ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๘ · หน้า 29b
པ་ཉིད་དེ་དང་འགལ་བར་འགྱུར་རོ། །དེའི་ཕྱིར་ཁྱབ་པར་བྱེད་པ་འགལ་བ་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་རྗེས་སུ་འགྲོ་བ་གྲུབ་པས། ཁྱབ་པར་བྱ་བ་དོན་མེད་ན་མི་འབྱུང་བ་ཉིད་དང་དོན་འཛིན་པ་ཉིད་ཡོད་པ་ན་ཁྱབ་པར་བྱེད་པ་ཚད་མ་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁོ་
བོ་ཅག་གཉིས་ཀྱི་རང་བཞིན་གྱི་གཏན་ཚིགས་སོ། །ཚད་མ་མ་ཡིན་པའི་ཡུལ་ལ་ཡང་རྒྱུ་མཚན་མེད་པ་ཉིད་ཀྱི་ཕྱིར། དེ་ཙམ་ཉིད་ལ་ལྟོས་པའི་ཚད་མ་མེད་པ་ཉིད་ཀྱིས་སོ། །དེའི་ཕྱིར་དེ་ལྟར་རྗེས་སུ་དཔག་པ་ཁོ་ནས་ཚད་མ་དང་ཚད་མ་མ་ཡིན་པ་རྟོགས་ནས་ཉེ་བར་སྟོན་པ་ཡིན་ལ། དེ་ཡང་
མ་གྲུབ་པའི་ཕྱིར་ཚད་མ་དང་ཚད་མ་མ་ཡིན་པ་ཅུང་ཟད་ཀྱང་ཉེ་བར་བསྟན་པར་མི་བྱའོ། །གལ་ཏེ་རང་གི་རྒྱུད་ལ་ཡོད་པ་ཉེ་བར་བསྟན་པར་བྱ་བ་ཡོད་པ་མ་ཡིན་ནམ་ཞེས་དོགས་པ་ལ། ཡུལ་ཉམས་སུ་མྱོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉམས་སུ་མྱོང་བའི་ཡུལ་ཅན་གང་ཡིན་པ་དག་
གོ། །རྣམ་པ་གཉིས་ཀྱིས་ཡུལ་ཉམས་སུ་མྱོང་སྟེ། དོན་ཐོབ་པ་དང་གོམས་པའི་དབང་གིས་དོན་མེད་ན་མི་འབྱུང་བར་ངེས་པའི་ཤེས་པ་ནི་ཡུལ་ཉམས་སུ་མྱོང་བ་ཞེས་བརྗོད་པ་ཡིན་ནོ། །ཡུལ་ཉམས་སུ་མྱོང་བ་མ་གཏོགས་པ་ཞེས་སྨྲས་པ་ན་ཡུལ་ཉམས་སུ་མྱོང་བའི་ཤེས་པའི་གསལ་བ་
རྣམས་ནི་མངོན་སུམ་གྱི་ཚད་མའམ་ཚད་མ་མ་ཡིན་པར་གྲུབ་པར་སྨྲས་པ་སྟེ། དེ་དག་ཀྱང་རྗེས་སུ་དཔག་པ་ལས་ཚད་མའམ་ཚད་མ་མ་ཡིན་པར་ཁོང་དུ་ཆུད་པ་ཡིན་ན་ནི་མ་གཏོགས་པ་ཞེས་བྱ་བའི་ཚིག་མི་འཐད་པའི་ཕྱིར་རོ། །དེ་ལ་མངོན་སུམ་དེ་ཉིད་ཀྱིས་དོན་མེད་ན་མི་འབྱུང་བ་གཟུང་བ་ངེས་པ་
ཉིད་འདི་ཙམ་ཞིག་ནི་མངོན་སུམ་གྱི་བྱ་བ་ཡིན་ལ། དུས་ཕྱིས་འབྱུང་བའི་ཤེས་པ་གཞན་གྱིས་ནི་ཐེ་ཚོམ་སེལ་བ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །བརྫུན་པའི་དོན་ཅན་གྱི་མཚན་ཉིད་ཚད་མ་མ་ཡིན་པ་ཉིད་ཀྱང་ཤེས་པ་སྔ་མའི་ཡུལ་ལ་གནོད་པར་བྱེད་པའི་ཤེས་པ་ཕྱི་མས་ངེས་པར་བྱེད་པའི་ཕྱིར་མངོན་
སུམ་གྱིས་ངེས་པ་ཡིན་གྱི་རྗེས་སུ་དཔག་པས་ནི་མ་ཡིན་ནོ། །གང་ཞིག་རྟོགས་པའི་དུས་ཉིད་ན་གང་རྟོགས་པ་དེ་དག་ནི་རྟགས་དང་རྟགས་ཅན་མ་ཡིན་ཏེ། དཔེར་ན་ས་ཕྱོགས་དང་བུམ་པ་མེད་པ་དག་རྟོགས་པ་ཐ་མི་དད་པའི་ཕྱིར་གོ་བྱ་གོ་བྱེད་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་གནོད་པར་བྱེད་
เล่ม ๑๘๘ · หน้า 30a
པའི་ཡུལ་ཡོད་པར་རྟོགས་པ་ཉིད་ཀྱི་ཚེ་སྔ་མས་དོན་མི་བདེན་པ་ཉིད་དུ་རྟོགས་པའི་ཕྱིར་ཚད་མ་མ་ཡིན་པ་མངོན་སུམ་གྱིས་ཁོང་དུ་ཆུད་པ་ཡིན་ནོ། །དེ་དག་ནི་གསལ་བ་ལས་ཡོད་པ་ཡིན་ལ་དེ་ཡང་བསྟན་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བསྟན་དུ་མེད་པ་ཞེས་སྨོས་ཏེ།
བསྟན་པར་མི་ནུས་པའི་མཚན་ཉིད་གང་ཡིན་པ་དག་གོ། །རྗེས་སུ་དཔག་པ་སྤངས་པས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་ཀྱི་ཆོས་མེད་པའི་ཕྱིར་མི་སླུ་བས་ཁྱབ་པའི་མཚན་ཉིད་དང་ཅིག་ཤོས་གང་ཡིན་པ་དག་བསྟན་པར་མི་ནུས་པའི་ཕྱིར། ཇི་ལྟར་དེ་ཉེ་བར་སྟོན་པར་བྱེད། ཅི་སྟེ་ཡུལ་ཉམས་སུ་
མྱོང་བའི་གསལ་བ་ཅུང་ཟད་ཅིག་ཉེ་བར་བསྟན་པའི་རྒྱུ་མཚན་དུ་བརྟགས་པ་དེ་ལྟ་ན་ཡང་། ཉེ་བར་བསྟན་པ་དེ་དག་ནི་ཅུང་ཟད་ཀྱང་ཉེ་བར་མཁོ་བ་མ་ཡིན་ནོ་ཞེས་བཤད་པ་ནི་རང་གི་རྒྱུད་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་གིས་ཀྱང་འདི་གཞན་ལས་ཐ་སྙད་བྱ་བར་མི་དབང་སྟེ། གཞན་ལ་ཐ་
སྙད་རྗེས་སུ་རྟོགས་པར་མི་ནུས་པའོ། །གང་གི་ཕྱིར་དེ་དག་ནི་མཚོན་པར་བྱ་བ་མ་ཡིན་པ་སྟེ་འཇུག་པར་བྱེད་པ་ཉིད་དུ་གཞན་གྱིས་རིག་པ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཚོན་པར་བྱ་བ་མ་ཡིན་ཞེ་ན། གང་གི་ཕྱིར་སྟོན་པ་པོ་རང་གི་རྒྱུད་ལ་ཡོད་པ་དེ་ནི་ཤེས་པར་བྱ་བ་མ་ཡིན་པ་དེའི་ཕྱིར་གཞན་
གྱིས་འཇུག་པར་བྱེད་པ་ཉིད་དུ་མཚོན་པར་ནུས་པ་མ་ཡིན་ནོ། །ཉེ་བར་བསྟན་པར་བྱ་བ་ནི་འཇུག་པའི་ཡན་ལག་ཉིད་ཡིན་ཏེ། དེས་ན་འཇུག་པའི་ཡན་ལག་མ་ཡིན་པ་དེ་དག་ནི་ཉེ་བར་བསྟན་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཉིད་ཡིན་ནོ། །དེའི་ཕྱིར་ཕ་རོལ་པོས་གཞན་
འཇུག་པའི་ཡན་ལག་ཚད་མ་དང་ཚད་མ་མ་ཡིན་པ་ཉེ་བར་སྟོན་པའི་བསྟན་བཅོས་བྱ་བ་ཉིད་མ་ཡིན་ནོ། །བྱེད་ན་ཡང་ཞེས་བྱ་བ་ནི་ཚད་མ་དང་ཚད་མ་མ་ཡིན་པ་ཉེ་བར་སྟོན་པའི་བསྟན་བཅོས་བྱེད་ན་ཡང་། རང་ཉིད་ཀྱི་ཚད་མ་དང་ཅིག་ཤོས་ཉེ་བར་སྟོན་པའི་འཇུག་པ་ལ་ཅོ་འདྲི་བར་བྱེད་པ་ཡིན་ཏེ། བཞད་གད་དུ་བྱེད་པ་
ཡིན་ནོ། །འདི་ལྟར་ཉེ་བར་སྟོན་པའི་དགོས་པ་ནི་གང་ཞིག་ཉེ་བར་བསྟན་པ་ལས་མངོན་སུམ་ཚད་མ་ཡིན་ལ། ཅིག་ཤོས་ནི་མ་ཡིན་ནོ་ཞེས་ཕ་རོལ་པོས་རྟོགས་པ་འདི་ཉིད་ཡིན་ན། དེ་ཡང་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པ་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་བྱ་བས། གཞན་རྟོགས་པར་
เล่ม ๑๘๘ · หน้า 30b
བྱ་བའི་དོན་དུ་མངོན་སུམ་ཚད་མ་ཡིན་གྱི། རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་དེ་ཉིད་རང་ཉིད་ཀྱིས་བཀག་པར་འགྱུར་རོ། །གང་གི་ཕྱིར་རྗེས་སུ་དཔག་པས་རྟོགས་ནས་དེ་སྐད་བརྗོད་པ་ཡིན་པ་དེས་ན་དེ་ཚད་མ་མ་ཡིན་ན་དེ་ཡང་མེད་པར་བརྗོད་པར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་
པ་ཚད་མ་མ་ཡིན་ནོ་ཞེས་སྨྲས་པ་ནི་གང་བདག་གིས་བརྗོད་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་འགྱུར་ལ། དེ་ལྟ་ན་ཡང་རང་གི་འཇུག་པ་ལ་ཅོ་དྲིས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཚད་དང་ཅིག་ཤོས་ཞེས་བྱ་བ་ལ་སོགས་པས་དང་པོ་ཉེ་བར་བཀོད་པའི་གཏན་ཚིགས་གཞུང་བཙུགས་ནས།
གཏན་ཚིགས་གཉིས་པ་གཞུང་གཟུགས་པའི་ཕྱིར་བཤད་པ། གཞན་དེ་བློ་དང་ལྡན་པ་ཁོང་དུ་ཆུད་པ་ནི་སྐབས་ཀྱི་བསྟན་བཅོས་ཀྱི་དོན་རྟོགས་པའོ། །དེའི་དོན་ནི། དེའི་ཆེད་དམ་དེ་གྲུབ་པར་བྱ་བའི་ཕྱིར་བསྟན་བཅོས་བྱེད་པ་སྟེ་འགོད་པས་ཇི་ལྟར་རྗེས་སུ་དཔག་པ་སྤངས་པ་ཡིན།
ཇི་ལྟར་མི་རིགས་ཤེ་ན། སྨྲས་པ། རྗེས་སུ་དཔག་པ་དེ་སྤོང་ན་བསྟན་བཅོས་བྱེད་པ་ལ་འཇུག་པ་འབྲས་བུ་མེད་པའི་ཕྱིར་རོ། །རྗེས་སུ་དཔག་པ་སྤངས་པའི་ཕྱིར་དེས་ངེས་པར་བྱས་པ་གཞན་གྱི་སེམས་ཀྱང་མེད་པར་བརྗོད་པར་འགྱུར་རོ། །གཞན་གྱི་སེམས་མེད་པར་དོགས་ཀྱང་གཞན་
བསྟན་བཅོས་ཀྱི་དོན་ཁོང་དུ་ཆུད་པར་ཐེ་ཚོམ་ཟ་བ་ལས་བསྟན་བཅོས་བྱེད་པ་ལ་འཇུག་པར་ཡང་རིགས་པ་མ་ཡིན་ཏེ། སྨིག་རྒྱུའི་ཤེས་པ་བཞིན་དུ་རྗེས་སུ་དཔག་པས་ངེས་པའི་དོན་ནི་དོན་མེད་པར་ངེས་པའི་ཕྱིར་དོན་དུ་མི་འགྱུར་བར་ཐེ་ཚོམ་ཟ་བ་མ་ཡིན་གྱི། དོན་ཡོད་པར་ཐེ་ཚོམ་ཟ་བ་ནི་མ་ཡིན་
པའི་ཕྱིར་རྗེས་སུ་དཔག་པ་ལ་བསྙོན་པས་འབྲས་བུ་མེད་པའི་བསྟན་བཅོས་བྱེད་པ་ལ་འཇུག་པར་རིགས་པ་མ་ཡིན་ནོ། །མི་སྤོང་ན་ནི་རྗེས་སུ་དཔག་པ་མེད་དུ་ཟིན་ཀྱང་དོན་ཡོད་པར་ཐེ་ཚོམ་ཟ་བ་ལས་འཇུག་པ་ཡིན་ཏེ་ཞིང་རྨོ་བ་བཞིན་ནོ། །དེའི་ཕྱིར་བསྟན་བཅོས་བྱེད་པའི་རྗེས་སུ་དཔག་པས་སྤང་བར་
རིགས་པ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་བློ་ནི་ལུས་ལས་ཐ་དད་པ་མེད་པ་ཡིན། མཐོང་བ་ན་ཡང་ལུས་འཛིན་པར་བྱེད་པའི་མངོན་སུམ་དེ་ཉིད་དེ་ཉིད་ཀྱིས་འཛིན་པའི་ཕྱིར་འདི་ལ་རྗེས་སུ་དཔག་པས་ཅི་ཞིག་བྱ་སྙམ་དུ་དོགས་པ་ལ། སྨྲས་པ། ལུས་ཉིད་ནི་བློ་མ་ཡིན་ཏེ། ལུས་དེ་གྲུབ་སྟེ་མངོན་
เล่ม ๑๘๘ · หน้า 31a
སུམ་གྱིས་ངེས་ཀྱང་། བློའི་རྣམ་པར་བརྟག་པ་ཞེས་བྱ་བ། བློ་ཉིད་འདོད་ཆགས་ལ་སོགས་པའི་རྣམ་པས་བློ་གཞན་ལས་རྣམ་པར་བརྟག་པར་བྱ་ཞིང་ཁྱད་པར་དུ་བྱ་བ་ཡིན་པས་བློའི་རྣམ་པར་བརྟག་པ་ནི་བློའི་ཁྱད་པར་ཏེ། དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མངོན་སུམ་
གྱིས་རྟོགས་པར་བྱ་བ་ནི་ཁྱད་པར་ཡིན་ཏེ། སྤྱི་དངོས་པོ་མེད་པའི་ཕྱིར་རོ། །བློ་ཡང་མངོན་སུམ་གྱིས་རྟོགས་ན་ནི་ཁྱད་པར་ཉིད་ངེས་པར་འགྱུར་ན་ཁྱད་པར་ངེས་པ་ཡང་མ་ཡིན་ཏེ། དེ་དང་འགལ་བའི་ཐེ་ཚོམ་ཉིད་མཐོང་བའི་ཕྱིར་རོ། །སྤྱིར་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་ནོ། །གལ་
ཏེ་ཤིང་གྲུབ་ཀྱང་དེ་ཉིད་ལས་ཐ་དད་པ་མེད་པའི་ཤིང་ཤ་པ་ཉིད་ལ་ཐེ་ཚོམ་ཟ་ལ། སྔོན་པོ་ངེས་ཀྱང་སྔོན་པོ་ལས་ཐ་དད་པ་མེད་པའི་སྐད་ཅིག་མ་ཉིད་མ་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་རྣམ་གྲངས་རྣམ་པར་བརྟག་པར་བྱ་བའི་སྒྲ་སྦྱར་བ་ཡིན་ཏེ། གང་ཞིག་གང་ལས་ཐ་དད་
པ་མེད་པ་དེ་གྲུབ་པ་ན་ཁྱད་པར་ཅིག་ཤོས་གྲུབ་པ་ཁོ་ནའོ། །གང་གི་ཕྱིར་སྐད་ཅིག་མ་ཉིད་དང་ཤིང་ཤ་པའི་ཁྱད་པར་གྱི་མཚན་ཉིད་ནི་མཐོང་བའི་རང་བཞིན་དེ་ཉིད་ཡིན་ལ་དེ་ཡང་ངེས་པ་ཁོ་ནའོ། །འོན་ཀྱང་སྐད་ཅིག་མ་ཉིད་དུ་མ་ངེས་པ་ཡིན་ལ་མ་ངེས་པ་ཡང་སྤྱིའི་རྣམ་པ་ཡིན་པའི་ཕྱིར་སྤྱིའི་
རྣམ་པའི་སྐད་ཅིག་མ་ཉིད་མ་གྲུབ་པ་ཡིན་གྱི་ཁྱད་པར་གྱི་རྣམ་པ་ནི་མ་ཡིན་ཏེ། མཐོང་བ་སྔོན་པོའི་རང་བཞིན་ལས་ཐ་དད་པའི་སྐད་ཅིག་མ་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །འགའ་ཞིག་གྲུབ་པ་ན་ཁྱད་པར་གང་ཞིག་མ་གྲུབ་ཅིང་མ་མཐོང་བ་དེ་ནི་འགལ་བའི་ཆོས་དང་ལྡན་པ་ཡིན་པའི་ཕྱིར་
མཐོང་བ་དེ་ལས་གཞན་ཉིད་ཡིན་པས་གཅིག་པ་ཉིད་ཀྱི་ཐ་སྙད་ལ་ནི་དེ་གྲུབ་ན་གྲུབ་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། ཁྱབ་པར་བྱེད་པ་དེ་མེད་པ་ཉིད་ནི་གཏན་ཚིགས་སོ། །གང་ཞིག་གྲུབ་པ་ན། གང་གི་ཁྱད་པར་མ་གྲུབ་པ་དེ་དག་ནི་གཅིག་ཉིད་མ་ཡིན་ཏེ། དཔེར་ན་དྲོ་བ་དང་སྲ་བ་དག་བཞིན་ནོ། །
ལུས་གྲུབ་པ་ན་བློའི་ཁྱད་པར་གྲུབ་པ་མ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆགས་པ་ལ་སོགས་པའི་བློའི་རྣམ་པར་ངེས་པ་དང་འགལ་བ་ནི་ཐེ་ཚོམ་ཡིན་ལ། ཤེས་པའི་རང་བཞིན་གྱི་ཁྱད་པར་ཡང་ཆགས་པ་ལ་སོགས་པའི་རྣམ་པ་དང་། འགལ་བ་ལ་སོགས་
เล่ม ๑๘๘ · หน้า 31b
པའི་རྣམ་པ་ཡིན་པར་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རྩོད་པ་ཡོད་པ་མ་ཡིན་པས་ལུས་གྲུབ་ཀྱང་སྲ་བ་ལ་སོགས་པ་བཞིན་དུ་ཐེ་ཚོམ་ཟ་བའི་ཕྱིར་ཇི་ལྟར་ན་གཏན་ཚིགས་མ་གྲུབ་པ་ཉིད་ཡིན། དེའི་ཕྱིར་སེམས་པ་ནི་ཆང་གི་ནུས་པ་དང་འདྲ་བ་མ་ཡིན་ཏེ། ནུས་པ་ཅན་དག་ལས་ནུས་པ་
ཐ་དད་པ་མེད་པའི་ཕྱིར། ཆང་ལས་ནུས་པ་ཐ་དད་པ་མ་ཡིན་ལ། ཤེས་པ་ཡོད་པ་ནི་ལུས་ལས་ཐ་དད་པའི་ཁྱད་པར་ཅན་གྱི་རྣམ་པར་གྲུབ་པའི་ཕྱིར་རོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཉིད་ཡང་གྲུབ་པ་ཉིད་དོ། །ཐམས་ཅད་ནི་རྣམ་པ་གཉིས་ཏེ། འགལ་བའི་
ཆོས་དང་བྲལ་བ་དང་དེ་དང་ལྡན་པའོ། །དེ་ལ་གཅིག་ཉིད་ཀྱི་ཐ་སྙད་ནི་དེ་དང་བྲལ་བ་ལ་མཐོང་ངོ་། །གལ་ཏེ་དེ་དང་ལྡན་པ་ལ་འཇུག་ན་ནི་ཡུལ་ངེས་པ་མེད་པར་འགྱུར་བས། ཡུལ་ངེས་པ་ཉིད་ཀྱིས་ཀྱང་ཁྱབ་སྟེ། དེས་ན་ཁྱབ་པར་བྱེད་པ་མི་དམིགས་པས་འགལ་བའི་ཆོས་དང་ལྡན་
པའི་རང་བཞིན་ལས་ལྡོག་པ་ན། དེ་དང་བྲལ་བའི་ཡུལ་གྱི་རང་བཞིན་གྱིས་ཁྱབ་པའི་ཕྱིར་ཁྱབ་པ་གྲུབ་བོ། །གང་གྲུབ་ཀྱང་གང་མ་གྲུབ་པ་དེ་ལ་ནི་འགལ་བའི་ཆོས་དང་ལྡན་པ་ལས་ཁྱབ་པར་བྱེད་པ་དེ་དང་བྲལ་བའི་ཡུལ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་རྗེས་སུ་དཔག་པ་ལ་
བསྙོན་པ་ལ་རྗེས་སུ་དཔག་པའི་སྦྱར་བ་འཐད་པ་མ་ཡིན་ནོ་སྙམ་ན་དེ་ནི་རིགས་པ་མ་ཡིན་ཏེ། ཚུ་རོལ་མཛེས་པ་པ་དེའི་འབྱུང་བ་རྣམས་ལ་ཐ་དད་པའི་ཐ་སྙད་ཀྱི་ནི་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་ཅན་ཉིད་ཡིན་ལ། གཅིག་སྣང་བ་ན་མཐོང་བ་གཞན་སྣང་བ་མེད་པ་འདི་ལ་ཡང་འགལ་བའི་
ཆོས་དང་ལྡན་པ་ཉིད་ཡོད་པ་དེས་ན་རྒྱུ་མཚན་སྲིད་པ་ནི་ཐ་སྙད་འཇུག་པར་བྱ་བ་ཡིན་ལ། མ་ཡིན་ན་ནི་གཞན་ལ་ཡང་འཇུག་པར་མི་བྱའོ་ཞེས་གཞན་དག་ཐ་དད་པའི་ཐ་སྙད་ལ་འཇུག་པར་བྱེད་པ་ཡིན་ནོ། །གལ་ཏེ་ཡང་འདི་རྗེས་སུ་དཔག་པ་ཡིན་པ་དེ་ལྟ་ན་ཡང་ཕ་རོལ་གྱིས་སྤངས་པ་ཉིད་ནི་མ་
ཡིན་གྱི། འོན་ཀྱང་ཕ་རོལ་རྗེས་སུ་དཔག་པ་ཉིད་མ་ཡིན་པར་འདོད་པ་འབའ་ཞིག་ཏུ་ཟད་དོ། །འདི་སྙམ་དུ་དེ་ལྟ་ན་ཡང་གཏན་ཚིགས་མ་གྲུབ་སྟེ། གང་གི་ཕྱིར་རང་གི་ལུས་གྲུབ་ན་རང་གི་བློ་གྲུབ་པ་ཡོད་པ་ཡིན་ལ། ཁྱད་པར་དུ་འཕགས་པའི་སྐྱེས་བུས་ནི་གཞན་གྱི་ལུས་གྲུབ་པ་
เล่ม ๑๘๘ · หน้า 32a
ན་ཡང་གཞན་གྱི་བློ་ངེས་པའི་ཕྱིར་རོ་ཞེས་དོགས་པ་ལ། དེ་ཞེས་བྱ་བ་སྨོས་ཏེ། ཐེ་ཚོམ་དུ་གྱུར་པའི་བློའི་རྣམ་པར་བརྟག་པ་དེ་བཞིན་དང་འབྲེལ་པ་གཞན་གྱི་རྒྱུད་ལ་གནས་པ་ནི་སྐྱེས་བུ་ཐ་མལ་པ་སྐྱེས་བུ་ཙམ་དེའི་མངོན་སུམ་གྱིས་མི་རྟོགས་སོ། །འདི་སྐད་དུ་
བརྗོད་པ་ཡིན་ཏེ། གང་གི་ཕྱིར་གཞན་གྱི་རྒྱུད་ལ་ཡོད་པའི་བློའི་རྣམ་པར་བརྟག་པ་ནི་རྟག་ཏུ་ཐེ་ཚོམ་གྱི་ཡུལ་ཡིན་པ་དེའི་ཕྱིར་ཕལ་པའི་མངོན་སུམ་གྱིས་འཛིན་པ་མ་ཡིན་ཏེ། མངོན་སུམ་གྱིས་བཟུང་བ་ནི་ཁྱད་པར་ཡིན་ལ། ཁྱད་པར་བཟུང་ན་ཐེ་ཚོམ་མེད་པ་ཉིད་ཀྱི་ཕྱིར་རོ། །
གང་ཡང་སྐྱེས་བུ་ཁྱད་པར་དུ་འཕགས་པ་འགའ་ཞིག་གི་ཤེས་པས་གཞན་གྱི་ལུས་དང་བློ་བཟུང་བ་དེ་ལྟ་ན་ཡང་ལུས་འཛིན་པའི་མངོན་སུམ་གཅིག་གིས་མ་བཟུང་བས་ཀྱང་ཐ་དད་པར་འགྱུར་བ་ཡིན་ཏེ། ཐ་དད་པའི་རྒྱུ་མཚན་ནི་འགལ་བའི་ཆོས་དང་ལྡན་པ་ཡིན་ལ། འགལ་བའི་
ཆོས་དང་ལྡན་པ་དེ་ནི་གཅིག་གིས་མ་བཟུང་ན་ཡང་གྲུབ་པའི་ཕྱིར། ཡང་འགའ་ཞིག་གིས་གཅིག་ཏུ་བཟུང་བས་ལྡོག་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་པའོ། །དགག་པ་བྱེད་ཕྱིར་ཡང་ཞེས་བྱ་བའི་གཏན་ཚིགས་གསུམ་པ་གཞུང་གཟུགས་པའི་ཕྱིར་བཤད་པ།
དགག་པ་སྟེ་དགག་པའི་ཐ་སྙད་མངོན་སུམ་གྱིས་ནི་བྱ་བར་འོས་པ་མ་ཡིན་ནོ། །འགའ་ཞིག་ཏུ་ཞེས་བྱ་བ་ནི་མཐོང་བ་དང་མ་མཐོང་བ་འགའ་ཞིག་གང་ཡིན་པར་དགག་པའི་ཐ་སྙད་བྱེད་པ་གང་ཡིན་པ་དེ་ཐམས་ཅད་མངོན་སུམ་སྔོན་དུ་འགྲོ་བ་ཅན་མ་ཡིན་ཏེ། དངོས་པོ་སོ་སོར་སྣང་བ་
ཉིད་ངེས་པ་ཉིད་ཀྱིས་དངོས་པོ་འཛིན་པའི་ཕྱིར་མེད་པ་ནི་མངོན་སུམ་དེའི་ཡུལ་ཉིད་དུ་འགལ་བའི་ཕྱིར་རོ། །གང་ཞིག་མངོན་སུམ་གྱིས་དེ་སྣང་བ་ཉིད་ཀྱིས་གཟུང་བ་དེ་ལ་ནི་མངོན་སུམ་གྱིས་ཐ་སྙད་དུ་བྱེད་པ་ཡིན་ན་དངོས་པོ་མེད་པ་ནི་དེའི་གཟུང་བ་མ་ཡིན་པ་དེས་ནི་དེ་ལ་མངོན་སུམ་གྱིས་ཐ་
སྙད་དུ་བྱེད་པ་མ་ཡིན་ནོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །མེད་པ་ཡུལ་ཡིན་པར་འགལ་བ་ཉིད་བསྟན་པའི་ཕྱིར་བཤད་པ། དེ་ནི་དོན་ཏེ་ཡུལ་གྱི་ནུས་པ་ལ་ལྟོས་པས་སོ། །འདི་སྐད་བསྟན་པ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ནི་གཟུང་བའི་དོན་གྱིས་བསྐྱེད་པ་ཡིན་ལ་དེའི་ཕྱིར་མེད་
เล่ม ๑๘๘ · หน้า 32b
པ་འཛིན་པ་མ་ཡིན་ནོ། །གང་ཞིག་མངོན་སུམ་གྱི་ཡུལ་ཡིན་པ་དེ་ནི་དེ་བསྐྱེད་པར་ནུས་པ་ཡིན་ན། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བས་ཇི་ལྟར་དེའི་ཡུལ་དུ་འགྱུར། ཅི་སྟེ་ཡང་མངོན་སུམ་དོན་གྱི་ནུས་པ་ལ་མི་ལྟོས་པར་འགྱུར་ན་ནི་དེའི་ཚེ་འདི་དོན་ལ་མི་ལྟོས་ན་ནི་ཆོད་པ་ལ་སོགས་
པའི་དོན་གང་ཡིན་པ་སྟེ། རྒྱང་རིང་པོ་ན་གནས་པ་དང་ཤིན་ཏུ་ཉེ་བ་ན་གནས་པ་ལ་སོགས་པའི་དངོས་པོ་དེ་དེ་ལ་ཡང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྐད་བཤད་པ་ཡིན་ཏེ། རང་གི་རྒྱུད་དང་འབྲེལ་པའི་མངོན་སུམ་གྱིས་གལ་ཏེ་དངོས་པོ་ཡོད་པ་ཙམ་ཉིད་འཛིན་པར་བྱེད་པ་
ཡིན་ན་ནི། དེའི་ཚེ་དངོས་པོ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཆོད་པ་དང་ཐག་རིང་པོ་ལ་སོགས་པ་ཐམས་ཅད་འཛིན་པར་འགྱུར་ན་གཟུང་བ་ཡང་མ་ཡིན་ནོ། །དེས་ན་མངོན་སུམ་རུང་བའི་ཡུལ་ན་གནས་པའི་དོན་ལ་ལྟོས་པ་ནི་དེ་ལས་སྐྱེས་པ་ཡིན་པར་ཁོང་དུ་ཆུད་པ་ཡིན་ནོ། །གཞན་དུ་ན་མྱུ་
གུ་ནི་ས་བོན་དང་འབྲེལ་པར་རྣམ་པར་གཞག་མི་ནུས་པར་འགྱུར་རོ། །མངོན་སུམ་ངོ་བོ་ཉིད་ཀྱིས་ཉེ་བའི་དོན་འཛིན་པ་ཡིན་ནོ་ཞེ་ན། ཞིང་ཡང་ངོ་བོ་ཉིད་ཀྱིས་ས་བོན་དང་ཉེ་བའི་མྱུ་གུ་བསྐྱེད་པ་ཡིན་པའི་ཕྱིར་ས་བོན་རྒྱུ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་གང་ཞིག་གང་གི་གནས་སྐབས་ཀྱི་ཁྱད་
པར་རམ་ཡོད་པའི་རྗེས་སུ་བྱེད་པའི་དངོས་པོ་དེ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ནི་གཅིག་ཏུ་ངེས་པ་ཡིན་ནོ། །དེས་ན་དོན་ཉེ་བ་ལ་ལྟོས་པ་ནི་དོན་གྱིས་བསྐྱེད་པ་ཡིན་པ་དེས་ན་མེད་པ་ནི་ཡུལ་ཉིད་དུ་འགལ་ལོ། །དེའི་ཕྱིར་གང་ལས་དགག་པ་རྟོགས་པ་དེ་ནི་ཚད་མ་གཞན་ཡིན་ནོ། །གལ་
ཏེ་ཡང་མངོན་སུམ་དངོས་པོ་མེད་པ་མི་འཛིན་པ་དེ་ལྟ་ན་ཡང་ཐ་སྙད་བྱེད་པར་ནུས་པ་ཡིན་ནོ་ཞེས་གཞན་དག་དོགས་པ་བསུ་ནས་དགག་པའི་ཕྱིར་སྨྲས་པ། མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པར་ངེས་པ་ཞེས་བྱ་བ་ནི་མེད་པར་ངེས་པའི་བྱེད་པ་པོ་ཉིད་ནི་མངོན་སུམ་ཡིན་ཏེ། མངོན་སུམ་ཉིད་
ཀྱིས་མེད་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ལོག་པ་ལས་ཞེས་བྱ་བ་ནི་ལོག་པ་ཉིད་ལས་སོ། །འདི་སྐད་བཤད་པར་འགྱུར་ཏེ། མངོན་སུམ་གྱི་ཤེས་པ་དེ་ཉིད་འགའ་ཞིག་ཏུ་འཇུག་པ་དང་འགའ་ཞིག་ལས་ལྡོག་པ་ཡིན་ལ། འཇུག་པའི་ཡུལ་ནི་བསྒྲུབ་པའི་ཐ་སྙད་དང་། ལྡོག་
เล่ม ๑๘๘ · หน้า 33a
པའི་ཡུལ་ལ་ནི་དགག་པའི་ཐ་སྙད་འཇུག་པར་བྱེད་པ་ཡིན་ནོ། །དེས་ན་འདིར་དོན་ནི་མངོན་སུམ་ཐམས་ཅད་ནི་གཉིས་ཀའི་བདག་ཉིད་ཡིན་ལ་འཇུག་པ་དང་ལྡོག་པ་དག་གི་སྒོ་ནས་འཇིག་རྟེན་གྱི་ཐ་སྙད་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །གལ་
ཏེ་ཡང་མངོན་སུམ་ལྡོག་པ་ལ་ལྟོས་ནས་དངོས་པོ་མེད་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་དུ་འདོད་ན། དེ་མེད་པ་ཡང་ཡིན་ལ་དེས་རྟོགས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ། །ཕ་རོལ་གྱིས་རྟོགས་པར་དམ་བཅའ་བ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྡོག་པས་ཡིན་ནོ། །ལྡོག་པ་ལས་མེད་པ་
ངེས་པར་སྨྲས་པ་ན་མངོན་སུམ་གྱི་བྱ་བའི་ཁྱད་པར་མ་ཡིན་པར་བརྗོད་པར་འགྱུར་བའི་ཕྱིར་དོན་འདི་ནི་མ་ཡིན་ནོ། །ཉམས་སུ་ལེན་པ་ནི་འགལ་བའོ། །འགལ་བ་ཉིད་སྟོན་པ་ནི་དེ་མེད་པ་ཡང་ཡིན་ལ་ཞེས་བྱ་བ་ནི་ཡུལ་གང་ལ་མངོན་སུམ་ལྡོག་པ་ཉིད་ཀྱིས་མངོན་དུ་གནས་པའི་ཡུལ་དེ་ལ་ནི་
མངོན་སུམ་དེ་ཡོད་པ་མ་ཡིན་ལ། མེད་ན་ཡང་ཇི་ལྟར་འགའ་ཞིག་ངེས་པའི་རྒྱུ་ཉིད་དམ་འཛིན་པར་བྱེད་པ་ཡིན་པར་འགྱུར། ངེས་པའི་བྱེད་པ་པོ་དོན་འཛིན་པར་བྱེད་པའམ། སྐྱེད་པར་བྱེད་པ་ཡིན་པར་འགྱུར་ན། མངོན་སུམ་མེད་པ་གང་ཡིན་པ་དེ་ནི་དངོས་པོའམ་དངོས་པོ་མེད་པ་འཛིན་
པར་བྱེད་པ་མ་ཡིན་ལ། ངེས་པ་བསྐྱེད་པར་ནུས་པ་ཡང་མ་ཡིན་ནོ། །གང་ཞིག་འཛིན་པར་བྱེད་པའམ་ངེས་པ་བསྐྱེད་པའི་སྒོ་ནས་ངེས་པར་བྱ་བའི་དོན་ངེས་པའི་རྒྱུ་མ་ཡིན་པ་དེ་ལས་ཇི་ལྟར་ན་ངེས་པ་ཡིན་པར་རྗོད་པར་བྱེད། འདི་ཉིད་སྟོན་པར་བྱེད་པ་ནི་བྱེད་པ་པོར་འགྱུར་བའམ་འགའ་ཞིག་གིར་
རྒྱུར་གྱུར་པ་དེས་རྟོགས་པ་སྟེ་ཡོངས་སུ་ཤེས་པའོ། །འདི་སྙམ་དུ་མངོན་སུམ་ལྡོག་པ་འཛིན་པར་བྱེད་པ་ཉིད་དམ་སྐྱེད་པར་བྱེད་པ་ཉིད་ཀྱིས་ངེས་པའི་རྒྱུ་ནི་མ་ཡིན་གྱི་འོན་ཀྱང་མཐོང་བ་མེད་པར་ངེས་པ་ན་དངོས་པོ་མེད་པའི་ཐ་སྙད་དུ་བྱེད་པ་འབའ་ཞིག་ཏུ་ཟད་དོ། །གང་གི་ཕྱིར་དེ་འཇུག་པ་ན་
ཡོད་པའི་ཐ་སྙད་དང་། ལྡོག་པ་ན་མེད་པའི་ཐ་སྙད་དུ་བྱེད་པ་དེའི་ཕྱིར་ཐ་སྙད་ཐམས་ཅད་དེ་དང་འབྲེལ་པར་བརྗོད་པ་ཡིན་གྱི་ལྡོག་པ་མངོན་སུམ་དུ་བྱ་བ་འགའ་ཞིག་གི་ཐ་སྙད་བྱེད་པ་པོ་ཉིད་དམ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་མེད་པར་ངེས་པ་ནི་མངོན་སུམ་ལྡོག་པར་ངེས་པ་སྔོན་དུ་
เล่ม ๑๘๘ · หน้า 33b
འགྲོ་བ་ཅན་ཡིན་ནོ་ཞེས་དོགས་པ་ལ། བཤད་པ་འདི་ལྡོག་ན་ནི་སྟེ་མངོན་སུམ་ལོག་པའི་ཕྱིར་གང་ལས་མེད་དོ་ཞེས་བྱ་བར་ངེས་པར་འགྱུར། གལ་ཏེ་དེ་ལས་མངོན་སུམ་ལོག་ཏུ་ཟིན་ཀྱང་དེ་ལྟ་ན་ཡང་དངོས་པོ་ཡོད་པ་ཡང་སྲིད་པ་ཡིན་ནོ། །མངོན་སུམ་ལོག་པས་དངོས་པོ་མེད་པ་མཐོང་
བ་ནི་མ་ཡིན་ཏེ། དེ་ནི་མཐོང་བ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ངེས་པ་མེད་པའི་ཕྱིར་ཚད་མ་དང་མི་ལྡན་པར་མེད་པར་རྟོགས་པ་འབའ་ཞིག་ཏུ་ཟད་དོ། །མཐོང་བ་ནི་རང་གི་ཡུལ་ལ་ཚད་མ་མ་ཡིན་པའི་ཕྱིར་ངེས་པ་ཡིན་གྱི། མ་མཐོང་བ་ནི་ཚད་མ་མ་ཡིན་པ་དེའི་ཕྱིར་དངོས་པོ་
མེད་པར་ངེས་པ་མ་ཡིན་པ་ཉིད་དོ། །ཅི་སྟེ་ཡང་ངེས་པ་ཡོད་དོ་ཞེ་ན། ཡོད་ན་ནི་ངེས་པ་སྲིད་པ་དེ་ཉིད་འཁྲུལ་པ་མེད་པ་མེད་ན་མི་འབྱུང་བའི་མི་དམིགས་པ་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ། མཐོང་བ་ལོག་པས་དངོས་པོ་མེད་པ་མ་བཟུང་ཡང་། ངེས་པ་ཡིན་ན་ནི་འཁྲུལ་པ་མེད་པ་
ཉིད་དུ་གཏན་ལ་ཕབ་པས་མེད་པར་ངེས་པར་བྱེད་པ་ཡིན་ཏེ། དེས་ན་འཁྲུལ་པ་མེད་པའི་ཕྱིར་ཚད་མ་ཡིན་ལ། མངོན་སུམ་ཡང་མ་ཡིན་པས་རྗེས་སུ་དཔག་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་རྗེས་སུ་དཔག་པ་མེད་པར་མེད་པའི་ཐ་སྙད་དུ་འགྱུར་བའམ། མངོན་སུམ་ཉིད་དངོས་པོ་མེད་པ་ངེས་
པར་འབྱེད་པ་ཡང་ཇི་ལྟར་འགྱུར། དེ་ཉིད་བསྟན་པའི་ཕྱིར་བཤད་པ། དེ་ནི་དེས་ཞེས་བྱ་བ་ནི་མི་འཁྲུལ་པའི་ངེས་པ་མ་ཡིན་གྱི་མངོན་སུམ་གྱིས་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །མེད་པ་གྲུབ་པར་བྱེད་པ་ནི་རང་གི་ངོ་བོ་ངེས་པ་ཉིད་ཀྱིས་མེད་པའི་ཐ་སྙད་དུ་བྱེད་པའི་རྟགས་ཉིད་ཡིན་ནོ། །འདི་
སྐད་བརྗོད་པར་འགྱུར་བ་ཡིན་ཏེ། མངོན་སུམ་ལོག་པ་ནི་མེད་ན་མི་འབྱུང་བར་གཏན་ལ་ཕེབས་པ་ནས་དངོས་པོ་མེད་པའི་ཐ་སྙད་དུ་བྱེད་པ་ཡིན་གྱི། དེ་མངོན་སུམ་གྱི་རྣམ་པ་ཉིད་ཀྱིས་དངོས་པོ་མེད་པར་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་སྔོན་དུ་འགྲོ་བ་ཅན་དངོས་པོ་མེད་པའི་ཐ་སྙད་ནི་
རྟགས་ཅན་ཡིན་གྱི་མངོན་སུམ་གྱིས་བྱས་པ་ནི་མ་ཡིན་ནོ། །མངོན་སུམ་ལོག་པ་རང་གི་ངོ་བོས་ནི་ཅུང་ཟད་བྱེད་པ་མ་ཡིན་ལ་ལྡོག་པ་ཡང་མཐོང་བ་མེད་པའི་བདག་ཉིད་ཡིན་པས་མེད་ན་མི་འབྱུང་བ་ཡོད་ན་ནི་མེད་པར་ངེས་པའི་རྟགས་ཡིན་ལ། མེད་ན་ནི་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་
เล่ม ๑๘๘ · หน้า 34a
བདེན་ཏེ་རྗེས་སུ་དཔག་པ་འགའ་ཞིག་ཁས་བླང་བར་བྱ་བ་ཉིད་དོ། །འགའ་ཞིག་ལས་ཞུགས་པ་ནི་མི་སླུ་བས་རྗེས་སུ་དཔག་པ་འགའ་ཞིག་མི་སླུར་ཟིན་ཀྱང་སྟེ། མངོན་པར་འདོད་པའི་དོན་ཐོབ་པར་ནུས་སུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དེའི་རང་བཞིན་ཅན་ཏེ་ཚུལ་གསུམ་པའི་
རྟགས་ལས་སྐྱེས་པ་མི་སླུ་བ་ལས་འཁྲུལ་པ་མཐོང་བ་དེའི་ཕྱིར་ཐམས་ཅད་དུ་དེ་ཙམ་གྱི་མཚན་ཉིད་དང་ལྡན་པ་ལ་ཡིད་བརྟན་དུ་མེད་དེ། ཚད་མ་མ་ཡིན་པར་དོགས་སོ། །གང་གི་ཕྱིར་དེ་འདྲ་བ་ཉིད་འཁྲུལ་པ་ཡིན་པ་དེའི་ཕྱིར་དེ་ཚད་མ་ནི་མ་ཡིན་གྱི། འོན་ཀྱང་འགའ་ཞིག་གིས་ཞུགས་
པ་ན་ཐོབ་པའི་མི་སླུ་བ་གང་ཡིན་པ་དེ་ནི་བྱ་རོག་དང་ཏ་ལའི་ཚུལ་དུ་རྒྱུ་མཚན་འགའ་ཞིག་ལས་མི་སླུ་བ་ཡིན་གྱི་གཞན་ལ་ཡིད་བརྟན་དུ་མེད་པ་ཉིད་དོ་ཞེ་ན་མ་ཡིན་ཏེ་ཞེས་བྱ་བ་ནི་ཡིད་བརྟན་དུ་མེད་པའི་རྒྱུ་ཟློག་པར་བྱེད་པ་སྟེ། དེའི་མཚན་ཉིད་ལ་ནི་འཁྲུལ་པ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །གལ་ཏེ་དེའི་བུ་ཉིད་ལ་སོགས་པ་ལ་འཁྲུལ་པར་མཐོང་ལ་དེ་ལ་ཡང་ཚུལ་གསུམ་མཐོང་བ་ཉིད་མ་ཡིན་ནམ་དེ་ཇི་ལྟར་ན་འཁྲུལ་པ་མེད་པ་ཉིད་ཡིན་ཞེ་ན། གང་ཞིག་འཁྲུལ་པ་དེ་ལ་ནི་ཚུལ་གསུམ་ཉིད་ཡོད་པ་མ་ཡིན་ནོ། །མཐོང་བ་ནོར་བ་ནི་དེའི་རང་བཞིན་ཏེ་རྟགས་དེའི་
རང་བཞིན་མ་མཚོན་པ་ལས་ཡིན་ལ། ནོར་བ་ལས་ཀྱང་ཁྱོད་འཁྲུལ་པ་ཉིད་དུ་དོགས་པ་ཡིན་ནོ། །གང་གི་ཕྱིར་ཡང་དག་པའི་རྟགས་ཀྱི་མཚན་ཉིད་མཚོན་པ་དེའི་ཕྱིར་དེ་ཉིད་མེད་ཀྱང་ཡོད་པར་བརྟོགས་ནས་འཁྲུལ་པ་སྲིད་པར་དོགས་པ་ཡིན་ནོ། །དེའི་བུ་ཉིད་ལ་སོགས་པ་ལ་གང་ཞིག་མེད་ཀྱང་
འཁྲུལ་པར་དོགས་པའི་རྟགས་ཀྱི་མཚན་ཉིད་དེ་ཡང་གང་ཞེ་ན། རང་བཞིན་འབྲེལ་པ་ནི་རང་བཞིན་གྱིས་འབྲེལ་པ་ཉིད་དེ་འབྲེལ་པའི་རང་བཞིན་འབྲེལ་པའོ། །འདིས་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་བརྗོད་ལ་དེ་ཉིད་ནི་རྟགས་ཀྱི་མཚན་ཉིད་དེ་ཚུལ་ཡིན་ནོ། །མཚན་ཉིད་འདིས་མཚོན་
པའི་རྟགས་དེ་ལ་ནི་འཁྲུལ་པ་མེད་དོ། །གང་ཞིག་གང་དུ་དེའི་བདག་ཉིད་དང་དེ་ལས་བྱུང་བས་འབྲེལ་པ་དེ་ནི་དེ་ལ་འཁྲུལ་པ་ཡོད་པ་མ་ཡིན་ནོ། །མི་འཁྲུལ་པ་ཡང་གང་ལས་ཤེ་ན། བཤད་པ། དེ་ཞེས་བྱ་བ་ནི་ཡུལ་གང་ལ་རྟགས་འབྲེལ་པ་དེ་ནི་ཤུགས་ཀྱིས་ཉེ་བར་གཞག་པའི་
เล่ม ๑๘๘ · หน้า 34b
རྟགས་ཅན་ནི་ཞེས་བྱ་བས་སྨོས་སོ། །དེ་མེད་ན་རྟགས་ཀྱི་རང་གི་ངོ་བོ་མེད་པར་འགྱུར་བའི་ཕྱིར་རོ། །དེའི་བདག་ཉིད་དང་དེས་བསྐྱེད་པ་དེ་ཇི་ལྟར་ན་དེ་མེད་པར་ཡོད་པར་འགྱུར། དེའི་ཕྱིར་འཁྲུལ་པ་གང་ཡིན་པ་དེ་ནི་ཚུལ་གསུམ་ལས་སྐྱེས་པ་མ་ཡིན་ལ། དེས་བསྐྱེད་པ་ནི་འཁྲུལ་པ་
མེད་པ་ཉིད་པས་རྟགས་ཀྱི་མཚན་ཉིད་རྟོགས་པར་བྱ་བ་ལ་འབད་པར་བྱ་བ་ཡིན་པའི་ཕྱིར་ཡིད་བརྟན་དུ་མེད་པ་མ་ཡིན་ནོ། །དེའི་ཕྱིར་སྔར་བསྟན་པའི་ཚུལ་གྱིས་ཁྱོད་ཀྱིས་རྗེས་སུ་དཔག་པ་ཁས་བླང་བར་བྱ་བ་ཡིན་གྱི་ཡིད་བརྟན་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གཞན་
ཡང་མངོན་སུམ་ཚད་མར་ཁས་ལེན་པས་རྗེས་སུ་དཔག་པ་གདོན་མི་ཟ་བར་ཚད་མར་ཁས་བླང་བར་བྱས་ཏེ། རྗེས་སུ་དཔག་པ་མངོན་སུམ་ལས་ཚད་མའི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གང་གི་ཕྱིར་མངོན་སུམ་ནི་དོན་ཏེ་ཚད་མའི་འཇུག་པའི་ཡུལ་མེད་ན་མི་སྲིད་ན་མི་འབྱུང་བ་
ལས་ཏེ་འདིས་ནི་ལྡོག་པ་བསྟན་ཏོ། །དེ་ཡོད་ན་ཡོད་པ་ཉིད་ཀྱང་ཤུགས་ཀྱིས་བརྗོད་དེ། མངོན་སུམ་ཡོད་པ་ནི་དེ་མེད་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཤུགས་ཀྱིས་དེ་ཡོད་པ་ཉིད་ན་ཡོད་པ་ཉིད་ཡིན་ནོ་ཞེས་དེ་ཡོད་ན་ཡོད་པ་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་མངོན་སུམ་ཡང་དེའི་
འབྲས་བུ་ཉིད་ཡིན་པའི་ཕྱིར་འཇུག་པའི་ཡུལ་ཐོབ་པར་ནུས་པར་གནས་པ་ན་ཚད་མ་ཞེས་བརྗོད་པ་ཡིན་ལ། དེའི་འབྲས་བུ་ཉིད་ནི་རྗེས་སུ་དཔག་པ་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །ཁྱད་པར་མེད་པ་དེ་ཉིད་སྟོན་པར་བྱེད་དོ། །བསྒྲུབ་པར་བྱ་བའི་དོན་དང་འབྲེལ་པའི་རང་བཞིན་གྱི་རྟགས་
གང་ཡིན་པ་དེ་རྗེས་སུ་དཔག་པ་དེའི་རྒྱུ་ཉིད་ཡིན་པར་གྱུར་པ་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་མཚུངས་སོ། །འདི་ལྟར་མངོན་སུམ་དོན་ལས་སྐྱེ་བ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་འབྲེལ་པའི་རང་བཞིན་གྱི་རྟགས་ཤེས་པ་ལས་ཡིན་ཞིང་ཤེས་པ་དེ་ཡང་རྟགས་ལས་ཏེ། རྟགས་
ཀྱང་ཁ་ཅིག་ནི་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་ལ། ཁ་ཅིག་ནི་བསྒྲུབ་པར་བྱ་བའི་འབྲས་བུ་ཡིན་པའི་ཕྱིར་གཉི་ག་ཡང་དེའི་འབྲས་བུར་ཁྱད་པར་མེད་པས། ཁྱད་པར་མེད་པ་དེ་ཐོབ་པར་ནུས་པར་བྱས་པ་ཡིན་ནོ། །ཚིགས་སུ་བཅད་པ་འདི་ཉིད་ཀྱི་དོན་འབྲེལ་པ་ནི་མངོན་སུམ་ཡང་དོན་ལ་མི་
เล่ม ๑๘๘ · หน้า 35a
སླུ་བ་སྟེ་ཐོབ་པར་ནུས་པ་ཉིད་ལས་ཚད་མ་ཡིན་ནོ། །ཡང་གི་སྒྲས་ནི་ཁོ་བོ་ཅག་འབའ་ཞིག་རྗེས་སུ་དཔག་པ་དོན་མེད་ན་མི་འབྱུང་བ་ལས་ཚད་མར་འདོད་པར་མ་ཟད་ཀྱི་ཁྱོད་ཀྱིས་ཀྱང་འདི་ཉིད་ཀྱི་མངོན་སུམ་ཚད་མ་ཡིན་པར་འདོད་པ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །
མི་སླུ་བ་དེ་ནི་དོན་དེ་ལས་བདག་ཉིད་རང་གི་ངོ་བོ་ཐོབ་པའི་ཕྱིར་ཏེ། གང་གི་ཕྱིར་མངོན་སུམ་གང་ཡིན་པ་དེ་དོན་དེས་བསྐྱེད་པ་ཡིན་པ་དེ་ཐོབ་པར་བྱེད་པ་ཡིན་ནོ། །ཡང་ཇི་ལྟར་གཞན་ལས་སྐྱེས་པས་ཀྱང་དེ་ཐོབ་པར་མི་ནུས་ཤེ་ན། བཤད་པ། གཞན་ལས་བྱུང་བ་སྟེ་སྐྱེས་པའི་ཡོད་པ་སྟེ།
ལྡོག་པ་ནི་དེ་ལ་མི་སླུ་བ་མི་རིགས་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱང་རྒྱུར་གྱུར་པ་མ་ཡིན་པ་ལྟོས་པ་མེད་པ་གང་ཡིན་པ་ལ། གཞན་ལས་སྐྱེས་པ་གང་ཡིན་པ་དེ་འཁྲུལ་པ་མེད་པར་ཇི་ལྟར་གྱུར་ཏེ། དཔེར་ན་རབ་རིབ་ཅན་གྱི་ཤེས་པ་ངེས་པར་བྱས་པའི་དོན་ལ་འཁྲུལ་པ་བཞིན་ནོ། །
འདིས་ནི་ལྡོག་པ་མེད་པ་ལ་མི་སླུ་བ་མེད་པར་བཤད་པ་ཡིན་ནོ། །མ་བྱུང་བ་ནི་དེ་ལས་ཤེས་པར་བྱ་བ་ལས་ལྟོས་པར་བྱ་བ་ཡིན་ནོ། །གང་ཞིག་གང་ལས་མ་བྱུང་བ་དེ་ནི་དེ་དང་འབྲེལ་པ་མེད་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་འཁྲུལ་པ་མ་ཡིན་ནོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པ་ལ་མི་སླུ་བ་མེད་པར་
བཤད་པ་ཡིན་ནོ། །རྣམ་པ་འདིས་ནི་འབྲེལ་པས་མི་འཁྲུལ་པ་ཡིན་ལ། མི་འཁྲུལ་པས་ན་དེ་ཐོབ་པར་ནུས་ཞེས་བསྒྲུབ་པ་ཡིན་ནོ། །ངེས་པར་ཞེས་བྱ་བ་འདི་ནི་མི་རིགས་པའི་ཁྱད་པར་ཏེ་མི་སླུ་བ་མི་རིགས་པར་ངེས་པའོ། །འབྲེལ་པ་མེད་པའི་ཤེས་པ་ལས་ནི་བྱ་རོག་དང་ཏ་ལ་ཙམ་ཡང་
ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །འདི་མི་སླུ་བའི་རྒྱུ་མཚན་ཉིད་ཡིན་པ་སྤང་བའི་ཕྱིར་སྨྲས་པ། མངོན་སུམ་ནི་དོན་མེད་ན་མི་འབྱུང་བའི་ཕྱིར། དོན་གྱི་འབྲས་བུ་ཉིད་ཡིན་པས་དོན་ལ་མི་སླུ་བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་མི་སླུ་བ་གང་ལས་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བ་
སྨྲས་ཏེ། འོན་ཀྱང་དོན་མཐོང་བ་ལས་ཡིན་ནོ། །གང་གི་ཕྱིར་དོན་གྱི་རང་བཞིན་མངོན་སུམ་དུ་མཐོང་བ་དེའི་ཕྱིར་དོན་ཐོབ་པར་བྱེད་པ་ཡིན་ནོ། རྗེས་སུ་དཔག་པས་ནི་དོན་ཅུང་ཟད་ཀྱང་མ་མཐོང་སྟེ། དེས་ན་ཇི་ལྟར་ཐོབ་པར་བྱེད་པ་ཡིན། ཐོབ་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཚད་
เล่ม ๑๘๘ · หน้า 35b
མ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གཞན་གྱིས་དོན་གྱི་རང་བཞིན་མཐོང་བ་དང་མ་མཐོང་བ་དག་ལས་ཚད་མ་དང་ཚད་མ་མ་ཡིན་པ་རྣམ་པར་གཞག་པ་ན། སློབ་དཔོན་གྱིས་དོན་མཐོང་བ་དེ་ཡང་ཞེས་བྱ་བ་ལ་སོགས་པས་མཐོང་བ་ཉིད་རྟོག་པར་མཛད་དོ། །མཐོང་བའི་སྒྲས་མཐོང་བར་བྱ་བ་
སྟེ་མཐོང་བའི་དོན་ནམ་མཐོང་བར་བྱེད་པ་སྟེ་མཐོང་བ་པོ་ཉིད་ཡོད་པ་གཏན་ཚིགས་སུ་ལེན་གྲང་། དེས་ན་གཏན་ཚིགས་ཀྱི་དོན་ནི་མཐོང་བའི་དོན་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཡིན་ཏེ། དེའི་ངོ་བོར་གྱུར་པ་མཐོང་བ་ཞེས་བྱ་བའི་ཆོས་གང་ཡིན་པ་དེའི་ཡོད་པ་ནི་དངོས་སུ་ན་དེ་ཉིད་ཀྱི་ཡོད་པ་ཡིན་ལ་
དེ་ཡང་གཏན་ཚིགས་སུ་ཉེ་བར་བླངས་པ་ཡིན་ནོ། །དེ་བཞིན་དུ་ལྟ་བའི་ཤེས་པ་ཡང་ལྟ་བ་པོ་ཉིད་དུ་ཡོད་པ་གཏན་ཚིགས་ཡིན་ནོ། །འདི་འདྲ་བའི་དོན་ཅན་གྱི་ངག་སྦྱར་བ་གཞན་དག་ཏུ་ཡང་རྣམ་པར་རྟོག་པ་འདི་ཉིད་བལྟ་བར་བྱའོ། །དཔེར་ན་གང་གི་ཕྱིར་མངོན་སུམ་དོན་མཐོང་བ་དང་འཛིན་པ་
དང་ཤེས་པ་དེའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་མཐོང་བ་ལ་སོགས་པ་ཡང་བྱ་བ་དང་བྱེད་པ་དོན་དང་ཤེས་པ་དག་གི་ཆོས་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་ཡོད་དུ་ཟིན་ཀྱང་རྗེས་སུ་དཔག་པ་ཚད་མར་ཐལ་བས་འཇིགས་ནས། ཕ་རོལ་གྱི་མངོན་སུམ་པ་ཚད་མའི་
རྒྱུ་མཚན་དུ་བསྟན་པར་བྱ་བ་མ་ཡིན་ནོ། །ལྷག་མར་གྱུར་པ་གཉི་ག་འབྲེལ་པའི་བྱ་བ་གང་ཡིན་པ་བླང་བར་བྱ་བ་ཡིན་ལ་དེ་ནི་སྔར་བརྗོད་པ་ཉིད་ཀྱི་རྣམ་པར་རྟོག་པ་ལས་མ་འདས་སོ། །ཕྱིན་ཅི་མ་ལོག་པ་ཡང་གཟུང་བར་བྱ་བ་དངོས་པོ་ཡིན་པའམ། འཛིན་པར་བྱེད་པ་ཤེས་པ་ཡིན་ཞེས་གཉི་
གའི་ཆོས་ལས་འདས་པ་མ་ཡིན་ནོ། །དོན་ཡིན་ནོ་ཞེ་ན། དེའི་ཚེ་ངག་གི་དོན་འདི་ཡིན་ཏེ། གང་གི་ཕྱིར་མཐོང་བའི་དོན་ཡོད་པ་ཡིན་པ་དེའི་ཕྱིར་དེ་མངོན་སུམ་གྱིས་ཐོབ་པར་བྱེད་དོ་ཞེས་བྱ་བ་ཡིན་ལ། དོན་འདི་བསྟན་པ་ན་ཡང་རྣམ་པར་བརྟག་པར་བྱ་བ་ལྐོག་ཏུ་གྱུར་པའི་དོན་ནི་ཡོད་པ་མ་ཡིན་
ཏེ། དེས་ན་དེ་རྗེས་སུ་དཔག་པས་ཐོབ་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་ཞིང་དེ་ལས་ཀྱང་དོན་གང་ཞིག་མངོན་སུམ་དུ་གྱུར་པ་དེ་ཁོ་ན་ཡོད་པ་ཡིན་པའི་ཕྱིར་དོན་ཐམས་ཅད་མངོན་སུམ་དུ་འགྱུར་ལ། དེའི་ཕྱིར་ཐམས་ཅད་ཐམས་ཅད་ཀྱིས་མཐོང་བར་འགྱུར་རོ། །འདི་ལྟར་ནི་ཕ་རོལ་གྱིས་འདོད་
เล่ม ๑๘๘ · หน้า 36a
པའམ་རིགས་པ་མ་ཡིན་ཏེ། གཞན་གྱིས་ལྐོག་ཏུ་གྱུར་པའི་དོན་ཁས་བླང་བའི་ཕྱིར་དང་། རིགས་པ་འཐད་པ་ཉིད་ཀྱི་ཕྱིར་རོ། །མཐོང་བ་ཉིད་ནི་དོན་ཐམས་ཅད་ཀྱི་བྱེད་པ་པོ་ཉིད་དུ་རིགས་པ་མ་ཡིན་ཏེ། མཐོང་བ་མེད་ཀྱང་རང་གི་རྒྱུ་དང་འབྲེལ་པ་ཡོད་པ་ཉིད་ཀྱི་ཕྱིར།
གང་ལས་ལྐོག་ཏུ་གྱུར་པ་སེལ་བར་བྱེད། ཤེས་པ་ཡིན་ནོ་ཞེ་ན། གལ་ཏེ་མཐོང་བར་བྱེད་པའི་ཤེས་པ་ཡོད་པ་ཉིད་ལ་མཐོང་བའི་སྒྲར་བརྗོད་ན་དེ་ལྟ་ན་ཡང་གང་གི་ཕྱིར་མཐོང་བ་ཤེས་པ་ཡོད་པ་དེའི་ཕྱིར་མཐོང་བར་བྱ་བ་ཞེས་བྱ་བའི་དོན་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གཞན་
ཡོད་པ་ན་འབྲེལ་པ་མེད་པ་གཞན་ཡོད་པ་སྟེ། འབྱུང་བར་ངེས་པ་མ་ཡིན་ཏེ། གང་གིས་ཐོབ་པར་འགྱུར་བ་གཞན་ཡོད་པ་ན་འབྲེལ་པ་མེད་པ་གཞན་གདོན་མི་ཟ་བར་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་གཞན་གང་ཡང་རུང་བ་འགའ་ཞིག་ཡོད་པ་ན་གཞན་ངེས་པར་ཡོད་པ་ནི་མ་ཡིན་ཏེ། འོན་
ཀྱང་ཤེས་པའི་བདག་ཉིད་ཡོད་པ་ན་འབྲེལ་པ་མེད་ཀྱང་མཐོང་བའི་ཤེས་བྱ་ཡོད་པར་རྣམ་པར་འཇོག་སྟེ། དེས་ན་ཤེས་པས་དོན་བཟུང་བ་ལས་ཡོད་པར་རྣམ་པར་འཇོག་གོ་ཞེ་ན། དགོས་པ་དེ་ཉིད་བསྟན་པའི་དོན་དུ་བཤད་པ། མཐོང་བའི་ཕྱིར་ཏེ་གང་གི་ཕྱིར་མཐོང་བ་དེའི་ཕྱིར་ཡོད་པ་དེ་
དངོས་པོར་གྲུབ་པར་ཁས་ལེན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་མཐོང་བ་ཉིད་སྔར་བརྒལ་ཞིང་བརྟགས་པའི་ཕྱིར་རོ་ཞེས་མ་ཡིན་ནམ་ཞེས་བྱ་བའི་འདྲི་བས་སྟོན་པར་བྱེད་དོ། །སྔར་བརྒལ་ཞིང་བརྟགས་པའི་མཐོང་བ་གང་ཡིན་པ་དེ་ཉིད་ནི་འདིར་ལན་དུ་བཏབ་པ་ཡིན་ནོ། །བརྒལ་ཞིང་
བརྟག་པ་དེ་ཉིད་ཀྱིས་རང་གི་ངོ་བོ་སྟོན་པར་བྱེད་པ་ནི་མཐོང་བ་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་ཡིན་ནོ། །ཇི་སྐད་བརྗོད་པ་བཞིན་ཏེ་མཐོང་བ་ལ་སོགས་པ་རྒྱུ་དང་འབྲས་བུའི་ངོ་བོ་ལས་ཐ་དད་པའི་ཆོས་སུ་ཁས་བླངས་པ་ན་འཛིན་པ་ལ་སོགས་པའི་རྣམ་པར་ཤེས་པའི་རང་བཞིན་ནམ་ཤེས་བྱའི་རང་
བཞིན་དུ་འགྱུར་གྲང་ན། དེ་ལ་ཡང་སྐྱོན་བརྗོད་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། གང་གི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པ་སྤངས་ན་དོན་གཞན་དུ་གྱུར་པའི་ཤེས་པས་དོན་གཞན་དུ་གྱུར་པའི་དངོས་པོ་ངེས་པ་མ་ཡིན་པའི་ཕྱིར་ཇི་ལྟར་འཐོབ་པར་འགྱུར་ཏེ། དེའི་ཕྱིར་དོན་
เล่ม ๑๘๘ · หน้า 36b
གཞན་དུ་གྱུར་པའི་ཤེས་པ་ཡོད་པ་ལས་དོན་གཞན་དུ་གྱུར་པའི་ཡུལ་ཞེས་བྱ་བ་ཡོད་པར་ངེས་པ་དང་ལྡན་པར་འདོད་པས་གཞག་པར་བྱ་བ་དང་འཇོག་པར་བྱེད་པ་དག་འབྲེལ་པར་ཁས་བླང་བར་བྱའོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོའི་རང་གི་ངོ་བོ་འཛིན་པ་དེ་ཉིད་ཀྱང་དེ་ལས་སྐྱེས་པ་
ཉིད་ཀྱིས་རྣམ་པར་གཞག་པར་བྱ་བ་ཡིན་ཏེ། སྐྱེས་པ་སྤངས་ནས་ནི་གཟུང་བ་ཐ་དད་པ་ལ་ངེས་པར་འཛིན་པ་ཞེས་པ་འདི་ཉིད་རྣམ་པར་གནས་པ་མ་ཡིན་ནོ། །དེའི་ཕྱིར་དེའི་རང་བཞིན་འཛིན་པ་ཉིད་ཀྱང་དེའི་འབྲས་བུ་ཡིན་པ་དེའི་ཕྱིར་ཇི་ལྟར་དེ་སྤོང་བར་བྱེད། དེའི་ཕྱིར་མངོན་སུམ་གྱིས་ངེས་
པར་བྱས་པའི་དོན་ཐོབ་པར་ནུས་པའི་རྒྱུ་མཚན་ནི་དེའི་འབྲས་བུ་ཉིད་ཡིན་ནོ། །གང་ཡང་མངོན་སུམ་འབྲེལ་པ་ཞེས་བྱ་བ་དེའི་འབྲས་བུ་ཉིད་ཀྱི་རྒྱུ་མཚན་གྱིས་ཚད་མ་ཡིན་པ་དེ་ནི་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ་ཞེས་འབྲེལ་ཏོ། །གང་གི་ཕྱིར་རྗེས་སུ་དཔག་པ་ལ་ཡང་དེའི་འབྲས་བུ་ཉིད་
ཡོད་པ་ཉིད་དོ། །འབྲས་བུ་དང་རང་བཞིན་གྱི་རྟགས་དག་ལས་ཞེས་བྱ་བ་འདི་ནི་རྒྱུ་མཚན་གྱི་བདུན་པ་སྟེ། འབྲས་བུའི་རྟགས་དང་རང་བཞིན་གྱི་རྟགས་ཀྱི་རྒྱུ་མཚན་ལས་རྗེས་སུ་དཔོག་པ་གང་ཡིན་པ་དེ་ལ་ཡང་འབྲེལ་པ་དེ་མཚུངས་པ་ཡིན་ནོ། །འདིས་ནི་འདི་སྐད་དུ་གང་གི་ཕྱིར་འབྲས་བུ་དང་
རང་བཞིན་གྱི་རྟགས་རྗེས་སུ་དཔག་པའི་རྒྱུ་ཡིན་པ་དེའི་ཕྱིར་མངོན་སུམ་བཞིན་དུ་དོན་གྱི་འབྲས་བུ་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱི་རྟགས་དོན་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །འདིས་ནི་འབྲེལ་པའི་ངོ་བོ་ཉིད་དེ་རྒྱུ་ཡིན་ཕྱིར་ཞེས་བྱ་བ་དེ་རྣམ་པར་འགྲེལ་པ་ཡིན་ནོ། །
རྟགས་སྨོས་པ་ནི་འདི་སྐད་སྟོན་ཏེ་རྟགས་ཉིད་དུ་ངེས་པའི་འབྲས་བུ་དང་རང་བཞིན་རྗེས་སུ་དཔག་པའི་རྒྱུ་ཡིན་ནོ། །རྟགས་ཉིད་ངེས་པ་ཡང་འབྲས་བུ་ཡི་ནི་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་ཡིན་ཞིང་། རང་བཞིན་གྱི་ནི་བསྒྲུབ་པར་བྱ་བའི་རང་བཞིན་གྱིས་ཁྱབ་པར་ངེས་པ་ཡིན་ནོ། །དེས་ན་
ཕྱོགས་ཀྱི་ཆོས་རང་གིས་བསྒྲུབ་པར་བྱ་བས་ཁྱབ་པར་སྒྲུབ་པར་བྱེད་པའི་ཚད་མས་ཤེས་པའི་རྟགས་ཉིད་དུ་ངེས་པ་དེ་ལས་རྗེས་སུ་དཔག་པའི་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཤེས་པར་བྱེད་པའི་ཚད་མ་དེ་ཡང་བསྒྲུབ་པར་བྱ་བའི་དོན་མེད་ན་མི་འབྱུང་བ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་
เล่ม ๑๘๘ · หน้า 37a
པ་ནི་རྟགས་ཀྱི་ཤེས་པས་བར་ཆོད་པའི་བསྒྲུབ་པར་བྱ་བའི་དོན་ཉིད་ལས་འབྱུང་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཕྱིར་ཕ་རོལ་པོས་དེའི་འབྲས་བུ་ཉིད་ཀྱི་རྒྱུ་མཚན་གྱིས་མངོན་སུམ་ཚད་མར་ཁས་བླང་བར་བྱ་བ་ཡིན་ལ་དེའི་འབྲས་བུ་ནི་རྗེས་སུ་དཔག་པ་ལ་ཡང་
ཁྱད་པར་མེད་དེ། དེས་ན་དེ་ཡང་ཚད་མར་ཁས་བླང་བར་བྱའོ། །གང་ཞིག་གང་ལས་གང་གི་ནུས་པའི་རྒྱུ་ཁྱད་པར་མེད་པ་དེ་ནི་དེ་ལས་དེའི་ནུས་པ་ཁྱད་པར་མེད་པ་ཅན་ཡིན་ཏེ། དཔེར་ན་ཐ་མར་གྱུར་པ་མྱུ་གུ་བསྐྱེད་པར་ནུས་པ་ཚོགས་པ་གཅིག་གིས་ས་བོན་ལས་རྒྱུ་ཁྱད་པར་མེད་པ་ཅན་ཐ་མར་
གྱུར་ཅིང་ཐ་མའི་གནས་སྐབས་ཐོབ་པ་མྱུ་གུ་བསྐྱེད་པའི་ནུས་པ་དང་ལྡན་པ་ཚོགས་པ་གཉིས་པའི་ས་བོན་བཞིན་ནོ། །གང་གི་ཕྱིར་རྒྱུ་ཁྱད་པར་མེད་པ་ཉིད་ནི་རྒྱུ་ཚོགས་པ་བརྗོད་ལ། དེ་ལ་ནི་ལྟོས་པ་མེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །གལ་ཏེ་དེ་ཡོད་ཀྱང་ནུས་པ་དང་ལྡན་པ་མ་ཡིན་ན་
ནི་ལྟོས་པ་མེད་པ་རྒྱུ་ཚོགས་པ་ཉིད་དང་འགལ་བ་གཞན་ལ་ལྟོས་པ་དང་བཅས་པར་ཐལ་བར་འགྱུར་ཏེ། དེས་ན་ཁྱབ་པར་བྱེད་པ་ནི་དམིགས་པས་རྒྱུ་ཁྱད་པར་མེད་པ་ཉིད་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་ནུས་པ་ཁྱད་པར་མེད་པ་དང་ལྡན་པས་ཁྱབ་པ་ཡིན་ལ། རྗེས་སུ་དཔག་པ་ལ་ཡང་
དོན་གྱིས་འབྲས་བུ་ཞེས་བྱ་བ་མངོན་སུམ་ལས་དོན་ཐོབ་པར་ནུས་པའི་རྒྱུ་ཁྱད་པར་མེད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་རང་བཞིན་ནོ། །མ་གྲུབ་པ་ཉིད་ཀྱང་སྤངས་མ་ཐག་པ་ཡིན་ནོ། །དེའི་ཕྱིར་མངོན་སུམ་བཞིན་དུ་ལས་སུ་གྱུར་པའི་རྗེས་སུ་དཔག་པ་ཡང་བྱེད་པ་པོར་གྱུར་པའི་ཚད་མའི་མཚན་
ཉིད་ཀྱིས་ཁྱབ་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡང་ཚད་མ་ཉིད་ཡིན་ལ། དེ་དག་ལས་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །དེ་ནི་ཇི་སྐད་བསྟན་པའི་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་མངོན་སུམ་གྱི་མཚན་ཉིད་བསྟན་པའི་དོན་དུ་བཤད་པ། དེ་ལ་ཞེས་བྱ་བ་ནི་མངོན་སུམ་
དང་རྗེས་སུ་དཔག་པ་ཞེས་བྱ་བ་དེ་དག་གི་ཚོགས་ལས་མཚན་ཉིད་བསྟན་པའི་ཕྱིར་མངོན་སུམ་གྱི་རིགས་དམིགས་ཀྱིས་དགར་བའོ། །མཚན་ཉིད་བསྟན་པའི་ཕྱིར་སྨྲས་པ། མངོན་སུམ་ཞེས་བྱ་བ་ནི་མཚན་གཞི་རྗེས་སུ་བརྗོད་པ་སྟེ་མངོན་སུམ་གྱིས་བརྗོད་པར་བྱ་བ་མངོན་སུམ་དུ་བྱེད་པའི་
เล่ม ๑๘๘ · หน้า 37b
ཤེས་པ་རབ་ཏུ་གྲགས་པ་དེ་ནི་རྟོགས་པ་དང་བྲལ་ཞིང་མ་འཁྲུལ་པའོ་ཞེས་དེ་ལྟར་མངོན་སུམ་རྗེས་སུ་བརྗོད་ནས་རྟོག་པ་དང་བྲལ་བ་ཉིད་ལ་སོགས་པའི་མཚན་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་དུ་བྱེད་པའི་ཤེས་པ་རབ་ཏུ་གྲུབ་པ་ལོག་པར་རྟོགས་པས་མ་ཤེས་པའི་
རྟོག་པ་དང་བྲལ་བ་ལ་སོགས་པ་ཤེས་པར་བྱེད་པ་ཡིན་ཏེ། དེས་ན་ཤེས་པར་འགྱུར་བའི་མངོན་དུ་བྱེད་པ་ཉིད་ནི་མངོན་སུམ་གྱི་སྒྲས་རྗེས་སུ་བརྗོད་པ་ཡིན་ལ། མི་ཤེས་པའི་མཚན་ཉིད་ནི་ཤེས་པར་བསྒྲུབ་པ་ཡིན་ནོ། །མཚན་གཞི་དང་མཚན་ཉིད་གྲུབ་པ་ལ་ནི་མཚན་ཉིད་རྗེས་སུ་བརྗོད་
ནས་མཚན་གཞི་ཉིད་ཤེས་པར་བྱེད་ལ། མཚན་གཞི་དང་མཚན་ཉིད་ཀྱི་དངོས་པོ་མ་གྲུབ་པའི་ངག་ལ་ནི་མཚན་ཉིད་སྒྲུབ་པར་བྱེད་དོ། །དཔེར་ན་ཀུན་དུ་རྒྱུའི་རྟགས་ནི་གཙུག་ཕུད་ཡིན་ནོ་ཞེས་བྱ་བའི་ངག་ལ་ཀུན་དུ་རྒྱུ་རྗེས་སུ་བརྗོད་པ་དང་གཙུག་ཕུད་བསྒྲུབ་པ་དེ་བཞིན་དུ་འདིར་ཡང་
མངོན་སུམ་དུ་བྱེད་པའི་ཤེས་པ་ཤེས་པར་གྱུར་པའི་མཚན་ཉིད་མ་ཤེས་པ་བསྒྲུབ་པ་ཡིན་ནོ། །མཚན་གཞི་དང་མཚན་ཉིད་ཤེས་པ་ལས་ནི་མངོན་སུམ་ནི་རྟོག་པ་མེད་པ་ཡིན་ལ། འདི་ནི་རྟོག་པ་མེད་པ་མ་ཡིན་ནོ་ཞེས་དེ་དང་དེར་བརྗོད་པ་ཡིན་ནོ། །མིང་དང་མིང་ཅན་གྱི་འབྲེལ་པ་ཡང་
སྐབས་སུ་བབ་པ་མ་ཡིན་པ་ཉིད་དེ། གྲངས་ལ་སོགས་པ་བརྗོད་པའི་སྐབས་ཡིན་པའི་ཕྱིར་རོ། །དགོས་པ་ཅུང་ཟད་ཡོད་པ་ཡང་མ་ཡིན་ཏེ། མཚན་ཉིད་ནི་ལོག་པར་རྟོགས་པ་བསལ་བའི་དོན་ཡིན་ནོ། །རང་གི་འདོད་པས་མིང་བཏགས་ན་ཡང་མངོན་སུམ་གྱི་སྒྲས་བརྗོད་པའི་དོན་ལ་
གཞན་གྱིས་ལོག་པར་རྟོགས་པ་མ་བསལ་བར་འགྱུར་རོ། །ཅི་སྟེ་དངོས་པོ་དེ་ལ་རྣམ་པ་འདིས་ཕ་རོལ་པོས་མིང་ཉིད་གཞན་དུ་བྱ་བ་ཡིན་པ་དེ་ལྟ་ན་ཡང་འདི་དག་ཉིད་ནི་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བའི་དོན་མ་ཡིན་ཏེ། གང་གི་ཕྱིར་མངོན་དུ་བྱེད་པའི་ཤེས་པ་ནི་མངོན་སུམ་གྱི་སྒྲའི་
བརྗོད་པར་བྱ་བ་ཡིན་ལ། རྟོག་པ་དང་བྲལ་བ་དང་མ་འཁྲུལ་པ་ཉིད་ནི་དེའི་ཁྱད་པར་ཡིན་ཏེ། དཔེར་ན་སྒྲ་རྣ་བས་གཟུང་བར་བྱ་བའི་བདག་ཉིད་རབ་ཏུ་གྲུབ་པ་སྒྲའི་སྒྲས་བརྗོད་པར་བྱ་བ་དེ་ལ་སྔར་མ་གྲུབ་པའི་མི་རྟག་པ་ཉིད་བསྒྲུབ་པ་ཡིན་གྱི་མིང་དང་མིང་ཅན་གྱི་འབྲེལ་པ་སྔར་མ་གྲུབ་
เล่ม ๑๘๘ · หน้า 38a
པ་བྱེད་པ་མ་ཡིན་པ་དེ་བཞིན་དུ། མངོན་སུམ་གྱི་ཤེས་པ་ཉིད་དང་། གསལ་བར་སྣང་བ་ཉིད་དང་། མངོན་དུ་བྱེད་པ་ཉིད་དང་། དབང་པོ་ལ་བརྟེན་པ་ཉིད་དུ་རབ་ཏུ་གྲགས་པར་གྱུར་པ་མངོན་སུམ་དུ་བརྗོད་པར་བྱ་བ་དེ་རྗེས་སུ་བརྗོད་ནས་ཁྱད་པར་རྟོག་པ་དང་བྲལ་ཞིང་
མ་འཁྲུལ་པ་ཉིད་ཅེས་བྱ་བ་སྒྲུབ་པ་ཡིན་གྱི་སྔ་ན་མེད་པའི་མིང་དང་མིང་ཅན་གྱི་འབྲེལ་པ་བྱ་བ་ནི་མ་ཡིན་ནོ། །གང་ཡང་ཕྱོགས་གཞན་དུ་རབ་ཏུ་གྲུབ་པ་འདི་དག་རྗེས་སུ་བརྗོད་པར་བརྟགས་ནས། མངོན་སུམ་སྒྲུབ་པ་རྟོགས་པ་དེ་དག་གིས་ཀྱང་མཚན་གཞི་དང་མཚན་ཉིད་བསྒྲུབ་པའི་ངག་ཕྱིན་ཅི་ལོག་ཏུ་
བསྟན་པར་འགྱུར་བ་ཡིན་ཏེ། སྒྲ་དང་མཚན་ཉིད་སྒྲུབ་པར་བྱེད་པའི་ངག་ནི་འཇིག་རྟེན་ན་དེ་ལྟར་མ་མཐོང་ངོ་ཞེས་བསྟན་ཟིན་ཏོ། །དེ་ལྟར་བརྟག་པར་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་དུ་ཁྱད་པར་དེ་དག་མངོན་སུམ་ཉིད་ཀྱི་གཞི་ལ་རབ་ཏུ་གྲུབ་པའམ། གཞི་མེད་པར་གྲུབ་པ་ཅིག་རྗེས་
སུ་བརྗོད་གྲང་། དེ་ལ་རེ་ཞིག་གཞི་མེད་པར་ནི་གྲུབ་པ་མི་སྲིད་དོ། །མངོན་སུམ་ཉིད་ཀྱི་གཞི་ལ་གྲུབ་ན་ནི་ངག་འདིས་འདིར་སྔ་ན་མེད་པ་ཅི་ཞིག་བསྒྲུབ་པར་འདོད། ཁོ་བོ་ཅག་གིས་ནི་ངག་འདི་ཉིད་ཀྱིས་བརྗོད་པའི་ཁྱད་པར་རྒྱུན་ཕྱི་མས་འཐད་པར་བརྗོད་པ་ཡིན་ནོ། །དེའི་ཕྱིར་བསྒྲུབ་པ་དང་རྗེས་སུ་
བརྗོད་པའི་ཚུལ་འདི་ཉིད་རིགས་པ་ཡིན་ནོ། །འདིར་ཡང་མཚན་ཉིད་གཞན་རྣམ་པར་བཅད་པ་ནི་མ་ཡིན་གྱི་འོན་ཀྱང་ལོག་པར་རྟོགས་པ་བསལ་བའི་དོན་ཡིན་ནོ། །དེས་ན་རྟོག་པ་དང་བྲལ་བ་སྨོས་པ་ཉིད་ཀྱིས་རྗེས་སུ་དཔག་པ་ཐ་དད་པར་བྱས་མོད་ཀྱི། མ་འཁྲུལ་པ་སྨོས་པ་ནི་དབང་པོ་མིག་སེར་ལ་
སོགས་པས་ཉམས་པར་བྱས་པའི་ཤེས་པ་གཟུང་བར་བྱ་བ་ལ་ཕྱིན་ཅི་ལོག་པ་ནི་རྟོག་པ་དང་བྲལ་བ་ཡང་དགག་པའི་དོན་དུ་སྟེ་འདི་ལྟར་དོན་བྱེད་ནུས་པའི་རང་བཞིན་ལ་མ་འཁྲུལ་པ་གང་ཡིན་པ་དེ་ནི་མ་འཁྲུལ་པ་ཡིན་ན་ནི། རབ་རིབ་ལ་སོགས་པས་ཉམས་པའི་ཤེས་པ་ནི་གཟུང་བར་བྱ་བ་དོན་
མེད་པར་བཟོད་པ་ལ་འཁྲུལ་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པ་ཡང་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པ་ཡིན་པ་དེའི་ཕྱིར་མ་འཁྲུལ་པ་སྨོས་པས་རྗེས་སུ་དཔག་པ་བསལ་མོད་ཀྱི། རྟོག་པ་དང་བྲལ་བ་ཉིད་ནི་ལོག་པར་རྟོགས་པ་བསལ་བའི་ཕྱིར་རོ། །དེས་ན་མཚན་ཉིད་རེ་རེས་ཀྱང་རྗེས་
เล่ม ๑๘๘ · หน้า 38b
སུ་དཔག་པ་རྣམ་པར་བཅད་པ་གྲུབ་མོད་ཀྱི། གཉི་ག་སྨོས་པ་ནི་ལོག་པར་རྟོགས་པ་བསལ་པའི་དོན་དུའོ། །འདི་ལྟར་མ་འཁྲུལ་པ་སྨོས་པ་ལས་མིག་སེར་གྱིས་ཉམས་པའི་མིག་གི་རྣམ་པར་ཤེས་པ་ནི་དོན་བྱ་བ་མེད་པའི་གཟུང་བ་ལ་ཕྱིན་ཅི་ལོག་པའི་ཕྱིར་མངོན་སུམ་མ་ཡིན་པར་ཤེས་ལ།
ཚུལ་གསུམ་པའི་རྟགས་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །ཚད་མ་གཞན་ཡང་མ་ཡིན་ཏེ། ཇི་ལྟར་སྣང་བ་ལ་མི་སླུ་བས་ཚད་མར་འགྱུར་བའམ། ཇི་ལྟར་ཞེན་པ་ལས་ཡིན་གྲང་ན། འདི་ལ་ནི་སྣང་བ་དང་ཞེན་པ་དག་ལ་མི་སླུ་བ་མེད་པའི་ཕྱིར་ཚད་མ་
མ་ཡིན་ནོ། །མ་འཁྲུལ་པ་སྨོས་པ་མེད་ན་ནི་ཁ་ཅིག་རྣམ་པ་འདི་ལྟ་བུའི་ཤེས་པ་རྣམ་པར་རྟོག་པ་ཅན་གྱི་ཡིད་དུ་ལྷག་པར་ཞེན་ནས་ཚད་མ་མ་ཡིན་པའམ། དོན་ཙམ་ལ་མི་སླུ་བ་དང་རྟོག་པ་མེད་པ་ཉིད་དུ་ལྷག་པར་ཞེན་པས་མངོན་སུམ་ཉིད་དུ་རྣམ་པར་འཇོག་པར་འགྱུར་རོ། །མ་འཁྲུལ་
པ་སྨོས་པ་ནི་ཐམས་ཅད་སྤངས་པ་ཡིན་ནོ། །གཞན་དག་མདོ་སྡེ་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་གཞུང་བསྡུ་བའི་དོན་དུ་མི་སླུ་པར་བྱེད་པ་ལ་མ་འཁྲུལ་པར་ཤེས་པ་དེ་ནི་མི་རིགས་སོ། །གང་གི་ཕྱིར་སློབ་དཔོན་གྱིས་མ་འཁྲུལ་པའི་སྒྲའི་དོན་དེ་ལྟ་བུར་གྱུར་པ་ཡིན་པ་ནི་མི་བཞེད་དེ། འཁྲུལ་པའི་
མཚན་ཉིད་ནི་ཕྱིན་ཅི་ལོག་ཏུ་སྣང་བ་བཞིན་ནོ་ཞེས་དེ་དང་དེར་གསུངས་པའི་ཕྱིར་རོ། །དངོས་པོ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་ནི་མངོན་སུམ་ལྟར་སྣང་བའོ་ཞེས་གསུངས་ན་ཡང་། མངོན་སུམ་ནི་དངོས་པོ་སྣང་བ་དོན་བྱེད་པའི་དངོས་པོའི་རང་བཞིན་ལ་མི་འཁྲུལ་པ་ཡིན་པར་བརྗོད་པ་ཡིན་ནོ། །
གང་ཡང་རྗེས་སུ་དཔག་པ་ནི་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པར་འགྱུར་བ་ན། གལ་ཏེ་མངོན་སུམ་དེ་ལས་བཟློག་པ་མི་བཞེད་ན་རྗེས་སུ་དཔག་པ་འཁྲུལ་པ་ཉིད་དུ་བརྗོད་པས་ཅི་ཞིག་བྱ། བཟློག་པར་བཞེད་དོ་ཞེ་ན། འོ་ན་དེ་ནི་གཟུང་བ་ལ་ཕྱིན་ཅི་ལོག་པས་འཁྲུལ་པ་ཡིན་ལ། དེ་
ལས་བཟློག་པས་མངོན་སུམ་མ་འཁྲུལ་པ་ཡིན་པའི་ཕྱིར་མངོན་སུམ་བཟུང་བ་ལས་ཕྱིན་ཅི་མ་ལོག་པས་མ་འཁྲུལ་ལོ་ཞེས་བྱ་བར་གྲུབ་བོ། །གཞན་ཡང་མངོན་སུམ་ནི་ཡང་དག་པའི་ཤེས་པའི་དབྱེ་བ་ཉིད་ཡིན་ནོ། །དེ་ལ་ཡང་དག་པའི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཞེས་བྱ་བའི་
เล่ม ๑๘๘ · หน้า 39a
ངག་ལ་མ་འཁྲུལ་པའི་སྒྲས་ཡང་དག་པའི་ཤེས་པའི་རྣམ་གྲངས་མི་སླུ་བའི་དོན་ཉེ་བར་ལེན་པ་ནི་དོན་མེད་པ་ཉིད་དོ། །གལ་ཏེ་རྣལ་འབྱོར་སྤྱོད་པའི་གཞུང་ཡང་ཐམས་ཅད་དུ་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །སློབ་དཔོན་གྱིས་རྗེས་སུ་དཔག་པ་ཉིད་གཟུང་བ་ལ་
ཕྱིན་ཅི་ལོག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་། དོན་གྱི་མཐུ་སྟོབས་ཀྱིས་སྐྱེ་པས་རྟོག་པ་མེད་པ་ཉིད་དུ་གསུངས་པར་ཅིའི་ཕྱིར་རྗེས་སུ་འཇུག་པར་མི་བྱེད། དེའི་ཕྱིར་རྣམ་རིག་ཙམ་དུ་སྨྲ་བ་ནི་སློབ་དཔོན་བག་ཆགས་བརྟན་པ་དང་མི་བརྟན་པ་དག་གིས་རྣམ་པར་འཇོག་པ་མཐོང་ལ། འདི་
ནི་དོན་མེད་ན་མི་འབྱུང་བ་ལས་ཞེས་དེ་ལྟ་བུ་ལ་སོགས་པ་གསུངས་པ་ན། ཕྱི་རོལ་གྱི་དོན་གྱི་ཚུལ་ཉིད་བཞེད་པ་ཡིན་ནོ། །དེའི་ཕྱིར་སྔར་བཤད་པ་ཉིད་མ་འཁྲུལ་པའི་དོན་ཡིན་ནོ། །ཁ་ཅིག་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ཡང་ཆ་འགའ་ཞིག་ལ་མི་སླུ་བ་དེས་ན་ཚད་མ་ཡིན་པ་
དེའི་ཕྱིར་དེ་བཟློག་པའི་དོན་དུ་མ་འཁྲུལ་པ་སྨོས་པ་ནི་རིགས་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་མ་མཛད་པ་ཡིན་ནོ། །ཅི་སྟེ་ཤེས་པ་འགའ་ཞིག་ངེས་པའི་དངོས་པོའི་བདག་ཉིད་ཐམས་ཅད་ལ་མི་སླུ་བ་དེ་ཚད་མ་ཉིད་ཡིན་པའི་དོན་དུ་མི་སླུ་བ་སྨོས་ན་དེ་ཡང་རིགས་
པ་མ་ཡིན་ཏེ། གང་གི་ཕྱིར་དོན་གྱི་བདག་ཉིད་ཐམས་ཅད་ལ་མི་སླུ་བའི་རྣམ་པར་ཤེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་འཛེར་ཏོ། །གལ་ཏེ་དེ་ལྟར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མངོན་སུམ་དང་རྗེས་སུ་དཔག་པ་ཚད་མར་གསུངས་པ་ཇི་ལྟར་འགྱུར་ཏེ། ཐ་ན་བྱིས་པ་ལ་སོགས་
པའི་རྟོག་པ་ཡན་ཆད་ཀྱང་ཆ་འགའ་ཞིག་ཐ་ན་དངོས་པོ་ཙམ་ལ་མི་སླུ་བ་མ་ཡིན་པའི་ཤེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ལ། བདག་ཉིད་ཐམས་ཅད་ལ་མི་སླུ་བར་བྱེད་པ་ཡང་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་ཚད་མ་ངེས་པར་བསྟན་པའི་ཕྱིར་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་འགའ་
ཞིག་གཏན་ནས་མི་སླུ་བ་མ་ཡིན་པར་བཤད་པ་ཡིན་ནོ། །སྔར་བཤད་པའི་ཚུལ་གྱིས་ནི་ཐམས་ཅད་ལ་ཡང་མི་སླུ་བར་སྦྱར་བར་ནུས་པ་ཡིན་ནོ། །དེའི་ཕྱིར་དགོངས་པ་ནི་འདི་ཡིན་ཏེ། དོན་བྱ་བ་བྱེད་པའི་དོན་གང་ཞིག་མདུན་དུ་བྱས་ནས་རྟོག་པ་དང་ལྡན་པ་དོན་དུ་གཉེར་བ་ཉིད་ཀྱིས་འཇུག་པའི་ཆ་
เล่ม ๑๘๘ · หน้า 39b
དེ་ཐོབ་པ་ལ་བརྟེན་ནས་མི་སླུ་བར་འཇོག་ལ་མངོན་པར་འདོད་པ་ཐོབ་ན་ཡང་བདག་ཉིད་ཐམས་ཅད་ལ་མི་སླུ་བ་ཡིན་ནོ། །འདི་ལྟར་ཐུན་མོང་གི་ཆོས་གང་ཅུང་ཟད་བརྟག་པ་དེ་ཐམས་ཅད་ནི་ཁྱད་པར་གྱི་རང་བཞིན་གྱིས་དོན་བྱེད་པར་ནུས་པ་ཡིན་ཏེ། ཁྱད་པར་རྣམས་ཉིད་དོན་བྱེད་པར་ནུས་
པ་ཡིན་པའི་ཕྱིར་རོ། །དེ་ནི་དོན་བྱ་བ་བྱེད་པ་ཉིད་ཀྱིས་ཡོད་པ་ཡིན་ན་ངེས་པའི་ཁྱད་པར་ལ་བསླུས་པ་ན་ཡང་སྤྱི་ལ་མ་བསླུས་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །དེས་ན་དོན་བྱེད་པར་ནུས་པའི་ཁྱད་པར་སྤངས་པ་ན་བདག་ཉིད་ཐམས་ཅད་ལ་བསླུས་པ་ཡིན་ནོ། །ཁྱད་པར་ལ་ནི་སྨིག་རྒྱུ་ལ་ནི་
ཆུའི་རང་བཞིན་སྤངས་པ་ཡིན་ནོ། །ནོར་བུའི་འོད་ལ་ནི་ནོར་བུའི་ཡུལ་སྤངས་པ་ཡིན་ནོ། །རྨི་ལམ་བདེན་པའི་ཤེས་པ་ནི་དུས་སྤངས་པ་ཡིན་ཏེ། ཡུལ་དང་དུས་དང་རྣམ་པ་གཞན་པས་དངོས་པོ་གཞན་ཉིད་དུ་འགྱུར་བའི་ཕྱིར། དེས་ན་ཡུལ་དང་དུས་དང་རྣམ་པ་གཞན་དུ་གནས་
པའི་དངོས་པོ་ལ་དེ་ལས་བཟློག་པ་ཤེས་པ་ནི་ཕན་ཚུན་སྤངས་པ་ཡིན་པས་འགལ་བའི་དངོས་པོ་མ་བཟུང་བ་ཡིན་ནོ། །དེས་ན་འགལ་བ་རྣམ་པ་གསུམ་གྱི་རང་བཞིན་འཛིན་པ་ན་བདག་ཉིད་ཐམས་ཅད་བསླུས་པ་ཡིན་ནོ། །དེས་ན་བྱིས་པ་ལ་སོགས་པའི་ཡོངས་སུ་སྤངས་ནས་རྣམ་པར་རྟོག་
པ་རྣམས་ལ་རྗེས་སུ་དཔག་པ་འབའ་ཞིག་ཚད་མར་བཤད་དོ། །དེ་བཞིན་དུ་སེར་པོར་ཤེས་པ་ནི་དོན་བྱེད་པར་བཟོད་པའི་རྣམ་པ་སྤངས་པ་ཡིན་ནོ། །ལྗོན་ཤིང་འགྲོ་བར་མཐོང་བ་ནི་དེའི་ཡུལ་མ་ཡིན་པ་ཉིད་དོ། །ཟླ་བ་གཉིས་སུ་ཤེས་པ་ནི་ཡུལ་དང་རྣམ་པ་སྤངས་པ་ཡིན་ནོ། །རྟ་
རྨིས་ན་དུས་སྤངས་པ་ཡིན་ཏེ། དེས་ན་འགལ་བའི་རང་བཞིན་འཛིན་པའི་ཕྱིར། ཇི་ལྟར་ན་འདི་དག་ཆ་ཤས་ལ་ཡང་མི་སླུ་བ་ཡིན། དེའི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པའི་རྣམ་པར་རྟོག་པ་སྤངས་པ་བཞིན་དུ་སློབ་དཔོན་འདི་དག་ཀྱང་སྤངས་པར་བཞེད་པ་ཡིན་ཏེ། དེའི་དོན་དུ་
མཚན་ཉིད་ལྷག་མ་མ་འཁྲུལ་པ་སྨོས་པ་ཡིན་ནོ། །གལ་ཏེ་རང་བཞིན་འགལ་བ་འཛིན་པ་འཁྲུལ་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར། སྔོན་པོ་ལ་སོགས་པར་སྣང་བ་ཡང་འཁྲུལ་པར་ཐལ་བར་འགྱུར་ཏེ། རྡུལ་ཕྲ་རབ་མ་འདྲེས་པ་རྣམས་ལ་འདྲེས་པ་ཉིད་དུ་འགལ་བར་འཛིན་པའི་
เล่ม ๑๘๘ · หน้า 40a
ཕྱིར་རོ་ཞེ་ན། སྨྲས་པ། འདིར་རེ་ཞིག་ཕྱི་རོལ་གྱི་ཚུལ་གྱིས་རྣམ་པར་ཤེས་པ་དོན་འཛིན་པར་བྱེད་པ་དང་རྡུལ་ཕྲ་རབ་རྣམས་ཕྱོགས་ཆ་ཐ་དད་པས་བྱས་པའི་འགལ་བ་དང་མི་ལྡན་པར་ཁས་བླངས་ནས་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་སྔོན་པོའི་རྣམ་པ་ཅན་
གྱི་རྣམ་པར་ཤེས་པ་ནི་དངོས་པོ་ཇི་ལྟར་གནས་པ་དང་འགལ་བར་སྣང་བ་མ་ཡིན་ནོ། །གང་གི་ཕྱིར་རྡུལ་ཕྲ་རབ་རྣམས་ཀྱི་མ་འདྲེས་པ་ཉིད་རང་བཞིན་ཐ་དད་པའམ། རང་བཞིན་གཞན་གྱི་ཡུལ་སྤངས་པའམ། ནམ་མཁའ་སྟོང་པའི་ཡུལ་དང་ལྡན་པའམ། དབང་པོ་ཐ་དད་པའི་
གཟུང་བས་བར་དུ་བཅད་པ་དང་ལྡན་པ་ཡིན་གྲང་ན། དེ་ལ་སྣང་བ་ན་རང་བཞིན་ཐ་དད་པ་མེད་པར་ནི་མི་སྣང་སྟེ། གོང་དུ་རྡུལ་ཕྲ་རབ་ཙམ་དུ་སྣང་བར་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གཞན་གྱི་ཡུལ་སྤངས་པར་སྣང་བ་ཡང་གྲུབ་བོ། །ནམ་མཁའ་སྟོང་པའི་ཕྱོགས་ཀྱང་དངོས་
པོ་མེད་པས་དབང་པོའི་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །དབང་པོ་གཞན་གྱིས་གཟུང་བས་བར་དུ་ཆོད་པ་ཉིད་ནི་རེག་པ་ལ་སོགས་པའི་རང་བཞིན་ལྷན་ཅིག་ཏུ་རྒྱུ་བ་ཡོད་པ་ཉིད་ཡིན་ལ་དེ་ཡང་མིག་གི་རྣམ་པར་ཤེས་པ་ལ་སྣང་བ་མ་ཡིན་ནོ། །དེ་ལ་གལ་ཏེ་རེག་པ་ལ་སོགས་པས་སྟོང་པར་སྣང་བ་ཉིད་
ལ་འདྲེས་པར་སྣང་བ་ཉིད་དུ་བརྗོད་ན། དེ་ནི་འདོད་པ་ཉིད་དེ། དེ་ལ་རེག་པ་ལ་སོགས་པ་སྣང་བ་མེད་པའི་ཕྱིར་རོ། །རེག་པ་ལ་སོགས་པ་མི་སྣང་བ་ཡང་མིག་གིས་གཟུང་བར་བྱ་བའི་རང་བཞིན་ནི་འགལ་བ་མ་ཡིན་ནོ། །ཅི་སྟེ་བར་ཆད་མེད་པར་སྣང་པའི་ཕྱིར་གཟུགས་རེག་པའི་ཡུལ་ན་
གནས་པར་མཐོང་བ་ཡིན་ལ། དེའི་ཕྱིར་ཡུལ་ལ་འཁྲུལ་པ་ཡིན་ནོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། རེག་པ་ལས་ཐ་དད་པའི་ཡུལ་འགའ་ཡང་མེད་དོ། །དེ་མི་སྣང་ན་ཇི་ལྟར་ན་དེའི་ཡུལ་ན་གཟུགས་ཡོད་པར་སྣང་བར་འགྱུར། དེའི་ཕྱིར་འདྲེས་པར་འཁྲུལ་པ་འདི་ནི་རེག་པའི་
རྡུལ་ཕྲ་རབ་དང་བྲལ་བའི་གཟུགས་ཀྱི་རྡུལ་ཕྲ་རབ་རྣམས་རང་གི་ཡུལ་དུ་ཤེས་པ་གཅིག་ལ་སྣང་བ་ལ་བརྟེན་པའི་ཡིད་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་ནི་རང་གི་ཡུལ་ན་གནས་པའི་གཟུགས་སྣང་བ་ཡིན་ཏེ། ཡུལ་དང་དུས་དང་རྣམ་པ་ལ་འཁྲུལ་པ་མ་ཡིན་པ་དེའི་ཕྱིར་ཇི་ལྟར་མ་འདྲེས་
เล่ม ๑๘๘ · หน้า 40b
པ་རྣམས་ལ་འདྲེས་པར་སྣང་བ་ཡིན། ཡུལ་གཞན་དུ་འཛིན་ན་ནི་འདྲེས་པར་འཛིན་པར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྔར་བསྒྲུབས་ཟིན་ཏོ། །རགས་པ་ཉིད་དང་ཕྱོགས་ཆ་ཐ་དད་པའི་མང་པོ་ནི་འགལ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡོད་པ་ཉིད་ཀྱི་རྒྱུ་ནི་དོན་བྱ་བ་བྱེད་པ་
ཡིན་ལ་དོན་བྱ་བ་བྱེད་པ་ཡང་ཁྱད་པར་ཡིན་ནོ། །དེའི་ཕྱིར་གནོད་པར་བྱེད་པ་མེད་ན་ཁྱད་པར་དུ་སྣང་བར་དམིགས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ཡོད་པར་ཁས་བླང་བར་བྱ་བར་རིགས་པ་ཡིན་ནོ། །དོན་བྱ་བ་བྱེད་པར་ནུས་པའི་ཡུལ་ལ་གནོད་པར་བྱེད་པ་ཡོད་ན་ནི་དངོས་པོའི་བདག་ཉིད་
ཐམས་ཅད་བཏང་བ་ཡིན་ནོ། །དོན་བྱེད་པར་ནུས་པ་དམིགས་ན་ནི་ངེས་པར་བྱས་པའི་ཆ་གང་ལ་གནོད་བྱེད་ཀྱི་ཤེས་པ་སྲིད་པ་དེ་ལ་ཚད་མ་མ་ཡིན་གྱི། གནོད་པ་མེད་པའི་ཆ་དོན་བྱ་བ་བྱེད་པ་ནི་ཚད་མའི་ཡུལ་ཡིན་པས་ཆོས་ཅན་དེ་ལ་མ་ངེས་པའི་རང་བཞིན་ཡང་ཚད་མ་གཞན་གྱིས་སྒྲུབ་
པ་ཡིན་ནོ། །སྔོན་པོ་མ་ཡིན་པ་ལས་ལོག་པའི་དོན་ཡང་གནས་པའི་ཁྱད་པར་གྱིས་དོན་བྱེད་པ་ལ་ཉེ་བར་མཁོ་བ་ཅན་ཡིན་ལ། དེ་དང་འགལ་བ་མེད་པ་དུ་མ་ཉིད་དང་མ་འདྲེས་པ་ཉིད་དང་སྐད་ཅིག་མ་ཉིད་ནི་མཐོང་བ་ལ་ཚད་མ་གཞན་ལས་ཁོང་དུ་ཆུད་པ་ཡིན་ནོ། །ཡུལ་དང་དུས་དང་
རྣམ་པ་གཞན་ཉིད་ནི་གཞན་ལ་འགལ་བ་ཡིན་ཏེ། དེས་ན་དེ་ལྟ་བུར་གྱུར་པ་འཛིན་པའི་ཤེས་པ་ནི་ཆ་ཐམས་ཅད་ལ་འཁྲུལ་པ་ཡིན་པའི་ཕྱིར་མ་འཁྲུལ་པ་སྨོས་པར་བྱ་བ་ཡིན་ནོ། །གཞན་དག་མ་འཁྲུལ་པ་སྨོས་པར་བྱ་བ་ཁོ་ན་སྟེ་འོན་ཀྱང་དུང་གཅིག་ལ་སེར་པོར་ཤེས་པ་དབྱིབས་ཀྱི་ཆ་ལ་མི་སླུ་
བའི་ཕྱིར་ཚད་མ་ཡིན་ལ། ཁ་དོག་གི་ཆ་ལ་ཕྱིན་ཅི་ལོག་ཏུ་གྱུར་པས་ཚད་མ་མ་ཡིན་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་མ་འཁྲུལ་པ་སྨོས་པ་ནི་འདི་ཆ་དེ་ལ་ཚད་མ་ཡིན་གྱི་གཞན་ལ་ནི་མ་ཡིན་ཞེས་སྟོན་པར་བྱེད་པ་ཡིན་ནོ་ཞེས་སྨྲ་བ་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཆ་གཅིག་ལ་འཇུག་
པའི་ཡན་ལག་གི་ཚད་མ་ཡིན་ན་ནི་ཆ་གཞན་ལ་ཚད་མ་མ་ཡིན་པར་བསྒྲུབས་པ་ལ་ཅུང་ཟད་ཀྱང་འབྲས་བུ་ཡོད་པ་མ་ཡིན་ནོ། །ཚད་མ་མ་ཡིན་པ་ནི་འཇུག་པའི་ཡན་ལག་མ་ཡིན་པར་བསྒྲུབ་པའི་དོན་དུ་ཡིན་ན། དེ་ནི་འཇུག་པའི་ཡན་ལག་ཉིད་ཡིན་ནོ། །འཇུག་པ་ཡིན་པ་དེ་ལྟར་ན་ཡང་ཡུལ་
เล่ม ๑๘๘ · หน้า 41a
དེ་ལ་ཚད་མར་འཁྲུལ་པར་མི་འགྱུར་བར་བྱ་བའི་ཕྱིར་རོ་ཞེ་ན། ཐ་སྙད་ཉིད་ལས་ཚད་མ་མ་ཡིན་པར་རང་ཁོ་ནས་རྟོགས་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཆ་འདི་ལ་ཚད་མ་མ་ཡིན་ནོ་ཞེས་བརྗོད་པ་འདིས་ཅི་ཞིག་བྱ། དེའི་ཕྱིར་རྣམ་པ་འདི་ལྟ་བུའི་ཤེས་པ་ཐམས་
ཅད་མ་འཁྲུལ་པར་སྨོས་པས་སྤང་བར་བྱ་བ་ཡིན་ནོ། །དབྱིབས་ནི་ཁ་དོག་ལས་ཐ་དད་པར་དོན་བྱེད་ནུས་པ་མ་ཡིན་པས་ནུས་པའི་ཁ་དོག་དེ་ལ་འཁྲུལ་པ་ནི་དེ་ལ་མ་འཁྲུལ་པར་ག་ལ་འགྱུར། དོན་བྱ་བ་ནུས་པ་བརྗོད་པའི་དུང་གི་སྒྲ་ཡང་དབྱིབས་ཀྱི་ཁྱད་པར་ཅན་གྱི་ཁ་དོག་ལ་འཇུག་ལ། ཁ་
དོག་རྣམས་ཀྱང་རབ་ཏུ་དབྱེ་བ་དུ་མ་ཡོད་པ་ཉིད་ཀྱིས་ན་ཁྱད་པར་དོན་དུ་གཉེར་བས། དཀར་པོ་སེར་པོ་གསེར་དངུལ་ཞེས་ཁྱད་པར་དུ་བརྗོད་པར་བྱའོ། །དོན་བྱེད་པ་ཐོབ་པ་ནི་ཤེས་པ་གཞན་ཁོ་ན་ལས་ཡིན་གྱི་སེར་པོའི་རང་བཞིན་འཛིན་པས་ནི་མ་ཡིན་ནོ། །དེའི་ཕྱིར་མ་འཁྲུལ་པ་སྨོས་པ་ནི་
འགལ་བའི་རང་བཞིན་འཛིན་པར་བྱེད་པའི་རྟོག་པ་དང་བྲལ་བ་བཟློག་པའི་དོན་དུ་ཡིན་ལ། འགལ་བའི་རང་བཞིན་འཛིན་པར་བྱེད་པ་དེ་ཡང་བདག་ཉིད་ཐམས་ཅད་ལ་སླུ་བར་བྱེད་པ་ཡིན་ནོ་ཞེས་གནས་སོ། །ཕྱི་ནས་བརྗོད་ཀྱང་བརྗོད་པར་བྱ་བ་ཉུང་བས་མ་འཁྲུལ་པ་ཉིད་དང་པོར་བཤད་པར་བྱ་
བའི་ཕྱིར། རབ་རིབ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་རིབ་མིག་ལ་གནས་པ་དབང་པོ་ཉམས་པར་བྱེད་པའི་རྒྱུ་སྟེ། འདིས་ནི་མིག་ལ་གནས་པའི་དབང་པོ་ཉམས་པར་བྱེད་པའི་རྒྱུར་གྱུར་པ། མིག་སེར་ལ་སོགས་པ་མཚོན་པ་ཡིན་ནོ། །མྱུར་དུ་བསྐོར་བ་ནི་དབང་པོ་ཉམས་པར་
བྱེད་པའི་རྒྱུ་ཡུལ་ལ་གནས་པའི་བྱ་བའི་ཁྱད་པར་རོ། །མྱུར་བ་སྨོས་པ་ནི་དལ་བུས་བསྐོར་བར་བཟློག་པའི་ཕྱིར་ཏེ། དེ་ནི་འཁྲུལ་པའི་རྒྱུ་མ་ཡིན་ནོ། །མགལ་མེ་མྱུར་དུ་བསྐོར་བས་རྗེས་སུ་འགྲོ་བའི་མིག་གི་འབྲས་བུར་འགྱུར་བ་ན། མིག་ཉམས་པས་མིག་གི་རྣམ་པར་ཤེས་པ་འཁྲུལ་པར་འགྱུར་
བ་ཡིན་ནོ། །འདིས་ནི་མགལ་མེ་ཡན་མན་དུ་གཡུགས་པ་ལ་སོགས་པ་དབང་པོ་ཉམས་པར་བྱེད་པའི་རྒྱུ་ཡུལ་ལ་གནས་པ་རྣམས་མཚོན་པ་ཡིན་ཏེ། མགལ་མེ་ཕྱོགས་གཅིག་ཏུ་མངོན་དུ་ཕྱོགས་ཏེ། མྱུར་དུ་གཡུགས་པ་ན་དབྱུག་པའི་རྣམ་པར་འཁྲུལ་པ་སྐྱེ་བ་ཡིན་ནོ། །གྲུར་ཞུགས་པ་ནི་
เล่ม ๑๘๘ · หน้า 41b
གྲུས་འགྲོ་བ་སྟེ། འདུག་པའི་གྲུར་འཁྲུལ་པར་མི་འགྱུར་བ་དེས་ནི་བྱ་བའི་ཁྱད་པར་ཁོ་ནས་འཁྲུལ་པའི་རྒྱུ་ཡིན་ནོ། །འདི་ནི་ཕྱི་རོལ་གྱི་རྟེན་ལ་གནས་པ་དབང་པོ་ཉམས་པར་བྱེད་པའི་རྒྱུ་སྟེ། གྲུ་འགྲོ་བས་ལུས་བསྐྱོད་པ་ན་དབང་པོ་ཉམས་པར་འགྱུར་རོ། །འདིས་ཀྱང་རྟའི་བཞོན་པ་དང་
ལྡན་པ་དང་། རླུང་ལ་སོགས་པས་འཁྲུགས་པ་དང་། གནད་མི་བཟད་པར་བསྣུན་པ་དང་། འཁྲུས་པ་དང་། བསྐོར་གར་ལ་སོགས་པ་རྟེན་ལ་གནས་པའི་འཁྲུལ་པའི་རྒྱུ་རྣམས་ཉེ་བར་མཚོན་པ་ཡིན་ནོ། །རབ་རིབ་དང་མྱུར་དུ་བསྐོར་བ་དང་གྲུར་ཞུགས་པ་རྣམས་ཀྱིས་བྱས་པའི་དབང་
པོའི་འགྱུར་བ་ནི་འཁྲུགས་པ་སྟེ། ཇི་སྲིད་དབང་པོའི་རྣམ་པར་འགྱུར་བ་མ་བྱས་པ་དེ་སྲིད་དུ་དབང་པོ་ལས་སྐྱེས་པ་རྣམ་པར་བསླད་པར་མི་འགྱུར་རོ། །དེ་དག་གིས་བྱས་པ་གང་ཡིན་པ་དེ་ནི་དེ་དག་གིས་འཁྲུགས་པ་ཡིན་ནོ། །དེ་ལ་སོགས་པ་དབང་པོའི་ཡུལ་ན་གནས་པ་དང་། ཕྱི་རོལ་གྱི་
ཡུལ་ན་གནས་པ་དང་། རྟེན་ལ་གནས་པའི་འཁྲུལ་པའི་རྒྱུ་རྣམས་ཀྱིས་བྱས་པའི་འཁྲུགས་པ་གཞན་གང་ཡིན་པ་སྟེ། དེ་ལ་སོགས་པས་གང་དུ་འཁྲུལ་པ་མ་བསྐྱེད་པ་སྟེ། སོགས་པའི་སྒྲའི་མཐའི་འབྲུ་མང་པོ་བས་དྲུག་པའི་བསྡུ་བ་ཡིན་པ་དེ་བས་ན་འཁྲུགས་པས་འཁྲུལ་པ་མ་བསྐྱེད་
པའི་ཤེས་པ་དེ་དང་འབྲེལ་པ་ཡིན་ནོ། །འདི་དག་ནི་གསལ་བར་སྣང་བས་རྟོག་པ་མེད་པ་ཉིད་ཡིན་པ་ཡང་དངོས་པོའི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་མི་སླུ་བ་ཉིད་མེད་པས་ཚད་མ་མ་ཡིན་ཏེ། རང་དགའ་བ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ནོ། །དངོས་པོའི་རང་བཞིན་ཡོངས་སུ་
བཏང་བ་ཉིད་ཀྱང་ཡུལ་དང་དུས་དང་རྣམ་པ་ཐ་དད་པའི་ཕྱིར་རོ། །འདིར་ཟླ་བ་གཉིས་སུ་སྣང་བའི་ཤེས་པ་ནི་རེ་ཞིག་ཡུལ་ལ་འཁྲུལ་པ་ཡིན་ཏེ། ཟླ་བ་གཉིས་སུ་མི་གནས་པའི་ཕྱིར་རོ། །དེས་ན་རང་བཞིན་ལ་འཁྲུལ་པ་ཡིན་ཏེ། གཉིས་ཀྱི་རང་བཞིན་དུ་སྣང་བ་ནི་གཅིག་གི་རང་བཞིན་དང་
འགལ་བའི་ཕྱིར་རོ། །འགལ་བའི་རང་བཞིན་འཛིན་པས་ནི། རང་བཞིན་གཞན་གཟུང་བ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འཁོར་ལོར་སྣང་བ་ནི་དོན་བྱེད་པའི་རང་བཞིན་ལ་འཁྲུལ་པ་ཡིན་ཏེ། བཀོད་པ་དང་བྲལ་བའི་ཁ་དོག་ནི་དོན་བྱེད་པ་དང་ལྡན་པ་མ་ཡིན་ལ། བཀོད་
เล่ม ๑๘๘ · หน้า 42a
པ་ཡང་མ་བཟུང་བའི་ཕྱིར་རོ། །བཀོད་པ་བཏང་བའི་ཕྱིར་དེ་དང་ལྷན་ཅིག་པའི་རང་བཞིན་ཡོངས་སུ་བཏང་བ་ཡིན་ནོ། །ཡུལ་ལ་འཁྲུལ་པར་ནི་གསལ་བ་ཡིན་ཏེ། ཡུལ་གཅིག་ན་གནས་པའི་མགལ་མེ་ལ་ཡུལ་དུ་མ་ན་གནས་པར་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་
ལྗོན་ཤིང་འགྲོ་བར་སྣང་བ་ནི་ཡུལ་ལ་འཁྲུལ་པ་ཡིན་ལ་དེས་ན་རང་བཞིན་ལ་ཡང་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་འགའ་ཞིག་ཏུ་ཁ་དོག་ལ་འཁྲུལ་པ། དཔེར་ན་དུང་ལ་སེར་པོར་སྣང་བར་ཤེས་པ་ལྟ་བུ་ནི་དོན་བྱེད་པའི་རྣམ་པ་ལ་འཁྲུལ་པ་ཡིན་ནོ། །ཁ་དོག་ནི་རང་བཞིན་ཉིད་དོ། །
ཐམས་ཅད་དུ་ཡང་དོན་ཐོབ་པ་ནི་འཇུག་པའི་རྒྱུ་མཚན་གྱི་ཤེས་པ་གཞན་ལ་རག་ལས་པ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །རྣམ་པ་དེ་ལྟ་བུའི་འཁྲུལ་པའི་ཤེས་པ་དངོས་པོའི་རང་བཞིན་ཡོངས་སུ་བཏང་བ་ནི་མ་འཁྲུལ་པ་སྨོས་པས་བཟློག་པ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུར་གྱུར་པའི་
འཁྲུལ་པ་མེད་ཅིང་རྣམ་པར་མི་རྟོག་པ་ཞེས་འཆད་པར་འགྱུར་བའི་མཚན་ཉིད་སྡུད་པ་ཡིན་ནོ། །གལ་ཏེ་མ་འཁྲུལ་པ་ཞེས་དེ་སྐད་བརྗོད་ན་ནི་མཚན་ཉིད་འདི་དག་གང་ཡང་རུང་བས་མཚོན་པ་མངོན་སུམ་ཉིད་དུ་དོགས་པར་འགྱུར་རོ། །དེས་ན་འཁྲུལ་པ་མེད་ཅིང་རྟོག་པ་དང་བྲལ་བ་གང་
ཡིན་པ་དེ་མངོན་སུམ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །མངོན་སུམ་ནི་རྟོག་པ་དང་བྲལ་བ་ཡིན་ལ། དེ་ཡང་ཅི་འདྲ་བ་ཞིག་ཡིན་པར་འདོད་པ་བསྟན་པའི་དོན་དུ་མངོན་པར་བརྗོད་པ་ཅན་ཞེས་སྨོས་ཏེ། འདི་ལ་བརྗོད་པ་ཡོད་པས་ན་བརྗོད་པ་ཅན་ནོ། །འདི་ཉིད་རྣམ་པར་འགྲེལ་པར་བཤད་པ་
འདིས་དོན་བརྗོད་པའི་ཕྱིར་བརྗོད་པ་ནི་སྒྲ་ལ་བྱའོ། །དེ་དང་འདྲེ་བ་ནི་ཤེས་པའི་བདག་ཉིད་གཅིག་ལ་ཚོགས་པ་སྟེ། རྗོད་པར་བྱེད་པའི་སྒྲ་དང་། བརྗོད་པར་བྱ་བའི་དོན་དུ་སྣང་བའི་ཤེས་པ་གཅིག་གི་གཟུང་བའི་བདག་ཉིད་དུ་གནས་སོ། །དོན་གྱི་རྣམ་པ་རྗོད་པར་བྱེད་པའི་སྒྲའི་རྣམ་པ་དང་
ལྷན་ཅིག་ཏུ་ཤེས་པ་གཅིག་ལ་སྣང་བར་འགྱུར་ན་ནི། དེའི་ཚེ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དག་འདྲེས་པ་ཡིན་ནོ། །འདྲི་བའི་ཕྱིར་རུང་བ་ཞེས་དོན་སྟོན་པ་ཡིན་པའི་ཕྱིར་དྲུག་པའི་བསྡུ་བའོ། །དེ་ལྟ་བུར་གྱུར་པའི་དོན་གྱི་སྣང་བ་གཟུང་བའི་རྣམ་པ་རྗོད་པར་བྱེད་པའི་སྒྲ་དང་ལྷན་ཅིག་
เล่ม ๑๘๘ · หน้า 42b
པའི་གཟུང་བའི་རྣམ་པ་དེ་ནི་དེ་སྐད་ཅེས་བརྗོད་པ་ཡིན་ནོ། །རྟོག་པ་ནི་སྦྱོར་བར་བྱེད་པ་ཡིན་པར་བསྟན་ལ། སྦྱོར་བར་བྱེད་པ་ཡང་སྒྲ་དང་དོན་བསྡུས་ནས་འཛིན་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་འདྲེས་པར་སྣང་བ་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་རུང་བ་ཞེས་སྨོས་ཤེ་ན་
བརྡ་ལ་མ་བྱང་བ་ལ་རྗོད་པར་བྱེད་པའི་སྒྲ་དང་འདྲེས་པའི་དོན་སྣང་བའི་རྟོག་པ་ནི་ཅུང་ཟད་ཀྱང་མེད་ལ། དེ་ལ་རྟོག་པ་ནི་ཡོད་པ་ཡིན་པས་རུང་བ་སྨོས་པ་ནི་དེ་སྡུད་པ་ཡིན་ནོ། །དེང་སྐྱེས་པའི་བྱིས་པ་རྣམ་པར་རྟོག་པའི་ཤེས་པ་ནི་དོན་ཉེ་བ་ལ་ལྟོས་པ་མེད་པ་དེའི་ཕྱིར་སྣང་བ་ངེས་པ་མེད་པ་
ཡིན་ལ། སྣང་བ་ངེས་པ་མེད་པ་ཉིད་ཀྱིས་ཀྱང་རུང་བ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པ་དེ་ནི་ནུ་མ་ལ་སྔོན་མཐོང་བའི་བཀྲེས་པ་ཟློག་པར་བྱེད་པ་ཉིད་དུ་རྟོགས་པ་ན་བྱིས་པ་འཇུག་པར་བྱེད་པ་ཡིན་ལ། སྔ་མ་དང་ཕྱི་མ་དག་ཐ་དད་པ་མེད་པར་འཛིན་པ་ནི་དོན་ཉེ་བ་ལ་ལྟོས་པ་མེད་པར་
གྲུབ་པོ། །སྒྲའི་སྣང་བ་ཡང་དེ་ལ་ཡོད་པ་ཡིན་ནོ་ཞེ་ན། དེ་ལ་སྐྱེ་བ་གཞན་དུ་གོམས་པ་ལས་སྒྲའི་རྣམ་པ་མི་གསལ་བ་ཡོད་དམ་མེད་ཀྱང་རུང་སྟེ། ཕྱིས་གོམས་པས་བྱས་པའི་ཁྱད་པར་ཅན་གྱི་སྒྲ་དང་འབྲེལ་པའི་དོན་སྣང་བ་ནི་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པའི་
རྟོགས་པ་དེ་ནི་ཡུལ་གྱི་བྱེད་པ་ལ་ནི་མི་ལྟོས་པ་ཉིད་ཀྱིས་སྣང་བ་ངེས་པ་མེད་པ་ཡིན་ལ། དེ་ལས་ཀྱང་སྒྲ་དང་འདྲེར་རུང་བ་སྣང་བ་བཞིན་ནོ། །དེ་ཞེས་བྱ་བ་རྟོག་པ་འདི་དབང་པོའི་ཤེས་པ་ལ་སྲིད་པ་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཆོས་ཅན་གྱིས་སྣང་བ་ཞེས་བྱ་བའི་ཆོས་བསྟན་པ་སྟེ། བརྗོད་
པ་དང་འདྲེར་རུང་བའི་སྣང་བ་ནི་དབང་པོའི་ཤེས་པ་ལ་སྲིད་པ་མ་ཡིན་ཞིང་། དབང་པོའི་རྣམ་པར་ཤེས་པ་ལ་ནི་དེ་ལྟ་བུར་གྱུར་པའི་སྣང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་ཆོས་ཅན་གྱིས་ཆོས་བསྟན་པ་ནི་ཡོད་པ་ཡིན་ཏེ། དཔེར་ན་རྭ་ཅན་ནོག་དང་ལྡན་པ་མཐའ་ན་མཇུག་མ་
ཡོད་པ་ཞེས་རྭ་ལ་སོགས་པ་དང་ལྡན་པ་བ་ལང་ཉིད་ཀྱི་རྟགས་སུ་གྱུར་པ་རྭ་ལ་སོགས་པ་ཉིད་སྟོན་པར་བྱེད་པ་ཉིད་ཡིན་ཏེ། དེ་བཞིན་ནོ། །གཞན་དུ་ན་རྣམ་པར་རྟོག་པའི་ཤེས་པ་གཞན་དང་བྲལ་བ་དབང་པོའི་ཤེས་པར་བརྗོད་པར་འགྱུར་རོ། །དེ་ལྟ་ན་ཡང་མ་བརྗོད་པ་དང་མཚུངས་པར་འགྱུར་
เล่ม ๑๘๘ · หน้า 43a
རོ། །རྣམ་པར་རྟོག་པའི་ཤེས་པ་ཡང་རྣམ་པར་རྟོག་པའི་ཤེས་པ་གཞན་གྱིས་སྟོང་པ་ཡིན་ཏེ། དེ་ནི་རྣམ་པར་རྟོག་པ་མེད་པ་མ་ཡིན་ནོ། །དེའི་ཕྱིར་དེས་སྟོང་པའི་རང་གི་ངོ་བོ་བརྗོད་པ་ཡིན་ནོ། །ཡང་དེ་དག་ལས་ཞེས་དོགས་པ་ལ་གཏན་ཚིགས་སྟོན་ཏེ།
དོན་དེ་བརྗོད་པར་བྱ་བ་མངོན་པར་འདོད་པའི་རང་གི་མཚན་ཉིད་གཟུགས་ལ་སོགས་པའི་མཐུས་ཏེ། བྱེད་པ་ལས་ཡང་དག་སྐྱེ་བ་སྟེ་འབྱུང་བ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དོན་གྱི་སྟོབས་ཀྱིས་སྐྱེས་པ་ཡིན་གྱི་རྗོད་པར་བྱེད་པའི་སྒྲའི་སྟོབས་ཀྱིས་མ་ཡིན་པ་དེའི་ཕྱིར། དབང་པོའི་རྣམ་
པར་ཤེས་པ་སྒྲར་སྣང་བ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །འདི་སྙམ་དུ་གལ་ཏེ་དོན་གྱི་ནུས་པས་བསྐྱེད་པ་དེ་ལྟ་ན་ཡང་སྒྲར་སྣང་བར་ཅིའི་ཕྱིར་མི་འགྱུར་ཞེས་དོགས་པ་ལ། གང་གི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དབང་པོའི་རྣམ་པར་ཤེས་པ་དེ་དོན་གྱི་ནུས་པ་ལས་
སྐྱེ་བའི་ཕྱིར་དེའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་བྱེད་པ་སྲིད་པ་ཡིན་ནོ། །དེའི་ཕྱིར་སྒྲར་སྣང་བ་མ་ཡིན་ནོ། །བསམ་པ་འདི་ཡིན་ཏེ་རྒྱུ་མ་ཡིན་པ་ཡུལ་མ་ཡིན་པ་ཞེས་བྱ་བའི་རིགས་པས་ཁྱད་པར་ཅན་གྱི་དོན་སྣང་བའི་དབང་པོའི་རྣམ་པར་ཤེས་པ་ལ་དེའི་སྟོབས་
ལས་སྐྱེས་པས་ཁྱབ་པ་ཡིན་པ་དེའི་ཕྱིར་སྐྱེད་པའི་དོན་དེའི་རྗེས་སུ་བྱེད་པ་སྲིད་པ་ཡིན་ནོ། །གལ་ཏེ་སྒྲ་ཡང་སྣང་བར་གྱུར་ན་ནི། ཁྱབ་བྱ་སྒྲའི་རྗེས་སུ་བྱེད་པ་གྲུབ་པས་ཁྱབ་བྱེད་དེའི་སྟོབས་ལས་སྐྱེས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སྣང་བ་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་དབང་པོའི་ཤེས་པ་
དོན་གྱི་འབྲས་བུ་ཡིན་ན་སྒྲའི་འབྲས་བུ་ཡང་ཡིན་པ་ཁོ་ནའོ། །འདི་ལྟར་སྒྲ་ཐམས་ཅད་དུ་ཁྱབ་པ་ཡིན་ནོ། །དེ་བས་ན་དོན་གྱི་ཡུལ་ན་ཡང་དེ་རྗོད་པར་བྱེད་པའི་སྒྲ་ཉེ་བ་ཁོ་ནའོ། །དེའི་ཕྱིར་རྣམ་པར་ཤེས་པ་དོན་བཞིན་དུ་སྒྲའི་ཡང་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་ནོ། །ཡང་ན་བརྡ་སྤྲོད་པ་
རྣམས་ཀྱི་རྣམ་པར་འགྱུར་བའི་དོན་ནི་སྒྲ་ཉིད་ཀྱི་བདག་ཉིད་ཡིན་པའམ། ཡང་གྲངས་ཅན་རྣམས་ཀྱི་སྣ་ཚོགས་ནི་སྒྲ་ལ་སོགས་པ་ལྔའི་རྣམ་པར་འགྱུར་བ་ཡིན་པ་དེས་ན་དོན་སྒྲའི་བདག་ཉིད་ཅན་ཡིན་ནོ། །དེའི་ཕྱིར་དོན་སྒྲའི་རང་བཞིན་ཉིད་ཡིན་ལ། དེ་ལས་ཀྱང་སྒྲ་དང་དོན་དག་གི་རྗེས་སུ་འགྲོ་
เล่ม ๑๘๘ · หน้า 43b
བའི་རྗེས་སུ་བྱེད་པར་མཚུངས་པ་དེའི་ཕྱིར་འདི་ལ་ཁྱབ་པར་བྱེད་པ་དེའི་སྟོབས་ལས་སྐྱེས་པ་མེད་པ་མ་ཡིན་ནོ་ཞེས་དོགས་ན། བཤད་པ་གང་གི་ཕྱིར་དོན་ལ་སྒྲ་ཡོད་མ་ཡིན་ནོ། །འདི་ལྟར་ཡོད་པ་ཉིད་ནི་དོན་བྱེད་པའི་རྒྱུ་མཚན་གྱིས་ཡིན་ལ། དོན་བྱེད་པའི་ཁྱད་པར་གྱིས་ཀྱང་ཡོད་པའི་ཁྱད་
པར་ཡིན་ཞིང་། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱད་པར་ཅན་གྱི་རྣམ་པ་དང་འབྲེལ་པ་ན་ཁྱད་པར་དང་ལྡན་པར་རྟོགས་པར་བྱ་བ་ཡིན་ནོ། །སྒྲ་ཡང་དོན་བྱེད་པ་གང་ཡིན་པ་དེ་ལས་ཡོད་པར་འདོད་པ་ཡིན་ནོ། །དོན་བྱེད་པར་ནུས་པ་དེ་ནི་རང་གི་རྣམ་པ་ཉིད་ཀྱིས་ཡིན་པར་
མངོན་སུམ་དུ་ཁོང་དུ་ཆུད་ལ་དོན་ཀྱང་ཡིན་ན། དོན་ལ་ནི་སྒྲ་དམིགས་པ་མ་ཡིན་ནོ། །ཇི་ལྟར་གཞན་དུ་དམིགས་པ་ལ་གཞན་ཡོད་པར་བརྗོད་དེ། ཧ་ཅང་ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱང་མ་ཡིན་ནོ། །དེའི་བདག་ཉིད་དམ་དེ་ཉིད་གང་དག་
གིས་བདག་ཉིད་ཡིན་པའོ། །དོན་བྱ་བ་ནུས་པའི་སྒྲ་ནི་དོན་གྱི་རང་བཞིན་སྤངས་པར་ཚད་མས་དམིགས་པ་ཡིན་ལ། དོན་ཀྱང་སྒྲའི་རང་བཞིན་སྤང་བར་དམིགས་པ་ཡིན་ན་དེ་ཇི་ལྟར་ཚད་མས་དམིགས་བཞིན་དུ་བདག་ཉིད་སླུ་བར་བྱེད། དེའི་ཕྱིར་སྒྲ་རྣམས་དེའི་ཡུལ་ན་གནས་པ་མ་ཡིན་ལ་
དེའི་བདག་ཉིད་ཀྱང་མ་ཡིན་ན། གང་གིས་དེའི་ཡུལ་ན་གནས་པ་དང་དེའི་བདག་ཉིད་ཡིན་པའི་སྒོ་ནས་དོན་བཞིན་དུ་སྒྲའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་ཞིང་། དོན་དེ་རང་གི་འབྲས་བུ་ལ་སྣང་བ་ན་དེ་དག་ཀྱང་རྒྱུར་གྱུར་པས་སྣང་བར་འགྱུར་བ། དེའི་བདག་ཉིད་དང་དེའི་
ཡུལ་ན་གནས་པ་ནི་མེད་ལ། ལོགས་ཤིག་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་པ་དེས་ན་དེའི་སྟོབས་ཀྱིས་སྐྱེས་པ་ཉིད་མེད་པའི་ཕྱིར་དེ་སྣང་བ་ཉིད་མ་ཡིན་ནོ། །གལ་ཏེ་ཤེས་པའི་ཆོས་འགའ་ཞིག་ནི་ཕྱི་རོལ་ལ་རག་ལས་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པའི་
སྣང་བ་བཞིན་ནོ། །ཁ་ཅིག་ནི་དེ་ལས་བཟློག་པ་ཡིན་ཏེ། དཔེར་ན་རྟོགས་པའི་རང་བཞིན་ལྟ་བུ་མ་ཡིན་ནམ། དོན་གྱི་སྣང་བ་ནི་རེས་འགའ་བ་ཡིན་པའི་ཕྱིར་ཕྱི་རོལ་དང་འབྲེལ་པ་ཡིན་ལ། རྟོགས་པའི་རང་བཞིན་ནི་ཕྱི་རོལ་ལ་ལྟོས་པ་མེད་པའི་ཕྱིར་རང་གི་ཉེ་བར་ལེན་པ་དང་འབྲེལ་
เล่ม ๑๘๘ · หน้า 44a
པ་ཡིན་པ་དེ་བཞིན་དུ། སྒྲའི་སྣང་བ་འདི་རང་གི་ཉེ་བར་ལེན་པ་ཙམ་ལ་རག་ལས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་མཐའ་དག་ལ་རྗེས་སུ་འབྲང་བ་དེས་ན་ཕྱི་རོལ་གྱི་སྣང་བ་ཉིད་དེ་མེད་ན་མི་འབྱུང་བ་ཡིན་གྱི་གང་འདི་སྒྲའི་རྣམ་པར་ཞེས་བྱ་བ་ཤེས་པའི་ཆོས་དེ་ནི་དེའི་
ཉེ་བར་སྦྱོར་བ་མེད་ཀྱང་ཉེ་བར་ལེན་པ་ཙམ་ལས་འབྱུང་བ་དེས་ན་ཁྱབ་པ་མ་གྲུབ་པ་ཡིན་ནོ་སྙམ་དུ་དོགས་པ་ལ། རིག་པའི་ཆོས་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་པ་སྟེ་ཤེས་པའི་ཆོས་སྒྲའི་རྣམ་པ་ཞེས་བྱ་བ་འདི་ཕྱི་རོལ་གྱིས་མ་བྱས་པ་མ་ཡིན་ཏེ། འོན་ཀྱང་འདི་ཕྱི་རོལ་གྱིས་
བྱས་པ་ཉིད་དུ་ཁས་བླང་བར་བྱའོ། །རེག་པ་ནི་རྒྱུའི་དངོས་པོར་འཛིན་པའོ། །དེ་གང་ལ་ཡོད་པ་དེ་ནི་རེག་པ་དང་ལྡན་པའོ། །རེག་པ་དང་ལྡན་པ་མེད་པ་ནི་རེག་པ་དང་མི་ལྡན་པའོ། །དོན་ལ་ཞེས་བྱ་བ་ནི་དོན་ལ་མ་རེག་པའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་གང་ལས་
ཤེ་ན། སྒྲའི་སྣང་བ་དེ་དོན་དག་ཏུ་ངེས་པར་སྦྱོར་བ་ནི་ངེས་པར་འབྲེལ་པར་བྱེད་ཅིང་དེར་གནས་པ་ཐོབ་པ་སྟེ་དེའི་རང་བཞིན་དུ་སྣང་བ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དབང་པོའི་རྣམ་པར་ཤེས་པ་ལ་སྣང་བའི་སྒྲའི་རྣམ་པ་ཕྱི་རོལ་གྱི་དོན་ཡིན་པར་རྟོགས་ཤིང་
ཕྱི་རོལ་ཉིད་དུ་ཞེན་པར་བྱས་པ་དེའི་ཕྱི་རོལ་གྱིས་བྱས་པར་ཁས་བླང་བར་བྱ་བ་ཡིན་ལ། འཛིན་པའི་རྣམ་པ་ནང་དུ་ཡོངས་སུ་གསལ་བ་ཕྱི་རོལ་ཉིད་དུ་ལྷག་པར་ཞེན་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱིས་མ་བྱས་པར་རིགས་པ་ཡིན་ནོ། །ཤེས་པའི་ཆོས་གང་ཞིག་ཕྱི་རོལ་གྱི་དོན་ཉིད་དུ་ཞེན་
པར་བྱས་པ་དེ་ནི་ཕྱི་རོལ་གྱིས་བྱས་པ་ཡིན་ཏེ། དཔེར་ན་སྔོན་པོའི་སྣང་བ་བཞིན་ནོ། །སྒྲའི་སྣང་བ་ཡང་དོན་ཉིད་དུ་ཞེན་པར་བྱས་པ་ཡིན་ནོ། །དེ་ག་ལས་ཞེས་དོགས་ན། ཕྱི་རོལ་ཉིད་དུ་ཞེན་པར་བྱས་པའི་རྣམ་པ་དེ་ལས་གཟུགས་ལ་སོགས་པའི་དོན་རྣམས་མི་རྟོགས་པར་ཐལ་བའི་
ཕྱིར་རོ། །འདི་སྐད་བཤད་པར་འགྱུར་བ་ཡིན་ཏེ། ཕྱི་རོལ་གྱི་རང་བཞིན་དུ་ལྷག་པར་ཞེན་པར་བྱས་པ་དབང་པོའི་ཤེས་པའི་སྣང་བ་ལས་ནི། གཞན་ཕྱི་རོལ་གྱི་དོན་རྟོགས་པར་བྱེད་པ་དེའི་ཕྱིར་འདི་ཕྱི་རོལ་གྱིས་བྱས་པ་ཡིན་པར་བལྟའོ། །གལ་ཏེ་ཕྱི་རོལ་དུ་ལྷག་པར་ཞེན་པར་བྱས་པ་
เล่ม ๑๘๘ · หน้า 44b
ཡང་སྒྲའི་སྣང་བ་ལས་ཕྱི་རོལ་གྱི་སྒྲ་མི་རྟོགས་ཤིང་རྣམ་པར་གཞག་པར་བྱ་བ་མ་ཡིན་པ་དེའི་ཕྱི་རོལ་གྱིས་བྱས་པར་མ་གྱུར་ན་ནི་སྔོན་པོ་ལ་སོགས་པའི་སྣང་བ་ལས་ཀྱང་སྤྱིར་རྣམ་པར་གཞག་པ་དང་། དེ་ལས་ཀྱང་ཕྱི་རོལ་གྱིས་བྱས་པ་ནི་འགྲུབ་པ་འབའ་ཞིག་གོ། །སྔོན་པོ་ལ་
སོགས་པ་ཡང་ཕྱི་རོལ་གྱིས་བྱས་པར་འདོད་པ་དེའི་ཕྱིར། ཇི་ལྟར་སྔོན་པོ་ལ་སོགས་པའི་སྣང་བ་དག་ལས་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་རྣམ་པར་གཞག་པར་བྱས་པ་ལས་སྣང་བ་དེ་དག་ཕྱི་རོལ་གྱིས་བྱས་པར་འདོད་པ་དེ་བཞིན་དུ། དབང་པོའི་ཤེས་པ་ལ་གནས་པའི་ཕྱི་རོལ་
གྱི་རང་བཞིན་དུ་ཞེན་པར་བྱས་པའི་སྒྲའི་སྣང་བ་ལས་སྒྲ་རྣམ་པར་གཞག་པར་བྱ་བ་ཡིན་ལ། དེ་ལས་ཀྱང་དེ་ཕྱི་རོལ་གྱིས་བྱས་པར་ཁས་བླང་བར་བྱ་བ་ཡིན་ཏེ། སྒྲའི་སྣང་བ་དེ་དང་སྔོན་པོ་ལ་སོགས་པའི་སྣང་བ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་སྨྲ་བ་རྣམས་ཀྱི་ཕྱི་
རོལ་དུ་ལྷག་པར་ཞེན་པར་བྱས་པའི་རྣམ་པ་ཕྱི་རོལ་རྣམ་པར་འཇོག་པའི་རྒྱུར་གྱུར་པའི་ཁྱབ་པར་བྱེད་པ་ནི་ཕྱི་རོལ་གྱིས་བྱས་པ་ཉིད་ཡིན་ནོ། །གཞན་དུ་ན་སྣང་བ་གང་ལས་ཀྱང་དོན་རྟོགས་པར་མི་འགྱུར་རོ། །རབ་རིབ་ཅན་ལ་སོགས་པའི་ཤེས་པའི་རྣམ་པ་ནི་ཕྱི་རོལ་དུ་ལྷག་པར་
ཞེན་པར་བྱས་པ་ཡིན་ཡང་སླུ་བའི་ཕྱིར་ཕྱི་རོལ་རྟོགས་པར་བྱེད་པ་མ་ཡིན་ལ། དེའི་ཕྱི་རོལ་གྱིས་མ་བྱས་པས་འཁྲུལ་པ་མེད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དོན་སྒྲའི་བདག་ཉིད་ཀྱང་མ་ཡིན་སྒྲའི་རྟེན་ཀྱང་མ་ཡིན་ལ། སྒྲའི་རྣམ་པ་འདི་ཡང་ཕྱི་རོལ་གྱི་སྒྲ་ལ་མི་ལྟོས་པ་ཉིད་
མ་ཡིན་པ་དེའི་ཕྱིར་འདི་ཉེ་བ་སྟེ། ཐག་ཉེ་བ་ཉིད་དུ་གྱུར་པས་ཤེས་པ་སྐྱེད་པ་ནའོ། །འདིས་ནི་ཤེས་པ་དོན་ཉེ་བ་ལ་ལྟོས་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་བརྗོད་པ་ཡིན་ནོ། །བདག་ཉིད་དུ་མ་གྱུར་པ་ནི་བདག་ཉིད་མ་ཡིན་པ་སྟེ་གཞན་ནོ། །དེ་མེད་ན་མི་འབྱུང་བ་ནི་བར་
ཆད་མེད་པའོ། །མེད་ན་མི་འབྱུང་བ་དེ་ལ་ཡོད་པ་ནི་མེད་ན་མི་འབྱུང་བ་སྟེ། བར་ཆད་མེད་པ་ཅན་ནོ། །གང་ཞིག་གང་ལ་མི་འཁྲུལ་པ་དེ་ནི་དེ་ལ་ཆོད་པ་མེད་པར་བརྗོད་པ་ཡིན་ནོ། །དེའི་བདག་ཉིད་མ་ཡིན་པ་མེད་ན་མི་འབྱུང་བ་ནི་གཞན་གྱི་འབྲས་བུ་ལ་བྱའོ། །གཞན་གྱི་འབྲས་བུའི་སྣང་
เล่ม ๑๘๘ · หน้า 45a
བ་དེ་མདུན་དུ་བྱེད་པ་སྟེ། གཞག་པར་འཐད་པ་མ་ཡིན་ཏེ། གཞན་གྱི་འབྲས་བུར་གྱུར་པའི་སྣང་བ་ནི་གཞན་ལས་སྐྱེ་བར་རིགས་པ་མ་ཡིན་པའི་ཕྱིར་རོ། །བྱེད་ན་ནི་འཇོག་པར་བྱེད་པ་མེད་པའི་ཕྱིར་སྣང་བ་མ་ལུས་པ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །
རོ་ལ་སོགས་པ་ཕན་ཚུན་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཕན་ཚུན་གྱི་སྣང་བ་མི་བྱེད་པ་དེ་བཞིན་ནོ། །དོན་གང་ཞིག་ཤེས་པའི་སྣང་བ་གང་གི་རྒྱུ་ཡིན་པ་དེ་ནི། དེ་ལ་དོན་གཞན་གྱི་འབྲས་བུར་གྱུར་པའི་སྣང་བ་མི་འཇོག་སྟེ། དཔེར་ན་ལྕེའི་རྣམ་པར་ཤེས་པའི་སྣང་བའི་རྒྱུར་གྱུར་པའི་རོ་
གཟུགས་ལ་སོགས་པའི་འབྲས་བུའི་སྣང་བ་མི་འཇོག་པ་བཞིན་ནོ། །དེ་བཞིན་དུ་གཟུང་བའི་དོན་ཐམས་ཅད་ཀྱང་དབང་པོའི་རྣམ་པར་ཤེས་པའི་སྣང་བའི་རྒྱུ་ཉིད་ཡིན་པ་དེས་ན་སྒྲའི་འབྲས་བུ་སྒྲའི་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་སྐྱེད་པར་བྱེད་པ་ཉིད་ལ་ནི་ཐ་དད་པར་
བྱེད་པས་ཁྱབ་སྟེ། རྒྱུ་ཐ་དད་ཀྱང་ཐ་དད་པ་མེད་པ་ཡིན་ན་ནི་སྣ་ཚོགས་ཀྱི་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ། །དེས་ན་ཕྱི་རོལ་སྣང་བའི་རྒྱུ་ཡིན་ན་ཐ་དད་པར་བྱེད་པ་ཡིན་པར་འགྱུར་ཏེ། གཞན་དུ་ན་སྣང་བ་ཕྱི་རོལ་གྱི་རྒྱུ་ཅན་དུ་མི་འགྱུར་ལ། ཕྱི་རོལ་ཡང་དེའི་རྒྱུར་མི་འགྱུར་རོ། །དེས་
ན་ཕྱི་རོལ་སྣང་བའི་རྒྱུ་ཉིད་ལ་ཐ་དད་པར་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དོན་གཞན་གྱི་འབྲས་བུའི་སྣང་བ་འཇོག་པར་བྱེད་ན་ནི་ཐ་དད་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་བ་དེས་ན་འགལ་བས་ཁྱབ་པ་དམིགས་པས་དོན་གཞན་གྱི་འབྲས་བུའི་སྣང་བ་འཇོག་པར་བྱེད་པ་འགོག་པའི་ཕྱིར་དོན་
ལ་ལྟོས་པའི་ཚད་མའོ། །ཤེས་པ་ལ་ལྟོས་ནས་ཀྱང་བསྟན་པའི་དོན་དུ་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཞེས་བྱ་བ་ནི་དོན་ཉེ་བ་དེའི་སྟོབས་ཀྱིས་འབྱུང་བ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །དོན་གཞན་གྱི་རྗེས་སུ་འབྲང་བར་ཏེ་རྗེས་སུ་འགྲོ་བར་རིགས་པ་མ་ཡིན་ཏེ་ཞེས་བྱ་
བ་ནི་བསྒྲུབ་པར་བྱ་བ་ངེས་པར་བསྟན་པའོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཆོས་ཅན་ནོ། །རོ་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་ལོ། །རྣམ་པར་ཤེས་པ་གང་ཞིག་སྣང་བའི་རྒྱུའི་དོན་ལས་སྐྱེས་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པའི་རྗེས་སུ་བྱེད་པ་མ་ཡིན་ཏེ། དཔེར་
เล่ม ๑๘๘ · หน้า 45b
ན་སྣང་བའི་རྒྱུ་རོ་ལས་སྐྱེས་པ་ལྕེའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་གཟུགས་ལ་སོགས་པའི་རྣམ་པའི་རྗེས་སུ་མི་བྱེད་པ་བཞིན་ནོ། །དེ་བཞིན་དུ་དབང་པོའི་རྣམ་པར་ཤེས་པའི་ཚོགས་ཀྱང་སྔོན་པོ་ལ་སོགས་པའི་སྣང་བའི་རྒྱུ་དག་གིས་བསྐྱེད་པ་ཡིན་ཏེ། དེས་ན་སྐྱེད་པར་བྱེད་
པ་མ་ཡིན་པ་སྒྲའི་རྣམ་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །སྔར་བཤད་པའི་རྣམ་པས་སོ་སོར་སྣང་བ་ནི་འཇོག་པར་བྱེད་པ་ཕྱི་རོལ་ཐ་དད་པའི་རྗེས་སུ་བྱེད་པ་ཉིད་ཀྱིས། དེས་བསྐྱེད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དོན་འདིས་ནི་སྣང་བའི་རྒྱུ་ཡིན་པ་ཉིད་ཀྱིས་ཤེས་པའི་རྒྱུར་
འགྱུར་གྱི། སྣང་བའི་རྒྱུ་ལས་གཞན་དུ་ནི་ཕྱི་རོལ་ཤེས་པའི་རྒྱུར་བརྟག་པར་ནུས་པ་མ་ཡིན་ནོ། །དེས་ན་ཕྱི་རོལ་སྣང་བའི་རྒྱུ་ལས་སྐྱེས་པའི་ཤེས་པ་ལ་སྣང་བ་ཕྱི་རོལ་གྱིས་བསྐྱེད་པར་བྱ་བ་ཉིད་ཀྱིས་ཁྱབ་སྟེ། གལ་ཏེ་དེ་ལ་རྣམ་པ་འགའ་ཞིག་གི་ཕྱི་རོལ་གྱིས་མ་བྱས་ན་ནི་ཁྱད་པར་མེད་
པའི་ཕྱིར་གཞན་ཡང་ཕྱི་རོལ་གྱིས་མ་བྱས་པར་འགྱུར་རོ། །དེས་ན་སྣང་བ་མ་ལུས་པ་ཕྱི་རོལ་གྱིས་བསྐྱེད་པར་བྱ་བ་ཉིད་ལ་ཉམས་པར་འགྱུར་རོ། །ཇི་སྟེ་དོན་གཞན་གྱིས་བསྐྱེད་པར་བྱ་བའི་རྣམ་པར་འཇོག་པ་དེ་ལྟར་ན་འཇོག་པར་བྱེད་པ་ཐ་དད་པ་ནི་སྣང་བ་ཐ་དད་པ་བྱེད་པ་པོ་མ་ཡིན་པ་དེས་ན་
ཕྱི་རོལ་གྱིས་བསྐྱེད་པར་བྱ་བ་ཉིད་བཏང་བ་ཡིན་ལ། དེ་ལྟ་ན་ཡང་ཤེས་པ་ལ་སྣང་བའི་རྒྱུ་ལས་སྐྱེས་པར་མི་འགྱུར་བའི་ཕྱིར། ཁྱབ་པར་བྱེད་པ་མི་དམིགས་པས་གཏན་ཚིགས་སྐྱེད་པར་བྱེད་པ་མ་ཡིན་པའི་རྣམ་པར་འཛིན་པ་ལས་ལྡོག་པ་ན། སྐྱེད་པར་བྱེད་པ་ཙམ་སྣང་བས་ཁྱབ་ལ། སྐྱེད་
པར་བྱེད་པ་མ་ཡིན་པའི་རྣམ་པའི་རྗེས་སུ་བྱེད་པ་ཡང་དེ་དང་འགལ་བ་ཡིན་ཏེ། དེས་ན་ཤེས་པ་ལ་ལྟོས་ནས་ཀྱང་འགལ་བས་ཁྱབ་པ་དམིགས་པ་ཉིད་དོ། །ཕྱི་རོལ་སྣང་བའི་རྒྱུ་སྐྱེད་པར་བྱེད་པ་ཉིད་དང་། དབང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་ཡང་ཕྱི་རོལ་གྱི་དོན་དུ་སྨྲ་བ་
རྣམས་ལ་གྲུབ་པའི་ཕྱིར་གཏན་ཚིགས་གཉི་ག་ཡང་མ་གྲུབ་པ་ཡིན་ནོ། །དེ་ལྟར་ན་གང་གི་ཕྱིར་སྒྲ་དོན་གྱི་བདག་ཉིད་དམ་དོན་གྱི་ཡུལ་ན་ཡོད་པ་མ་ཡིན་པ་དེས་ན་སྐྱེད་པར་བྱེད་པ་ཉིད་མེད་པའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་དེའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཅི་སྟེ་སྒྲ་དོན་གྱི་བདག་ཉིད་དམ་
เล่ม ๑๘๘ · หน้า 46a
དོན་གྱི་ཡུལ་ན་ཡོད་པ་ཡིན་ནོ་ཞེ་ན། དེ་དེའི་བདག་ཉིད་ཡིན་དུ་ཆུག་ཀྱང་སྟེ། སྐབས་ཀྱིས་དེའི་ཡུལ་ན་གནས་པ་ཡང་བལྟ་བར་བྱའོ། །གལ་ཏེ་སྒྲ་དོན་གང་ལས་དབང་པོའི་རྣམ་པར་ཤེས་པ་སྐྱེས་པའི་དོན་དེའི་བདག་ཉིད་གང་ཡིན་པ་དེ་ནི་དེའི་བདག་ཉིད་དོ། །
དེའི་བདག་ཉིད་དམ་དེའི་ཡུལ་ན་གནས་པ་ཡིན་པ་དེ་ལྟ་ན་ཡང་དེའི་སྣང་བའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ག་ལས་ཤེ་ན། སྨྲས་པ། སྒྲས་ནི་སྒྲ་འཛིན་པའི་དབང་པོ་ལས་གཞན་དུ་གྱུར་པའི་དབང་པོའི་ཤེས་པ་སྐྱེད་པར་མི་ནུས་པའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ།
གྲངས་ཅན་རྣམས་ཀྱི་སྣ་ཚོགས་དེ་ཙམ་ལྔ་བཀོད་པའི་གནས་པའི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་སྒྲའི་རྣམ་པར་འགྱུར་བ་ནི་ཉན་པའི་འཇུག་པ་ཉིད་ཀྱི་ཡུལ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་བརྡ་སྤྲོད་པ་རྣམས་ཀྱི་དོན་སྒྲའི་རྣམ་པར་འགྱུར་བ་ཉིད་ཡིན་པ་དེ་ལྟ་ན་ཡང་སྒྲར་རྣམ་པར་གྱུར་པ་ནི་ཉན་
པའི་དབང་པོའི་རྣམ་པར་ཤེས་པའི་རྣམ་པར་གྱུར་པ་ཉིད་ཀྱི་ཡུལ་ཡིན་གྱི་གཞན་གྱི་མ་ཡིན་ནོ། །དེའི་ཡུལ་ན་ཡོད་པ་ཉིད་ཡིན་ཡང་། རང་གི་དབང་པོའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་དེ་ཉིད་ཀྱིས་སྐྱེད་པར་བྱེད་པ་ཡིན་ནོ། །ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ་ཞེས་བྱ་བ་ལ་
གང་ཡང་རུང་བ་གཅིག་ཉིད་ཀྱིས་དོན་ཐམས་ཅད་འཛིན་པའི་ཕྱིར་རྒོལ་བ་ཐམས་ཅད་ཀྱིས་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་ནས་དབང་པོ་ལྔར་བརྟག་པར་བྱས་པ་གང་ཡིན་པ་དེ་དོར་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ཧ་ཅང་ཐལ་བའོ། །གང་གི་ཕྱིར་ཧ་ཅང་ཐལ་བ་དེའི་ཕྱིར་ནུས་པ་མ་ཡིན་
ནོ། །རང་གི་སྒྲ་ནི་ནུས་པ་མེད་པ་དེའི་ཕྱིར་འཛིན་པ་མ་ཡིན་ལ། ཧ་ཅང་ཐལ་བའི་ཕྱིར་ཡང་ནུས་པ་མེད་པ་ཡིན་ནོ་ཞེས་ནུས་པ་མེད་པ་སྒྲུབ་པའི་གཏན་ཚིགས་གཞན་བསྡུ་བའི་དོན་ཏོ། །གལ་ཏེ་རྣ་བའི་དབང་པོའི་རྣམ་པར་ཤེས་པ་སྒྲའི་ནུས་པ་ལས་སྐྱེས་པ་ལ་སྒྲའི་སྣང་བ་ཡོད་པ་མ་
ཡིན་ནམ། དེ་ནས་དབང་པོའི་རྣམ་པར་ཤེས་པ་དོན་གྱི་ནུས་པ་ལས་སྐྱེས་པའི་ཕྱིར་སྒྲ་སྣང་བ་མ་ཡིན་ལ། དེས་ན་རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེས་ཅིའི་ཕྱིར་སྨྲ་ཞེ་ན། བདེན་ཏེ། དེ་ལྟ་ན་ཡང་། སྒྲ་ཅི་འདྲ་བ་ཞིག་བཟུང་བས་རྣམ་པར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བ་དེ་
เล่ม ๑๘๘ · หน้า 46b
འདྲ་བ་ནི་ཉན་པའི་རྣམ་པར་ཤེས་པས་མ་བཟུང་ལ། དེ་འདྲ་བས་བསྐྱེད་པ་ཡང་མ་ཡིན་ནོ། །བརྗོད་པར་བྱ་བ་དང་འབྲེལ་པའི་སྒྲ་གཟུང་བ་ན་འཛིན་པར་བྱེད་པ་རྣམ་པར་རྟོག་པ་དང་བཅས་པར་འགྱུར་ཏེ། དོན་འགའ་ཞིག་དོན་གཞན་དང་སྦྲེལ་བའི་རྣམ་པར་སྐྱེས་པ་ནི་སྦྱོར་བར་བྱེད་པ་ཡིན་
པས་རྣམ་པར་རྟོག་པ་ཅན་དུ་བརྗོད་པའི་ཕྱིར་རོ། །དེས་ན་ཕན་ཚུན་འབྲེལ་པའི་དོན་འཛིན་པ་ཉིད་རྣམ་པར་རྟོག་པ་ཅན་ཡིན་ནོ། །གཅིག་གིས་དུ་མ་འཛིན་པ་ཙམ་ནི་འབྲེལ་པ་ཉིད་དུ་འཛིན་པ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་ཤེས་པ་གཅིག་ལ་སྣང་ཡང་སྦྱར་ནས་འཛིན་པ་མ་
ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱད་པར་དུ་བྱ་བ་དང་ཁྱད་པར་དུ་བྱེད་པའི་དངོས་པོར་འཛིན་པ་ནི་སྦྱར་ནས་འཛིན་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་ཐམས་ཅད་བདག་ཉིད་དོན་གཞན་དང་སྦྱར་ནས་མི་འཛིན་པའི་ཕྱིར་བདག་ཉིད་ལ་རྟོག་པ་མེད་པ་ཡིན་ནོ། །དོན་ལ་འགའ་ཞིག་
སྦྱར་ནས་འཛིན་པ་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ལ། གཞན་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་གང་ཞིག་སྒྲ་ལས་དོན་དང་སྦྱར་ནས་རྗོད་པར་བྱེད་པ་ཉིད་དུ་འཛིན་པ་དེ་ཉིད་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ། །དོན་དང་འབྲེལ་པའི་སྒྲ་ཡང་བརྡ་
དང་ལྡན་པ་ཉིད་ཡིན་ཏེ། དེས་ན་བརྡའི་དུས་སུ་མཐོང་བ་དེ་ཉིད་ནི་འདི་ཉིད་ཡིན་ནོ་ཞེས་སྔོན་མཐོང་བ་ཉིད་དུ་གཟུང་བ་ན་སྒྲ་དོན་དང་འབྲེལ་པར་གཟུང་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྔོན་མཐོང་བ་ཡང་སྔོན་སྐྱེས་པའི་ཤེས་པའི་ཡུལ་ཉིད་ཡིན་ལ། དེ་ཡང་སྔོན་གྱི་ཤེས་པ་དང་ལྷན་ཅིག་
ཏུ་འདས་པ་ཡིན་ཏེ། ཕྱིས་ནི་ཡོད་པ་མ་ཡིན་ནོ། །རང་བཞིན་ཡོད་པའི་སྒྲ་ནི་སྐྱེད་པར་བྱེད་པ་ཡིན་ལ། མངོན་སུམ་ཡང་རང་བཞིན་ཡོད་པའི་ཡུལ་ཅན་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ནི་རྗོད་པར་བྱེད་པ་བརྡའི་ཡུལ་ཉིད་ཀྱིས་བསྐྱེད་པ་མ་ཡིན་ལ། དེ་སྣང་བ་ཡང་མ་ཡིན་པའི་ཕྱིར།
རྣ་བའི་རྣམ་པར་ཤེས་པ་ནི་དོན་གྱི་མཐུས་བསྐྱེད་པ་དང་དོན་ཙམ་སྣང་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པའི་ཤེས་པ་ལ་སྒྲ་དོན་དུ་མ་སྣང་དུ་ཟིན་ཀྱང་རྣམ་པར་རྟོག་པ་མེད་པ་ཉིད་དེ། རྗོད་པར་བྱེད་པ་སྔོན་གྱི་ཤེས་པའི་ཡུལ་ཉིད་ཀྱིས་མ་བསྐྱེད་ཅིང་དེ་སྣང་བ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་
เล่ม ๑๘๘ · หน้า 47a
ནི་དེའི་ཚེ་འདས་པས་མེད་པའི་ཕྱིར་རོ། །དེས་ན་གལ་ཏེ་སྒྲ་རང་གི་མཚན་ཉིད་རྗོད་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་། རྗོད་པར་བྱེད་པའི་ཚུལ་གྱིས་འགའ་ཞིག་གིས་སྐྱེད་པར་བྱེད་པའམ་གཟུང་བར་བྱ་བ་ཆ་ཡིན་ནོ། །དེའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་དང་།
རྣལ་འབྱོར་པའི་ཤེས་པ་དང་། ཡིད་ཀྱི་ཤེས་པའི་མངོན་སུམ་ཐམས་ཅད་སྒྲ་འཛིན་པར་བྱེད་པ་ཡིན་ཡང་སྔོན་གྱི་ཤེས་པར་ཡུལ་རྗོད་པར་བྱེད་པའི་ཚུལ་གྱིས་བསྐྱེད་པ་མ་ཡིན་ལ། དེའི་རྣམ་པ་དང་ལྡན་པ་ཡང་མ་ཡིན་ཏེ། དེས་ན་དོན་གྱི་མཐུ་ལས་སྐྱེས་པ་དང་དེ་ཙམ་སྣང་བར་བརྗོད་པ་
ཡིན་ནོ། །དེས་ན་སྒྲ་ལ་རག་མ་ལས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །དབང་པོ་ལས་སྐྱེས་པའི་མངོན་སུམ་དོན་གཞན་གྱི་ཡུལ་ཅན་ནི་ཐམས་ཅད་དུ་སྒྲའི་སྐྱེད་བྱེད་དང་། གཟུང་བ་ཅན་མ་ཡིན་ཏེ། དེས་ན་རྟོག་པ་མེད་པ་ཉིད་ཡིན་ནོ། །དེའི་ཕྱིར་སྒྲའི་རྣམ་པ་ཅན་དང་མངོན་སུམ་
གཞན་རྣམ་པར་རྟོག་པའི་རྒྱུ་རྗོད་པར་བྱེད་པའི་རང་བཞིན་གྱིས་མ་བསྐྱེད་པ་དང་། དེ་སྣང་བ་མེད་པར་ཁྱད་པར་མེད་དོ། །འདིར་ནི་གང་གི་ཕྱིར་ཐ་སྙད་འདོགས་པ་པོ་སྣང་བ་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་སྒྲ་རང་གི་མཚན་ཉིད་ཁོ་ན་རྗོད་པར་བྱེད་པར་ལྷག་པར་ཞེན་
པ་དེའི་ཕྱིར་རང་གི་མཚན་ཉིད་ཁོ་ན་རྗོད་པར་བྱེད་པར་ཁས་བླངས་ནས། དེའི་རྣམ་པ་དང་བྲལ་བས་མངོན་སུམ་རྣམ་པར་རྟོག་པ་མེད་པར་བསྒྲུབས་པ་ཡིན་ནོ། །གང་དག་རྗོད་པར་བྱེད་པ་ནི་སྒྲའི་སྤྱི་ཡིན་ལ། དེ་ཡང་དབང་པོའི་ཤེས་པ་ལ་མི་སྣང་བ་ཡིན་པར་སྣང་བ་དེ་དག་གི་ལྟར་ན་དབང་པོའི་
བྱེད་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་དེ་དང་རྟོག་པ་མེད་པར་བསྒྲུབས་པའི་སྐབས་འདི་ཁྱད་པར་མེད་པར་བརྗོད་པ་ཡིན་ཏེ། ཡུལ་བརྗོད་པའི་སྒོ་ནས་དེ་རྟོག་པ་མེད་པ་གྲུབ་པའི་ཕྱིར་རོ། །གཞན་ཡང་འདིར་ཡི་གེ་ལ་དེ་ལྟ་བུའི་དོན་མེད་པས་ཡི་གེའི་དོན་དུ་མི་སྣང་བར་བཤད་པར་འགྱུར་
རོ། །གལ་ཏེ་སྣང་བའི་རྒྱུ་དོན་ལས་སྐྱེས་པ་གང་ཡིན་པ་དེ་སྣང་བ་ངེས་པའི་ཕྱིར་རྟོག་པ་མེད་པ་ཡིན་ན། འོ་ན་གཞན་གང་ཞིག་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བ་སྣང་བ་ངེས་པ་མེད་པའི་རྣམ་པར་ཤེས་པ་གང་ཡིན་ཞེ་ན། རྣམ་པར་རྟོག་པ་ཅན་ཞེས་སྨོས་སོ། །ནིའི་སྒྲ་ནི་ཡིད་ཀྱི་
เล่ม ๑๘๘ · หน้า 47b
རྣམ་པར་ཤེས་པ་མངོན་སུམ་ལས་ཁྱད་པར་དུ་བསྟན་པའི་དོན་ཏོ། །ཁྱད་པར་དེ་ཉིད་བསྟན་པའི་དོན་དུ་བཤད་པ་དོན་གྱི་ནུས་པ་ནི་མཐུའོ། །དེ་ཉེ་བ་ནི་བྱེད་པ་དང་བཅས་པའོ། །དེ་ལ་མི་ལྟོས་པ་ནི་དེ་ལ་ལྟོས་པ་མེད་པ་སྟེ། ཇི་ལྟར་དབང་པོའི་ཤེས་པ་བཞིན་དུ་སྣང་བ་དོན་ལ་རག་ལས་པ་
མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེས་ན་སྣང་བ་དོན་ལ་རག་མ་ལས་པ་ཡིན་པའི་ཕྱིར་དབང་པོའི་དོན་ཡང་དེ་ཡིན་ལ་མ་ངེས་པ་ཡང་ཡིན་པ་དེ་འཛིན་པ་སྟེ་སྣང་བ་ངེས་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་བ་དང་རྣམ་པར་བརྟག་པའི་དོན་དག་གཅིག་ཏུ་བྱས་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་
པ་ལ་དབང་པོའི་དོན་འཛིན་པར་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདིར་རང་གི་མཚན་ཉིད་ཁོ་ན་རྗོད་པར་བྱེད་པར་བཟུང་ནས་རྟོག་པ་མེད་པར་སྒྲུབ་པར་འདོད་དོ་ཞེས་ཁོང་དུ་ཆུད་པ་ཡིན་ནོ། །སྣང་བ་ངེས་པ་མེད་པ་ཉིད་ཀྱི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་དངོས་པོ་ལ་སྔོན་གྱི་ཤེས་པའི་ཡུལ་དུ་
གྱུར་པ་ཉིད་དུ་འཛིན་པར་བྱེད་དེ། སྔོན་མཐོང་བ་གང་ཡིན་པ་དེ་ཉིད་ནི་དེ་ཡིན་ནོ་ཞེས་གཅིག་ཏུ་བྱས་ནས་འཇུག་པའི་ཕྱིར་རོ། །དེ་ཉིད་སྨྲས་པ་ནི་རྣམ་པར་རྟོག་པ་ཅན་ཞེས་བྱ་བ་ཡིན་ནོ། །རྣམ་པར་རྟོག་པ་ནི་འདི་ཉིད་དེ། འདི་ལྟ་སྟེ་སྔ་མ་དང་ཕྱི་མ་མཐོང་བའི་དོན་དག་གཅིག་ཏུ་བྱེད་པའོ་ཞེས་
བརྡ་དྲན་པའི་ཐབས་ཀྱིས་སུ་ཞེས་བྱ་བ་འདིའི་ནང་དུ་འཆད་པར་འགྱུར་རོ། །འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་དེ་གང་ལས་སྐྱེ་ཞེ་ན། སྨྲས་པ། རྣམ་པར་རྟོག་པས་རིགས་མཐུན་པའི་རྣམ་པར་རྟོག་པ་སྐྱེད་པའི་ནུས་པ་རྒྱུན་ལས་གཞག་པ་གང་ཡིན་པ་དེ་ནི་བག་ཆགས་སོ། །དེས་ཀུན་ནས་
བསླང་བ་ནི་བསྐྱེད་པ་སྟེ། འདིས་ནི་རྣམ་པར་རྟོག་པའི་ལོག་པར་འཛིན་པའི་རྒྱུ་བརྗོད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ལོག་པར་འཛིན་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ན། དེ་ལྟ་ན་འོ་ན་དེ་ལ་དོན་གྱི་རྣམ་པ་སྣང་བ་དེ་ག་ལས་ཤེ་ན། ཉམས་སུ་མྱོང་བ་དང་འབྲེལ་པ་ལས་ཞེས་བྱ་
བ་སྨོས་སོ། །དོན་དེ་དང་དེ་ཉམས་སུ་མྱོང་བ་ལས་དོན་དེ་དང་དེའི་རྣམ་པར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡིན་ནོ། །གལ་ཏེ་དེ་ལྟ་ན་དོན་ངེས་པ་མེད་པར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལོག་པར་གོམས་པ་དང་། ཉམས་སུ་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པ་དེའི་ཚེ་ཐམས་ཅད་ལ་དོན་
เล่ม ๑๘๘ · หน้า 48a
ཐམས་ཅད་སྣང་བར་འགྱུར་ཏེ། དོན་ཐམས་ཅད་ཉམས་སུ་མྱོང་བའི་བག་ཆགས་དང་ལོག་པའི་བག་ཆགས་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེས་དོགས་པ་ལ། འགའ་ཞིག་དང་ཞེས་སྨོས་སོ། །འདིར་ཡང་ཉམས་སུ་མྱོང་བ་དང་འབྲེལ་པ་ལས་ཞེས་དེ་ལྟར་སྦྲེལ་བར་བྱའོ། །སྔར་
ནི་ཉམས་སུ་མྱོང་བ་ཙམ་ལས་སྣང་བ་བསྐྱེད་པར་བརྗོད་པ་ཡིན་ལ། དེ་ལྟར་ནི་ཁྱད་པར་འགའ་ཞིག་གིས་ཁྱད་པར་དུ་བྱས་པ་ལས་བརྗོད་པ་ཡིན་ནོ། །དེ་སྨྲས་པ་ནི་ལྷན་ཅིག་གམ་སོ་སོར་འཛིན་པར་བྱེད་དོ་ཞེས་བྱ་བའོ། །དོན་འབྲེལ་པ་ཉམས་སུ་མྱོང་བ་ལ་ནི་འབྲེལ་པར་དྲན་ཞིང་གཞན་དུ་
མྱོང་ན་ནི་གཞན་དུ་སྟེ། དེས་ན་ཉམས་སུ་མྱོང་བའི་ཁྱད་པར་ལས་ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་ཉིད་འགའ་ཞིག་ལྟར་འགྱུར་བ་ཡིན་ནོ། །འདི་ལྟར་སྒྲ་དང་དོན་དག་ལྷན་ཅིག་རྒྱུ་བ་གོམས་པ་ནི་ལྷན་ཅིག་ཏུ་འཛིན་ལ། ལྷན་ཅིག་རྒྱུ་བར་མ་གོམས་པ་ནི་སོ་སོར་འཛིན་ཏོ། །དམན་པ་
ལ་སོགས་པའི་ཁྱད་པར་གྱིས་བར་དུ་གཅོད་པའི་ཉམས་སུ་མྱོང་བ་ལ་ཡང་སོ་སོ་ཉིད་དུ་འཛིན་ཏེ། བག་ཆགས་སད་པའི་རྐྱེན་མ་ཚང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་དོན་ལ་མི་ལྟོས་པའི་ཕྱིར་དོན་ངེས་པ་མེད་པར་སྣང་བས་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ཉིད་བརྗོད་པ་དང་འདྲེ་བ་ཡིན་གྱི་
དབང་པོའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྒྲ་དང་འབྲེལ་པའི་སྣང་བ་དོན་གཞན་གྱིས་བཞག་པ་ཡིན་ན་ནི་ཕྱི་རོལ་ཐ་དད་པར་བྱེད་པ་མ་ཡིན་པའི་ཕྱིར་སྣང་བ་ཐམས་ཅད་ཀྱི་ཕྱི་རོལ་གྱིས་བྱས་པ་མ་ཡིན་པར་འགྱུར་ན་སྒྲའི་སྣང་བ་ནི་རྣམ་པ་གཉིས་ཏེ། རང་གི་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པ་ཅན་ཉན་པའི་རྣམ་པར་ཤེས་པ་དང་། སྤྱིའི་རྣམ་པ་ཅན་གང་ཡིན་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པས་གང་རྟོགས་པ་ཡིན་ནོ། །དེ་ལ་སྤྱིའི་རྣམ་པ་སྒྲ་ལ་མི་ལྟོས་པས་དབང་པོའི་ཤེས་པ་ལ་གནོད་པ་ཅི་ཡོད། དོན་གྱིས་བྱས་པ་དོན་ལ་མི་ལྟོས་པ་ཉིད་ན་སྐྱོན་དུ་འགྱུར་ན།
འདི་ནི་དོན་གྱིས་བྱས་པ་ཡང་མ་ཡིན། སྒྲ་ནི་དེ་ཉིད་ཀྱི་ངོ་བོས་རྗོད་པར་བྱེད་པ་ཡིན། ཁྱོད་ཀྱིས་ནི་སྒྲ་རང་གི་མཚན་ཉིད་རྗོད་པར་བྱེད་པར་བརྟགས་ནས་དབང་པོའི་རྣམ་པར་ཤེས་པ་གཞན་ལ་དེ་སྣང་བ་མི་འཐད་པར་བརྗོད་དོ། །དེས་ན་དབང་པོའི་རྣམ་པར་ཤེས་པ་དོན་གྱི་ནུས་པས་བསྐྱེད་པ་ཡང་ཡིན་
เล่ม ๑๘๘ · หน้า 48b
ལ། གང་ལས་རྣམ་པར་རྟོག་པ་དང་བཅས་པར་འགྱུར་བ་སྒྲའི་རྣམ་པ་ཅན་དུ་ཡང་འགྱུར་རོ་ཞེས་དོགས་པ་ལ། སྒྲའི་སྤྱིའི་རྣམ་པ་ཅན་ཉིད་ལ་དོན་གྱི་ནུས་པས་བསྐྱེད་པ་ཉིད་མི་འཐད་པ་རྣམ་པ་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར། དོན་ནི་ཉེ་བར་སྦྱོར་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
ཚིག་ལེའུར་བྱས་པ་གཉིས་པོ་འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་དབང་པོའི་རྣམ་པར་ཤེས་པ་སྒྲའི་སྤྱིའི་རྣམ་པ་ཅན་དུ་འགྱུར་ན་ཡང་དོན་གྱི་མཐུས་བསྐྱེད་པར་མི་འགྱུར་ཏེ། དོན་དྲན་པ་བསྐྱེད་པས་བར་ཆད་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །སྔར་ཐ་དད་པར་བྱེད་པ་མ་ཡིན་པར་ཐལ་བར་འགྱུར་བའི་
ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པར་བརྗོད་པ་གང་ཡིན་པ་དེ་ནི་སྤྱིའི་རྣམ་པར་འཛིན་པ་ལ་ཡང་ཁྱད་པར་མེད་པར་བལྟ་བར་བྱ་ལ། འདི་ཡང་སྐྱོན་ལྷག་པ་གཞན་ཡིན་ནོ། །དོན་དབང་པོའི་རྣམ་པར་ཤེས་པ་བསྐྱེད་པ་ལ་ཉེ་བར་སྦྱོར་བ་ནའང་སྟེ། བྱེད་པ་དང་ལྡན་པར་ཁས་བླངས་པ་ན། གཞན་ཡང་
སྟེ་ཡང་ལྷག་པར་དྲན་པ་ཞེས་བྱ་བ་བརྡའི་དུས་ན་ཡོད་པའི་སྒྲ་སྦྱར་བ་དྲན་པའི་རང་བཞིན་ལའོ། །གལ་ཏེ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་ལྟོས་ན་ཞེས་ཁས་བླང་བ་སྟོན་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཅི་དེ་ལྟར་ལྟོས་པར་ཁས་ལེན་ནམ་ཞེས་འདྲི་བ་ནི་ལྟོས་ན་ཞེས་བྱ་བ་ཡིན་ནོ། །ཅི་ཞིག་དེ་ལྟར་ལྟོས་
པར་ཁས་བླངས་ཤེ་ན། དབང་པོའི་བློ་སྟེ་དབང་པོའི་རྣམ་པར་ཤེས་པའོ། །དེ་ལྟར་ཁས་བླངས་པ་ལ་སྐྱོན་ཅི་ཡོད་ཅེ་ན། བཤད་པ། སྐྱེད་པར་བྱེད་པ་ཉིད་དུ་འདོད་པའི་དོན་དེ་ཆོད་པ་སྟེ། འབྲས་བུ་དབང་པོའི་རྣམ་པར་ཤེས་པ་ལ་དྲན་པས་ཆོད་པར་འགྱུར་ཏེ། དྲན་པ་ཉིད་ལ་ཉེ་བར་སྦྱོར་བའི་ཕྱིར་
དངོས་སུ་སྐྱེད་པར་བྱེད་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་སྙམ་དུ་དབང་པོའི་ཤེས་པ་སྤྱིའི་རྣམ་པ་དང་ལྡན་དུ་ཆུག་པ་དེ་ལྟ་ན་ཡང་སྒྲ་དྲན་པ་ལ་ལྟོས་པར་ཅི་ལྟར་འགྱུར་སྙམ་ན། བརྡའི་དུས་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བརྡའི་སྟེ་སྒྲ་རྗོད་པར་བྱེད་པ་ཉིད་དུ་སྦྱོར་བ་དེའི་དུས་
སུ་དོན་གང་ལ་དེ་བརྡ་སྦྱར་བ་དེ་ལ་གོམས་པ་སྟེ་འདྲིས་པར་བྱས་པའོ། །རྗོད་པ་ཡང་དེ་ཡིན་ལ་སྤྱི་ཡང་དེ་ཡིན་པས་བརྗོད་པའི་སྤྱི་སྟེ། དེ་མ་དྲན་བར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། སྒྲ་ནི་སྤྱིའི་ངོ་བོ་ཉིད་ཀྱིས་རྗོད་པར་བྱེད་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་མ་དྲན་པའི་སྐྱེས་བུ་ནི་དོན་
เล่ม ๑๘๘ · หน้า 49a
ལ་དེ་སྦྱོར་མི་སྲིད་དེ། དྲན་པ་ཉིད་ཀྱིས་དོན་ཁྱད་པར་ཅན་དུ་འཛིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །སྒྲ་གཞན་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྒྲ་གཞན་ལ་བརྡའི་དུས་ན་གོམས་པའི་སྤྱིའི་གནས་པ་གང་ཡིན་པ་དེ་མི་དྲན་པར་ནི་སྦྱོར་བར་མི་སྲིད་པ་དེ་བཞིན་དུ་འདི་ལ་ཡང་ངོ་ཞེས་བྱ་བ་
ཡིན་ནོ། །སྒྲ་གཞན་ཞེས་པ་འདི་ནི་སྤྱིའི་དབང་དུ་བྱས་པའི་བདུན་པའོ། །འདི་སྐད་དུ་བརྗོད་པར་འགྱུར་ཏེ། བརྡ་དང་ལྡན་པའི་སྒྲ་ཉིད་ཀྱིས་འགའ་ཞིག་ཁྱད་པར་ཅན་དུ་འཛིན་གྱི་དངོས་པོ་ལ་ནི་མ་ཡིན་ནོ། །དེས་ན་བརྡའི་དུས་ན་གོམས་པ་ཉིད་དང་། དྲན་པ་ནི་ཁྱབ་པར་བྱེད་པ་ཡིན་ལ། དོན་
ལ་སྒྲ་ཁྱད་པར་ཅན་དུ་འཛིན་པ་ནི་ཁྱབ་པར་བྱ་བ་ཡིན་ནོ། །འདི་ལྟར་བརྡ་དང་འབྲེལ་པ་མེད་ན་ནི་སྒྲས་ཁྱད་པར་དུ་བྱས་པའི་དོན་འཛིན་པ་མ་ཡིན་ནོ། །གཞན་དུ་ན་བརྡ་རིག་པ་དང་གཞན་ཐམས་ཅད་སྒྲ་ཐམས་ཅད་ཀྱིས་དོན་ཐམས་ཅད་ཁྱད་པར་ཅན་དུ་འཛིན་པར་འགྱུར་ན་འཛིན་པ་ཡང་མ་ཡིན་ནོ། །
དེས་ན་ལྡོག་པ་དང་རྗེས་སུ་འགྲོ་བ་དག་ལས་ངེས་པ་དང་ལྡན་པ་ཉིད་ཀྱིས་ཁྱད་པར་ཅན་དུ་འཛིན་པ་ལ་ནི་བརྡ་གོམས་པ་དང་དྲན་པ་དག་གིས་ཁྱབ་པ་ཡིན་ཏེ། ཁྱབ་པར་བྱེད་པ་མེད་པ་ན་ཁྱབ་པར་བྱ་བ་ལྡོག་པ་ཡང་སྒྲ་གཞན་ལ་མཐོང་བའི་ཕྱིར་རོ། །ཁྱད་པར་ཅན་དུ་འཛིན་པ་དང་བརྡ་གོམས་པ་
དང་དྲན་པའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཀྱང་དངོས་པོ་མ་ཡིན་པའི་ཕྱིར་གྲགས་པས་བྱས་པ་ཡིན་པར་བསྟན་པའི་དོན་དུ་སྒྲ་གཞན་ནོ་ཞེས་བྱ་བ་སྨོས་སོ། །འདི་སྙམ་དུ་གལ་ཏེ་དྲན་པ་ཉིད་ཀྱིས་ཁྱད་པར་ཅན་དུ་འཛིན་པ་དེ་ལྟར་ན་ཡང་དོན་ཆོད་པར་ནི་མི་འགྱུར་རོ་སྙམ་ན། དོན་
ཞེས་བྱ་བ་སྨོས་ཏེ། དོན་དེ་སྟེ་ཡུལ་གྱི་ཉེ་བར་སྦྱོར་བ་རུང་བའི་ཡུལ་ན་གནས་པ་སྟེ། གང་དུ་གནས་པས་དབང་པོའི་ཤེས་པ་སྐྱེད་པར་བྱེད་པའོ། །དེས་བྱས་པའི་ནང་གི་དངོས་པོ་ནི་ནང་གི་རྣམ་པར་འགྱུར་བ་སྟེ། སྒྲ་དྲན་པའི་བག་ཆགས་སད་པ་དེ་ལ་མེད་ནའོ། །སྒྲ་ཉིད་དེ་ལས་གཞན་པ་ལས་
བྱེ་བྲག་ཏུ་གྱུར་པ་ཡིན་པས་ན་ཁྱད་པར་ཏེ། ཁྱད་པར་ཅན་གྱི་རྗོད་པར་བྱེད་པའི་སྒྲ་དེ་ལ་དྲན་པར་མི་རིགས་སོ། །ངེས་པ་ཉིད་དུ་ཞེས་དགོངས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། རྟག་ཏུ་སྐྱེ་བར་ཐལ་བའི་ཕྱིར་དྲན་པ་དེ་ཉིད་མེད་པ་ཅན་ནི་མ་ཡིན་ནོ། །རྒྱུ་དེ་ཡང་དོན་ལས་གཞན་ཡིན་ན་ནི་ངེས་པ་
เล่ม ๑๘๘ · หน้า 49b
འགར་ཡང་མི་འགྱུར་ལ། རུང་བ་མ་ཡིན་པའི་ཡུལ་ན་གནས་པའི་དོན་ཀྱང་རྒྱུ་མ་ཡིན་ཏེ། རྟག་ཏུ་དྲན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་དྲན་པའི་ནུས་པ་སད་པའི་རྒྱུ་ནི་རུང་བའི་ཡུལ་ན་གནས་པ་ཉིད་ཡིན་ནོ། །ཡང་གི་སྒྲས་ནི་སྒྲའི་སྤྱི་དྲན་པ་དང་། རུང་བའི་ཡུལ་ན་གནས་པའི་དོན་གྱིས་
བྱས་པ་འདི་གཉི་ག་ལ་གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པར་བྱེད་དོ། །དེས་བྱས་པ་ཉིད་ལ་གདོན་མི་ཟ་བར་ལྟོས་པ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེ་དེས་བྱས་པ་མ་ཡིན་ན་ཞེས་བྱ་བ་གསུངས་ཏེ། དོན་གཞན་གང་ཡང་རུང་བ་འགའ་ཞིག་གིས་དྲན་པ་ཡིན་ན་ནི་མཐོང་
བའི་དོན་གྱི་མིང་གང་ཡིན་པ་དེ་ངེས་པ་ཉིད་དུ་འཛིན་པར་མི་འགྱུར་ཏེ། མ་བཟུང་བ་ཉིད་དུ་ཐལ་བར་འགྱུར་ན་ངེས་པ་ཉིད་དུ་དེ་བཟུང་ནས་སྦྱོར་བ་དེའི་ཕྱིར་ངེས་པ་ཉིད་ཀྱིས་དེའི་མིང་དྲན་པ་ནི་དེས་བྱས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཕྱིར་དབང་པོའི་བློ་ནི་དྲན་པ་ལ་ལྟོས་ལ། དྲན་
པའི་བག་ཆགས་སད་པ་ཡང་རུང་བའི་ཡུལ་ན་འདུག་པའི་དོན་ཁོ་ནས་བྱས་པ་ཡིན་པ་དེའི་ཕྱིར་དོན་གྱི་ཉེ་བར་སྦྱོར་བ་ནི་བྱེད་པ་དང་བཅས་པ་སྟེ་བྱེད་པ་དང་བཅས་པ་ཉིད་ལ་ཉེ་བར་སྦྱོར་བར་བརྗོད་པའི་ཕྱིར་རོ། །ཇི་ལྟ་བུར་གནས་པའི་དོན་འགའ་ཞིག་རྒྱུ་ཡིན་པར་མཐོང་བ་དེ་ལྟ་བུའི་གནས་
ལུགས་འཛིན་པ་དེ་ཉིད་རང་གི་འབྲས་བུ་ལ་ཉེ་བར་སྦྱོར་བ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རུང་བའི་ཡུལ་ན་འདུག་པའི་དོན་ཡང་དབང་པོའི་ཤེས་པ་སྐྱེ་བར་མཐོང་བ་ཡིན་པ་དེའི་ཕྱིར་དེའི་ཡུལ་འཛིན་པ་ཉིད་ཤེས་པ་དེ་ལ་སྦྱོར་བ་ཡིན་ནོ། །ཉེ་བར་སྦྱོར་བ་དེའི་དེ་མ་ཐག་པ་སྟེ་བར་
མ་ཆོད་པའི་བྱེད་པའི་འབྲས་བུ་གང་ཡིན་པ་དེ་ལྟར་མི་འགྱུར་རོ། །འདི་བྱེད་པ་དང་ལྡན་པ་ནི་ཡིན་ན་བྱེད་པའི་འབྲས་བུ་བར་དུ་མ་ཆོད་པ་ནི་མ་ཡིན་ནོ། །དྲན་པ་སྟེ་དྲན་པར་བྱེད་པའི་ཤེས་པས་དེ་བར་དུ་ཆོད་ཅིང་བསྐལ་བ་སྟེ། དོན་དེ་ནི་དྲན་པ་བསྐྱེད་པ་ཉིད་ལ་དངོས་སུ་སྦྱོར་བ་དེས་ན་དབང་པོའི་ཤེས་པ་དེས་
བར་དུ་བཅད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་དེ་དྲན་པས་བར་དུ་ཆོད་པ་དེའི་ཕྱིར་ཏེ། །བར་དུ་ཆོད་པའི་རྒྱུས་གང་སྔོན་ཏེ་སྔར་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ནི་ཕྱིས་ཀྱང་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྐད་ཅིག་སོ་
เล่ม ๑๘๘ · หน้า 50a
སོ་ཐ་དད་པའི་ཕྱིར་སྔ་མ་ཡང་གཞན་ལ། ཕྱི་མ་ཡང་གཞན་མ་ཡིན་ནམ། དེའི་ཕྱིར་དེ་དག་གྲུབ་པ་དང་བདེ་བ་གཅིག་པར་ཇི་ལྟར་འགྱུར་ཞེ་ན། ཉེར་སྦྱོར་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་
ཏེ་སྐད་ཅིག་རྣམས་ཐ་དད་པ་དེ་ལྟ་ན་ཡང་རུང་བའི་ཡུལ་ན་གནས་པ་ཉིད་ཀྱིས་དེ་དག་སྐྱེད་པར་བྱེད་པ་ཡིན་ལ། རུང་བའི་ཡུལ་ན་གནས་པ་ཉིད་ཀྱང་ཐམས་ཅད་ལ་ཁྱད་པར་ཡོད་པ་མ་ཡིན་པས་སྐད་ཅིག་མ་སྔ་མ་བཞིན་དུ་རང་བཞིན་དེས་དྲན་པའི་རྒྱུར་ཉེ་བར་སྦྱོར་བ་ཡིན་ནོ། །གཏན་ཚིགས་
འདིས་ཐམས་ཅད་ཀྱང་སྐྱེད་པར་བྱེད་པ་ཉིད་དུ་གྲུབ་པ་དང་བདེ་བ་གཅིག་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྔ་མ་དང་ཕྱི་མའི་སྐད་ཅིག་རྣམས་སྐྱེད་པར་བྱེད་པ་དང་མི་བྱེད་པས་ཁྱད་པར་ཡོད་ན་འགལ་བ་ཅི་ཡོད་སྙམ་ན་བཤད་པ། སྐད་ཅིག་མ་ཐམས་ཅད་བདག་ཉིད་ཐ་དད་པ་མེད་པས་སོ། །
རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དབང་པོའི་ཤེས་པ་སྐྱེད་པར་ནུས་པ་ནི་རུང་བའི་ཡུལ་ན་གནས་པའི་བདག་ཉིད་ཡིན་པར་མཐོང་ལ། དེ་ཡང་ཚོགས་པར་བྱེད་པའི་རྒྱུ་རྣམས་ཀྱིས་ཡུལ་དེར་བསྐྱེད་པ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་བདག་ཉིད་ཀྱིས་སྐྱེད་པར་བྱེད་པ་ནི་རྒྱུ་དང་རང་གི་ངོ་བོ་ལ་ཁྱད་
པར་མེད་པ་ཡིན་ནོ། །དེས་ན་ཕན་ཚུན་ཉེ་བར་ཚོགས་པའི་རྟེན་དུ་གྱུར་པ་རྐྱེན་གྱི་ཁྱད་པར་རྣམས་ཀྱིས་ཇི་ལྟར་སྐད་ཅིག་མ་སྔ་མ་དབང་པོའི་ཤེས་པ་བསྐྱེད་པར་བྱ་བ་ལ་དངོས་སུ་སྐྱེད་པར་བྱེད་པ་ཉིད་དམ། དྲན་པའི་བར་ཆད་བྱས་པས་བརྒྱུད་པས་སྐྱེད་པར་བྱེད་པར་བྱས་ཀྱང་རུང་སྟེ། དེ་བཞིན་
དུ་སྐད་ཅིག་མ་ཐམས་ཅད་ཀྱང་ཡིན་ནོ། །འདི་ལ་འབྲས་བུ་སྐྱེད་པ་ལ་ཇི་སྙེད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་རྟོགས་པ་དེ་སྲིད་ཀྱི་ཚོགས་པ་ཉིད་རྒྱུ་ཡིན་གྱི་སོ་སོ་ནི་མ་ཡིན་ནོ། །ཚོགས་པ་ཡང་ཚོགས་པ་ཅན་དག་ལས་གཞན་མ་ཡིན་པའི་ཕྱིར་དེ་དག་སོ་སོ་ལ་ནུས་པར་བརྗོད་པ་ཡིན་
ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་མིག་ལ་སོགས་པ་བཞིན་ནོ། །དེ་ལ་རེ་ཞིག་མིག་གི་ཤེས་པ་བསྐྱེད་པར་ནུས་པའི་རང་གི་ངོ་བོ་རེས་འགའ་བ་ནི་རང་གི་རྒྱུན་ཙམ་ལས་སྐྱེས་པར་མི་རིགས་སོ། །གང་གི་ཕྱིར་ཇི་ལྟར་སྒྲོན་མ་ལ་སོགས་པའི་མེ་ལྕེ་ཙམ་ལ་རག་ལས་ནས་འོད་འབྱུང་བ་
เล่ม ๑๘๘ · หน้า 50b
བཞིན་དུ། མིག་ཙམ་ལ་རག་ལས་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའམ། ཇི་ལྟར་ས་བོན་ཁྱད་པར་ལ་རག་ལས་ནས་མྱུ་གུ་སྐྱེ་བ་ལྟར་མིག་གི་ཁྱད་པར་ལ་རག་ལས་པ་ཡིན་གྲང་། མིག་ཙམ་ལ་རག་ལས་པ་ཡིན་ན་ནི་དུས་ཐམས་ཅད་དུ་དེའི་ཤེས་པ་སྐྱེ་བར་ཐལ་བར་འགྱུར་
ཏེ། མེ་ལྕེ་ལ་རག་ལས་ནས་འབྱུང་བའི་འོད་ཀྱི་དཀྱིལ་འཁོར་བཞིན་ནོ། །མིག་གི་ཁྱད་པར་ལ་རག་ལས་པ་ཡིན་ཡང་ཁྱད་པར་དེ་གང་ལས་འབྱུང་བར་བརྗོད་པར་བྱ། གལ་ཏེ་རང་གི་རྒྱུན་ཙམ་ལས་ཡིན་ན་ནི་རྒྱུ་དེ་ལས་བྱུང་བར་ཁྱད་པར་མེད་པའི་ཕྱིར་སྔ་མའི་སྐད་ཅིག་མ་རྣམས་ཀྱང་དེ་
སྐྱེད་པར་བྱེད་པའི་རང་བཞིན་དུ་ཐལ་བར་འགྱུར་ཏེ། སྐྱེད་པར་བྱེད་པར་འདོད་པའི་སྐད་ཅིག་མ་དེའི་ཁྱད་པར་དེ་ཡང་རྒྱུ་མེད་པ་ཅན་ནི་མ་ཡིན་པའི་ཕྱིར་ཏེ། འོན་ཀྱང་རང་གི་རྒྱུད་ལས་བྱུང་བ་ཡིན་ནོ། །འདི་སྙམ་དུ་འབྲས་བུ་འགའ་ཞིག་ལ་འགའ་ཞིག་ནི་དངོས་སུ་ནུས་པ་ཡིན་ལ། ཁ་
ཅིག་ནི་བརྒྱུད་པས་ཡིན་ནོ། །དེ་ལ་འདོད་པའི་སྐད་ཅིག་མ་ནི་དངོས་སུ་ནུས་པ་ཡིན་ཞིང་། སྐད་ཅིག་མ་སྔ་མ་རྣམས་ནི་བརྒྱུད་པས་ཡིན་ནོ་སྙམ་ན། །དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རྒྱུད་གཅིག་ལས་བྱུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐ་མ་བཞིན་དུ་ཐམས་ཅད་ཀྱང་དངོས་སུ་སྐྱེད་
པར་ནུས་པར་ཐལ་བར་འགྱུར་བའམ། ཐ་མ་ཡང་སྔ་མ་རྣམས་བཞིན་དུ་དངོས་སུ་སྐྱེད་པའི་ནུས་པ་མེད་པར་ཐལ་བར་འགྱུར་རོ། །རྒྱུད་གཅིག་ལས་བྱུང་བ་ཡིན་ཡང་སྐད་ཅིག་གི་དབྱེ་བ་ལས་འབྲས་བུའི་དབྱེ་བ་ཡིན་པར་ཡང་མི་རིགས་ཏེ། གང་གི་ཕྱིར་རྒྱུན་ཆགས་པ་ཅན་གྱི་མིག་གི་རྣམ་
པར་ཤེས་པ་སྐྱེ་བ་ན་མིག་གི་སྐད་ཅིག་རྣམས་ཕན་ཚུན་ཐ་དད་པ་ཡིན་ཡང་། རྒྱུ་དང་རྐྱེན་གྱི་རྒྱུན་ཁྱད་པར་མེད་པས་འབྲས་བུ་གཅིག་བྱེད་པར་མཐོང་ངོ་། །དེ་བཞིན་དུ་ཚོགས་པ་ཁྱད་པར་མེད་པ་ཉིད་ཀྱིས་ས་བོན་ཐ་དད་པ་ཡིན་ཡང་འབྲས་བུ་མཚུངས་པ་མེད་པར་མཐོང་ངོ་། །དེའི་ཕྱིར་གང་
ཞིག་ཐ་དད་ཀྱང་ཐ་དད་པར་མི་འགྱུར་བ་དེ་ནི་དེས་བྱས་པ་མ་ཡིན་པའམ། གཞན་ལ་ལྟོས་པ་ཡིན་ཏེ། དཔེར་ན་ས་བོན་ཐ་དད་ཀྱང་དུ་བ་ཐ་དད་པར་མི་འགྱུར་བ་བཞིན་ནོ། །སྐད་ཅིག་ཐ་དད་ཀྱང་འབྲས་བུ་ཐ་དད་པར་མི་འགྱུར་ཏེ། དེས་ན་ཐ་དད་པ་ནི་སྐད་ཅིག་ཐ་དད་པའི་རྗེས་སུ་བྱེད་པ་མ་ཡིན་
เล่ม ๑๘๘ · หน้า 51a
ནོ། །འབྲས་བུ་རྒྱུད་ཐ་དད་པའི་རྗེས་སུ་བྱེད་པ་ལ་ནི་ནམ་ཡང་འཁྲུལ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་སྐྱེས་བུའི་རྒྱུད་ལ་འཕོས་པའི་བྱི་བའི་དུག་ལ་ཡང་སྐད་ཅིག་དང་པོ་འཆི་བའི་ནུས་པ་ཡོད་པར་འགྱུར་བའམ་ཡང་ན་ཕྱིས་དུས་ཡོངས་སུ་གཏུགས་པ་ལ་ལྟོས་
པར་ཡང་མི་འགྱུར་རོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། དུག་དེས་ནི་སྐྱེས་བུའི་རྒྱུད་ལ་ནུས་པ་བསྐྱེད་པ་ཡིན་ཞིང་དེ་ཡང་སྐྱེས་བུའི་རྒྱུད་ཙམ་ལ་ལྟོས་ནས་དེའི་འབྲས་བུ་ལ་ནུས་པ་ནི་མ་ཡིན་གྱི་འོན་ཀྱང་དུས་ཀྱི་མིང་ཅན་འབྱུང་བ་ཆེན་པོའི་ཁྱད་པར་གྱིས་ཡོངས་སུ་སྨིན་པར་བྱས་པ་ཡིན་ནོ། །དེས་
ན་སྔར་ན་སྐྱེས་བུའི་རྒྱུད་དངོས་སུ་ནུས་པ་མེད་པ་ལས་ཕྱིས་ནི་ནུས་པའི་སྐད་ཅིག་རྣམས་འབྱུང་བ་ཆེན་པོའི་ལྷན་ཅིག་བྱེད་པ་ལ་ལྟོས་པ་དང་བཅས་པའི་རྒྱུན་དེ་ལས་སྐྱེས་པ་ཡིན་གྱི། འབའ་ཞིག་ལས་ནི་མ་ཡིན་ནོ། །འདིས་ནི་སེམས་ཀྱི་ཁྱད་པར་ལ་ལྟོས་པའི་དགོས་པའི་དུག་གིས་སྐྱེས་
བུའི་ལུས་གཟུང་བ་ཡང་བཤད་ལ། ཉི་མའི་འོད་ལ་ལྟོས་པའི་འབྲུ་མར་དག་ལས་དྲིའི་ཁྱད་པར་འབྱུང་བ་ཡང་བཤད་པ་ཡིན་ནོ། །འགའ་ཞིག་ཏུ་རྒྱུད་གཞན་གྱིས་རྒྱུད་གཞན་ལ་དུས་ལ་ལྟོས་པའི་དུས་འབའ་ཞིག་སྐྱེད་ན་ཡང་། དེར་ཡང་དང་པོའི་སྐད་ཅིག་ནུས་པ་མེད་པ་ཡིན་ན་
བཞི་པ་ཡང་ནུས་པ་དང་ལྡན་པར་མི་འགྱུར་རོ་ཞེས་བརྒལ་ཞིང་བརྟག་པ་འདི་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་རྒྱུད་གཞན་ཁོ་ནས་རྒྱུད་གཞན་ལ་སྐད་ཅིག་མ་བཞི་ཙམ་གྱི་བར་དུ་ཆོད་པའི་འབྲས་བུ་སྐྱེད་པའི་ནུས་པ་བཞག་པའི་ཕྱིར་རོ། །རྒྱུད་གཞན་དེ་ནི་རང་གིས་དངོས་སུ་ནུས་པ་མ་ཡིན་ཞིང་།
དངོས་སུ་ནུས་པའི་རྒྱུད་གཞན་སྐྱེད་པར་བྱེད་པ་ཡང་མ་ཡིན་གྱི་འོན་ཀྱང་སྐད་ཅིག་གསུམ་བཞིར་སྡོད་པ་ལ་ལྟོས་པ་ཉིད་དོ། །རྒྱུད་གཅིག་དང་འབྲེལ་པའི་ནུས་པ་ལ་ནི་འཇོག་པར་བྱེད་པ་ངེས་པར་བྱེད་པ་པོའི་རྒྱུད་གཞན་མེད་པའི་ཕྱིར་སྐྱོན་ཡིན་པར་བརྗོད་དོ། །ཡང་དོན་འགའ་ཞིག་ནི་རྒྱུད་
གཞན་གྱིས་ཕན་པར་བྱས་པའི་རྒྱུན་ལས་འབྲས་བུ་འབའ་ཞིག་བྱེད་པར་ནུས་པ་ཡིན་ཏེ། དཔེར་ན་ས་བོན་བཞིན་ནོ། །དེའི་ཕྱིར་འབྲས་བུ་བསྐྱེད་པར་བྱ་བ་ལ་རྒྱུད་གཅིག་ཏུ་གཏོགས་པ་གཞན་རྣམས་ནི་ནུས་པ་མེད་ལ། སྐད་ཅིག་མ་འགའ་ཞིག་དངོས་སུ་ནུས་པ་ནི་རྒྱུད་གཞན་ལ་ལྟོས་པར་
เล่ม ๑๘๘ · หน้า 51b
རིགས་པ་ཡིན་གྱི། རང་གི་རྒྱུད་ཙམ་ལ་ལྟོས་པ་ནི་མ་ཡིན་ཏེ། རྒྱུ་ཐ་དད་པ་ལ་འབྲས་བུ་ཐ་དད་པ་མེད་པར་ཐལ་བའི་ཕྱིར་དང་། སྐད་ཅིག་ཐ་དད་པ་ཙམ་ཡང་ཐ་དད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཧ་ཅང་ཐལ་བར་མ་གྱུར་ཅིག་ཅེས་མ་མཐོང་བ་ཡང་རང་གི་འདོད་པས་རྒྱུ་ཉིད་དུ་བརྟག་
པར་ནུས་པ་མ་ཡིན་ནོ། །དེས་ན་གང་གི་ཚེ་དང་པོ་ཚོགས་པའི་དུས་ཉིད་ན་མིག་ལ་སོགས་པའི་ནུས་པ་སྐྱེད་པ་དེའི་ཚེ་ནི་ཕན་ཚུན་ཚོགས་པར་བྱེད་པའི་རྐྱེན་དུ་གྱུར་པའི་རྐྱེན་རྣམས་ཀྱིས་དངོས་སུ་སྐྱེད་པར་ནུས་པ་ཉིད་དུ་སྐྱེད་པ་ཡིན་ལ། ཡང་གང་གི་ཚེ་ཕན་ཚུན་ཚོགས་པར་གྱུར་ཀྱང་ནུས་
པ་མེད་པ་དེའི་ཚེ་ནི་ཕན་ཚུན་ནུས་པ་བཞག་པའི་རིམ་གྱིས་ནུས་པར་འགྱུར་བ་ཡིན་ཏེ། སྐྱེས་བུ་སྣང་བ་ནས་མུན་པར་ཞུགས་པ་བཞིན་ནོ། །དེ་དག་ཕན་ཚུན་ཕན་འདོགས་པར་ནུས་པ་ཡང་གནས་སྐབས་གང་ཞིག་མིག་གི་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་གནས་སྐབས་དེ་ཉིད་ཡིན་
པར་བརྟག་པར་བྱ་བ་ཡིན་ཏེ། གནས་སྐབས་གཞན་དང་ལྡན་པ་རྣམས་ལ་ནི་དངོས་སུ་སྐྱེད་པར་ནུས་པའི་རྒྱུ་ཉིད་མཐོང་བའི་ཕྱིར་རོ། །འདི་ལྟར་རུང་བའི་ཡུལ་ན་གནས་པ་ནུས་པ་སད་པའི་རྒྱུ་དེ་དག་ནི་སྔར་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་དུ་ཟིན་ཀྱང་། ཕྱིས་སྐྱེད་པར་བྱེད་
པ་ཡིན་ཏེ། དེ་ལ་ནུས་པ་སད་པའི་རྒྱུ་གཞན་ནི་བརྟག་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་རུང་བའི་ཡུལ་ན་འདུག་པ་དེ་ཉིད་ནུས་པ་སད་པའི་རྒྱུ་ཡིན་ནོ། །ཤིན་ཏུ་རིང་བ་ན་འདུག་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པས་ཕན་ཚུན་ཕན་འདོགས་པ་མ་ཡིན་ཏེ། ཇི་སྐད་དུ་ཡུལ་བར་ཆོད་པ་
དེ་དག་ནི་ལྷན་ཅིག་བྱེད་པར་མི་རུང་བའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །གང་གི་ཚེ་དོན་ཉེ་བ་ཉིད་དམ་སྣང་བ་ནས་འོངས་པའི་དབང་པོ་ལ་སོགས་པ་ལེགས་པར་བྱས་པ་དྲན་པ་སྐྱེད་པ་ལ་ཉེ་བར་སྦྱོར་བ་དེའི་ཚེ་ཉེ་བར་ཚོགས་པའི་རྐྱེན་དེ་དག་ཉིད་དམ། གྲིབ་མའི་ནང་དུ་ཞུགས་པ་མིག་ལ་
སོགས་པས་དྲན་པས་བར་དུ་ཆོད་པའི་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཉེ་བར་གྱུར་པའི་དོན་བསྐྱེད་པ་དེ་དག་གིས་མི་འདྲ་བ་སྐྱེད་པར་རིགས་པ་མ་ཡིན་ནོ། །གང་གིས་ན་དེའི་རང་བཞིན་གྱི་རྒྱུ་དག་གིས་ནི་ཤེས་པ་སྐྱེད་པར་རུང་བ་སྐྱེད་པར་བྱེད་ལ། རང་བཞིན་གཞན་དུ་གྱུར་པའི་རྒྱུ་
เล่ม ๑๘๘ · หน้า 52a
དག་གིས་ནི་དྲན་པ་སྐྱེད་པར་རྟོག་པ་རང་བཞིན་གཞན་དུ་གྱུར་པའི་དོན་ནི་ཤེས་པ་སྐྱེད་པར་བྱེད་པ་མ་མཐོང་ངོ་། །དེའི་ཕྱིར་ཇི་ལྟར་རྟགས་རྗེས་སུ་དཔག་པའི་ཤེས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། དྲན་པས་བར་དུ་ཆོད་པ་ཅན་གྱི་དོན་དབང་པོའི་ཤེས་པ་བསྐྱེད་པར་བྱ་
བ་ལ་དངོས་སུ་ཉེ་བར་མི་སྦྱོར་བར་འགྱུར་ཞིང་། དེ་ལས་ཀྱང་ཉེ་བར་ཚོགས་པའི་སྐད་ཅིག་མ་ཐམས་ཅད་འཚོགས་པའི་རྒྱུ་ཉིད་དམ་གྲིབ་མར་ཞུགས་པའི་དབང་པོ་ལ་སོགས་པ་དག་ལས་དྲན་པའི་འདུ་བྱེད་སད་པའམ། ཤེས་པ་བསྐྱེད་པར་བྱ་བ་ལ་མཚུངས་པར་ནུས་པའམ་མི་ནུས་པར་འགྱུར་
བ་དེའི་ཕྱིར་ནུས་པ་ཁྱད་པར་མེད་པས་རང་བཞིན་དང་རྒྱུ་འདྲ་བ་ཅན་གྱི་སྐད་ཅིག་མ་རྣམས་ལ་གཅིག་དངོས་སུ་ནུས་པར་ཁས་བླངས་ན་ཐམས་ཅད་ཀྱང་ཐལ་བར་འགྱུར་བའམ། གཅིག་དངོས་སུ་ནུས་པ་མེད་པར་ཁས་བླངས་ན་ཡང་ཐམས་ཅད་སྐྱེད་པར་བྱེད་པ་མ་ཡིན་པར་ཁས་བླངས་པར་
འགྱུར་རོ། །དེ་ལྟ་ན་ཡང་སྐད་ཅིག་མ་གཅིག་དབང་པོའི་ཤེས་པ་གཅིག་ཉིད་ལ་སྐྱེད་པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པ་ཕན་ཚུན་འགལ་བར་འགྱུར་ལ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ཉིད་བཤད་པ་ནི། གཅིག་ཉིད་ཅེས་བྱ་བ་ཡིན་ནོ། །ཐ་དད་པར་གྱུར་པ་རྣམས་ནི་གཅིག་ལ་བྱེད་
པ་དང་བྱེད་པ་མ་ཡིན་པ་མི་འགལ་བས་གཅིག་ཉིད་ཅེས་བྱ་བ་སྨོས་སོ། །ཐ་དད་པ་རྣམས་ལ་མི་འགལ་བས་གཅིག་ལ་ཞེས་སྨོས་སོ། །སྐད་ཅིག་མ་རེ་རེ་ལ་ཡང་སྔར་བཤད་པའི་རིགས་པས་ཐལ་བར་འགྱུར་ན། རིགས་པ་མ་ཡིན་པ་དེའི་ཕྱིར་གང་ཞིག་དྲན་པས་བར་དུ་ཆོད་པས་སྐྱེད་པར་བྱེད་པ་
མ་ཡིན་པ་དེ་དང་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱང་སྐྱེད་པར་བྱེད་པ་མ་ཡིན་པ་ཁོ་ནའོ། །གལ་ཏེ་སྐད་ཅིག་མ་སྔ་མ་ཉིད་ཀྱིས་དྲན་པ་སད་པར་བྱས་པའི་ཕྱིར་དེ་ལ་གཉིས་པ་ལ་སོགས་པ་ཅི་དགོས་ཤེ་ན། སྨྲས་པ། རུང་བའི་ཡུལ་ན་གནས་པའི་རང་བཞིན་ནི་རང་གི་རྒྱུད་དག་གིས་དབང་
པོའི་ཤེས་པ་སྐྱེད་པར་བྱེད་པའི་དྲན་པ་སད་པར་བྱེད་པའི་རང་བཞིན་དུ་གྱུར་པ་ཡིན་ལ། སྐད་ཅིག་གཉིས་པ་ལ་སོགས་པ་ཡང་ཉེ་བར་ཚོགས་པའི་རྟེན་དུ་གྱུར་པ་རང་གི་རྒྱུ་དག་གིས་དེ་འདྲ་བའི་ངོ་བོར་བསྐྱེད་པ་དེས་ན་སྐད་ཅིག་སོ་སོར་དྲན་པ་སད་པའི་རྒྱུ་ཡིན་གྱི་དགོས་པས་ནི་མ་ཡིན་ནོ། །
เล่ม ๑๘๘ · หน้า 52b
དེ་དག་ནི་རྟག་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་རྒྱུ་དང་འབྲེལ་པའི་རང་གི་ངོ་བོ་ཉིད་ཡིན་ནོ། །གང་གི་ཕྱིར་དབང་པོ་དང་ཡིད་ལ་བྱེད་པ་ཚོགས་པར་འགྱུར་བའི་དོན་ཉིད་དྲན་པ་སྐྱེད་པར་ནུས་པ་དང་། མི་ནུས་པར་འགྱུར་བ་དོན་གང་གི་རང་བཞིན་ཇི་ལྟ་བུ་ཞིག་གིས་གང་དུ་ནུས་པར་མཐོང་
བའི་རང་བཞིན་དེ་ཉིད་དེ་ལ་ནུས་པ་མེད་པར་ནི་འོས་པ་མ་ཡིན་ནོ། །དྲན་པ་ལ་ལྟོས་པའི་སྐད་ཅིག་ཕྱི་མ་རྣམས་དྲན་པ་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་དྲན་པ་ལས་ཐ་དད་པའི་རྒྱུའི་ཚོགས་པ་དེ་ནི་སྐད་ཅིག་མ་སྔ་མ་དང་མཚུངས་པ་ཡིན་ནོ། །རུང་བའི་ཡུལ་ན་
གནས་པའི་རང་བཞིན་གྱིས་སད་པའི་དྲན་པ་དེ་ཉིད་ཀྱིས་དེ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་སད་པའི་ནུས་པ་ཉམས་པར་བྱེད་པ་ཡང་མ་ཡིན་ཏེ། དུ་བས་མེའི་རང་བཞིན་བསྐྱེད་པའི་ནུས་པ་བཞིན་ནོ། །དེའི་ཕྱིར་རུང་བའི་ཡུལ་ན་གནས་པ་རྣམས་དྲན་པ་སྐྱེད་པའི་ནུས་པ་ཁྱད་པར་མེད་པའི་
ཕྱིར་དངོས་སུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །གཏན་ཚིགས་དེས་ན་དོན་མེད་ན་ཡང་འགྱུར་རོ། །ཡང་གི་སྒྲས་ནི་རེས་འགའ་ཡོད་ཀྱང་ངོ་། །ཐམས་ཅད་དུ་ནི་མིག་གི་བློ་དེའི་ནུས་པ་ལ་མི་ལྟོས་པར་སྐྱེ་བར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་དོན་མེད་ཀྱང་སྐྱེ་བ་ལ་གཏན་ཚིགས་སྔ་མ་
མཇུག་སྡུད་དེ། དོན་དབང་པོ་ལ་བརྟེན་པའི་བློ་ལ་དངོས་སུ་མི་སྦྱོར་བའི་ཕྱིར་དང་རུང་བའི་ཡུལ་ན་གནས་པ་ནི་དབང་པོའི་ཤེས་པའི་རྒྱུ་དྲན་པ་སད་པ་ལས་ཉེ་བར་སྦྱོར་བའི་ཕྱིར་རོ། །འདི་སྙམ་དུ་དྲན་པ་སད་པར་བྱ་བའི་དོན་དུ་དོན་ལ་ལྟོས་པར་བྱ་བ་མ་ཡིན་ནམ། དེས་ན་དོན་མེད་ཀྱང་ཞེས་ཅིའི་
ཕྱིར་བརྗོད་ཅེ་ན། དྲན་པ་སད་པར་བྱེད་པ་ལ་ཉེ་བར་སྦྱོར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཉེ་བར་སྦྱོར་བ་གཞན་མེད་པའི་ཕྱིར་སྔར་ཉིད་དུ་དྲན་པ་སད་པར་བྱས་ནས་ལོག་པར་གྱུར་པ་ཡིན་ལ། དབང་པོའི་ཤེས་པ་ནི་ཕྱི་ནང་རིམ་གྱིས་དྲན་པའི་རྒྱུན་གྱིས་སྐྱེད་པ་ཡིན་ནོ། །དྲན་པ་སད་པའི་དུས་ན་
ཡང་དོན་གཞན་ལ་ཆགས་པས་དབང་པོའི་ཤེས་པ་གགས་བྱས་པ་ཡིན་ཏེ། དེས་ན་ཕན་པ་མེད་པ་ཉིད་ཀྱིས་དོན་དེ་ཡོད་པ་ལ་བློ་མི་ལྟོས་པ་ཉིད་དོ། །ཅི་སྟེ་ཡང་དོན་གྱི་ཉེ་བར་སྦྱོར་བས་དབང་པོའི་བློ་བསྐྱེད་པར་བྱས་པ་ཡིན་ན་ནི་དེས་ན་རྗོད་པ་དྲན་པས་བར་ཆད་དེ་གེགས་བྱས་པའམ། རྗོད་
เล่ม ๑๘๘ · หน้า 53a
པ་དྲན་པ་ཉིད་བར་དུ་གཅོད་པའི་གེགས་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ། མངོན་པར་བརྗོད་པར་དྲན་པ་མེད་ན་ནི་རུང་བའི་ཡུལ་ན་གནས་པའི་དོན་ཙམ་ལས་དབང་པོའི་ཤེས་པ་སྐྱེས་པ་དེས་ན་དེ་ཙམ་ཞིག་སྣང་བའི་ཕྱིར་རྣམ་པར་རྟོག་པ་མེད་པ་
ཡིན་ནོ། །འདི་ལ་ལྟོས་པ་ཉིད་ལ་ནི་དངོས་སུ་སྐྱེད་པས་ཁྱབ་པ་ཡིན་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་པས་འདས་པ་ལ་ཡང་བྱེད་པ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་ལྟོས་པ་ནི་དེ་ཡོད་ན་ཡོད་པ་ཡིན་ལ། དངོས་སུ་སྐྱེད་པ་མ་ཡིན་པ་ལ་ཡང་དེ་ཡོད་ན་ཡོད་པ་ཉིད་མེད་པའི་ཕྱིར་རང་བཞིན་
འགལ་བ་དམིགས་པས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་བོ། །དེས་ན་ཁྱབ་པར་བྱེད་པ་མི་དམིགས་པར་འདོད་དོ། །དངོས་སུ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཀྱང་རུང་བའི་ཡུལ་ན་གནས་པ་དྲན་པས་བར་དུ་ཆོད་པས་ཤེས་པ་སྐྱེད་པའི་ངོ་བོ་ཡིན་པའི་ཕྱིར་དང་། དེ་ལྟ་བུར་
གྱུར་པ་ལ་དེའི་རང་བཞིན་དང་དེའི་རང་བཞིན་མ་ཡིན་པ་འགལ་བའི་ཕྱིར་རོ། །དེས་ན་དྲན་པ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་ན་དོན་ལས་སྐྱེ་བར་མི་འཐད་ལ། རུང་བའི་ཡུལ་ན་གནས་པའི་དོན་གྱིས་སྐྱེད་པ་ཡིན་ན་ནི་རྗོད་པའི་སྤྱི་དྲན་པ་ལ་ལྟོས་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཉིད་
ཡིན་ནོ། །དེ་ལྟར་མིང་སྦྱོར་བའི་བདག་ཉིད་ཀྱི་རྟོག་པ་བསལ་ནས། དོན་སྦྱོར་བའི་བདག་ཉིད་ཀྱི་རྟོག་པ་བསལ་བའི་དོན་དུ་བཤད་པ། ཁྱད་པར་ནི་ཕལ་པ་སྟེ་གཞན་ལ་ཕན་འདོགས་པའོ། །ཁྱད་པར་ཅན་ནི་གཙོ་བོ་སྟེ་ཕན་གདགས་པར་བྱ་བའོ། །འབྲེལ་བ་ནི་ཁྱད་པར་དང་ཁྱད་པར་
ཅན་དེ་དག་གི་སྟེ་རྭ་དང་རྭ་ཅན་དང་། རིགས་དང་རིགས་དང་ལྡན་པ་དག་འདུ་བའི་མཚན་ཉིད་དམ། དབྱུག་པ་དང་དབྱུག་པ་ཅན་གྱི་ལྡན་པའི་མཚན་ཉིད་དོ། །འཇིག་རྟེན་ཆོས་ལུགས་ནི་འཇིག་རྟེན་གྱི་གཙུག་ལག་སྟེ། འགའ་ཞིག་གི་ཁྱད་པར་རམ་ཁྱད་པར་ཅན་ཉིད་དུ་སོ་སོར་ངེས་པའི་སྒྲའི་
ཐ་སྙད་ཀྱི་ཡུལ་ལོ། །ཐལ་ཟིན་པ་དེ་ཐམས་ཅད་སྡོམ་པ་ནི་གཅིག་ཏུ་བྱེད་པ་སྟེ། དག་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་ཕན་ཚུན་འབྲེལ་པར་བྱེད་པའོ། །དེ་ལ་ཁྱད་པར་ལ་སོགས་པ་འཇིག་རྟེན་གྱི་ཆོས་ལུགས་ཀྱི་མཐར་ཐུག་པ་དེ་དག་སོ་སོར་བཟུང་ནས། སོ་སོར་གཟུང་བ་དེ་དག་ཀྱང་སོ་སོར་
เล่ม ๑๘๘ · หน้า 53b
འཛིན་པ་ལ་ལྟོས་ནས་བསྲེ་བར་བྱས་ནས་དེ་ལྟར་རྟོགས་ཏེ། ཁྱད་པར་དང་ཁྱད་པར་ཅན་དུ་ཤེས་པར་འགྱུར་རོ། །སྔར་བརྗོད་པའི་རིམ་པ་མེད་པར་ནི་མ་ཡིན་ནོ་ཞེས་བཤད་པ་ནི། གཞན་དུ་མིང་ཞེས་བྱ་བ་ཡིན་ནོ། །ཚིག་ལེའུར་བྱས་པའི་དོན་ཉིད་རྣམ་པར་འགྲེལ་པ་བཤད་པ་ནི། ཁྱད་
པར་དང་ཁྱད་པར་གྱི་གཞི་དང་དེ་དག་གི་འབྲེལ་པ་དང་། འཇིག་རྟེན་གྱི་རྣམ་པར་གཞག་པ་སྟེ་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་རྣམ་པ་གཞག་པ་ནི་འཇིག་རྟེན་པའི་རྣམ་པར་གཞག་པ་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་སྒྲ་ལས་བྱུང་བ་ནི་འཇིག་རྟེན་ཉིད་ལས་
རྟོགས་པར་བྱ་བ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །དངོས་པོའི་རང་གི་ངོ་བོ་ཉིད་ཀྱིས་ནི་འགའ་ཞིག་གི་ཁྱད་པར་དང་། ཕན་པར་བྱེད་པ་དང་ལེགས་པར་བྱེད་པ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། ལེགས་པར་བྱ་བ་དང་ལེགས་པར་བྱེད་པའི་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཡིན་ལ། དེ་ཡང་
སྔ་མ་དང་ཕྱི་མར་གྱུར་པ་དག་ཉིད་ཡིན་པས་དེ་དག་དུས་གཅིག་ཏུ་ཡོད་པ་མ་ཡིན་ལ། ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོ་ཡང་ཡོད་པ་དག་ཡིན་ནོ། །དེའི་ཕྱིར་འདི་ནི་དུས་གཅིག་བདག་ཉིད་ལ་ཡིན་གྱི་རིམ་པ་དང་ལྡན་པ་དག་ལ་ནི་མ་ཡིན་ལ་ཅིག་ཅར་བའི་དངོས་པོ་དག་ལ་ཡང་ཕན་པར་བྱེད་པ་
དང་ཕན་པར་བྱ་བ་ཡོད་པ་མ་ཡིན་ནོ། །འབྲེལ་པ་ལས་ཕན་པར་གྲུབ་བོ་ཞེ་ན། འབྲེལ་པ་ཅན་དག་ལས་འབྲེལ་པ་ཐ་མི་དད་ན་ནི་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་རྒྱུ་མ་ཡིན་ཏེ། འབྲེལ་པ་ཅན་གྱི་རང་གི་ངོ་བོ་བཞིན་ནོ། །ཐ་དད་པ་ན་ཡང་རང་གི་བདག་ཉིད་ལ་རྣམ་པར་གནས་པའི་
དངོས་པོ་གསུམ་པོ་རྣམས་ཕན་ཚུན་དུ་གཙོ་བོ་དང་ཕལ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གང་འགའ་ཞིག་འགའ་ཞིག་གིས་ཁྱད་པར་ཅན་དུ་རྟོགས་པ་འདི་ནི་སྒྲ་ཁོ་ནའི་བྱེད་པ་ཡིན་གྱི། དངོས་པོའི་རྣམ་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དབང་པོའི་ཤེས་པ་ལ་སྒྲའི་རྣམ་པ་བཟློག་
པ་ཉིད་ལས་སྒྲས་ཉེ་བར་བཞག་པའི་ཁྱད་པར་དང་ཁྱད་པར་ཅན་བཟློག་པ་ཡིན་ཡང་རྣམ་པ་གཞན་གྱི་སྒོ་ནས་ཡང་ཟློག་པར་བྱེད་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེའི་ཕྱིར་འདི་ནི་འདི་ལྟར་ཁྱད་པར་ཡིན་ལ། འདི་ནི་ཁྱད་པར་ཡིན་ནོ། །ཁྱད་པར་ཅན་ནི་འདི་ཁོ་ན་ཡིན་ལ། ཁྱད་པར་ཡང་འདི་ཁོ་
เล่ม ๑๘๘ · หน้า 54a
ན་ཡིན་ནོ་ཞེས་ཁྱད་པར་དང་ཁྱད་པར་ཅན་གྱི་རང་བཞིན་ཡོངས་སུ་ཤེས་པ་དང་ངེས་པ་ལ་ནི་འཇིག་རྟེན་གྱི་རྣམ་གཞག་རྗེས་སུ་རྟོགས་པར་བྱ་བ་ཡིན་ནོ། །འདི་ལྟར་སྐྱེས་བུ་དབྱུག་པ་ཅན་ཡིན་གྱི་དབྱུག་པ་སྐྱེས་བུ་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་ཡིན་ནོ། །འཇིག་རྟེན་ན་
ནོར་དང་བདག་པོའི་དངོས་པོ་ནི་དབྱུག་པ་ཁྱད་པར་དུ་བརྟགས་པ་མ་ཡིན་ཏེ། འོན་ཀྱང་ལྡན་པས་ཡིན་ནོ། །དེ་བཞིན་དུ་རྭ་ནི་འདུ་བས་ཡིན་ཏེ། རྭ་སྐེར་བཏགས་པ་ནི་རྭ་ཅན་གྱི་སྒྲའི་རྒྱུ་མཚན་གྱི་ཁྱད་པར་མ་ཡིན་པའི་ཕྱིར་རོ། །འདི་དག་རྟོགས་པ་ན་ཁྱད་པར་ཅན་འགའ་ཞིག་ཁྱད་པར་འགའ་
ཞིག་གིས་ཁྱད་པར་ཅན་དུ་འཛིན་པ་ཡིན་ནོ། །ཁྱད་པར་ལ་སོགས་པ་དེ་བསྡམས་པ་ནི་ཕན་ཚུན་བསྲེས་པ་སྟེ། གཅིག་གཙོ་བོར་འཛིན་པའི་ཚུལ་གྱིས་གཟུང་བའི་དོན་ཐམས་ཅད་བསྲེས་པའོ། །འདི་འདྲ་བའི་གཅིག་ཏུ་བྱེད་པ་ནི་ཁྱད་པར་དང་བྲལ་བའི་གནས་སྐབས་འཛིན་པའི་རྗེས་སུ་
འཇུག་པ་དང་འབྲེལ་པ་ཡིན་ནོ། །དག་པའི་རང་བཞིན་སྔར་གཟུང་བ་མེད་པར་ནི་ཁྱད་པར་དང་ལྡན་པ་འཛིན་པ་མ་མཐོང་ངོ་། །དེས་ན་དག་པའི་གནས་སྐབས་ཉིད་དུ་གཟུང་བའི་ཁྱད་པར་ཅན་དང་ཁྱད་པར་དག་ཁྱད་པར་དང་ལྡན་པའི་རང་བཞིན་དུ་གཟུང་བ་སྟེ་བཞི་པོ་དང་བསྡོམས་ཏེ་གཅིག་
ཏུ་བྱས་ནས། ཤེས་པར་ནུས་པའི་ཤེས་པ་གང་ཡིན་པ་དེ་ཉིད་ཁྱད་པར་ཅན་དུ་འཛིན་པ་ཡིན་ནོ། །ཇི་སྲིད་དུ་ཁྱད་པར་གྱིས་ཉེ་བར་མ་བསྒྲུབས་པའི་རང་བཞིན་ཤེས་པ་མེད་པ་དེ་སྲིད་དུ་ཉེ་བར་བསྒྲུབས་པ་ཡང་རྟོགས་པར་མི་འགྱུར་ཏེ། ཉེ་བར་བསྒྲུབས་པའི་རང་བཞིན་འཛིན་པ་ནི་ཉེ་བར་མ་
བསྒྲུབས་པ་འཛིན་པའི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་ཁྱད་པར་འབྲེལ་པ་རྟོགས་པ་ནི་འདི་ལྟར་སྦྱིན་ཏེ། མཐོང་བའི་ལྷ་སྦྱིན་གང་ཡིན་པ་དེ་ནི་དབྱུག་པ་ཅན་ཡིན་ལ། གོང་བུ་གང་ཡིན་པ་དེ་རྭ་ཅན་ཡིན་ནོ་ཞེས་ཁྱད་པར་དང་བྲལ་བ་གཟུང་ནས་དེའི་འོག་ཏུ་ཁྱད་པར་དང་བཅས་པ་
འཛིན་པ་ཡིན་ནོ། །དེས་ན་བསྡོམས་པ་ནི་རྣམ་པ་གཉིས་ཏེ། ཁྱད་པར་དང་བྲལ་བར་མཐོང་བ་དང་། ཁྱད་པར་དང་བཅས་པའི་རང་བཞིན་གཅིག་ཏུ་འཛིན་པ་གང་ཡིན་པ་དང་གང་ཡང་བཞི་པོ་རྣམས་ལ་ཡང་ཕན་ཚུན་ཕན་པར་བྱེད་པའི་དངོས་པོར་བསྲེ་བ་སྟེ། ཁྱད་པར་ཅན་དུ་འཛིན་པ་འདི་
เล่ม ๑๘๘ · หน้า 54b
ཉིད་ཡིན་ནོ། །དེ་བསྡོམས་པས་ཞེས་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པ་ཡིན་ནོ། །འདི་སྐད་དུ་བསྡོམས་པ་རྣམ་པ་གཉིས་པོ་དེ་ཉིད་ཁྱད་པར་ཅན་དུ་འཛིན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཚིག་ལེའུར་བྱས་པ་ལ་བསྡོམས་བྱས་ནས་ཞེས་བྱ་བ་སྨོས་པ་ནི་དུས་སྔ་མར་བསྡོམས་
ཏེ་རྟོགས་པ་ལ་ལྟོས་ནས་ཐ་སྙད་ཀྱི་ཡུལ་དུ་འགྱུར་བ་ལས་བལྟ་བར་བྱ་སྟེ། བསྡོམས་པར་གྱུར་ན་ནི་ཁྱད་པར་ཅན་དུ་རྟོགས་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིམ་པ་འདི་ཉིད་ཀྱང་དབྱུག་པ་ལ་སོགས་པ་ལ་གྲུབ་པ་ཡིན་ནོ་ཞེས་དབྱུག་པ་ཅན་ལ་སོགས་པ་བཞིན་ནོ་ཞེས་བྱ་
བས་བཤད་པ་ཡིན་ནོ། །གཞན་དུ་ནི་ཁྱད་པར་ཅན་དུ་རྟོགས་པ་ཡིན་ནོ། །དེ་ག་ལས་ཤེ་ན། ཁྱད་པར་དང་ཁྱད་པར་ཅན་གྱི་དོན་དང་དེ་དག་གི་འབྲེལ་པ་དང་བཤད་མ་ཐག་པའི་རྗོད་པར་བྱེད་པའི་རྣམ་པར་གཞག་པ་དེ་དག་མ་རྟོགས་ན་ནི་ཁྱད་པར་ཅན་དུ་རྟོགས་པར་མི་རིགས་པའི་ཕྱིར་རོ། །
རིགས་པ་བསྟན་ནས་ད་ནི་རིགས་ཞེས་བྱ་བ་ལ་སོགས་པས་ཡུལ་སྟོན་པར་བྱེད་དེ། འདི་སྐད་བཤད་པ་ཡིན་ནོ། །དོན་སྣང་བའི་རྣམ་པར་ཤེས་པ་ལ་བརྗོད་པའི་རྣམ་པ་མེད་པ་དེའི་ཕྱིར་དབང་པོའི་ཤེས་པ་ལ་མིང་སྦྱོར་བ་སྲིད་པ་མ་ཡིན་ནོ། །དོན་རྣམས་ཤེས་པ་གཅིག་ལ་སྣང་བ་ཡིན་པ་དེ་ལྟ་ན་
ཡང་དེ་དག་ལ་ཁྱད་པར་དུ་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་མིང་བསྲེ་བ་བཟློག་ནས་དོན་བསྲེ་བའི་ཁྱད་པར་འདི་ཉིད་ཀྱིས་ལོགས་ཤིག་ཏུ་གསལ་བ་ཡིན་ནོ། །རིགས་དང་ཡོན་ཏན་དང་བྱ་བ་དེ་དག་གང་ལ་ཡོད་པའི་རྫས་ལ་སོགས་པ་དེ་དག་ལ་ནི་འདི་ལྟར་འཛིན་པ་མེད་དོ། །གང་ལས་ཤེ་ན།
བཤད་པ། རང་བཞིན་ཐ་དད་པ་དང་འབྲེལ་པ་དེ་དག་མི་སྣང་བ་སྟེ། རྣམ་པར་ཤེས་པའི་བདག་ཉིད་ལ་མ་ཤར་བས་སྦྱོར་བར་མི་འཐད་པའི་ཕྱིར་རོ། །རང་བཞིན་ཐ་དད་པ་དང་འབྲེལ་པ་བཟུང་ན་ནི་སྦྱོར་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱབ་པའི་ཡུལ་བསྟན་པའི་ཕྱིར་འོ་མ་
དང་ཆུ་བཞིན་ནོ་ཞེས་བརྗོད་དེ། འབྲེལ་པ་དང་ཐ་དད་པ་སྣང་བ་མེད་པ་ན་སྦྱོར་བ་མེད་པ་བཞིན་ནོ། །ཡང་དེ་དག་ལ་ཅི་ཞིག་ཏུ་མི་སྣང་ཞེ་ན། ཆུ་དང་འོ་མ་དེ་དག་ལ་རིག་པ་ནི་འོ་མ་དང་ཆུ་དེ་དག་གི་འབྲེལ་པ་དང་རང་བཞིན་ཐ་དད་པ་རིག་པ་གང་ཡིན་པ་དེ་ལ་བྱ་སྟེ། དེ་དེ་ལ་རིགས་པ་མ་ཡིན་ནོ། །
เล่ม ๑๘๘ · หน้า 55a
ཇི་ལྟར་ཐ་དད་པ་དང་འབྲེལ་པ་མི་སྣང་བའི་ཕྱིར་འོ་མ་དང་ཆུ་རྣམ་པར་རྟོག་པས་སྦྱོར་བ་བྱེད་པ་མ་ཡིན་པ་བཞིན་ནོ། །གང་གིས་གང་དག་གི་རང་བཞིན་ཐ་དད་པ་མ་བཟུང་བ་དེས་ནི་དེ་དག་སྦྱོར་བར་བྱེད་པ་མ་ཡིན་ཏེ། དཔེར་ན་དེ་མི་ཤེས་པའི་ཆུ་དང་འོ་མ་བཞིན་ནོ། །
རིགས་དང་རིགས་དང་ལྡན་པའི་རང་བཞིན་ཐ་དད་པ་ཡང་སྐྱེས་བུས་གཟུང་བ་མ་ཡིན་ནོ། །རང་བཞིན་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་རང་བཞིན་གྱི་ཡུལ་ལ་སྦྱོར་བ་ལ་ནི་རང་བཞིན་འཛིན་པས་ཁྱབ་པ་ཡིན་ལ། ཁྱད་པར་བྱེད་པ་ཐ་དད་པའི་རང་བཞིན་དུ་རང་བཞིན་འཛིན་པར་བྱེད་པ་མེད་
པའི་ཕྱིར་སྦྱོར་བ་ཡོད་པ་ཡིན་ནོ། །དེ་བཞིན་དུ་འབྲེལ་པ་ལ་ལྟོས་པའི་སྦྱོར་བ་ལ་ཡང་ཁྱབ་པ་གྲུབ་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་དབྱིག་པ་དང་དབྱིག་པ་ཅན་དང་། རྭ་དང་རྭ་ཅན་ལྟ་བུ་ཤེས་པ་གཅིག་ལ་སྣང་བ་སྒྲ་དང་དོན་བཞིན་དུ་ཤེས་པ་ཐ་དད་པའི་ཡུལ་མ་ཡིན་ལ། རང་བཞིན་
ཐ་དད་པ་དང་འབྲེལ་པ་ཡང་རྟོགས་པ་གང་ཡིན་པ་དེའི་ཡུལ་ཅན་གྱི་མངོན་སུམ་གྱི་ཤེས་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་སྣང་བས་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་དོགས་ན། བཤད་པ། ཡང་གང་ལ་རང་བཞིན་ཐ་དད་པ་དང་འབྲེལ་པ་དག་རྟོགས་པ་སྟེ། ཤེས་པ་
གཅིག་ལ་སྣང་བ་ཡོད་པ་དེ་དག་ལ་ཡང་། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འཛིན་པ་ནིའོ། །བརྡ་ནི་སྒྲ་ངེས་པར་སྦྱོར་བ་སྟེ། སྐབས་ཀྱིས་འདིར་ཁྱད་པར་དང་ཁྱད་པར་ཅན་བརྗོད་པའི་ཡུལ་ཅན་ཡིན་པར་གཟུང་ངོ་། །སྔར་བཤད་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཁྱད་པར་དང་ཁྱད་པར་
ཅན་ཉིད་དངོས་པོ་རྣམས་ཀྱི་ཁྱད་པར་དང་ཁྱད་པར་ཉིད་དངོས་པོ་ནི་མ་ཡིན་ཏེ། འོན་ཀྱང་སྒྲས་སྤྲུལ་པ་ཡིན་ནོ། །དེས་ན་ཁྱད་པར་དང་ཁྱད་པར་ཅན་དེ་དག་གི་རང་གི་ངོ་བོ་དང་ངེས་པ་ཉིད་ཤེས་པར་བྱ་བའི་དོན་དུ་སྒྲའི་ཐ་སྙད་རྗེས་སུ་རྟོགས་པར་བྱའོ། །དེའི་ཕྱིར་བརྡ་འཛིན་པ་དང་དེ་དྲན་པ་ནི་ཁྱད་
པར་ཅན་འཛིན་པའི་རྒྱུ་ཡིན་ཏེ། བརྡ་འཛིན་པའི་དུས་སུ་སྦྱར་བའི་ཁྱད་པར་དང་ཁྱད་པར་ཅན་དྲན་པ་ལས་ཁྱད་པར་ཅན་དུ་འཛིན་པའི་ཤེས་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ནི་འདི་ཡིན་ནོ་ཞེས་བརྡའི་དུས་སུ་མཐོང་བ་དང་ད་ལྟར་མཐོང་བ་གཅིག་ཏུ་བྱེད་པ་འདི་ནི་སྡུད་པ་ཡིན་ནོ། །བརྡའི་དུས་སུ་
เล่ม ๑๘๘ · หน้า 55b
མཐོང་བ་དང་ད་ལྟར་མཐོང་བ་གཅིག་ཏུ་མ་རྟོགས་པར་ནི་བརྡའི་དུས་སུ་གོམས་པའི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་རྟོགས་པ་མ་ཡིན་ནོ། །དེས་ན་ཐ་སྙད་ཀྱི་ཚེ་ན་དག་པའི་དངོས་པོ་མཐོང་ནས་དེ་ཉིད་ནི་འདི་ཡིན་ནོ་ཞེས་བརྡའི་མཐོང་བ་དང་གཅིག་ཏུ་བྱེད་པ་ནི་ཁྱད་པར་ཅན་དུ་འཛིན་པ་
ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ། སྡུད་པའི་བདག་ཅན་ཏེ་རང་གི་ངོ་བོ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱས་ཏེ། དེ་སྟེ་དེ་འདྲ་བར་འཛིན་པའོ། །མིག་ཅེས་བྱ་བ་འདི་ནི་ཉེ་བར་མཚོན་པ་སྟེ། མངོན་སུམ་གྱི་ཤེས་པ་ལ་ནི་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཁྱད་པར་དང་ཁྱད་པར་
ཅན་དུ་དྲན་པའི་ཤེས་པ་བརྡའི་མཐོང་བ་དང་ད་ལྟར་གྱི་མཐོང་བ་གཅིག་ཏུ་བྱེད་པ་གང་ཡིན་པ་འདི་ཉིད་ནི་ཁྱད་པར་ཅན་དུ་འཛིན་པ་ཡིན་ནོ། །སྔོན་མཐོང་བ་དང་ད་ལྟར་མཐོང་བ་གཅིག་ཏུ་འཛིན་པ་ཡོད་ཀྱང་ཁྱད་པར་དང་ཁྱད་པར་ཅན་གྱི་བརྡ་མ་དྲན་ན་ཁྱད་པར་ཅན་དུ་འཛིན་པ་ཡོད་པ་མ་ཡིན་ནོ། །
འདི་ལྟར་དེ་ཉིད་འདི་ཡིན་ནོ་ཞེས་ལོ་མ་ལ་སོགས་པ་དང་ལྡན་པ་ད་ལྟར་མཐོང་བ་ལ་སྔོན་མཐོང་བ་དང་གཅིག་ཏུ་བྱེད་ཀྱང་ཤིང་གི་སྒྲ་མ་དྲན་ན་ཤིང་གི་སྒྲས་ཁྱད་པར་ཅན་དུ་འཛིན་པ་མ་ཡིན་ནོ། །དེས་ན་ཁྱད་པར་ཅན་ལ་སོགས་པའི་བརྡ་དྲན་པའི་རྒྱུ་ཉིད་ལས་བསྡོམ་སྟེ་ཁྱད་པར་ཅན་དུ་འཛིན་པ་
ཡིན་ནོ། །དེ་ལྟར་བསྡོམ་པ་ཡང་གང་ཞིག་ཁྱད་པར་ཅན་དུ་བཟུང་བའི་དེ་མ་ཐག་ཏུ་མཐོང་བའི་ཁྱད་པར་དང་བྲལ་བའི་ཡུལ་དང་། བརྡའི་ཚེ་མཐོང་བའི་ཡུལ་འཛིན་པར་ནུས་པའི་ཤེས་པ་གང་ཡིན་པ་དེ་ཉིད་ཀྱིས་བྱེད་པར་ནུས་པ་ཡིན་ནོ། །དེས་ན་བརྡའི་དུས་སུ་གོམས་པ་ཁྱད་པར་ཅན་ལ་
སོགས་པ་དྲན་པ་དང་། སྔར་མཐོང་བའི་ཡུལ་དང་གཅིག་ཏུ་བྱེད་པ་ན་ཁྱད་པར་ཅན་དུ་འཛིན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་སྔར་མཐོང་བ་དང་ད་ལྟར་མཐོང་བ་གཅིག་ཏུ་འཛིན་པ་ཡིན་ནོ། །སྔར་ཞེས་བྱ་བ་ནི་སྔར་མཐོང་བའོ། །ཕྱིས་ཞེས་བྱ་བ་ནི་ད་ལྟར་གྱི་མཐོང་བའོ། །འཛིན་
པ་ཞེས་བྱ་བ་ནི་སྔར་མཐོང་བ་དང་ཕྱིས་མཐོང་བ་དག་ལ་ཅི་དེ་ཉིད་འདི་ཡིན་ནམ། འོན་ཏེ་གཞན་ཞེས་ལྷག་པར་འཛིན་པ་ནི་འཛིན་པའོ། །དབང་པོའི་ཤེས་པ་ནི་འདིས་སྟོང་པ་ཡིན་ནོ། །འདི་ནི་གཏན་ཚིགས་ཀྱི་ཚིག་དེ་གང་གི་ཕྱིར་སྔོན་དང་ཕྱི་མར་འཛིན་པས་སྟོང་པ་དེའི་ཕྱིར་འདི་ལ་སྡོམ་པའི་བདག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด