇི་ལྟར་མ་ངེས་པས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་དེས་ན་སྔར་སྨོས་པའི་སྐྱོན་དུ་འགྱུར་བའི་ཕྱིར་ལྡོག་པ་མ་ངེས་
เล่ม ๑๘๗ · หน้า 276a
པ་རྟགས་ཡིན་ན་དེས་ཇི་ལྟར་ངེས་པ་ཡིན། དེ་ཉིད་བཤད་པའི་ཕྱིར་ལྡོག་པ་མ་ངེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་འདི་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེས་བྱ་བ་ནི་རྟགས་འདི་མི་མཐུན་པའི་ཕྱོགས་མ་ཡིན་པར་ཐེ་ཚོམ་ཡང་ཟ་ལ། དེ་ཉིད་ཀྱི་ཕྱིར་ཏེ་ཐེ་ཚོམ་ཟ་བ་དེ་ཉིད་ཀྱི་ཕྱིར་མི་མཐུན་པའི་ཕྱོགས་འདི་གཏན་ཚིགས་
འདི་ལ་མེད་དོ་ཞེས་བྱ་བའོ། །ཆོས་རྣམས་འཇུག་པ་དང་ལྡོག་པའི་ཕྱོགས་རྣམ་པར་གཞག་པ་ལ་མི་ལྟོས་པའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡོད་པ་དང་མེད་པས་ཕྱོགས་དང་མི་མཐུན་པའི་ཕྱོགས་སུ་དངོས་པོའི་དབང་གིས་གནས་ཀྱི་སྐྱེས་བུས་ཕྱོགས་སུ་བྱས་པ་དང་། མ་བྱས་པ་ལས་བསྒྲུབ་པར་བྱ་བ་མི་ལྡོག་པར་མི་འགྱུར་བའོ། །
ཕུང་པོ་གསུམ་པའི་ལྡོག་པ་ནི་མེད་དོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ཡིན་ཞེས་བྱ་བ་རྟགས་སུ་འདོད་པ་གང་བསྒྲུབ་པར་བྱ་བ་ཡོད་པའམ། མེད་པ་ལས་གཞན་པ་ཕུང་པོ་གསུམ་པ་ནི་མེད་དོ། །དེ་དག་གཅིག་ལྡོག་ན་གཞན་འཇུག་པའི་ཕྱིར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡོད་པ་དང་། མེད་པ་དང་དེ་དག་ལས་ཕྱོགས་ལ་
གཅིག་ལོག་ན་ཅིག་ཤོས་འཇུག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མི་རྟག་པ་མེད་པ་ལོག་པ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཅེས་བྱ་བའི་རྟགས་ཀྱིས་སོ། །མི་རྟག་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཞེས་བྱ་བ་སྒྲ་ལའོ། །ཇི་ལྟར་སྒྲུབ་པར་བྱེད་དེ་ཕྱོགས་ཀྱི་ཆོས་ཕུང་པོ་གསུམ་པར་གྱུར་པ་ན། བསྒྲུབ་པར་བྱ་བ་ལ་
ཐེ་ཚོམ་ཟ་བའི་ཕྱིར་ཏེ་ཡོད་པ་དང་མེད་པར་ངེས་པ་མ་ཡིན་པར་འདོད་པའི་ཕྱིར་རོ། །ཡང་ཇི་ལྟར་ན་མི་རྟག་པ་མེད་པ་ལྡོག་པས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་སོ། །མི་རྟག་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་སྒྲུབ་པར་བྱེད་དེ་རྟགས་ཉིད་གྲུབ་ཟིན་པའི་ཕྱིར་བསྒྲུབ་པར་བྱ་བ་མེད་དོ། །གལ་ཏེ་ད་ནི་ཞེས་བྱ་བ་ནི་གལ་ཏེ་སྐྱེས་བུའི་
འདོད་པས་ཕྱོགས་དང་མི་མཐུན་པའི་ཕྱོགས་མ་ཡིན་ནའོ། །ཕྱོགས་སུ་འདོད་ཀྱང་དངོས་པོས་བསྒྲུབ་པར་བྱ་བ་མེད་པའི་ཡང་སྲིད་པའི་ཕྱིར་ཕྱོགས་སུ་བྱས་པ་དང་ཡང་མི་མཐུན་པའི་ཕྱོགས་སུ་འགྱུར་རམ་ཞེ་ནའོ། །རྣམ་གྲངས་ཀྱིས་ན་ཞེས་བྱ་བ་ནི་རེས་འགའ་སྟེ་བསྒྲུབ་པར་བྱ་བ་མེད་པ་ལ་རྟགས་ལྟར་སྣང་བས་ཕྱོགས་སུ་བྱས་
ན་དངོས་པོས་མི་མཐུན་པའི་ཕྱོགས་ཉིད་མ་ཡིན་པའོ། །གལ་ཏེ་དེ་ལྟར་ན་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་བྱེ་བྲག་མེད་པར་འགྱུར་ཞེ་ན། མཚན་ཉིད་ཀྱི་བྱེ་བྲག་ནི་ཞེས་བྱ་བ་ཕྱོགས་ཁ་ན་མ་ཐོ་བ་མེད་པ་ནི་མི་མཐུན་པའི་ཕྱོགས་དང་མ་འདྲེས་པར་བསྟན་ཟིན་ཏོ། །ཡང་ན་མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་སྔར་སྨྲས་པ་
เล่ม ๑๘๗ · หน้า 276b
ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་མི་ལྡན་པར་ཞེས་སོ། །གཞན་ཡང་མི་མཐུན་པའི་ཕྱོགས་ཀྱི་ཐེ་ཚོམ་མེད་པ་ལ་ཞེས་བྱ་བ་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་མ་ཡིན་པར་ངེས་པ་ཉིད་ཡིན་ལ་དེ་ལ་ཡང་ཕྱོགས་ཀྱི་ཆོས་སུ་གྱུར་ན་ཕྱོགས་ལ་མི་མཐུན་པའི་ཕྱོགས་ཞེས་བྱ་བ་བསྒྲུབ་པར་བྱ་བ་མེད་པར་ཐེ་ཚོམ་ཟ་བར་འགྱུར་རོ། །
དེ་ལྟ་བུའི་ཕྱོགས་ལ་བསྒྲུབ་པར་བྱ་བ་མེད་པ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་གྲུབ་ཟིན་པ་ལའོ། །ཡང་བསྒྲུབ་པར་བྱ་བ་མེད་པ་འཆད་པའི་དོན་དུ་གཏན་ཚིགས་བརྗོད་པ་ནི་དོན་མེད་དོ། །གལ་ཏེ་ཁྱོད་ཅི་ལྟར་ན་ཡང་ཕྱོགས་ནི་བསྒྲུབ་པར་བྱ་བ་མ་ངེས་པ་ཡིན་ལ་དེའི་ཆོས་ཀྱང་ཇི་ལྟར་ལྡོག་པར་ངེས་ཤེ་ན། དེ་འབའ་
ཞིག་ཉིད་ཀྱི་ཞེས་བྱ་བ་ཕྱོགས་ལ་སོགས་པའི་རྟོགས་པ་སྟོང་པའི་རྟགས་ཀྱི་ཆོས་ཀྱིའོ། །གང་དག་གིས་ཞེས་བྱ་བ་ནི་སྒྲུབ་པར་འདོད་པའི་ཆོས་དེ་མེ་དང་མི་རྟག་པ་ལ་སོགས་པའི་དབྱེ་བས་དུ་མའི་ཚིག་ཏུ་བྱས་སོ། །དེ་དག་ཡོད་པ་དང་མེད་པ་གོ་རིམས་བཞིན་དུ་གཏན་ཚིགས་འཇུག་པ་དང་ལྡོག་པ་ཉེ་བར་སྟོན་ལ། དེ་ལྟར་བསྒྲུབ་པར་བྱ་
བའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྲུབ་པའི་བདག་ཉིད་ཀྱི་རྟགས་ཀྱི་དངོས་པོའི་ཕྱོགས་ལ་ཡོད་པར་གྲུབ་ན། དེའི་ཁྱབ་པའི་རང་བཞིན་ཤུགས་ཀྱིས་ཕྱོགས་དེ་བསྒྲུབ་པར་བྱ་བ་ཡོད་པ་དེ་ལྟར་གྲུབ་ན་བསྒྲུབ་པར་བྱ་བ་གྲུབ་པ་དེའི་རྗེས་ལ་ཆོས་ཅན་དང་སྒྲུབ་པར་འདོད་པའི་ཆོས་ཅན་དག་སྡོམ་པའི་སྤྱིའི་ཕྱོགས་ཀྱི་མཚན་ཉིད་དུ་ཐ་
སྙད་བཏགས་པ་འབྱུང་བས་ཕྱིས་ཤུགས་ཀྱིས་ཕྱོགས་ཀྱི་ཡུལ་དེ་ཕྱོགས་ཀྱང་ཡིན་ལ་ཡུལ་ཡང་ཡིན་པས་དེ་སྐད་བརྗོད་དོ། །དེའི་ཕྱིར་ཕྱོགས་ཀྱི་ཆོས་དང་འབྲེལ་པ་ཉེ་བར་སྟོན་པའི་དུས་ན་ཕྱོགས་ནི་ཡན་ལག་མ་ཡིན་པའི་ཕྱིར་དེའི་མཚན་ཉིད་ཀྱི་སྒོ་ནས་འོངས་པའི་ཆོས་ནི་རྟགས་ཉི་ཚེ་བའི་མཚན་ཉིད་དུ་ངེས་པའི་སྒོ་ནས་
འོངས་པའི་བསྒྲུབ་པར་བྱ་བའི་ཆོས་དག་རྟོགས་པའི་དུས་ན་སྟེ་འབྲེལ་པ་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟོགས་པའི་དུས་ན་ཕྱོགས་ལ་སོགས་པའི་རྟོགས་པ་དག་ཡོད་པ་མ་ཡིན་ཡང་བསྒྲུབ་པར་བྱ་བ་རྟོགས་པ་ནུས་པའི་ཕྱིར་ཕྱོགས་ལ་སོགས་པའི་མཚན་ཉིད་ནི་རྟགས་ཀྱི་ཡན་ལག་མ་ཡིན་ནོ། །ཅིག་ཤོས་ཞེས་བྱ་བ་ནི་བསྒྲུབ་
པར་བྱ་བ་མེད་པའི་བྱེ་བྲག་འབའ་ཞིག་གོ། །དེ་ལས་བཟློག་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ལས་གྲོལ་བ་ནི་དེ་མ་ཡིན་པའོ། །ཇི་ལྟ་བུ་བྱ་བ་ནི་མ་གྲུབ་པ་ཡིན་ནོམ་མ་ཡིན་སྙམ་པའོ། །དེ་ལ་ཡང་སྐྱོན་མེད་པ་ཉིད་དེ་ཞེས་ཟེར་བ་ནི་ཕ་རོལ་ལོ། །ཅིའི་ཕྱིར་ཞེ་ན། ཅིག་ཤོས་ཞེས་སྨྲས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལྟར་བསམ་པ་ནི་དེ་ལས་
เล่ม ๑๘๗ · หน้า 277a
བཟློག་པས་སྟོང་པ་འབའ་ཞིག་སྨོས་ན་ནི་དེ་བསྒྲུབ་པར་བྱ་བའི་ཆོས་ཉིད་དུ་འགྱུར་བའི་ཕྱིར་སྐྱོན་སྔ་མ་ཉིད་དུ་འགྱུར་རོ། །འདིར་ཅིག་ཤོས་ཞེས་བྱ་བ་སྨོས་པས་བསྒྲུབ་པར་བྱ་བ་གང་ཡང་རུང་བ་སྟེ་བསྒྲུབ་པར་བྱ་བ་མེད་པ་ཙམ་ལས་ལྡོག་པ་ནི་རྟགས་མ་ཡིན་གྱི་མེད་པའི་ཁྱད་པར་འགའ་ཞིག་ལས་ལྡོག་པའི་ཕྱིར་རྟགས་འགྲུབ་
པོ་སྙམ་པའོ། །ཇི་ལྟར་ཞེ་ན། མེད་པ་ཙམ་ལས་ལྡོག་པ་ནི། བསྒྲུབ་པར་བྱ་བ་ཡིན་ལ་བྱེ་བྲག་འབའ་ཞིག་ལས་ལོག་པ་ནི་རྟགས་ཡིན་པའི་ཕྱིར་རོ། །ལན་གདབ་པ་འདི་ལ་ཡང་ཞེས་བྱ་བ་སྨོས་ཏེ། ཅིག་ཤོས་ལ་ཞེས་རྟགས་བྱེ་བྲག་ཏུ་སྨོས་པ་ལ་རང་གི་འདོད་པས་གནོད་པ་ཉིད་དེ། ཕྱོགས་ལ་ཡང་བསྒྲུབ་པར་བྱ་བ་མེད་པར་ཁས་
བླངས་པས་སོ། །དེ་ལྟར་ན་བསྒྲུབ་པར་བྱ་བ་མེད་པ་ཉིད་ལས་ཅིག་ཤོས་ལས་ལོག་པས་ཞེས་བྱ་བ་འཐད་པའི་ཕྱིར་རོ། །དེ་མེད་པར་ཁས་མི་ལེན་ན་ཞེས་བྱ་བ་ནི་ཕྱོགས་དེ་ལ་བསྒྲུབ་པར་བྱ་བ་མེད་པ་ཉིད་ཁས་མི་ལེན་ནའོ། །ནུས་པ་མེད་ཅེས་བྱ་བ་ནི་དགོས་པ་མེད་པའོ། །ཕ་རོལ་གྱིས་བསམ་པ་ཞེས་བྱ་བ་ནི་སངས་རྒྱས་པ་
ཁྱེད་ཀྱི་བསམ་པས་འདི་མེད་པ་ཡིན་པས་ཞེས་བྱ་བ་མི་མཐུན་པའི་ཕྱོགས་གསུམ་དུ་འདོད་པས་དེ་དག་ལ་ཅིག་ཤོས་མེད་པ་ལས་ལོག་པ་ཞེས་བརྗོད་དོ། །མི་མཐུན་པའི་ཕྱོགས་དེ་ལས་ཅིག་ཤོས་མེད་པས་རྟགས་དབེན་པ་ཁྱོད་ཁས་ལེན་པའི་ཕྱིར་ཁྱོད་ལ་གྲུབ་བརྗོད་དོ་ཞེ་ན། དེ་ལ་ཉེས་པ་མེད་པ་མ་ཡིན་ཏེ། འདི་ལྟར་མེད་པ་
ལ་དོན་དམ་པར་ཏེ་དངོས་པོས་སོ། །ཅིག་ཤོས་ཞེས་བརྗོད་པར་བྱ་བའི་དབྱེ་བས་ཕྱོགས་ལས་ཕན་ཚུན་གཞན་དུ་གཞག་པར་རུང་བ་ཅི་ཞིག་ཡོད། །འོ་ན་མེད་པ་ཞེས་བྱ་བ་ཉིད་ཇི་ལྟར་བཞག་ཅེ་ན། འདི་ལྟར་གཅིག་གི་མཚན་ཉིད་གཞན་སེར་པོ་ལ་སོགས་པ་མ་མཐོང་ན་བློས་སྔོན་པོ་འདི་ལས་སེར་པོ་འདི་རྣམ་པར་དབྱེ་བ་སྟེ། སྔོན་པོ་མེད་
པའི་ཞེས་རྟོགས་སོ། །དེའི་ཕྱིར་མེད་པ་འདི་ནི་དངོས་པོའི་ཆོས་ཉིད་དེ། དེ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་གཞག་པའོ། །གལ་ཏེ་དེ་ལྟ་ན་ཁྱེད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་དབྱེ་བ་གསུམ་དུ་ཇི་ལྟར་འགྱུར་ཏེ་མེད་པ་ནི་དབྱེ་བར་མི་སྲིད་པའི་ཕྱིར་རོ་ཞེ་ན། རྣམ་པར་རྟོག་པས་བརྟགས་པ་འགའ་ཞིག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
ལྡོག་པ་དངོས་སུ་རྟོགས་པ་ནི་བསྒྲུབ་པར་བྱ་བའི་མེད་པ་དགག་པ་ཙམ་གྱིས་རྟོགས་པར་ནུས་པའི་ཕྱིར་དང་དབྱེ་བ་གསུམ་པ་ཡང་བློས་བྱས་པའི་ཕྱིར་སྐྱོན་མེད་པར་སྟོན་ཏོ། །ཡོད་པ་དང་རྗེས་སུ་འབྲེལ་པ་ཅན་ཞེས་བྱ་བ་ནི་མ་ཡིན་པར་དགག་པ་སྟེ་དེ་ལས་ཕན་ཚུན་ཐ་དད་པ་ཅན་ཏེ། དེ་ལས་གྲོལ་བས་འདི་རྟགས་སུ་
เล่ม ๑๘๗ · หน้า 277b
བརྗོད་ན་ཡང་རྟགས་དེས་བསྒྲུབ་པར་བྱ་བ་མེད་པ་ཐམས་ཅད་སེལ་བར་བྱེད་དེ་དེ་ལྟ་ན་ཡང་རྟགས་འདི་བསྒྲུབ་པར་བྱ་བ་མེད་པས་སྟོང་པ་ཞེས་བྱ་བར་འགྱུར་བས། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། རྟགས་མ་གྲུབ་པ་ཡིན་ནོ། །ཡང་ན་འཁྲུལ་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཡིན་པར་དགག་པའི་རང་བཞིན་
འགལ་བ་དང་། གཞན་པ་ཡིན་ལ་དེས་སྟོང་ན་ཞེས་བྱ་བ་དེ་དག་རྣམ་པར་བཅད་པ་ཙམ་གྱི་རང་བཞིན་ཡིན་པ་ནི། གཏན་མེད་པའི་བདག་ཉིད་ཀྱང་ཡིན་པའི་ཕྱིར་མི་རྟག་པའི་དངོས་པོ་ལས་གཞན་གཏན་མེད་པ་ཡང་འཇུག་པའི་ཕྱིར་རོ། །གལ་ཏེ་འདི་ལྟར་ཡང་དེ་ཞེས་བྱ་བ་རྒོལ་བ་དེ་འདོད་པ་འབའ་ཞིག་སྟེ། དེ་ཁོ་ན་ལས་ཐ་དད་པ་
ཞེས་བྱ་བ་དེ་ལས་གྲོལ་བ་རྟགས་ཉིད་ཀྱི་ངོ་བོར་བཞག་པ་ཡིན་པས་དེ་གཏན་མེད་པ་ལ་ཡང་མི་འཇུག་ལ་ཅིག་ཤོས་ལ་ཞེས་བྱ་བའི་བྱེ་བྲག་ཀྱང་འགྲུབ་སྟེ། བཟློག་པ་འགལ་བ་དང་གཞན་པ་དག་ལས་ཅིག་ཤོས་ལྟར་མེད་པ་ལས་གྲོལ་བ་ཡིན་པའི་ཕྱིར་དམ་བཅའ་དང་ཁྱད་པར་ཡོད་ལ་ཅིག་ཤོས་ཀྱི་སྒྲས་ཕྱོགས་མ་བཟུང་
བའི་ཕྱིར་རོ། །འདོད་པས་གནོད་པ་ཡང་མེད་དོ་ཞེ་ན། དེ་ལྟ་ན་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །དེ་ལས་ཐ་དད་པ་ནི་དེ་ལྟར་མི་འགྱུར་གྱི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མེད་པ་ལས་གྲོལ་བ་ནི་དེ་རྟགས་སུ་མི་འགྱུར་བ་སྟེ། འགལ་བ་དང་གཞན་པ་དག་ལས་གྲོལ་བ་ཡང་རྟགས་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་འདོད་པས་ཡིན་ལ་ཞེས་བྱ་བ་
ནི་རྒོལ་བའི་འདོད་པས་དངོས་པོ་མཚུངས་ཀྱང་འབའ་ཞིག་ཁོ་ན་རྟགས་སུ་བྱེད་པའོ། །འདི་ལྟར་འདོད་པ་བཞིན་དུ་གྱུར་ན་ཞེས་བྱ་བ་འདོད་པས་མེད་པ་ལས་གྲོལ་བ་ཡིན་ལ་འདོད་པ་བཞིན་དུ་གྱུར་ན། འགལ་བ་ལ་སོགས་པ་དག་ལ་ཡང་རྟགས་སུ་ཐལ་བར་འགྱུར་རོ། །དེའི་ཕྱིར་དངོས་པོས་རྟགས་གནས་པ་མེད་ཀྱི་འདོད་པས་
གནས་པའི་ཕྱིར་འདོད་པ་ཁོ་ནས་བསྒྲུབ་པར་བྱ་བའི་དངོས་པོ་དྲངས་པར་རབ་ཏུ་བརྗོད་པར་འགྱུར་ཏེ། དེ་ལྟར་བསྟན་པར་འགྱུར་བའི་ཕྱིར་དེ་ཁོ་ན་སྟེ་ཁོ་བོ་འདོད་པའི་ཕྱིར་འདི་ལྟར་ཡིན་ནོ་ཞེས་འདོད་པ་ཁོ་ན་རྟགས་སུ་བརྗོད་པར་རིགས་ཀྱི་ཕན་ཚུན་སྤངས་ཏེ་ཅིག་ཤོས་ལས་གྲོལ་བས་ཅི་ཞིག་བྱ། དེ་ལ་ཡང་ཞེས་བྱ་བ་འདོད་པ་དེ་ལ་ཡང་ངོ་། །
དོན་རྣམ་པར་གཞག་པའི་ལུགས་ནི་གཞུང་འདི་དག་གི་ཕྱོགས་སོ། །བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་ནི་མི་རྟག་སྟེ། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཉིད་ཡིན་ནོ། །ལན་ནི་དེ་ཉིད་ཅེས་བྱ་བ་སྨོས་ཏེ། སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལྡོག་པ་ཐ་དད་པ་སྟེ་སྒྲ་དང་སྒྲ་ཉིད་དག་ནི་སྒྲ་མ་ཡིན་པ་
เล่ม ๑๘๗ · หน้า 278a
ལས་ལོག་པ་ཉིད་དུ་ཟད་པས་ཆོས་ཅན་རྟོགས་པ་ལ་རྟགས་ཀྱི་རྟོགས་པ་ཐ་མི་དད་པའི་ཡུལ་གྱིས་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །བརྩལ་མ་ཐག་ཏུ་བྱུང་བ་ཉིད་འདི་ལ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་ཡང་བྱེ་བྲག་བྱས་པ་ཞེས་བྱ་བ་བརྩལ་མ་ཐག་པ་ལས་བྱུང་བའི་སྒྲ་ཞེས་སོ། །གཏན་ཚིགས་སྤྱིའི་ཆོས་ཞེས་བྱ་བ་ནི་རྩོལ་
བ་ལས་བྱུང་བ་ཙམ་མོ། །ཡན་ལག་ནི་རྟགས་སོ། །ཡན་ལག་ཅན་ནི་རྟགས་ཅན་ནོ། །ཕྱོགས་ཡན་ལག་ལ་མི་གནོད་ཕྱིར་ཏེ། ཕྱོགས་དང་ཡན་ལག་དག་ཆོས་ཀྱི་བྱེ་བྲག་ཐ་དད་པའི་ཕྱིར་མ་གྲུབ་པའི་གནོད་པ་མེད་པའོ། །ཆོས་ཅན་ཐ་དད་མ་གྲུབ་པ་མིན་ཏེ་རྟགས་རྩོལ་བ་ལས་བྱུང་བའི་སྒྲ་ཞེས་བྱ་བ་མ་གྲུབ་པ་མ་ཡིན་པའོ། །རྭ་ཅན་
ནི་གོང་བུའི་བྱེ་བྲག་གོ། །རྭ་ཅན་ཕྱིར་ཞེས་བྱ་བ་ནི་སྤྱིའོ། །ཡང་ན་ཞེས་བྱ་བ་ནི་ཆོས་དང་རྟགས་དག་ཀྱང་གཅིག་པ་མ་ཡིན་པའོ། །བསྒྲུབ་བྱའི་དུས་ན་ནི་ཞེས་བྱ་བ་རྟོགས་པའི་དུས་ནའོ། །ཡན་ལག་མིན་རྟགས་ཀྱིས་རྣམ་པར་རྟོག་པ་མེད་པས་ན། བསྒྲུབ་པར་བྱ་བའི་ཆོས་དང་གཅིག་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དེ་རྟོགས་ཀྱི་རྟོག་པས་
ཉེ་བར་མཚོན་ཏེ་ཁོང་དུ་ཆུད་པར་བྱས་ནས་རྟགས་ཀྱི་རྟོག་པ་ཉིད་དགག་པའི་ཕྱིར་དེ་ལྡོག་པའི་ཕྱིར་རྟགས་དང་རྟགས་ཅན་ཉིད་དག་གཅིག་པ་མེད་པས་ནའོ། །ཆོས་ཀྱི་བྱེ་བྲག་ནི་མི་རྟག་པ་དང་བཙལ་མ་ཐག་ཏུ་བྱུང་བ་དག་གོ། །ཚང་ཚིང་ཞེས་བྱ་བ་ནི་རིའི་གསབ་གསེབ་དག་གོ། །ཡང་ན་ནགས་མ་ཚང་ཚིང་ངོ་། །ཕའི་ཐ་སྙད་
བཏགས་པའི་རྒྱུ་ནི་བདག་ཉིད་ཉིང་མཚམས་སྦྱོར་ཏེ་ཕའི་བྱེད་པའོ། །འདིས་ནི་ཕྱིས་དམིགས་པ་མེད་དེ་མི་དྲན་པའི་ཕྱིར་མ་མཐོང་བ་དག་འདྲ་བས་སོ། །འགལ་བ་མེད་པའི་མཚན་ཉིད་ཅན་ཞེས་བྱ་བ་ནི་སྨྲ་བ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པའོ། །དབང་པོས་མི་སོད་པ་ཡང་དེ་དག་ཉིད་དེ་སེམས་ཀྱི་ཆོས་ཀྱི་རང་
བཞིན་གྱིས་བསྐལ་པ་ཡིན་པའི་ཕྱིར་རོ། །བདག་ཉིད་རང་གིས་རྟོགས་པས་ཞེས་བྱ་བ་ནི་རང་ཉིད་འདོད་ཆགས་ལ་སོགས་པ་དང་ལྡན་པར་རོ། །ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་མང་དུ་ཟ་བ་དང་སྔོ་བསངས་པ་ལ་སོགས་པ་ཡང་གཞན་ཉིད་དུ་ཟ་བ་དང་། དཀར་ཤམ་དག་ལ་རྟོགས་པར་འགྱུར་བའོ། །གལ་
ཏེ་མཐོང་བས་འགལ་བས་ཞེས་བྱ་བ་ནི་མི་སྦྱོར་ཏེ་དེ་དག་མཐོང་བས་གནོད་པར་འགྱུར་བའི་ཕྱིར་རོ་ཞེ་ན། རིགས་པ་མཚུངས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ལ་མཐོང་བར་འདོད་ཆགས་དང་དཀར་ཤམ་དག་མཚུངས་ཞེས་མང་དུ་ཟ་བ་ལ་སོགས་པ་ཅིའི་ཕྱིར་མི་སྦྱོར་ཏེ། མཐོང་བས་གནོད་པར་མི་རིགས་སོ་
เล่ม ๑๘๗ · หน้า 278b
སྙམ་པའོ། །ཡང་ན་དེ་རིགས་པའི་མཚན་ཉིད་དུ་བརྗོད་པར་མི་བྱ་བ་སྟེ་ཞེས་བྱ་བ་ནི་བདག་ཉིད་རྟོགས་པ་དེའོ། །དེ་ཅིའི་ཕྱིར་ཞེ་ན། འགལ་བ་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བས་གནོད་པ་སྲིད་པའི་ཕྱིར་རོ། །ལྡོག་པ་ལས་ཀྱང་ཞེས་བྱ་བ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བས་གྲོགས་བྱས་པའི་བདག་ལ་མཐོང་བས་འདོད་
ཆགས་ལ་སོགས་པ་དཔོག་པར་བྱེད་དེ། འདོད་ཆགས་དང་བྲལ་བ་རྡོ་ལ་སོགས་པ་ལ་སྨྲ་བ་མ་མཐོང་བས་སོ། །དེ་མེད་ན་ཞེས་བྱ་བ་ནི་ལྡོག་པ་དེ་མེད་ན་སྟེ། བདག་ཉིད་ལ་མཐོང་བ་དེས་མང་དུ་ཟ་བ་ལ་སོགས་པ་གཞན་ལ་དཔོག་པར་མི་བྱེད་དེ་དེ་གཞན་ཉུང་ངུ་ཟ་བ་མ་ཡིན་པ་བདག་ཉིད་ལ་མཐོང་བ་ཡིན་པར་
མཐོང་བས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར་སྒྲུབ་པར་མི་བྱེད་ཅེ་ན། མི་མཐུན་པའི་ཕྱོགས་ལ་ཞུགས་པའི་བདག་ཉིད་ལ་མཐོང་བའི་མང་དུ་ཟ་བ་ལ་སོགས་པ་དང་། འཇུག་པར་ཐེ་ཚོམ་ཟ་བ་བདག་ལ་མཐོང་བ་དང་འདོད་ཆགས་ལ་སོགས་པ་དག་གིས་མི་མཐུན་པའི་ཕྱོགས་ལ་རྟགས་ངེས་པ་མི་
འགྲུབ་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཡང་བདག་ཉིད་ལ་མཐོང་བས་བསྒྲུབ་པར་མི་བྱའོ། །དེ་ཉིད་རྒྱས་པར་བཤད་པ་ལ་མཐོང་བ་ཡང་ཞེས་བྱ་བ་ནི་དཀར་ཤམ་ལ་སོགས་པ་མཐོང་བ་དང་འགལ་བ་མཐོང་བ་དག་ཀྱང་བདག་ཉིད་ལ་མཐོང་བ་མང་དུ་ཟ་བ་ལ་སོགས་པ་དེ་དག་དང་གཞན་ལ་དེའི་བདག་ཉིད་དུ་དཔག་པ་དག་ཏུ་མཐོང་བ་
དག་འགལ་བ་དམིགས་པའི་ཕྱིར་གཞན་ལ་བསྒྲུབ་པར་མི་བྱའོ། །འགལ་བ་མ་མཐོང་བ་དག་ཀྱང་བདག་ཉིད་འདོད་ཆགས་ལ་སོགས་པའི་རང་ལ་མི་མཐོང་བའི་བདག་ཉིད་རྣམས་ནི་མི་མཐོང་བ་ཉིད་ཀྱི་ཕྱིར་འདོད་ཆགས་དང་བྲལ་བ་ལ་སོགས་བདག་དང་འགལ་བ་སོ་སོར་སྦྱར་བ་མི་འགྲུབ་པའི་ཕྱིར། གཞན་ལ་བསྒྲུབ་པར་མི་བྱ་སྟེ། འདི་
ལྟར་རྒྱུ་གང་གིས་ན་འགལ་བས་མི་མཐུན་པའི་ཕྱོགས་ལ་བསམ་པར་ངེས་ན་རྟགས་དེས་བསྒྲུབ་པར་བྱ་བ་ངེས་པ་ཡིན་ནོ། །བདག་ཉིད་ཀྱི་ནང་གི་ཆོས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་གང་དག་དང་བདག་ཉིད་ལྡན་པར་རང་གིས་རྟོགས་པ་སྟེ། གཞན་གྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ཆོས་དེ་དག་རང་ལ་ཇི་ལྟ་
བར་གཞན་ཐམས་ཅད་ལ་ཡང་ཉེ་བར་སྦྱོར་བའི་བདག་ཉིད་གཅིག་པར་ཐ་སྙད་དུ་བྱེད་པའི་སྐྱེས་བུས་འདིས་རིགས་པའི་དལ་བ་སྟེ། རིག་པ་བསླབ་པའི་དཀའ་བ་བྱས་པའི་འབྲས་བུའོ། །རབ་ཏུ་འདོད་པ་ནི་བསྟིང་བ་སྟེ། རྨོངས་པ་ཉིད་ཐོབ་པའོ། །ཅི་རྨོངས་པ་ཡིན་ཞེ་ན། བུད་མེད་དང་དམངས་རིགས་དག་གིས་ཀྱང་བདག་དང་གཞན་
เล่ม ๑๘๗ · หน้า 279a
གཅིག་གི་རང་བཞིན་མ་ཡིན་པར་གསལ་བར་ཤེས་ཏེ་བདག་ཉིད་ཀྱི་བསམ་པ་ནི་རང་གིས་རྟོགས་ལ་གཞན་གྱིས་ནི་མ་རྟོགས་པས་སོ་ཞེས་གསལ་བར་རྟོགས་པ་དེ་རང་ལ་མཐོང་བའི་ཆོས་གཏན་ཚིགས་སུ་བྱེད་པའི་སྐྱེས་བུ་འདིས་མི་རྟོགས་པའི་ཕྱིར་རོ། །སྔར་སྨོས་པའི་སྣང་བ་མི་དམིགས་པའོ། །འདི་
འདྲ་བའི་སྦྱོར་བ་ནི་ཞེས་བྱ་བ་ནི་མི་སྣང་བར་མི་དམིགས་པ་སྟེ། འདི་ལྟར་སྐྱེས་བུའི་སེམས་ཀྱི་ཆོས་དམིགས་པའི་རིག་བྱར་མ་གྱུར་པ་དག་ལ་འདོད་ཆགས་དང་བྲལ་བར་འགོག་པར་བྱེད་པའོ། །གལ་ཏེ་སྨྲ་བའི་རྟགས་འདོད་ཆགས་དཔོག་པར་བྱེད་པ་དེ་ལྟ་ན་དེ་དང་འགལ་བ་འདོད་ཆགས་དང་བྲལ་བ་འགོག་པའི་ཕྱིར་
འགལ་བ་དམིགས་པ་ཉིད་ཡིན་ནོ་ཞེ་ན། འདོད་ཆགས་ལ་སོགས་པ་ཡང་དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་པའོ། །གལ་ཏེ་སྨྲ་བས་འདོད་ཆགས་དཔག་པ་ནི་འབྲས་བུ་ཡིན་པས་འགལ་བའི་འབྲས་བུ་དམིགས་པ་ཡིན་ནོ་ཞེ་ན། འདོད་ཆགས་ལ་སོགས་པ་འབྲས་བུ་ཡང་མ་ཡིན་ཞེས་བྱ་བ་
སྨོས་ཏེ། འདོད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་ནི་གཡོ་བ་དང་བརྗོད་པར་འདོད་པ་འདོད་ཆགས་ཡིན་ནོ་འདོགས་ནའོ། །གལ་ཏེ་དེས་ན་འདོད་ཆགས་གྲུབ་པ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འདོད་ཆགས་དང་རང་བཞིན་མི་འདྲ་བའི་ཕྱིར་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པ་ནི་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་ལས་བྱུང་བ་ཟག་
པ་དང་བཅས་པ་ཁོ་ནའི་ཡུལ་ཅན་ཡང་དག་པ་མ་ཡིན་པའི་ཡོན་ཏན་ལ་དགའ་བའི་རྣམ་པ་ཅན་དེ་འདི་ལྟར་འདིའི་དམིགས་ནི་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་དགའ་བའི་རྣམ་པ་ཅན་ནོ། །རྣམ་འབྲེལ་དུ་བཤད་ཟིན་ཏོ་ཞེས་བྱ་བ་ནི་རྒྱས་པར་བཤད་པའོ། །འདི་དག་གི་རྒྱུ་དམིགས་པ་མདོ་ཙམ་དུ་དེ་མ་ཐག་
ཏུ་སྟོན་པར་འགྱུར་རོ། །འདི་དག་གི་རྣམ་པ་ནི་བརྗོད་པ་མང་དུ་དོགས་པས་མ་བསྟན་པར་རྟོགས་པར་བྱའོ། །འདོད་ཆགས་དང་བྲལ་བའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་དོན་ལ་ཡང་འདོད་པ་དང་བྲལ་བའི་ཕྱིར་རོ། །མཚན་ཉིད་ཐ་དད་དེ་ཞེས་བྱ་བ་འདོད་ཆགས་དང་སྙིང་རྗེ་ལ་སོགས་པའོ། །ཕྱིན་ཅི་ལོག་མེད་ན་མེད་པའི་
ཕྱིར་རོ་ཞེས་བྱ་བ་ནི་རྟག་པ་དང་། བདེ་བ་དང་། བདག་དང་བདག་གིར་འཛིན་པ་སྟེ། བདག་ཡིན་ན་ནི་གཞན་དུ་ཤེས་ལ་ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་འདོད་ཆགས་ལ་སོགས་པ་འབྱུང་བའི་ཕྱིར་རོ། །འབྲས་བུ་རྩོམ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བདག་ཉིད་ཀྱི་དོན་ཅུང་ཟད་ཀྱང་མེད་པའི་ཕྱིར་སྙམ་དུ་བསམས་པའོ། །གལ་ཏེ་གཞན་གྱི་དོན་
เล่ม ๑๘๗ · หน้า 279b
འདོད་པ་ཉིད་ཀྱང་འདོད་ཆགས་ཡིན་ནོ་ཞེ་ན། འདི་ནི་སྙིང་རྗེས་སོ་ཞེས་སྔར་བཤད་ཟིན་ཏོ། །འཁྲུལ་པའི་ཕྱིར་མི་དཔོག་ན་ཞེས་བྱ་བ་ནི་དཀར་ཤམ་དང་མང་དུ་ཟ་བ་ལ་སོགས་པ་བདག་ལ་མཐོང་བ་ཡང་གཞན་ལ་དེ་ལས་བཟློག་པར་མཐོང་བའི་ཕྱིར་འཁྲུལ་པས་སོ། །འདི་ལ་མི་འཁྲུལ་ལོ་ཞེས་བྱ་བ་གང་ལ་དེས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་
ལའོ། །གལ་ཏེ་འདི་ལ་མི་མཐུན་པའི་ཕྱོགས་ལ་མ་མཐོང་བའི་ཕྱིར་འཁྲུལ་པ་མེད་དོ་ཞེ་ན། མ་མཐོང་བ་ཙམ་ལ་ཡང་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་སྔར་མི་མཐོང་བའི་བདག་ཉིད་འགལ་བར་སོ་སོར་སྦྱོར་བར་ཡང་མི་ནུས་སོ་ཞེས་བྱ་བ་ལ་སོགས་པས་སོ། །ལྷན་ཅིག་འབྱུང་བ་དང་ཅིག་ཤོས་དག་ནི་འགལ་བ་མེད་པ་དང་འགལ་བ་དག་གོ། །བསྐལ་པའི་དོན་
ཞེས་བྱ་བ་ནི་མི་སྣང་བའི་བདག་ཉིད་དག་ལ་ནི་གཅིག་ཉེ་ན་ཅིག་ཤོས་མེད་པར་གཏན་ལ་དབབ་པར་མི་ནུས་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །བྱེད་པའི་ཡོན་ཏན་ནི་ངག་གྲིམས་པའི་ནུས་པ་རྐན་བྱ་བའོ། །གལ་ཏེ་འདི་ལ་ཡང་བདག་ཉིད་ལ་མཐོང་བ་ཞེས་བྱ་བ་ནི་བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པར་སྨྲ་བས་དཔོག་པ་འདི་ཡང་ངོ་། །
བདག་ཉིད་ལ་གཞན་དུ་ཡང་མཐོང་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་མེད་པར་སྨྲ་བ་དམིགས་པས་སོ། །གལ་ཏེ་སེམས་མེད་པའི་ལྡོག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་རྡོ་བའི་དུམ་བུ་ལ་སོགས་པ་རྣམས་ལ་སྨྲ་བ་མ་མཐོང་བའི་ཕྱིར་ལྡོག་པའི་ཡུལ་ཡིན་པ་སྟེ་ལྡོག་པ་རྟོགས་པའོ། །ལྡོག་པའི་
རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་སོ། །འོ་ན་བུམ་པ་ཡོད་པ་དང་མེད་པ་ཉིད་སྙིང་རྗེར་རྟོགས་ཤེ་ན། དེའི་རྒྱུ་ཞེས་སྨོས་ཏེ། འདོད་ཆགས་དེའི་རྒྱུའི་ནུས་པ་ཞེས་བྱ་བ་ཚོགས་པ་གཞན་དེ་རྡོའི་དུམ་བུ་ལས་གཞན་པ་དབང་པོ་དང་སེམས་ལ་ཡོད་པ་ལ་སོགས་པ་རྡོ་ལ་ཡོད་ཀྱང་
འབྲས་བུ་འདོད་ཆགས་མི་བསྐྱེད་ན་དབང་པོ་ལ་སོགས་པ་ལས་རྒྱུ་གཞན་ནུས་པ་རྗེས་སུ་དཔོག་པར་བྱེད་དོ། །ས་དང་དྲོད་དང་ཆུ་དག་ཡོད་ཀྱང་མྱུ་གུ་མི་སྐྱེ་ན། དེ་ལས་རྒྱུ་གཞན་པ་ས་བོན་དཔོག་པར་བྱེད་པ་བཞིན་ནོ། །སེམས་མེད་པ་ལས་མི་སྲིད་དེ་ཞེས་བྱ་བ་ནི་རྡོ་བའི་དུམ་བུ་ལ་སོགས་
པའོ། །སེམས་པ་ཡོད་པ་དང་བྱེད་པའི་ཡོན་ཏན་དེ་གོམས་པ་ལ་སོགས་པ་སྟེ། དབང་པོ་ལ་སོགས་པ་ནུས་པའི་རྒྱུ་སྣང་བ་ཞེས་བལྟར་རུང་བ་ཡིན་ཏེ་རྡོའི་དུམ་བུ་དེ་ལ་མི་སྲིད་པའི་ཕྱིར་ནུས་པ་མེད་དོ་ཞེས་བྱ་བར་མི་རྟོགས་ཏེ། ནུས་པའི་རྒྱུ་གཞན་དག་ཚང་བར་ཡོད་ཀྱང་འབྲས་བུ་འདོད་
เล่ม ๑๘๗ · หน้า 280a
ཆགས་མི་སྐྱེད་ན་གདོད་རྡོའི་དུམ་བུ་ནུས་པ་མེད་ཅེས་བྱ་བར་རྗེས་སུ་དཔོག་པའི་ཕྱིར་འདོད་ཆགས་ཀྱིས་ཉེ་བར་ཕན་མི་འདོགས་ན་ཞེས་བྱ་བ་ནི་རྡོའི་དུམ་བུ་ལས་འདོད་ཆགས་ཉིད་མེད་པའི་ཕྱིར་རོ། །བདག་ཉིད་དུ་གྱུར་པའི་ཡོན་ཏན་དེ་ཆོས་དེ་ལྟ་བུ་ལ་ནུས་
པ་ཉེ་བར་བཏགས་པའི་ཕྱིར་ཏེ། འདོད་ཆགས་ཀྱི་ཚིག་སྨྲ་བ་བསྐྱེད་པས་འབྲས་བུ་འདོད་ན་ནུས་པ་ནི་འདོད་ཆགས་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ཀྱི་རྒྱུའི་རང་བཞིན་གྱི་ནུས་པས་སྨྲ་བ་སྐྱེད་པར་བྱེད་དོ་ཞེ་ན་དེའི་ནུས་པས་ཀྱང་མི་ནུས་སོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་འབྲས་
བུ་ལ་འདོད་ཆགས་ཀྱིས་ཕན་པར་མི་ནུས་ན་འདོད་ཆགས་ཀྱིས་བར་དུ་ཆོད་པས་ཀྱང་མི་ནུས་སོ། །གཞན་ལ་ནི་ཞེས་བྱ་བ་ནི་འབྲེལ་བ་མེད་པ་དག་ལའོ། །ཅིས་ན་འདི་མ་སྨོས་ཞེས་བྱ་བ་ནི་འགལ་བ་མི་འཁྲུལ་པའི་དཔེར་བརྗོད་པ་དབྱེ་བ་གཉིས་བསྟན་པའོ། །གལ་ཏེ་སྨྲས་པ་ལ་སོགས་པར་
བསྒྲུབ་པ་དང་། མ་སྨྲས་པ་ལ་སོགས་པར་སྒྲུབ་པ་ཞེས་བྱ་བར་དབྱེ་བར་རིགས་པ་མ་ཡིན་ནམ་ཞེ་ན། གཅིག་པ་བརྗོད་པར་བསྒྲུབ་པར་བྱ་བ་བྱེ་བྲག་མེད་པར་རྟོགས་པར་བྱ་བའི་ཕྱིར་རོ། །འགའ་ཞིག་ཏུ་བརྗོད་པ་དང་ཞེས་བྱ་བ་ནི་བྱས་པ་དང་རྩོལ་བ་ལས་བྱུང་བ་དག་གོ། །ཤུགས་ཀྱིས་
འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཤུགས་ཀྱིས་འདོད་པ་ཕྱིན་ཅི་ལོག་དེ་ལ་ཡང་སྦྱོར་བའི་བྱེ་བྲག་གིས་འགའ་ཞིག་ཏུ་ཆོས་སུ་བརྗོད་པར་འདོད་པས་དེ་འདུས་པ་ནི་གཞན་གྱི་དོན་ཉིད་དོ་ཞེས་སོ། །འགའ་ཞིག་ཏུ་ཆོས་ཅན་དུ་བརྗོད་པས་ཏེ་གཞན་གྱི་དོན་མིག་ལ་སོགས་པ་ཞེས་བྱ་བས་
ཆོས་དང་ཆོས་ཅན་གྱི་བྱེ་བྲག་ལས་བཟློག་པ་བསྒྲུབ་པ་དག་གིས་སོ། །དེ་དག་ཀྱང་སྦྱོར་བར་བརྗོད་པར་འདོད་པས་རྣམ་པར་གཞག་པ་ཡིན་པ་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་ནི་བྱེ་བྲག་ཅི་ཡང་མེད་དོ། །གལ་ཏེ་འགལ་བ་བཞིན་དུ་གཏན་ཚིགས་ཀྱང་ཅིའི་ཕྱིར་ཐ་དད་དུ་མ་བྱས་ཤེ་ན་ཞེས་བྱ་བ་
ནི་ཡང་དག་པའི་གཏན་ཚིགས་དག་ཀྱང་འདོད་པ་བརྗོད་པ་བསྒྲུབ་པ་དང་། ཤུགས་ཀྱིས་འདོད་པ་བསྒྲུབ་པ་ཞེས་སོ། །ཤུགས་ཀྱིས་འདོད་པའི་གཏན་ཚིགས་ཀྱང་ཐ་དད་དུ་བྱས་པ་ཉིད་དེ་མ་སྨྲས་ཀྱང་འདོད་པ་བསྒྲུབ་པར་བྱ་བ་ཡིན་པར་བསྟན་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །ཡང་ན་
เล่ม ๑๘๗ · หน้า 280b
འདུས་པ་ཉིད་ཀྱིས་འདུས་པའི་དོན་ཉིད་སྒྲུབ་པར་འདོད་ན་མ་བརྗོད་པར་ཡང་བསྒྲུབ་པ་ངེས་པར་བསྟན་པ་ཉིད་ཀྱིས་ཤུགས་ཀྱི་འདོད་པ་བསྒྲུབ་པའི་གཏན་ཚིགས་བཤད་པའི་ཕྱིར་རོ། །ཅིའི་ཕྱིར་འགེགས་པར་བྱེད་ཅེས་བྱ་བ་ནི་མ་བསྟན་ཏོ་ཞེས་བྱ་བར་རྒོལ་བ་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །གལ་
ཏེ་འདུས་པ་རྣམས་གཞན་འདུས་པ་མ་ཡིན་པ་ལ་ཕན་པར་ཞེས་བྱ་བ་ནི་འདུས་པས་འདུས་པ་མ་ཡིན་པའི་དོན་བྱེད་པའོ། །ཁ་ཅིག་འདུས་པ་གཞན་རྣམས་གཞན་འདུས་པ་ལ་ཕན་པ་ཞེས་འདོན་ཏོ། །དེ་ལྟར་ན་བདག་མེད་པར་སྨྲ་བ་ལ་ཀླན་ཀར་སྦྱར་བའོ། །འགལ་བ་མ་ཡིན་པ་ཉིད་དུ་
བསྒྲུབ་པ་ནི་འདྲ་བ་ཉིད་དོ། །སྔ་མ་ལྟར་ན་ནི་འགལ་བ་ཡིན་པར་བསྒྲུབ་པར་བྱ་བ་ཙམ་དུ་བྱའོ། །གལ་ཏེ་འགའ་ཞིག་ཏུ་འབྲས་བུ་བསྐྱེད་པའི་དོན་རྣམས་མཐར་ཐུག་པར་ཚོགས་པ་ཡང་ཡིན་ཞེས་བྱ་བ་ནི་ངེས་པར་འབྲས་བུ་འབྱིན་པའི་ཕྱིར་གཞན་ལ་ཕན་པ་བྱེད་པ་མི་འགྲུབ་སྟེ། ཅིའི་ཕྱིར་
ཞེ་ན། དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོ་སོར་ཕན་པ་བྱེད་པ་དག་ལས་ཞེས་བྱ་བ་ལ་སོགས་པས་ནི་འདུས་པ་ཁོ་ན་ལ་ཕན་པར་བྱེད་པར་བསྒྲུབ་པས་འགལ་བ་ཉིད་དུ་སྟོན་ཏེ། སོ་སོར་ཕན་པ་བྱེད་པ་ནི་འདུས་པ་རྣམས་སོ་སོར་ཕན་པ་བྱེད་པའོ། །ཕན་པར་བྱ་བའི་རང་བཞིན་
གཞན་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་ལས་ཁྱད་པར་དུ་གྱུར་པའོ། །དེ་ལྟར་ན་ཕན་པར་བྱེད་པ་དེ་ནི་མི་རྟག་པ་ཉིད་དོ། །རང་བཞིན་གཞན་མི་སྐྱེ་བ་ནི་ཕན་པར་བྱ་བ་ཉིད་མ་ཡིན་ནོ། །ཐ་དད་པའི་རང་བཞིན་གྱིས་ཕན་པ་ཞེས་བྱ་བ་ནི་སྔ་མ་ལས་གཞན་དུ་གྱུར་པ་ནི་ཕན་པ་སྟེ། སྐད་ཅིག་
མ་གཞན་སྐྱེད་པ་ཡིན་གྱི་ཕན་པར་བྱ་བ་གཅིག་ལ་དུས་གཅིག་ཏུ་ཕན་པ་དུ་མ་བྱེད་པ་ནི་མ་ཡིན་ཏེ། ཕན་པར་བྱ་བ་དུ་མར་གྱུར་ན་འདུས་པ་ཕན་པར་བྱ་བ་མ་ཡིན་གྱི་རེ་རེ་ལ་ཕན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཕན་པར་བྱ་བའི་སྐབས་གཞན་དང་གཞན་དག་སྐྱེ་བའི་ཕྱིར་མི་
རྟག་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་ཕན་པར་བྱ་བའི་སྐད་ཅིག་མ་འདུས་པ་ཁོ་ན་ལ་དོན་བྱེད་པར་གྲུབ་པའོ། །གལ་ཏེ་ཕན་པ་བདག་ལ་དོན་གཞན་ཡིན་ན་ཕན་པ་ལས་གཞན་པའི་བདག་དེ་ལས་ཕན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་པ་རྣམས་ཕན་པ་སྐྱེ་ན་ཡང་བདག་དེ་ལས་ཐ་
เล่ม ๑๘๗ · หน้า 281a
དད་པ་ཞིག་མ་ཡིན་ཞེས་བྱ་བ་ཐུག་པ་མེད་པར་འགྱུར་བ་ལ་སོགས་པའི་རིག་བྱེད་བརྟག་པ་ལ་སོགས་པ་སྨྲས་ཟིན་ཏོ། །གལ་ཏེ་བདག་ལ་མི་ཕན་པ་ཉིད་ཡིན་ན་བདག་དེ་ལ་ཕན་པའི་དོན་དུ་སྒྲུབ་པ་བཀོད་པ་དོན་མེད་པ་ཉིད་ཡིན་པས་བདག་ལ་ཕན་པར་བྱེད་པ་དེའི་དོན་
དུ་སྒྲུབ་པ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་ཏུ་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་པའི་ཁྱད་པར་ཕྱི་མ་ཕྱི་མ་དག་ཏུ་སྐྱེད་པ་དེའི་ཕྱིར་ཕན་པར་བྱ་བ་དེ་རང་བཞིན་གཅིག་ཏུ་མི་འགྱུར་བའི་ཕྱིར་འདུས་པའི་ཁོ་ནའི་དོན་བྱེད་པར་གྲུབ་པས་འདུས་པ་མ་ཡིན་
པའི་དོན་བྱེད་པར་འདོད་པ་ལས་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཉིད་ཡིན་ནོ། །གཉིས་ཀ་ལ་མ་གྲུབ་པ་ཡང་འགལ་བ་ཡིན་ཏེ་ཞེས་བྱ་བ་ནི་ཡང་གི་སྒྲས་ནིའོ། །བདག་དང་བཅས་པ་དང་བདག་མེད་པ་ལས་གཞན་པའི་ཕུང་པོ་གང་ལ་ཞེས་བྱ་བ་ནི་
དེ་གཉིས་པས་ཕྱི་རོལ་ཏུ་གྱུར་པའི་ཆོས་འགའ་ཞིག་ལའོ། །གལ་ཏེ་དེ་ལ་ཡོད་པར་གྱུར་ན་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གཉི་ག་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དེ་དག་ལ་ཐེ་ཚོམ་ཟ་བར་མི་འགྱུར་ཏེ་གཉི་ག་ལས་ལྡོག་པར་གྲུབ་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱིས་གྲགས་པར་མ་གྲུབ་
པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་དོན་བདག་དང་བདག་མེད་པའི་བདག་ཉིད་ཀྱིས་ཆོས་སུ་ཚད་མས་མ་གྲགས་པའི་ཕྱིར་རོ། །དེ་དག་ལས་ལྡོག་པ་མེད་དོ་ཞེས་བྱ་བ་ནི་བདག་བཅས་དང་བདག་མེད་གཉི་ག་ལས་ལྡོག་པ་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་དང་བདག་མེད་པ་གང་ལ་
ཡང་ཡོད་པར་མ་གྲུབ་པའི་ཕྱིར། །མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པས་ན་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ་ཞེ་ན། གོ་བར་མི་བྱེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་སྲོག་ལ་སོགས་པ་འདི་ཆོས་
ཅན་གསོན་པོའི་ལུས་ལ་འགའ་ཞིག་དང་འབྲེལ་བའི་ཕྱིར། རྟགས་དེ་ལས་ཆོས་ཅན་དེ་ལས་རྟོགས་པ་འཇུག་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་སྲོག་ལ་སོགས་པ་འདི་ཅི་བདག་དང་བཅས་པ་ཞིག་གམ་བདག་མེད་པ་ཞིག་གི་ཆོས་ཅན་ཡིན་ནོ་ཞེས་སོ། །མ་འབྲེལ་པ་ཞེས་བྱ་བ་ནི་ཆོས་དང་
เล่ม ๑๘๗ · หน้า 281b
ངོ་། །གཉི་ག་ལས་ཕྱི་རོལ་དུ་གྱུར་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གཉི་ག་དག་ལས་ཕྱི་རོལ་དུ་གྱུར་པ་ཡིན་ན་ནི། དེ་བདག་དང་བདག་མེད་པ་གཉི་ག་ལས་ལོག་པའི་ཕྱིར་སྲོག་ལ་སོགས་པ་དེ་ལས་གསོན་པོའི་ལུས་དེ་ལ་གོ་བ་དང་ཐེ་ཚོམ་ཟ་བར་མི་བྱེད་པ་དེར་འགྱུར་རོ། །གལ་
ཏེ་དེ་ལྟ་ན་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གང་ལ་ཡང་ཡོད་པར་མ་གྲུབ་ཀྱང་དེ་ལས་སྟོན་པ་འཇུག་པ་དེ་ལྟ་ནའོ། །མ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་མིག་གིས་གཟུང་བར་བྱ་བ་དེ་ཆོས་ཅན་དང་མ་འབྲེལ་པའི་ཕྱིར་རོ། །སྲོག་ལ་སོགས་པའི་བྱེ་བྲག་ལ་ཞེས་བྱ་བ་
ནི་བདག་དང་བདག་མེད་པའི་ཆོས་ཡིན་པའི་བྱེ་བྲག་ལའོ། །བསྐལ་པའི་ཕྱིར་ཞེས་བྱ་བ་ནི་བདག་ཚད་མས་མ་མཐོང་བའི་ཕྱིར་རོ། །འཇུག་པ་དང་ལྡོག་པ་ནི་བུམ་པ་ལ་སོགས་པ་ཆོས་ཅན་ཁྱད་པར་གྱི་ཁྱད་པར་གང་ལ་ཡང་བདག་ཡོད་པ་དང་མེད་པ་ངེས་པར་མ་གྲུབ་པའི་
ཕྱིར་རོ། །དེ་ལ་སྲོག་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་བདག་དེ་ལ་སྲོག་ལ་སོགས་པ་འཇུག་པ་དང་། ལྡོག་པ་ཡང་ཚད་མས་མ་མཐོང་བའོ། །འཇུག་པ་དང་ལྡོག་པ་མ་གྲུབ་པ་དེའི་ཕྱིར་དོན་གཞན་སྲོག་ལ་སོགས་པ་བདག་གི་འབྲས་བུར་མ་གྱུར་པའི་ཕྱིར་བདག་ལ་སོགས་པས་རྗེས་
སུ་འགྲོ་བ་མ་གྲུབ་པ་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་སྲོག་ལ་སོགས་པ་དང་བདག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ཅེས་བྱ་བ་ནི་རིགས་པ་ཅན་ནོ། །གོ་བར་བྱེད་པ་ཁོ་ནས་ཞེས་བྱ་བ་ནི་སྲོག་ལ་སོགས་པས་བདག་གོ་བར་བྱེད་པ་ཁོ་ན་སྟེ། སྲོག་ལ་སོགས་པ་དེ་ནི་
འདིའི་རིགས་ཅན་དེ་དག་བདག་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། གཅིག་ཏུ་ལྡོག་པ་ཅན་ཞེས་བྱ་བར་འདོད་པའོ། །དེ་གཅིག་ཏུ་ལྡོག་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པ་ཞེས་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྲོག་ལ་སོགས་པ་མི་མཐུན་
པའི་ཕྱོགས་ཁོ་ན་ལ་མི་འཇུག་པའི་ཕྱིར་མཐུན་པའི་ཕྱོགས་ལས་ནི་ལྡོག་པ་མེད་དེ་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་གསོན་པོའི་ལུས་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར་ལ་གསོན་པོའི་ལུས་ལས་གཞན་པ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་པར་འདོད་པ་ལས་མཐུན་
เล่ม ๑๘๗ · หน้า 282a
པའི་ཕྱོགས་མེད་པ་ལ། མེད་པས་ལྡོག་པ་ནི་ཡུལ་དུ་མི་རིགས་པའི་ཕྱིར་རོ། །གཅིག་ཏུ་རྗེས་སུ་འགྲོ་བ་ཅན་ནི་འོག་ནས་སྟོན་ཏོ། །མཉན་པར་བྱ་བ་ཉིད་ཀྱང་རྟག་པ་དང་མི་རྟག་པ་གང་ལ་ཡང་ཡོད་པར་མ་གྲུབ་པའི་ཕྱིར་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་མ་ཡིན་
པས་ལྡོག་པ་ཅན་གྱི་རྟགས་ཉིད་དུ་འགྱུར་རོ་ཞེ་ན་བྱེ་བྲག་པ་ན་རེ་མཉན་པར་བྱ་བ་ཉིད་ནི་དེ་ལྟ་མ་ཡིན་ཏེ། གཉི་ག་ལས་ལྡོག་པའི་ཕྱིར་རོ་ཞེས་བྱ་བས་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་ཏེ། ལོག་པ་ནི་འདིར་མ་མཐོང་བ་ཡིན་པས་སོ། །སྲོག་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཞེའོ། །དེ་ལྟ་
བུའི་ལྡོག་པའི་རྣམ་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་གཅིག་ཏུ་ལྡོག་པ་སྨྲས་པ་དེས་སོ། །བདག་མེད་པ་ཉིད་ལ་མེད་པ་ཉིད་དོ་ཞེས་ངེས་པ་སྨྲ་ན་དོན་གྱིས་གཞན་མ་ཡིན་པ་བདག་དང་འདྲེ་བས་བདག་ལ་སྲོག་ལ་སོགས་པ་འཇུག་པར་བརྗོད་པ་ཡིན་ལ། དེ་ལྟ་ན་བདག་ཁོ་ན་
ལ་འཇུག་པ་དེ་ཉིད་མེད་ན་མི་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་འགྲོ་བ་གྲུབ་པས་སྲོག་ལ་སོགས་པ་ལྡོག་པ་ཉི་ཚེ་ཅན་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མ་མཐོང་བས་ལྡོག་པ་མི་འགྲུབ་པའི་ཕྱིར་སྲོག་ལ་སོགས་པ་བདག་གམ་བདག་མེད་པའི་བྱེ་བྲག་གི་རྗེས་སུ་འགྲོ་བ་མེད་པ་ལ་
ལྡོག་པ་ཡང་མེད་དོ། །གལ་ཏེ་མ་མཐོང་བས་ལྡོག་པ་མི་འགྲུབ་སྟེ། དེ་ལྟ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཉན་པར་བྱ་བ་ཉིད་ཇི་ལྟར་ལྡོག་པ་ཅན་ཞེས་གསུངས་ཤེ་ན། སློབ་དཔོན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་སོ། །
གཞན་དུ་ན་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་ལྡོག་པ་དེས་ན་མཉན་པར་བྱ་བ་ཉིད་ཐེ་ཚོམ་ཟ་བའི་རྒྱུར་ངེས་པའི་གཏན་ཚིགས་ལྟར་སྣང་བར་སློབ་དཔོན་གྱིས་གསུངས་སོ། །འདི་ལྟར་རྟགས་མཉན་པར་བྱ་བ་གང་རྟག་པ་གང་ལ་མི་སྲིད་པ་དེ་སྒྲ་ལ་དམིགས་པ་ལས་སྒྲ་རྟག་པ་དེ་ལ་ཐེ་ཚོམ་
ཟ་བར་རིགས་པ་མ་ཡིན་ཏེ། འདི་ལྟར་མེ་མེད་པ་ལ་མི་སྲིད་པའི་དུ་བ་ཕྱོགས་ལ་དམིགས་པ་ལས་མེ་མེད་པ་ལ་ཐེ་ཚོམ་བྱ་བར་མི་རིགས་པ་བཞིན་ནོ། སྲོག་ལ་སོགས་པ་མེད་པས་བདག་མེད་པ་ནི་ཤི་བའི་ལུས་དང་བུམ་པ་ལ་སོགས་པ་ལ་ཁྱབ་པའི་ཕྱིར་དུ་བ་མེད་པས་མེ་མེད་པ་ལ་ཁྱབ་པ་
เล่ม ๑๘๗ · หน้า 282b
ལྟར་རོ། །དེའི་ཕྱིར་ཉེ་བའི་ལུས་དང་བུམ་པ་ལ་སོགས་པ་རྒྱུ་བདག་ལོག་པའི་ཕྱིར། སྲོག་ལ་སོགས་པ་ལོག་པའི་ཕྱིར་ཏེ་མེ་ལོག་པས་དུ་བ་ལོག་པ་བཞིན་ནོ། །དེ་ལྟར་ན་འབྲས་བུ་སྲོག་ལ་སོགས་པ་ལྡོག་པའི་ཁྱབ་པར་བྱེད་པ་ཡིན་ལ། དེ་གསོན་པོའི་ལུས་ལ་ལོག་སྟེ་སྲོག་ལ་སོགས་
པ་ཡོད་པར་གྱུར་ན་ཁྱབ་པར་བྱ་བ་དག་མེད་པ་ཡང་ལྡོག་པའི་ཕྱིར་གསོན་པོའི་ལུས་ལ་བདག་གྲུབ་པོ་སྙམ་པའོ། །ལན་སྦྱིན་པ་ནི་མ་འབྲེལ་པ་སྲོག་ལ་སོགས་པ་མེད་པ་སྟེ་ལྡོག་པས་ཉེ་བར་མི་སྦྱོར་བ་བདག་མེད་པ་སྟེ་ལོག་པ་ལ་ཁྱབ་པ་མི་འགྲུབ་སྟེ། འབྲེལ་པ་མེད་པའི་ཕྱིར་རོ། །
དེ་ལོག་པས་མི་འཇུག་ཅེས་བྱ་བ་ནི་བདག་ལོག་པས་སྲོག་མི་འཇུག་པའོ། །བཟློག་པའི་འབྲེལ་པ་ནི་ཉེ་བར་སྦྱོར་བ་ལོག་པ་དེ་དང་འབྲེལ་པ་ལོག་པས་ཁྱབ་པའོ། །ཤིན་ཏུ་བསྐལ་པ་དེ་ནི་བདག་གོ། །སྲོག་ལ་སོགས་པ་མེད་པས་ཁྱབ་པ་བདག་མེད་པ་ཡང་གང་ཞེས་བྱ་བ་ནི་ལྡོག་པའི་ཁྱབ་
པའི་ཡུལ་མི་མཐུན་པའི་དཔེ་འདྲི་བའོ། །གཞན་ལ་ཡང་མི་མཐོང་ན་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་བདག་མེད་པར་འགྲུབ་ན་གཞན་ཡང་ཕྱོགས་ལ་ཡང་མ་མཐོང་བའི་ཕྱིར་དེ་ཡང་བདག་མེད་པར་འགྱུར་ལ། དེ་ལྟ་མ་ཡིན་པ་བདག་དེ་བུམ་པ་ལ་སོགས་པ་ལ་མེད་དོ་ཞེས་བྱ་བ་གང་
ལས་དེ་མ་མཐོང་བ་ཙམ་དུ་ཁྱད་པར་མེད་པའི་ཕྱིར་རོ། །ལྡོག་པ་མི་ཤེས་པ་མེད་པས་དེའི་ཞེས་བྱ་བ་ནི་བདག་གང་ལས་ལོག་པ་མི་ཤེས་པ་དེའིའོ། །འགའ་ཞིག་མཐོང་བ་ཁོ་ན་ལ་ཞེས་བྱ་བ་ནི་གསོན་པོའི་ལུས་འགའ་ཞིག་ཁོ་ན་ལའོ། །བདག་ནི་དེ་ལྟར་གཞན་ཡོད་པ་དང་
མེད་པར་རྟོགས་པ་མ་ཡིན་ནོ། །གལ་ཏེ་གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལྡོག་པ་ཅན་གྱི་སྦྱོར་བའི་ངག་གོ། །དེ་ལ་ཡང་ཞེས་བྱ་བ་ནི་བདག་ལོག་པས་སྲོག་ལ་སོགས་པ་ལྡོག་པར་སྒྲུབ་པ་དེ་ཡང་ངོ་། །རྒྱུ་དང་འབྲས་བུ་དངོས་པོ་མ་ཡིན་པས་ཞེས་བྱ་བ་ནི་བདག་ནི་རང་ལས་ཐ་དད་པ་
སྲོག་ལ་སོགས་པ་རྒྱུ་མ་གྲུབ་པས་སོ། །དེ་ཡང་ལེའུ་གཉིས་པར་མི་དམིགས་པའི་དབྱེ་བའི་སྐབས་སུ་དོན་གཞན་དགག་པར་སྨྲས་པ་ཡིན་ནོ། །མ་མཐོང་བའི་ཕྱིར་རོ་ཞེས་བརྗོད་ཅེས་འདས་མ་ཐག་པར་བརྗོད་ཟིན་ཏེ། འདི་ལྟར་བདག་དང་བཅས་པའི་དཔེའི་ཆོས་འགའ་ཡང་ཚད་
เล่ม ๑๘๗ · หน้า 283a
མས་གྲུབ་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་ཏུ་བདག་མཐོང་བར་ཁས་བླངས་ཀྱང་མཐུན་པའི་ཕྱོགས་ལ་མཐོང་བ་ཙམ་གྱིས་ནི་རྗེས་སུ་འགྲོ་བ་མི་འགྲུབ་སྟེ། ལྡོག་པ་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་ལྡོག་པ་ལས་ནི་ཞེས་བྱ་བ་བུམ་པ་ལ་སོགས་པ་ལ་བདག་
མ་མཐོང་བ་ཙམ་གྱིས་མེད་པར་འདོད་པའོ། །ནུས་པའི་རྒྱུ་གཞན་ཞེས་བྱ་བ་ནི་བློ་ལ་སོགས་པ་བུམ་པ་ཡོད་ཀྱང་སྲོག་ལ་སོགས་པ་མི་འབྱུང་ན། བློ་ལ་སོགས་པའི་གཞན་པའི་རྒྱུ་མེད་པས་སྲོག་ལ་སོགས་པ་མེད་པར་འགྱུར་རོ་ཞེས་དཔག་པར་རུང་ན་དེ་ལྟ་བུའི་ནི་བུམ་པ་ལ་སོགས་པ་
ལ་མི་སྲིད་དོ། །གལ་ཏེ་བློ་ལ་སོགས་པ་དེ་ཡང་བདག་མེད་པས་སོ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལ་བློ་ལ་སོགས་པ་མེད་པ་དེ་ཡང་བདག་མེད་པས་སོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ནི་བདག་མེད་པས་བློ་ལ་སོགས་པ་མེད་པ་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། བློ་ལ་སོགས་པ་དེ་ལ་
བདག་ལས་གཞན་པའི་དངོས་པོའི་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། རེ་ཞིག་ཅེས་བྱ་བ་ནི་རིམ་ལ་ལྟོས་པ་སྟེ། ཤེས་པ་དང་། དབང་པོ་དང་། ཡུལ་རྣམས་ཀྱི་རིམ་པས་སོ། །རྣམ་པར་ཤེས་པ་སྔ་མ་ནི་མཚུངས་པ་དེ་མ་ཐག་པའོ། །གཞན་དག་ཤེས་པའི་རྒྱུ་
ཡོད་ཅེས་བྱ་བ་རྟག་པ་ཡོད་པར་འདོད་དེ་ཡུལ་དུ་མ་དག་ཉེ་ཡང་ཤེས་པ་ཡུལ་ཀུན་ཅིག་ཅར་སྐྱེ་བའི་ཕྱིར་ཡིད་ཅེས་བྱ་བ་གཅིག་ཡོད་པར་རྗེས་སུ་དཔག་སྟེ། ཡིད་གཅིག་པོའི་དབང་གིས་ཤེས་པ་རིམ་གྱིས་སྐྱེ་བ་དེ་ལྟ་མ་ཡིན་ན་ནི། ཡུལ་ཀུན་ལ་དུས་གཅིག་ཏུ་ཤེས་པ་སྐྱེ་བར་ཐལ་བར་
འགྱུར་རོ་ཞེས་ཟེར་ཏེ། དེ་དགག་པའི་ཕྱིར་དེ་ཡང་ཡུལ་གཞན་སྤང་བ་དང་ཞེས་བྱ་བ་སྨོས་ཏེ། ནུས་པ་མ་ཡིན་པའི་ཤེས་པ་སྔ་མ་དེ་ཡུལ་གཞན་སྤོང་བ་སྟེ། ཡུལ་གཅིག་ལ་གཏོད་པར་འདོད་པས་ཡུལ་གཞན་ལ་དམིགས་པའི་རྣམ་པར་ཤེས་པ་གཞན་དུས་གཅིག་ཏུ་མི་སྐྱེ་བ་ཡིན་
གྱི། ཡིད་རྟག་པ་ནུས་པ་མེད་པས་ནི་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དུ་རེ་རེས་དོན་མེད་པ་དག་མི་རུང་བའི་ཕྱིར་རོ། །གནོད་པ་ཅན་ལས་ནི་རྣམ་པར་ཤེས་པ་ཕྱི་མ་འཁྲུལ་པ་སྐྱེའོ་ཞེས་བྱ་བར་སྦྱར་རོ། །སྩོགས་པའི་སྒྲ་གཉིས་ཀྱིས་ནི་མི་གསལ་བ་ལས་ནི་མི་གསལ་བ་སྐྱེའོ་
เล่ม ๑๘๗ · หน้า 283b
ཞེས་གོ་རིམས་བཞིན་དུ་སྦྱོར་རོ། །དབང་པོ་ལ་སོགས་པའི་ཞེས་བྱ་བ་ནི་ཡུལ་རྣམས་ཀྱང་ངོ་། །བློ་ཡང་དབང་པོ་ལ་སོགས་པ་རྣམས་ཀྱི་རྐྱེན་ཡིན་པར་བརྗོད་དོ། །དེ་ཡང་དབང་པོ་ལ་སོགས་པ་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའི་རྒྱུ་དག་
གིས་སོ། །འདི་ཞེས་བྱ་བ་ནི་བློ་ལ་སོགས་པ་འབྲས་བུ་རྣམས་སོ། །བདག་ཉིད་ཀྱི་དངོས་པོ་ནི་འབྲས་བུར་གྱུར་པ་བློ་ལ་སོགས་པ་རྣམས་རང་གི་བདག་ཉིད་ཀྱི་དངོས་པོ་དང་རྗེས་སུ་འགྲོ་བ་སྟེ་ཡོད་པ་དང་ལྡོག་པ་སྟེ་མེད་པའོ། །ཅན་ཞེས་བྱ་བ་ནི་རྒྱུར་གྱུར་པའི་ཆོས་དེ་དག་ཙམ་གྱི་རྗེས་སུ་འགྲོ་
བ་ལྡོག་པ་དང་ལྡན་པ་ཡིན་པའོ། །འདི་ཉིད་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་རྗེས་སུ་འབྲས་བུ་བྱེད་པ་དེ་ཉིད་རྒྱུ་ཡིན་ཏེ། རྗེས་སུ་བྱ་བའི་ཆོས་གཞན་བཞིན་ནོ། །གང་གི་རྗེས་སུ་འབྲས་བུ་བྱེད་པ་དེ་ཉིད་རྒྱུ་ཡིན་པ་དེའི་ཕྱིར་དེ་ལ་ཡང་མ་མཐོང་བར་རྒྱུ་གཞན་བརྟག་ན་རྒྱུ་ཐུག་པ་མེད་པར་ཐལ་བར་
འགྱུར་རོ། །གང་དུ་ཡོད་ན་ཡོད་པ་ཉིད་ཅེས་བྱ་བ་ནི་ས་བོན་དང་། ས་དང་། ཆུ་དང་། དྲོད་དང་གང་ཞིག་ཡོད་ན་རྒྱུ་ཡིན་པ་ལའོ། །དེ་ལས་གཞན་དུ་ཞེས་བྱ་བ་ལས་ས་བོན་ལ་སོགས་པ་དེ་ལས་གཞན་པ་ཡང་ངོ་། །སྔར་བཤད་པའི་རིམ་པ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལས་ཐེ་ཚོམ་
ཟ་བ་དེའི་ཕྱིར། མཉན་པར་བྱ་བ་ཉིད་དང་། སྲོག་ལ་སོགས་པ་ཡང་འཁྲུལ་པ་ཅན་དུ་མཚུངས་ཏེ། སྲོག་ལ་སོགས་པ་གོ་བར་བྱེད་པ་མ་ཡིན་ནོ། །ལྡོག་པ་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉན་པར་བྱའོ། །ཇི་ལྟར་འཁྲུལ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །དེ་ལ་མི་
མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པ་ནི་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་དེ་མི་མཐུན་པའི་ཕྱོགས་ལས་ཀྱང་ལོག་པའི་ཕྱིར་ཏེ་བུམ་པ་ལ་སོགས་པ་ནི་མི་རྟག་པ་ཉིད་དུ་བསྒྲུབ་པའི་མཐུན་པའི་ཕྱོགས་ཡིན་ནོ། །དེ་བཞིན་དུ་འདི་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་མཐུན་
པའི་ཕྱོགས་ལས་ལོག་པ་དེ་བཞིན་དུའོ། །འདི་ཞེས་བྱ་བ་ནི་སྲོག་ལ་སོགས་པ་འདིའོ། །མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པ་མེད་པས་སྨྲ་བ་མ་ཡིན་ནམ་ཞེས་བྱ་བ་རྗེས་སུ་འགྲོ་བ་མེད་པར་སྔར་སྨྲས་པ་མ་ཡིན་ནམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྲོག་ལ་སོགས་པ་དེ་མཐུན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด