ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๘ · หน้า 56a
ཉིད་དུ་འཛིན་པ་ཡོད་པ་མ་ཡིན་ནོ། །ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་དོན་རྣམ་པར་འགྲེལ་པ་ན། འདི་ལ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པར་བྱ་བ་འཆད་དེ། སྔ་མ་ཁྱད་པར་དང་བྲལ་བ་འཛིན་པ་དང་། བརྡའི་དུས་ཀྱི་མཐོང་བ་ཉིད་དུ་ཕྱི་མ་འཛིན་པ་དང་། ཁྱད་པར་
ཅན་ལ་སོགས་པའི་བརྡ་དྲན་པ་ནི་བྱེད་པ་སྟེ། འདི་རྣམས་གཅིག་མེད་ན་ཡང་ཁྱད་པར་ཅན་དུ་འཛིན་པ་མི་འཐད་པའི་ཕྱིར་འདི་དག་གདོན་མི་ཟ་བར་བྱ་བ་ཡིན་ནོ། །དབང་པོའི་ཤེས་པ་ནི་བྱ་བ་འདི་དག་བྱེད་པར་ནུས་པ་མ་ཡིན་ནོ། །ག་ལས་ཤེ་ན། དཔྱོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།
གང་ཞིག་སྔ་ཕྱིར་འཛིན་པས་སྟོང་པ་དེ་ཉིད་ནི་དཔྱོད་པ་མེད་པ་ཡིན་ནོ། །འདི་ནི་ཁྱད་པར་བསྒྲུབ་པར་བྱ་བ་བསྟན་པའི་གཏན་ཚིགས་ཏེ། གང་གི་ཕྱིར་དཔྱོད་པ་དང་བྲལ་བ་དེའི་ཕྱིར་འདི་ཙམ་གྱི་བྱ་བ་བྱེད་པ་ཡོད་པ་མ་ཡིན་ནོ། །འདི་ནི་སྔར་མཐོང་བའི་ཡུལ་གྱི་དངོས་པོ་དང་ད་ལྟར་མཐོང་བ་ལ་
དེ་ཉིད་དང་གཞན་ཉིད་དུ་དཔྱོད་པར་ནུས་པ་མ་ཡིན་ནོ། །དཔྱོད་པ་མེད་པ་ཉིད་འདི་ལ་ཡང་གཏན་ཚིགས་ཡོད་པ་ཡིན་ནོ་ཞེས་བཤད་པ་ན། ཉེ་བ་རུང་བའི་ཡུལ་ན་གནས་པའི་ཡུལ་གྱི་སྟོབས་ཏེ། མཐུས་བསྐྱེད་པའི་རྒྱུའི་ཕྱིར་དཔྱོད་པ་མེད་པ་ཉིད་དོ། །ཡུལ་ཉེ་བའི་སྟོབས་ཀྱིས་སྐྱེས་པ་
ནི་དེའི་རང་བཞིན་ཁོ་ནའི་འཛིན་པར་བྱེད་པ་ཡིན་གྱི། གང་དེ་ལ་ཡོད་པ་མ་ཡིན་པ་བརྡའི་དུས་སུ་གོམས་པས་སྒྲོ་བཏགས་པ་ཁྱད་པར་དང་ཁྱད་པར་ཅན་ཉིད་ནི་མ་ཡིན་ནོ། །སྔོན་མཐོང་བའི་དངོས་པོ་དེ་ཡང་སྔོན་མཐོང་བའི་ཤེས་པའི་ཡུལ་ལ་བརྗོད་ལ། དེ་ཡང་དེ་ལྟར་མཐོང་བ་ལ་ཡོད་པ་མ་
ཡིན་པ་ཉིད་དེ། སྔར་གྱི་མཐོང་བ་ལོག་ན་དེའི་ཡུལ་ཡང་ལྡོག་པའི་ཕྱིར་རོ། །དེས་ན་གཟུང་བར་ནུས་པ་མ་ཡིན་ནོ། །གང་ཞིག་སྔར་མཐོང་བ་ཉིད་དུ་དངོས་པོ་དཔྱོད་པར་མི་ནུས་པ་དེ་ཇི་ལྟར་ན་ཁྱད་པར་ལ་སོགས་པ་སྐྱེད་པར་བྱེད་པའི་དོན་གྱི་རང་བཞིན་མ་ཡིན་པ་སྒྲོ་བཏགས་པར་འཛིན་པར་
བྱེད། དེའི་ཕྱིར་ཁྱད་པར་ལ་སོགས་པ་བཏགས་པར་འཛིན་པའི་རང་བཞིན་ཁྱད་པར་ཅན་གྱི་དངོས་པོར་རྣམ་པར་རྟོག་པ་ནི་དེ་ལ་འཐད་པ་མ་ཡིན་ནོ། །དཔྱོད་པ་ཉིད་དུ་ཁས་ལེན་ན་ནི་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པ་ཉེ་བ་མ་ཡིན་པའི་དོན་འཛིན་པ་ཉིད་དུ་ཁྱད་པར་མེད་པར་ཐལ་བར་
เล่ม ๑๘๘ · หน้า 56b
འགྱུར་ཏེ། སྔར་མཐོང་བ་དང་ཕྱིས་མཐོང་བ་དག་ཤེས་པ་གཅིག་གིས་གཟུང་བ་ནི་ཉེ་བ་མ་ཡིན་པའི་དོན་འཛིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་གཟུགས་འཛིན་པར་སོ་སོར་ངེས་པ་དབང་པོས་བྱས་པ་ཡིན་ཡང་ཐ་དད་པ་མེད་པར་འགྱུར་ལ། ཐ་དད་པ་མེད་པར་ཐལ་བའི་ཕྱིར་དབང་
པོའི་ཤེས་པ་དཔྱོད་པ་མེད་པ་ཡིན་ནོ། །ཉེ་བ་མ་ཡིན་པའི་དོན་འཛིན་པར་ཁྱད་པར་མེད་ན་ནི། འདས་པ་དང་མ་འོངས་པ་དང་དངོས་པོའི་རབ་ཏུ་དབྱེ་བ་སྟེ། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པ་ལྡོག་པའི་རྒྱུ་མཚན་ཅན་གྱི་ཐ་དད་པའི་རང་གི་ངོ་བོ་དེ་དབང་པོའི་ཤེས་པས་ཀྱང་
འཛིན་པ་དང་། ཡིད་ཀྱི་ཤེས་པས་ཀྱང་མི་འཛིན་པ་སྟེ། དེ་དག་དང་དཔོག་པ་སྟེ་དབང་པོའི་ཤེས་པས་ཀྱང་གཞན་དུ་མི་འཐད་པ་མཐོང་བ་ལས་མ་མཐོང་བ་རྟོགས་པར་འགྱུར་ལ། མི་དཔོག་པ་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེ་ལས་བཟློག་པར་འགྱུར་རོ། །དེ་དག་དང་དོན་ཡོད་
པ་ནི་བདོག་པའོ། །དེ་ལ་ལྟོས་པ་ནི་དེ་དང་འབྲེལ་པ་སྟེ། ཡིད་ཀྱི་ཤེས་པའོ། །དེ་ལས་བཟློག་པ་ནི་མི་ལྟོས་པ་སྟེ་དབང་པོའི་ཤེས་པའོ། །དེ་དག་དང་ཞེས་བཟླ་བར་དབྱེ་བའོ། །དེ་དག་ལ་སོགས་པ་འདོད་པ་ཙམ་ལ་རག་ལས་པ་ལ་སོགས་པ་དེ་དག་ཏུ་ཐལ་བར་འགྱུར་རོ། །འདི་ལ་
ཤེས་པའི་ཆོས་འདས་པ་ལ་སོགས་པ་འཛིན་པར་ཤེས་པར་བྱེད་པ་པོ་ཉིད་ནི་ཉེ་བ་མ་ཡིན་པའི་ཡུལ་འཛིན་པ་ཙམ་ལ་རག་ལས་པ་ཡིན་ལ། དཔྱོད་པར་བྱེད་པའི་ཕྱིར་དབང་པོའི་ཤེས་པ་ལ་ཡང་ཉེ་བ་མ་ཡིན་པའི་ཡུལ་ཅན་ཉིད་ཡོད་པ་དེའི་ཕྱིར་དེའི་རྒྱུ་མཚན་ཙམ་གྱི་ཆོས་སུ་ཡང་ཐལ་བར་
འགྱུར་རོ། །དེ་ལ་ཡོད་ཀྱང་དཔོག་པ་ལ་སོགས་པ་མ་ཡིན་ན་ནི་ཡིད་ཀྱི་ཤེས་པ་ཡང་མི་འགྱུར་ཏེ། དེ་ལ་ཡང་ཡུལ་ཉེ་བ་མ་ཡིན་པ་ཉིད་ལས་འདས་པ་ལ་སོགས་པའི་རྒྱུ་འཛིན་པ་ལ་སོགས་པའི་རྒྱུ་ལྷག་པ་གཞན་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་དབང་པོའི་ཤེས་པའི་ཡུལ་མི་ཉེ་བ་
ཅན་ཡིན་ཡང་གལ་ཏེ་དོན་ཡོད་པ་ལ་ལྟོས་པ་ཡིན་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཐལ་བར་འགྱུར་རོ། །དབང་པོའི་ཤེས་པ་དེའི་རྣམ་པར་འཛིན་པ་ཉིད་ཀྱིས་དོན་ལ་ལྟོས་པ་ཞེས་བྱ་བར་གནས་པ་ནི་མ་ཡིན་ཏེ། ལྟོས་པ་མེད་པ་འདས་པ་ལ་སོགས་པའི་རྣམ་པར་ཡང་འཛིན་པའི་ཕྱིར་རོ། །འོན་
เล่ม ๑๘๘ · หน้า 57a
ཀྱང་ཤེས་པ་ཉིད་ལས་ཡིན་ལ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་བྱེ་བྲག་ཡོད་པ་མ་ཡིན་ནོ། །ཡང་ན་དབང་པོའི་རྣམ་པར་ཤེས་པ་ཡང་ལྟོས་པ་མེད་པར་ཐལ་བར་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡུལ་ཉེ་བ་ཅན་མ་ཡིན་པ་ཉིད་ཀྱིས་འདོད་
པ་ཙམ་གྱི་འཇུག་པ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་ཉེ་བ་མ་ཡིན་པ་འཛིན་པ་ཉིད་བཏང་ན་དཔྱོད་པ་མེད་པའི་ཕྱིར་མངོན་སུམ་རྟོག་པ་མེད་པར་གྲུབ་པ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པས་མངོན་པར་འདུས་བྱས་པ་སྟེ་བརྡའི་ཚེ་གོམས་པའི་ཁྱད་པར་ཅན་ལ་སོགས་པས་སྦྱར་བ་བྱས་
པ་ལ་དབང་པོའི་ཤེས་པས་འཛིན་པར་བྱེད་པ་དེས་ན་དབང་པོའི་ཤེས་པས་འདས་པ་ལ་སོགས་པ་དྲན་པ་ལ་སོགས་པར་བྱ་བར་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་བྱས་པའི་ཕྱིར་རོ། །དབང་པོའི་ཤེས་པ་ཁྱད་པར་ཅན་དུ་འཛིན་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཁས་བླངས་པ་
སྟོན་པར་བྱེད་པ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པ་ཟློག་པར་བྱེད་དོ། །གཏན་ཚིགས་བཤད་པ་ཇི་སྐད་བཤད་པའི་ཁྱད་པར་ལ་སོགས་པ་རྣམས་འཛིན་པར་བྱེད་པ་མ་ཡིན་པས་ན་དེ་ལྟར་ཁྱད་པར་ཅན་ཉིད་དུ་རྟོགས་པ་སྟེ། ཡོངས་སུ་གཅོད་པར་མི་རིགས་པའི་ཕྱིར་རོ། །
འདི་སྙམ་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཉེ་བ་མ་ཡིན་པ་མངོན་པར་འདུས་བྱས་པའི་ཁྱད་པར་ཅན་དེ་ལ་དབང་པོའི་ཤེས་པས་རྟོགས་པ་དེས་ན་ཇི་ལྟར་རྟོགས་པར་མི་རིགས་པ་ཡིན་ཞེ་ན། བཤད་པ་ཡུལ་མ་ཡིན་པ་ཁྱད་པར་ཅན་དང་། སྔར་མཐོང་བ་ལ་མི་འཇུག་པའི་རྒྱུའི་ཕྱིར་རོ། །གང་
གི་ཕྱིར་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པས་བཀོད་ཀྱང་དབང་པོའི་ཤེས་པ་འཇུག་པ་མ་ཡིན་ཏེ། ཉེ་བ་མ་ཡིན་པ་ཡིད་ཀྱི་རྣམ་པར་ཤེས་པས་ཁྱད་པར་ཅན་དུ་ཟིན་ཀྱང་ཉེ་བ་མ་ཡིན་པ་ཉིད་སྤོང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡུལ་མ་ཡིན་ཏེ། རྣ་
བའི་རྣམ་པར་ཤེས་པས་གཞག་པའི་སྒྲ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་མ་ཡིན་པ་བཞིན་ནོ། །འདི་ཉིད་བསྟན་པའི་ཕྱིར་རིགས་ལ་སོགས་པ་དང་ཞེས་བྱ་བ་སྨོས་སོ། །སོགས་པ་ཞེས་བྱ་བས་ནི་བྱ་བ་དང་ཡོན་ཏན་བསྡུ་བའོ། །དེའི་འབྲེལ་པ་དང་འདས་པ་དང་སྒྲའི་ཐ་སྙད་དེ་ཁྱད་པར་
เล่ม ๑๘๘ · หน้า 57b
ལ་སོགས་པ་གང་ཞིག་སྒྲས་ཐ་སྙད་དུ་བྱ་བ་ནི་སྒྲའི་ཐ་སྙད་དོ། །སོགས་པ་སྨོས་པས་ནི་མ་འོངས་པ་དང་དངོས་པོའི་རབ་ཏུ་དབྱེ་བ་བསྡུ་སྟེ། དེ་དག་ནི་དབང་པོའི་ཤེས་པའི་ཕྱིར་རོ། །དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་གཞག་པ་ལ་ཡང་འཛིན་པ་མ་ཡིན་པ་དེའི་ཕྱིར་དབང་པོའི་ཤེས་
པས་དོན་དང་དོན་གཞན་དུ་སྦྱོར་བའི་སྦྱོར་བ་དེ་ཉིད་ནི་རྟོག་པའོ། །དེར་མ་གཏོགས་པ་ནི་བདག་ཉིད་དུ་གྱུར་པ་མ་ཡིན་པའོ། །དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ཤེས་པ་གཅིག་ལ་སྣང་བ་ཉིད་ལ་བརྟེན་ནས་རིགས་ལ་སོགས་པ་སྦྱོར་བའི་རྟོག་པ་བསལ་བ་ཡིན་ནོ། །དབང་པོ་ལས་
སྐྱེས་པ་དེ་ན་རྣམ་པར་རྟོག་པས་ཀུན་ནས་བསླང་བ་སྟེ་བཅུག་པ་ཡིན་ནའོ། །ཡང་ཞེས་བྱ་བ་ནི་སྐྱོན་སོགས་པར་བྱེད་པའོ། །འདོད་པས་ལྡོག་དང་ཞེས་བྱ་བ་འདིས་ནི་ཐལ་བར་འགྱུར་བ་བསྟན་ཏོ། །ཐལ་བ་གཞན་ཡང་སྟོན་པར་བྱེད་པ་ནི་ཉེ་བའི་དོན་ཏེ་རུང་བའི་ཡུལ་ན་གནས་པ་ཉིད་ལ་
དབང་པོ་ལས་སྐྱེས་པའི་བློ་རྒྱུའི་དངོས་པོར་མི་ལྟོས་པར་འགྱུར་རོ། །ཚིག་ལེའུར་བྱས་པས་བསྟན་པའི་ཐལ་བར་འགྱུར་བ་གཉིས་པོ་ཉིད་རིམ་པ་བཞིན་དགྲོལ་བའི་ཕྱིར་བཤད་པ། གཞན་ཡང་ཞེས་བྱ་བ་ནི་ཉེས་པ་བསགས་པའི་དོན་ཏེ། རེ་ཞིག་ཡུལ་མ་ཡིན་པ་ལ་མི་འཇུག་པའི་
ཕྱིར་ཡིད་ཀྱི་ཤེས་པས་མངོན་པར་འདུས་བྱས་པའི་དོན་ལ་དབང་པོའི་ཤེས་པ་མི་འཇུག་གོ་ཞེས་བརྗོད་ཟིན་པ་ཡིན་ལ། དེ་འཛིན་ན་ཡང་འདོད་པས་ལྡོག་པ་ཉིད་དང་དོན་ལ་ལྟོས་པ་མེད་པར་འགྱུར་རོ་ཞེས་སྐྱོན་བསགས་པའོ། །འདི་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པའི་བློའོ། །ཁྱད་
པར་ནི་རྣམ་པར་གཅོད་པར་བྱེད་པ་སྟེ། དབྱིག་པ་ལ་སོགས་པའི་དོན་ནམ་སྒྲའོ། །དེ་ལ་སོགས་པ་ཁྱད་པར་ཅན་དང་འབྲེལ་པ་དང་འདས་པ་དང་སྒྲའི་ཐ་སྙད་དང་དེ་ལྟ་བུ་ལ་སོགས་པའི་རྟོག་པ་གཞན་གང་ཡིན་པ་དག་གོ། །དེས་ཀུན་ནས་བསླང་བ་ནི་བཅུག་པ་སྟེ་བཅུག་པ་ཉིད་ཀྱང་རྣམ་
པར་རྟོག་པའི་ཡུལ་དབྱིག་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་དོན་འཛིན་པར་བྱེད་པ་སྟེ། རྣམ་པར་བརྟགས་པའི་དོན་འཛིན་པར་བྱེད་པ་ཉིད་ཡིན་ནོ། །གང་གི་ཕྱིར་དེ་རྣམ་པར་བརྟགས་པའི་དོན་འཛིན་པར་བྱེད་པ་དེའི་ཕྱིར་དེས་ཀུན་ནས་བསླང་བ་ཡིན་ནོ། །ཡུལ་ལ་གཏོད་
เล่ม ๑๘๘ · หน้า 58a
པར་བྱེད་པའི་རྣམ་པར་རྟོག་པ་དེ་ཡང་དོན་གྱིས་སྐྱེད་པར་བྱེད་པར་འགྱུར་བ་ཡིན་གྱི་འདིར་ཀུན་ནས་སློང་བ་པོ་སྐྱེད་པར་བྱེད་པ་པོ་ལ་ནི་འདོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་ནི་རྟོག་པ་མེད་པ་དང་ཐུན་མོང་བའི་སྐྱེད་པར་བྱེད་པ་ཡིན་པ་དེས་ན་དེ་ལ་སྐྱོན་མེད་པར་འགྱུར་
བའི་ཕྱིར་རོ། །ཡིན་ན་ཞེས་བྱ་བ་ནི་རྟོག་པས་ཀུན་ནས་བསླང་བ་གཏན་ཚིགས་ཡིན་པར་སྟོན་པ་སྟེ། དེ་ཡིན་པར་གྱུར་ན་ཞེས་པའི་དོན་ཏོ། །འཇུག་པ་ཡང་ཞེས་བྱ་བ་ནི་རྒྱུན་འཇུག་པར་བསྟན་པས་རྒྱུ་ཚང་བ་ཉིད་དུ་སྟོན་པར་བྱེད་པའོ། །དེ་རྒྱུ་དང་ལྡན་པ་ཡང་འདོད་པས་ལྡོག་པར་
འགྱུར་རོ་ཞེས་འབྲེལ་ཏོ། །རྣམ་པར་རྟོག་པ་སྐྱེད་པའི་ཚོགས་པ་ཚང་བ་ཅན་གྱི་སྐྱེས་བུ་གང་ཡིན་པ་དེའིའོ། །འདི་ཉིད་བཤད་པ་ནི། འཇུག་པ་ཡང་ཞེས་བྱ་བ་ཡིན་ནོ། །རྒྱུ་མ་ཚང་ན་ནི་རང་ཉིད་ལྡོག་པར་འགྱུར་བའི་ཕྱིར་རྒྱུ་མ་ཚང་བ་མེད་པ་ཉིད་ལ་འདོད་པས་ལྡོག་པའི་བྱེད་པ་
རྟོགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །རྒྱུ་མ་ཚང་བ་མེད་པ་ཡིན་ན་ཇི་ལྟར་ལྡོག་ཅེ་ན། རྒྱུ་དེ་ཉིད་མ་ཚང་བའི་ཕྱིར་རོ། །ཡང་ནི་ཕྱི་ནས་སོ། །དབང་པོའི་ཤེས་པའི་རྣམ་རྟོག་ལས་གཞན་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ཇི་ལྟར་འདོད་པས་ལྡོག་པ་དེ་བཞིན་དུ་དེ་ཡང་ལྡོག་
པར་འགྱུར་རོ། །འདི་ནི་ཆོས་གཉིས་ཀྱི་ཁྱད་པར་སྟོན་པའོ། །རྣམ་པར་བརྟགས་པའི་དོན་འཛིན་པ་ཉིད་ལ་ནི་འདོད་པས་ལྡོག་པ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། འདི་ལྟར་སྒྲོ་བཏགས་པའི་དོན་འབད་པས་ཉེ་བར་གཞག་པ་ནི་སྒྲོ་འདོགས་པར་འདོད་པ་ལོག་པར་འགྱུར་བ་ཉིད་ལ། དེ་ལྡོག་པ་
ན་དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡང་ལྡོག་པ་ཡིན་ནོ། །དེས་ན་འདོད་པས་ལྡོག་པ་ཉིད་ཀྱི་རྒྱུ་མཚན་ནི་བརྟགས་པའི་དོན་འཛིན་པ་ཙམ་ཉིད་ཡིན་པས་དེའི་ཁྱབ་པར་བྱེད་པ་ཡིན་ནོ། །གལ་ཏེ་རྣམ་པར་བརྟགས་པ་འཛིན་པ་ཉིད་ཡིན་ཡང་འདོད་པས་ལྡོག་པ་ཉིད་དུ་མི་འགྱུར་ན་ནི་རྒྱུ་མཚན་
དང་བཅས་པ་རྒྱུ་མཚན་གཞན་ལ་ལྟོས་པར་འགྱུར་ན་རྒྱུ་མཚན་གཞན་ནི་རྟོགས་པ་མེད་དོ། །དེའི་ཕྱིར་བརྟགས་པའི་དངོས་པོ་འཛིན་པ་ནི། འདོད་པས་ལྡོག་པ་ཉིད་ཀྱི་གཞན་ལ་ལྟོས་པ་མེད་པའི་རྒྱུ་ཡིན་ནོ། །གལ་ཏེ་འདི་ཡོད་ན་ཡང་འདོད་པས་ལྡོག་པ་ཉིད་དུ་མི་འགྱུར་ན་ནི་དེའི་ཚེ་
เล่ม ๑๘๘ · หน้า 58b
ཁྱབ་པར་བྱེད་པ་ལྟོས་པ་མེད་པ་ཉིད་ཉམས་པར་འགྱུར་བའི་ཕྱིར་འདོད་པས་ལྡོག་པ་ནི་བརྟགས་པའི་དོན་འཛིན་པའི་ཁྱབ་པར་བྱེད་པ་ཡིན་ནོ། །དེས་ན་དབང་པོའི་ཤེས་པ་ལ་ཁྱབ་པར་བྱ་བ་བརྟགས་པའི་དོན་འཛིན་པ་ཉིད་ཡོད་ན། ངེས་པར་ཁྱད་པར་བྱེད་པའི་ཆོས་དང་ལྡན་པར་
འགྱུར་རོ། །ཁྱབ་པར་བྱེད་པ་ལྡོག་ན་ཁྱབ་པར་བྱ་བ་ཡང་ལྡོག་པའི་ཕྱིར་རོ། །ཐལ་བ་དང་ཐལ་བ་བཟློག་པ་དག་ཉིད་བསྟན་པར་བྱ་བའི་དོན་དུ་བཤད་པ་རྣམ་པར་རྟོག་པའི་ཤེས་པ་ནི་སོ་སོར་བརྟགས་པ་སྟེ། འཇུག་པའི་རྣམ་པར་རྟོག་པའི་ཡུལ་དང་མི་མཐུན་པའི་བརྟགས་
པ་ལས་བཟློག་པར་ནུས་པ་ཡིན་ནོ། །དབང་པོའི་ཤེས་པའི་རྗེས་སུ་བྱུང་བ་སྔོན་པོ་ལ་སོགས་པའི་རྣམ་པར་རྟོག་པ་འགའ་ཞིག་བཟློག་པར་ནུས་པ་མ་ཡིན་ལ་བུམ་པ་ལ་སོགས་པ་ལ་གཅིག་པ་ལ་སོགས་པར་རྣམ་པར་རྟོག་པའི་ཀུན་རྫོབ་ཀྱི་ཡུལ་ཅན་གཞན་ཡང་ཡོད་པ་མ་ཡིན་
ནམ། དེའི་ཕྱིར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཇི་ལྟར་འགྲུབ་པར་འགྱུར་ཞེས་དོགས་པ་ལ། འདི་ཉེ་བར་བཀོད་དེ་རྒྱུན་དུ་འཇུག་པའི་རྣམ་པར་རྟོག་པ་གང་ཡིན་པ་རྣམས་ནི་དེ་ལྟར་ནི་འདི་བརྟག་པར་མི་བྱའོ་ཞེས་རང་གི་ངོ་བོས་བཟློག་པར་ནུས་པ་ཡིན་གྱི། རྣམ་པར་
བརྟགས་པའི་དོན་ཡོད་པ་མ་ཡིན་ནོ་ཞེས་ཡུལ་བཀག་པས་ནི་མ་ཡིན་ནོ། །དེས་ན་གཅིག་ལ་སོགས་པ་ཀུན་རྫོབ་ཀྱི་རྣམ་པར་རྟོག་པ་ཡང་དེ་སྲིད་ཀྱི་དུས་སུ་འདོད་པས་བཟློག་པར་ནུས་པ་ཡིན་པ་དེའི་ཕྱིར་འཁྲུལ་པ་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་དབང་པོའི་ཤེས་པ་ཡང་འདོད་པས་མིག་
འཛུམས་པ་ན་ལྡོག་པ་ནི་ངེས་པར་འདོད་པ་ཉིད་ཀྱིས་ལྡོག་པར་འགྱུར་བ་ཡིན་པས་ན་འདོད་པས་ལྡོག་པ་ནི་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནོ་སྙམ་ན། དབང་པོའི་བློ་ནི་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །དོན་ནི་འདི་ཡིན་ཏེ་རྒྱུ་བྱེད་པ་དང་ལྡན་པ་ཉིད་ལ་འདོད་པས་རྒྱུའི་ནུས་པ་ཉམས་པར་བྱས་
པས་འབྲས་བུ་ལྡོག་པ་ན་བྱེད་པ་ངེས་པར་འགྱུར་བ་ཡིན་ན་འདི་ལ་ནི་རྒྱུ་དབང་པོ་ཉིད་འདོད་པས་འཇུག་པ་དང་ལྡོག་པར་བྱེད་པ་ཡིན་གྱི་རྣམ་པར་ཤེས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ལྟར་མངོན་དུ་གནས་པའི་ཡུལ་ལ་དབང་པོ་འཇུག་པ་ན་མཐོང་བར་མི་འདོད་ཀྱང་མཐོང་བ་ཡིན་ནོ། །དེ་
เล่ม ๑๘๘ · หน้า 59a
བཤད་པ་ནི། བ་ལང་གི་བློ་བཟློག་ཅིང་ཞེས་བྱ་བའོ། །འདིས་ནི་བ་ལང་གི་བློ་ལ་འདོད་པ་མེད་པར་བསྟན་པའོ། །རྟར་རྣམ་པར་བརྟགས་ཀྱང་ཞེས་བྱ་བ་འདིས་ནི་འགལ་བའི་རྣམ་པར་རྟོག་པ་ལ་འདོད་པ་བསྟན་ཏེ། དེས་ན་བ་ལང་གི་བློ་ལ་འདོད་པ་མེད་ཅིང་
འགལ་བར་འདོད་པའི་རྣམ་པར་རྟོག་པ་རྒྱུན་དུ་འཇུག་ཀྱང་མིག་ལ་སོགས་པའི་རྒྱུ་ཚང་ན་བ་ལང་ཉིད་དུ་མཐོང་བར་འགྱུར་བ་ཡིན་ནོ། །དེས་ན་དེའི་ཡུལ་གྱི་རྣམ་པར་རྟོག་པ་བཟློག་ཅིང་ཟློག་པར་བྱེད་ལ་འགལ་བའི་རྣམ་པར་རྟོག་པ་གཞན་ཉེ་བར་བྱས་ཀྱང་མི་འདོད་པའི་མཐོང་བ་བཟློག་
པར་ནུས་པ་མ་ཡིན་པ་ཉིད་དོ་ཞེས་བརྗོད་པར་འགྱུར་རོ། །དེའི་ཕྱིར་དབང་པོའི་ཤེས་པ་འདོད་པས་མི་ལྡོག་པས་ན་བརྟགས་པའི་དོན་འཛིན་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཐལ་བ་གཉིས་པ་བསྟན་པའི་དོན་དུ་སྨྲས་པ། དོན་ཉེ་བ་རུང་བའི་ཡུལ་ན་གནས་པ་ལ་རྒྱུའི་དངོས་པོར་
མི་ལྟོས་པ་ཉིད་དོ། །རྣམ་པར་རྟོག་པ་རྣམས་ཀྱི་དོན་ཉེ་བ་ལ་མི་ལྟོས་པས་ནི་བརྟགས་པའི་དོན་འཛིན་པ་ལས་འགྱུར་བ་ཡིན་ཏེ། འདི་ལྟར་རྣམ་པར་བརྟག་པའི་དངོས་པོ་དེ་ནི་མེད་པ་ཡིན་ལ། དེའི་འཛིན་པས་ན་དོན་ཉེ་བ་ལ་ལྟོས་པ་ཉམས་པར་འགྱུར་བ་ཡིན་ནོ། །དབང་པོའི་རྣམ་
པར་ཤེས་པ་ཡང་རྣམ་པར་བརྟགས་པ་འཛིན་པ་ཡིན་ན་ནི་དེས་ན་ཉེ་བ་མ་ཡིན་པ་འཛིན་པས་ན་དེ་ཡང་དོན་ཉེ་བ་ལ་ལྟོས་པ་མེད་པར་འགྱུར་རོ། །ཡུལ་ཉེ་བ་ལ་ལྟོས་པ་མེད་པ་ཉིད་ནི་བརྟགས་པའི་དོན་ཉེ་བ་མ་ཡིན་པ་འཛིན་པ་ཙམ་ལ་ལྟོས་པ་ཡིན་ལ་དེ་ཡང་ཁྱབ་པར་བྱེད་པ་ཡིན་པ་དེ་བས་ན་
སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་རང་བཞིན་གྱི་གཏན་ཚིགས་སོ། །ཆོས་གཉིས་ཀྱིས་ཁྱབ་པ་བསྟན་པའི་དོན་དུ་སྨྲས་པ། གང་གི་ཕྱིར་བ་ལང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་ཅན་གྱི་བ་ལང་གི་རྣམ་པར་རྟོག་པ་ནི་བ་ལང་ལ་སོགས་པའི་དོན་ཉེ་བ་ཉིད་ལས་འགྱུར་བ་མ་ཡིན་ནོ། །
འདིས་ནི་ཉེ་བ་ལས་གཞན་དུ་ཡང་འགྱུར་བ་མ་ཡིན་པ་དེ་ལ་ལྟོས་པ་མ་ཡིན་ནོ་ཞེས་ངེས་པ་འགོག་པར་བྱེད་པ་ཡིན་ནོ། །ཅིག་ཤོས་ཀྱིས་ནི་འདི་ཡང་གཞན་དུ་མིན་ཞེས་བྱ་བ་སྨྲས་ཏེ། རྣམ་པར་རྟོག་པ་འགའ་ཞིག་ནི་དོན་ཉེ་བ་ལ་མི་ལྟོས་པ་མ་ཡིན་ནོ། །ཇི་ལྟ་བུ་མ་ཡིན་ན། འདི་ཉིད་ཅེས་བྱ་
เล่ม ๑๘๘ · หน้า 59b
བས་འཇུག་པ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འདིའི་དངོས་པོ་སྟེ། འདིའི་སྒྲས་བརྗོད་པར་བྱ་བའི་དོན་གྱི་དངོས་པོ་ནི་འདི་ཉིད་དོ། །དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱང་གསུམ་པའོ། །འདི་ཁྱད་པར་ཅན་གྱི་དོན་སྣང་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་དོན་ཉེ་བ་ལ་ལྟོས་པ་ཡིན་
ནོ། །ག་ལས་ཤེ་ན། གང་གི་ཕྱིར་འདི་ལ་བ་ལང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་བ་ལང་ཉེ་བ་ཡིན་ན་མི་འགྱུར་རོ། །འདིས་ནི་ལྡོག་པ་བསྟན་ཏོ། །ཤུགས་ཀྱིས་དོན་ཡོད་ན་ནི་འགྱུར་རོ་ཞེས་རྗེས་སུ་འགྲོ་བ་འཕངས་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཀྱང་ལྟོས་པ་དང་
བཅས་པ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། ལྟོས་པ་དང་བཅས་པ་དང་ལྟོས་པ་མེད་པའོ། །དེ་ལ་མངོན་སུམ་ལྟོས་པ་མེད་པར་ཐལ་བ་མ་ཡིན་ནམ་ཞེས་དོགས་པ་ལ། ཁོ་བོ་ཅག་གི་ཞེས་སྨོས་ཏེ། བདག་ཅག་གི་མངོན་སུམ་ཡང་འདི་ཉིད་
ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་རྣམ་པར་རྟོག་པ་འགའ་ཞིག་དོན་ལ་མི་ལྟོས་པ་ཡིན་ཡང་མངོན་སུམ་ལ་མི་ལྟོས་པར་དོགས་པར་མི་འགྱུར་རོ། །དེ་ལྟར་ན་འདིས་ནི་རྣམ་པར་རྟོག་པ་རྣམ་པ་གཉིས་ཡིན་ཡང་འདིའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་དོན་ཉེ་བ་ལ་ལྟོས་
པ་དང་བཅས་པ་ཉིད་དུ་བསྟན་ཏོ། །མངོན་སུམ་གྱི་མཚན་ཉིད་སྦྱར་བའི་ཕྱིར་སྨྲས་པ། ཉེ་བ་ཡང་དེ་ཡིན་ལ་དོན་ཀྱང་ཡིན་པ་དེ་ངེས་པའི་མཚན་ཉིད་ངོ་བོ་ཉིད་གང་ལ་ཡོད་པ་དངོས་པོ་སྟེ་དེའི་ཕྱིར་རོ། །གཞན་དག་གི་དོན་ཉེ་བ་སྣང་བ་ཡིན་ལ་བདག་ཅག་གི་དོན་ཉེ་བ་ངེས་པ་མངོན་སུམ་
གྱི་མཚན་ཉིད་ཡིན་ནོ། །གང་གི་ཕྱིར་ངེས་པ་འདི་ནི་དབང་པོའི་བྱེད་པ་ཡོད་ན་འགྱུར་བ་དེའི་ཕྱིར་འདི་ཉིད་མངོན་སུམ་ཡིན་ནོ། །དོན་ཉེ་བ་ལ་ལྟོས་པ་ཉིད་དེ་ནི་འདིའི་དོན་གྱི་ཁྱད་པར་ཅན་གྱི་དངོས་པོར་རྣམ་པར་རྟོག་པ་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ། གང་གི་
ཕྱིར་འདིའི་དོན་དུ་སྣང་བའི་བློ་མིག་གི་བྱེད་པ་ཡོད་པ་ལ་མཐོང་བ་གང་ཡིན་པ་དེ་ནི་དབང་པོའི་བྱེད་པ་མེད་པར་ངེས་པ་ལས་ཀྱང་འགྱུར་བར་མཐོང་སྟེ། མིག་གི་བྱ་བ་བྱེད་པར་ཡང་འདི་བུམ་པ་ཞེས་མཐོང་བའི་ཡུལ་དུ་རྟོག་པ་ཡོད་པ་ཡིན་ནོ། །གལ་ཏེ་དབང་པོའི་བྱེད་པ་ཡོད་དམ་མེད་ཀྱང་
เล่ม ๑๘๘ · หน้า 60a
རུང་སྟེ་རེག་པ་ལས་འདིའི་དོན་དུ་སྣང་བ་ནི་ཉེ་བའི་བུམ་པ་ཉིད་ལ་འདི་བུམ་པའོ་ཞེས་རྟོག་པ་མ་ཡིན་ནམ། ཅིའི་ཕྱིར་རྣམ་པར་རྟོག་པ་འདི་དོན་ཉེ་བ་ལ་ལྟོས་པ་མེད་པ་ཡིན་ཞེས་བརྗོད་ཅེ་ན། མེད་དང་ཐ་དད་པ་མེད་པའང་། །ཞེས་གསུངས་ཏེ། རྣམ་པར་བརྟག་པར་བྱ་
བའི་དོན་གང་ཞིག་ཡོད་པ་ཡིན་ཡང་རྣམ་པར་རྟོག་པ་དེ་བསྐྱེད་པ་ལ་དོན་དེ་མེད་པ་ལས་ཐ་དད་པ་མེད་པ་ཉིད་ཡིན་ནོ། །གང་ཞིག་གང་བསྐྱེད་པའི་ནུས་པ་མེད་པ་དེ་ནི་དེ་ལ་ལྟོས་ནས་མེད་པར་བརྗོད་པ་ཡིན་ནོ། །གཏན་ཚིགས་ཅིའི་ཕྱིར་མེད་པ་དང་ཐ་དད་པ་མེད་ཅེ་ན། བཤད་པ། གཟུགས་
ལ་སོགས་པའི་དོན་དེ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་སྟེ། རང་གི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དབང་པོའི་ཡུལ་གྱི་དོན་ནི་བྱེད་པ་དང་བཅས་པའི་དབང་པོ་དང་ལྷན་ཅིག་ཏུ་རང་གི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ན། སྤྱོད་ཡུལ་མ་ཡིན་པ་དེ་ལ་ནི་དབང་
པོའི་བྱེད་པ་མེད་པ་ཡིན་ནོ། །དེའི་ཕྱིར་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ལ་མེད་པ་དང་ཐ་དད་པ་མེད་པ་ཡིན་ནོ། །དེའི་ཚེ་གཟུགས་ཡོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་མེད་པ་ལས་ཐ་དད་པ་མེད་པར་ཇི་ལྟར་འགྱུར་ཞེས་དོགས་པ་ལ། དབང་པོའི་ཡུལ་མ་ཡིན་པའི་ཞེས་གསུངས་ཏེ།
གང་གི་ཕྱིར་དོན་གང་ཞིག་དབང་པོའི་ཡུལ་མ་ཡིན་པ་དེ་རི་བོང་གི་རྭ་ལ་སོགས་པ་མེད་པ་ལས་ཐ་དད་ཅི་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཡུལ་མ་ཡིན་པའི་དོན་དེ་ཉིད་ཀྱི་དབང་པོ་གང་ཡིན་པ་དེ་ཤེས་པར་ཕ་རོལ་པོས་འདོད་པ་གང་ཡིན་པ་དེ་སྐྱེད་པ་སྟེ་ཡུལ་ཉིད་དུ་འགྱུར་བ་ལ་ཐ་
དད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་ཡོད་པ་ཡིན་པའི་ཕྱིར་རང་གི་ངོ་བོས་ཐ་དད་པ་ཡིན་ཡང་ཡུལ་མ་ཡིན་པས་བྱེད་པ་མེད་པའི་ཕྱིར་དབང་པོ་དེའི་ཤེས་པ་བསྐྱེད་པར་བྱ་བ་ལ་རི་བོང་གི་རྭ་ལ་སོགས་པ་དང་ཁྱད་པར་མེད་པ་ཁོ་ནའོ། །ཉེ་བའི་རང་བཞིན་ཤེས་
པ་སྐྱེད་པར་བྱེད་པ་ཡིན་ཡང་མེད་པ་ལས་ཐ་དད་པ་མེད་པར་འགྱུར་བ་ཇི་ལྟར་ཡིན་ཞེ་ན། བཤད་པ། ཡུལ་མ་ཡིན་པའི་དོན་དེའི་ནུས་པ་སྟེ་བྱེད་པ་གང་ཡིན་པ་དེ་ནི་རང་བཞིན་འཛིན་པའི་རང་གི་དབང་པོའི་ཤེས་པ་དེ་ལས་དངོས་སུ་སྟེ་བར་དུ་མ་ཆོད་པ་ལྡོག་པའི་ཕྱིར་རོ། །ཡུལ་མ་ཡིན་པའི་
เล่ม ๑๘๘ · หน้า 60b
དོན་དངོས་སུ་རང་གི་ཡུལ་གྱི་དབང་པོའི་ཤེས་པ་སྐྱེད་པར་མི་བྱེད་པས་ནུས་པ་མེད་པ་དེའི་ཕྱིར་དེ་ལ་ལྟོས་ཏེ་མེད་པ་དང་འདྲ་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་མེད་པ་ནི་བརྒྱུད་པས་ཀྱང་ཉེ་བར་སྦྱོར་བ་མེད་པའི་ཕྱིར་མི་ཉེ་བ་ཉིད་ཡིན་ལ་ཡོད་པ་ནི་དེ་ལས་བཟློག་པ་མ་ཡིན་ནམ། དེས་ན་ཇི་ལྟར་ཁྱད་
པར་མེད་པ་ཡིན། འདི་ལ་བརྒྱུད་པས་ཕན་འདོགས་པ་ནི་ཡོད་པ་ཡིན་ཏེ། གཟུགས་མེད་ན་ནི་རེག་པ་མེད་པར་འགྱུར་ལ། དེ་མེད་ན་དེའི་ཤེས་པ་དེ་མེད་ན་འདི་ཉིད་ཀྱི་ཡུལ་ཅན་གྱི་མཐོང་བའི་རྣམ་པར་རྟོག་པ་མེད་པར་འགྱུར་བ་དེས་ན་ཐ་དད་པ་མེད་པར་རིགས་པ་མ་ཡིན་ནོ་ཞེས་དོགས་པ་ལ།
བརྒྱུད་པས་ཉེ་བར་སྦྱོར་བ་དེ་ནི་འདས་པ་ལས་ཀྱང་མཐོང་བའི་ཕྱིར་རོ་ཞེས་གསུངས་ཏེ། ཀྱང་གི་སྒྲ་ནི་འདས་པ་ལས་ད་ལྟར་བྱུང་བ་ཁྱད་པར་མེད་པར་བསྟན་པའི་དོན་དུའོ། །གང་གི་ཕྱིར་དེ་འདས་པ་ལ་ཡང་མཐོང་བ་དེའི་ཕྱིར་དེ་མཐོང་བ་ལས་དོན་གྱི་བྱེད་པ་རྣམ་པར་གནས་པར་ག་ལ་འགྱུར།
གང་གི་ཕྱིར་འདས་པ་ནི་འབྲས་བུ་བསྐྱེད་པའི་དུས་ན་རི་བོང་གི་རྭ་དང་འདྲ་བ་ཡིན་ཏེ། དེའི་ཕྱིར་དེ་ལས་བྱེད་པ་མེད་དོ། །ཉེ་བར་སྦྱོར་བ་ཇི་ལྟར་ཞེ་ན། དེའི་རྒྱུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཕན་འདོགས་པར་ཉེ་བར་གདགས་ཏེ། དོན་དམ་པར་ནི་དེ་ལ་བྱེད་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་
དུ་གཞན་དུ་ཡང་གང་བརྒྱུད་པས་ཉེ་བར་སྦྱོར་བ་དེ་ནི་དོན་དམ་པར་ནི་རྒྱུ་མ་ཡིན་ཏེ། དེ་རྒྱུའི་རྒྱུ་ཡིན་པའི་ཕྱིར་དེ་ལྟར་ཉེ་བར་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ལ་བལྟ་བར་བྱ་བའི་དངོས་པོར་ཡིན་ན་ཡང་རི་བོང་གི་རྭ་དང་འདྲ་བར་རང་གི་དབང་པོའི་ཤེས་པ་སྐྱེས་པ་ལ་
ནུས་པ་མེད་པར་བསྒྲུབས་ནས་དབང་པོའི་ཡུལ་མ་ཡིན་པ་འཛིན་པའི་ཕྱིར། དེ་ལ་འཛིན་པའི་ཤེས་པ་མངོན་སུམ་མ་ཡིན་པ་མཇུག་བསྡུ་བ་བཤད་པ་ནི། དེའི་ཕྱིར་རེག་པའི་དབང་པོ་བྱེད་པ་དང་བཅས་པ་ཅན་གྱི་སྐྱེས་བུ་འདི་མངོན་སུམ་དང་ལྡན་པ་མངོན་སུམ་ཅན་དུ་བརྟག་པར་རིགས་པ་མ་ཡིན་
ནོ། །རེག་པ་ཡིན་ཡང་ཡུལ་གང་ལ་མངོན་སུམ་དང་ལྡན་པ་མ་ཡིན་ཞེ་ན། བྱེད་པའི་སྒོ་ནས་ཡུལ་སྟོན་པར་བྱེད་པ་ནི་མེད་པ་ལས་ཁྱད་པར་མེད་པ་ལ་རྟོགས་པ་སྟེ་ཤེས་པའོ། །འདི་སྐད་དུ་མེད་པ་ལས་ཁྱད་པར་དུ་མ་གྱུར་པའི་ཡུལ་ལ་རྟོགས་པས་ནི་མངོན་སུམ་དང་ལྡན་པ་མ་ཡིན་ནོ། །
เล่ม ๑๘๘ · หน้า 61a
འདི་བུམ་པ་ཞེས་བྱ་བ་ནི་རྟོགས་པའི་རྣམ་པ་བརྗོད་པའོ། །ཇི་ལྟར་ན་དེ་མེད་པ་དང་ཁྱད་པར་མེད་པ་ཡིན་ཞེ་ན། ཡུལ་མ་ཡིན་པ་ཉིད་ཀྱིས་ཞེས་སྨོས་ཏེ། གང་གི་ཕྱིར་དབང་པོའི་ཡུལ་མ་ཡིན་པ་དེའི་ཕྱིར་རང་གི་ཡུལ་ཅན་གྱི་དབང་པོའི་ཤེས་པ་ལ་མེད་པ་དང་ཁྱད་པར་
མེད་པ་ཡིན་ནོ། །འདི་ཅི་ཞིག་བྱས་པས་རྟོགས་ཤེ་ན། རེག་པ་ལས་ཞེས་སྨོས་ཏེ། མུན་པའི་གནས་སྐབས་སུ་མིག་གི་བྱེད་པ་མེད་པ་ན་རེག་པའི་རྣམ་པར་ཤེས་པའི་འོག་རོལ་དུ་དེ་རྟོགས་པའི་ཕྱིར་རོ། །དེའི་ཚེ་རེག་པར་བྱ་བའི་དངོས་པོ་ཉིད་རེག་པའི་དབང་པོ་ལས་སྐྱེས་པའི་དོན་གྱི་
ཁྱད་པར་ཅན་གྱི་དངོས་པོར་རྟོག་པས་གཟུང་བ་མ་ཡིན་ནམ། རེག་བྱ་དེ་ཡང་རེག་པའི་དབང་པོའི་ཡུལ་མ་ཡིན་ན་གང་གིས་ན་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་བསྐྱེད་པ་ལ་མེད་པ་དང་མཚུངས་པར་འགྱུར། དེས་ན་དབང་པོའི་ཡུལ་འཛིན་པའི་ཕྱིར་དབང་པོ་ལས་སྐྱེས་པ་དང་དོན་ཉེ་བ་ལ་
ལྟོས་པ་ཡིན་ནོ། །ཅི་སྟེ་རེག་པ་ནི་རེག་བྱ་ཡིན་ལ་དེའི་ཚེ་གཟུང་བའི་བུམ་པ་ནི་བལྟ་བར་བྱ་བ་ཡིན་ནོ་ཞེས་བྱ་བར་ཕ་རོལ་གྱི་འདོད་པ་ཡིན་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་རེག་པའི་དངོས་པོར་གྱུར་པས་ན་རེག་པ་སྟེ། རེག་བྱ་གང་ཡིན་པ་དེ་ཉིད་ནི་མཐོང་བའི་རྫས་ཡིན་ནོ། །དེས་ན་
མཐོང་བ་གང་ཡིན་པ་དེ་ཉིད་ལ་རེག་ནས་འདིའི་དོན་གྱི་ཁྱད་པར་ཅན་དུ་རྟོགས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་འདི་ནི་གཞན་གྱི་ཁས་བླངས་པའོ་ཞེས་སྟོན་པའོ། །འདི་ཉིད་རྣམ་པར་འགྲེལ་པ་བཤད་པ་ནི་དབང་པོའི་ཡུལ་མ་ཡིན་པའི་ཕྱིར་མེད་པ་དང་འདྲ་བ་ཡིན་ནོ་ཞེས་ཁྱེད་ཀྱིས་གང་བརྗོད་པ་དེ་ནི་
མ་ཡིན་ཏེ། གང་གི་ཕྱིར་རེག་པ་ནི་རེག་བྱའོ། །ཡང་གི་སྒྲ་ནི་མཐོང་བ་ཡང་ཡིན་པ་དེ་རྟོགས་ནས་འདི་ནི་བུམ་པའོ་ཞེས་རྟོགས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཤེས་པ་དེ་ནི་རེག་པའི་དབང་པོ་ལས་སྐྱེས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དེའི་དོན་ཏོ། །མ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པ་
འདི་ནི་རེག་པའི་དབང་པོའི་ཡུལ་འཛིན་པ་མ་ཡིན་ཏེ། འདིར་འདི་ནི་བུམ་པའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ལ་ཁ་དོག་སྣང་བའི་ཕྱིར་རོ། །འདི་ཉིད་ཀྱི་རྣམ་པར་འགྲེལ་པ་བཤད་པ་ནི། ཤེས་པ་འདི་ནི་རེག་པའི་དབང་པོ་དེ་ཉིད་ལས་སྐྱེས་པར་མི་རིགས་ཏེའོ། །འདི་བུམ་པའོ་སྙམ་པ་
เล่ม ๑๘๘ · หน้า 61b
ཞེས་བྱ་བ་ནི་ཤེས་པའི་རྣམ་པར་སྟོན་པ་སྟེ། འདི་ལྟ་བུའི་རྣམ་པ་ཞེས་བྱ་བའི་དོན་ཏོ། །རེག་པའི་དབང་པོའི་བྱེད་པའི་གནས་སྐབས་སུ་བུམ་པ་དེ་ཁ་དོག་གི་ཁྱད་པར་ཅན་དུ་སྔོན་ཇི་ལྟར་མཐོང་བ་དེ་ལྟར་རྣམ་པ་དེ་ཉིད་ཀྱིས་དེ་ཉིད་འདི་ཡིན་ནོ་ཞེས་མཐོང་བ་དང་རེག་པ་གཅིག་ཏུ་མཚམས་སྦྱར་ནས་སེམས་པ་ན།
ཚོགས་པ་ལས་སྐྱེས་པའམ་དེ་ལས་གཞན་བཅོས་སུ་ཡང་རུང་སྟེ་ཁ་དོག་སྣང་བའི་ཕྱིར་རོ། །དབང་པོའི་སྤྱོད་ཡུལ་མ་ཡིན་པའོ། །ཁ་དོག་ནི་དེའི་ཚེ་རང་གི་ཡུལ་ཅན་གྱི་དབང་པོའི་ཤེས་པ་བསྐྱེད་པར་བྱ་བ་ལ། མེད་པ་དང་འདྲ་བ་ཡིན་ནོ་ཞེས་གནས་སོ། །དེ་བཞིན་དུ་མཐོང་དུ་ཟིན་ཀྱང་རེག་པའི་
གནས་སྐབས་དྲན་པ་ན་འདི་བུམ་པའོ་སྙམ་པའི་ཤེས་པ་ནི་དོན་ཉེ་བ་ལ་མི་ལྟོས་པ་ཡང་ཡིན་པར་བལྟའོ། །འོ་ན་རྣམ་པར་རྟོག་པ་འདི་ཅི་ཞིག་ཡིན་སྙམ་དུ་དོགས་པ་བསུ་ནས་མཇུག་བསྡུ་བར་འདོད་པས་བཤད་པ། དེས་ན་དྲན་པ་སྟེ་དྲན་པའི་རང་བཞིན་གྱི་རྣམ་པར་རྟོག་པ་འདི་ནི་དོན་ཉེ་བ་ལ་ལྟོས་པ་མ་
ཡིན་ནོ། །འོ་ན་དབང་པོའི་བྱེད་པའི་མཇུག་ཐོགས་སུ་འབྱུང་བར་ཇི་ལྟར་འགྱུར་ཞེ་ན། བཤད་པ། གཟུགས་དང་རེག་པ་དེ་དག་གི་རྣམ་པར་ཤེས་པའི་རྒྱུ་དེ་ཉིད་གང་ལ་ཡོད་པ་ཤེས་པ་གཉི་གའི་རྒྱུ་དང་ལྡན་པ་ཡིན་གྱི་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པ་ནི་ཡིད་ཅེས་བྱ་བ་ཡིན་
ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ལས་ཐ་མི་དད་པར་ཐལ་བའི་སྒོ་ནས་དོན་ཉེ་བ་ལ་མི་ལྟོས་པ་དང་། སོགས་པ་སྨོས་པས་འཕངས་པ་འདོད་པ་དང་འབྲེལ་པ་ཉིད་དུ་དབང་པོའི་ཤེས་པ་བརྗོད་དུ་ཟིན་ཀྱང་དབང་པོའི་ཤེས་པ་ཡིད་ཀྱི་ཤེས་པས་མངོན་པར་འདུས་བྱས་པའི་དོན་འཛིན་པར་དོགས་པ་ལ་ཡང་བརྗོད་
པ་ཡིན་ཏེ། དབང་པོའི་ཤེས་པ་ཡང་འདོད་པ་ལ་རག་ལས་པར་དོགས་པ་བསལ་བའི་དོན་དུ་བ་ལང་གི་བློ་བཟློག་ཅིང་ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་ལ། རྣམ་པར་རྟོག་པ་འགའ་ཞིག་འདིའི་དོན་དུ་འཛིན་པ་ནི་དོན་ཉེ་བ་ལ་ལྟོས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་དགག་པའི་
ཕྱིར་མ་ཡིན་འདི་ནི་བུམ་པ་ཞེས་བྱ་བ་ལ་སོགས་པས་བཀག་པ་ཡིན་ནོ། །དེའི་ཕྱིར་གང་ཟློས་པའི་ཉེས་པར་འགྱུར་བ་སྔར་སྤྱིར་བརྗོད་པ་ཉིད་ཡང་བཤད་པ་དོན་མེད་པ་མ་ཡིན་ནོ། །གང་གི་ཕྱིར་སྔར་ནི་ཉེ་བ་མ་ཡིན་པའི་དོན་འཛིན་པ་ཉིད་ཀྱིས་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པ་དག་ཁྱད་པར་མེད་པར་
เล่ม ๑๘๘ · หน้า 62a
ཐལ་བར་བརྗོད་པ་ཡིན་ལ། ད་ལྟ་ནི་ཡིད་ཀྱིས་ཉེ་བར་གཏད་པ་བརྟགས་པའི་དངོས་པོ་འཛིན་པས་དོན་ཉེ་བ་ལ་མི་ལྟོས་པ་དང་། འདོད་པ་ཙམ་ལ་རག་ལས་པར་བརྗོད་པ་ཡིན་ནོ། །བརྟགས་པའི་དངོས་པོ་འཛིན་པ་ཉིད་ནི་བརྟགས་པ་འཛིན་པ་ཡིན་ལ། དེ་ཉིད་ཀྱང་ཉེ་བ་
མ་ཡིན་པའི་དོན་འཛིན་པ་ཡིན་པ་དེས་ན་འདི་ཉིད་ཀྱིས་འདོད་པ་ལྡོག་པ་དང་དོན་ཉེ་བ་ལ་མི་ལྟོས་པར་བརྗོད་པའི་ཕྱིར་ཟློས་པར་དོགས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་དབང་པོའི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་མངོན་པར་འདུས་བྱས་པའི་དོན་གྱིས་ཁྱད་པར་དུ་བྱ་བའི་དོན་འཛིན་པ་མ་
ཡིན་པར་བསྒྲུབས་ནས་སྒྲའི་ཁྱད་པར་ཡིད་ཀྱིས་སྦྱར་བ་ལ་ཡང་འཛིན་པ་མ་ཡིན་པར་བསྒྲུབ་པའི་ཕྱིར། གཞན་ཡང་ཞེས་བྱ་བ་སྨོས་ཏེ། བརྡའི་དུས་སུ་དོན་གང་ཞིག་ཡོད་པ་སྟེ་སྣང་བའི་རང་བཞིན་ལ་སྒྲ་གང་མཐོང་ནས་ཡང་དུས་གཞན་དུ་ལྷན་ཅིག་སྤྱོད་པ་གྲུབ་པའི་དོན་དེ་མཐོང་བའི་རྒྱུ་ལས།
བརྡའི་དུས་སུ་མཐོང་བའི་སྒྲ་དེ་དྲན་པར་རིགས་པ་ཡིན་ནོ། །བརྡའི་ཡུལ་དུ་གྱུར་པའི་དོན་དེ་རྟོགས་པ་སྟེ། མཐོང་བ་མེད་ན་ནི་དུས་གཞན་དུ་སྒྲའི་ཁྱད་པར་ཏེ་སྒྲའི་བྱེ་བྲག་ཇི་ལྟར་དྲན། ངེས་པ་ཉིད་ཀྱིས་མ་ཡིན་ནོ་སྙམ་དུ་དགོངས་པའོ། །སྒྲ་དེ་མ་དྲན་ན་སྒྲ་དེ་དང་དོན་ཡིད་ཀྱི་རྣམ་པར་ཤེས་
པས་སྦྱར་ཞིང་བསྲེས་པའི་དོན་ཇི་ལྟར་དབང་པོའི་རྣམ་པར་ཤེས་པས་རྟོགས། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གང་ཞིག་ཁས་བླངས་པས་ཉེས་པ་འདིའི་སྐབས་སུ་འགྱུར་བའི་ཁས་བླངས་པ་དེ་སྟོན་ཏོ། །རང་གིས་རྗོད་པར་བྱེད་པ་ནི་རང་རྗོད་བྱེད་དེ་སྨྲ་བར་བྱེད་པའི་སྒྲའོ། །དེ་ཉིད་ནི་ཁྱད་པར་
ཏེ་དེ་ལ་ལྟོས་པའི་དོན་དེ་ཉིད་དོ། །ཤེས་པས་ཞེས་བྱ་བ་ནི་དབང་པོ་ལ་བརྟེན་པ་སྟེ་ཡིད་ལ་ནི་རྣམ་པར་རྟོག་པ་ཅན་ཉིད་ལ་རྩོད་པ་མེད་པའི་ཕྱིར་རོ། །བརྡ་བྱང་བས་ཀྱང་ཞེས་བྱ་བ་འདི་ནི་ཁྱད་པར་ཡིན་ཏེ། གཞན་དག་གིས་ནི་རྗོད་པར་བྱེད་པའི་སྒྲས་ཁྱད་པར་ཅན་དུ་སྦྱོར་མི་སྲིད་པའི་ཕྱིར་རོ། །གལ་ཏེ་
དེ་ལྟར་ངེས་པར་ཁས་ལེན་པ་ཡིན་ན་ད་ནི་དེ་ལྟར་ཁས་བླངས་པ་ན་དབང་པོའི་ཤེས་པའི་བརྗོད་པ་དབང་པོའི་ཤེས་པ་ཡོད་དོ་ཞེས་ཐོས་པ་གང་ཡིན་པ་དེ་ཡང་ལྡོག་པར་འགྱུར་ན། ཉམས་སུ་མྱོང་བ་ལྟ་ཅི་སྨོས་ཞེས་སྨྲ་བའི་ཚུལ་གྱིས་སྟོན་པར་བྱེད་པའོ། །རྗོད་པར་བྱེད་པ་ཉིད་ཁྱད་པར་ཏེ་དེ་ལས་གཞན་
เล่ม ๑๘๘ · หน้า 62b
ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་ལ་དྲན་པ་མི་རིགས་པའི་ཕྱིར་རོ། །ཇི་ལྟར་དྲན་པ་མི་རིགས་ཤེ་ན། བཤད་པ་གང་གི་ཕྱིར་བརྡའི་དུས་སུ་གོམས་པའི་དོན་མཐོང་བ་ཡོད་ན་ནི་དོན་མཐོང་བ་དེ་ལས་བརྡའི་དུས་སུ་དོན་ཉེ་བ་ལ་མཐོང་བ་སྒྲ་དྲན་པར་འགྱུར་བའི་ཕྱིར། ཇི་ལྟར་མེ་དང་དུ་བ་དེ་དག་གི་འབྲེལ་པ་གྲུབ་
པ་ནི་མེ་མཐོང་བ་ན་ངེས་པ་དང་ལྡན་པའི་དུ་བའི་དྲན་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ། སྒྲ་དང་དོན་དག་ཀྱང་ལྷན་ཅིག་སྤྱོད་པ་གྲུབ་པ་ཅིག་མཐོང་ན་ངེས་པ་ཅན་གྱི་དྲན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་དོན་མཐོང་ནས་སྒྲ་ངེས་པར་དྲན་པ་ཡིན་ནོ་ཞེས་དོགས་པ་ལ་བཤད་པ་བརྡ་གོམས་པ་
འདིས་དོན་གང་ལ་སྒྲ་མེད་པ་དེ་མི་མཐོང་བ་ལ་མཐོང་ན་ཡང་སྟེ་མཐོང་བ་མེད་པའི་ཕྱིར་ངེས་པའི་ཚུལ་གྱིས་སྒྲ་དེ་མི་དྲན་ལ་མ་དྲན་ན་སྟེ་མ་དྲན་པའི་ཕྱིར་དོན་ལ་སྒྲ་སྦྱོར་བར་མི་བྱེད་དོ། །ཡིད་ཀྱིས་དོན་ལ་སྒྲ་མ་སྦྱར་ན་རྟོགས་པར་མི་འགྱུར་ཏེ་མི་མཐོང་ངོ་། །དོན་འདི་ཡིན་ཏེ། ངེས་པ་ཅན་དུ་དྲན་པ་
ལས་ནི་དོན་མཐོང་བ་ཡིན་ལ། དོན་མཐོང་བ་ལས་ཀྱང་ངེས་པ་ཅན་དུ་དྲན་པ་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པའི་ཉེས་པས་འགྲོ་བ་མ་ལུས་པ་ལོང་བ་སྟེ་མཐོང་བ་དང་བྲལ་བར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་ཀྱི་ཚུལ་ནི་འདི་ཉིད་ཡིན་པར་འདོད་དེ། དེས་ན་མ་ལུས་པ་ཞེས་གསུངས་སོ། །
ཉེ་བ་ནི་མངོན་སུམ་དུ་གྱུར་པ་སྟེ། རུང་བའི་ཡུལ་ན་གནས་པ་ཅན་ཡིན་ནོ། །ནང་གི་སྟེ་ནང་ན་ཡོད་པའི་འདུ་བྱེད་སྒྲ་དྲན་པའི་བག་ཆགས་སད་པས་བྱས་པ་ནི་རང་གི་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པར་བྱས་པ་སྟེ། བག་ཆགས་སད་པ་དེ་སྒྲ་དྲན་པར་འགྱུར་ཏེ། ཇི་ལྟར་མཐོང་བས་ངེས་པ་ཅན་དུ་
དྲན་པ་ལྟར་དོན་ཉེ་བས་དྲན་པའི་བག་ཆགས་སད་པར་འགྱུར་བ་དེའི་ཕྱིར་མ་མཐོང་ཡང་དྲན་པ་ཡིན་ནོ། །ཐག་རིང་པོ་ན་གནས་པ་ཉིད་ཀྱང་དྲན་པའི་རྒྱུ་ཡིན་ན་ནི་རྟག་ཏུ་དྲན་པར་ཐལ་བའི་ཕྱིར་ཉེ་བ་ཉིད་ལས་དྲན་པའི་རྒྱུར་བརྗོད་པ་ཡིན་ནོ། །དོགས་པ་བསུ་ནས་མ་ཡིན་ཏེ་ཞེས་སྨོས་ཏེ་དེ་ནི་ཡོད་པ་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ་སྒྲ་དང་དོན་དག་གི་འབྲེལ་པའི་རང་བཞིན་གང་ཡིན་པ་དེ་ནི་ངོ་བོ་མེད་པའི་ཕྱིར་ཏེ། དངོས་པོ་མ་ཡིན་པའི་ཕྱིར་རོ། །གང་ལ་དངོས་པོའི་འབྲེལ་པ་ཡོད་པ་དེ་ལ་ནི་རང་གི་ཡུལ་ཅན་གྱི་ཤེས་པ་ལ་མ་ལྟོས་པར་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་ཡོད་པ་
เล่ม ๑๘๘ · หน้า 63a
ཡིན་ཏེ། ས་བོན་དང་མྱུ་གུ་བཞིན་ནོ། །གལ་ཏེ་སྒྲ་དང་དོན་དག་ཀྱང་ངོ་བོ་ཉིད་ཀྱིས་འབྲེལ་པ་ཡིན་ན་ནི་དེའི་ཚེ་ངོ་བོ་ཉིད་ཀྱིས་དོན་རང་གི་སྒྲའི་དྲན་པ་སད་པའི་རྒྱུ་ཉིད་དུ་ཡང་འགྱུར་བ་ཡིན་ན་དོན་གྱི་རང་བཞིན་ནི་སྒྲའི་བརྗོད་བྱ་མ་ཡིན་པ་དེས་ན་འབྲེལ་པ་མེད་པས་དེ་དེས་ཡུལ་
ཅན་གྱི་དྲན་པ་སད་པར་བྱེད་པ་མ་ཡིན་ནོ། །དེ་ནི་སྒྲ་དང་འབྲེལ་པས་དྲན་པར་བྱེད་པ་ཡིན་གྱི་ཉེ་བ་མེད་པར་ནི་མ་ཡིན་ལ། འབྲེལ་པ་དེ་ཡང་ཡོད་པ་མ་ཡིན་ནོ། །སྔར་དོན་ཉེ་བས་བྱས་པའི་ནང་གི་རྣམ་པར་འགྱུར་བ་མེད་ན་སྒྲའི་བྱེ་བྲག་དྲན་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་དེར་ནི་རང་གི་ངོ་བོས་
འབྲེལ་པ་ཁས་བླངས་ནས་དྲན་པ་སད་པའི་རྒྱུ་ཉིད་ཡིན་ན་དབང་པོའི་ཤེས་པའི་རྒྱུ་ཉིད་བཀག་པ་ཡིན་ལ། ད་ལྟར་ནི་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་མཐོང་བ་ལ་ལྟོས་པ་ཉིད་ཀྱིས་དྲན་པར་འགྱུར་བ་ཡིན་ནོ་ཞེས་ཁྱད་པར་ཅན་དུ་བརྗོད་པ་ཡིན་ནོ། །འདི་ལྟར་སྐྱེས་བུའི་བློས་སྦྱར་བའི་འབྲེལ་པ་ནི་
རྣམ་པར་རྟོག་པའི་སྣང་བའི་རང་བཞིན་ལ་ཡོད་པ་ཡིན་ལ། རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་དེ་ཡང་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེས་ན་མཐོང་བ་ཡོད་ན་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་འབྲེལ་པའི་ཡུལ་ཉམས་སུ་མྱོང་བར་འགྱུར་ཞིང་། དེ་ལ་ཡང་དེའི་སྒྲ་ངེས་པར་དྲན་
པ་ཡིན་ནོ། །མེ་དང་དུ་བ་དག་ངོ་བོ་ཉིད་ཀྱིས་འབྲེལ་པ་ཡིན་ཡང་གཅིག་ཉེ་བ་ཙམ་གྱིས་གཞན་དྲན་པ་བག་ཆགས་སད་པའི་རྒྱུ་མ་ཡིན་ནམ། དེས་ན་ཅིའི་ཕྱིར་སྒྲ་དང་དོན་གྱི་འབྲེལ་པ་རང་གི་ངོ་བོ་ཡོད་པ་མ་ཡིན་པའི་ཕྱིར་དོན་ཉེ་བ་སྒྲ་དྲན་པའི་བག་ཆགས་སད་པའི་རྒྱུ་མ་ཡིན་ཞེས་བརྗོད་ཅེ་ན།
འདིར་སྨྲས་པ། མེ་དང་དུ་བ་ནི་ཤེས་པ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་བསྐྱེད་བྱ་སྐྱེད་བྱེད་དུ་གནས་པ་ཡིན་ཏེ། དེས་ན་ཕན་ཚུན་དྲན་པ་སད་པའི་རྒྱུ་ནི་མ་ཡིན་ནོ། །རང་གི་ངོ་བོར་གྲུབ་པའི་སྒྲ་དང་དོན་དག་གི་འབྲེལ་པ་ནི་ཤེས་པའི་ཡུལ་གྱི་རང་བཞིན་ཡིན་ཏེ། དེས་ན་རྟོགས་པ་པོའི་རྒྱུད་ལ་
ཕན་འདོགས་པའི་སྒོ་ནས་དོན་སྒྲ་རྣམས་དང་འབྲེལ་པ་ཡང་། གལ་ཏེ་རང་གི་ངོ་བོས་འབྲེལ་པ་ཡིན་ན་འགྱུར་བ་ཡིན་ན་དེ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཕ་རོལ་པོས་སད་པའི་རྒྱུར་བརྗོད་པ་ནི་མི་འཐད་དོ་ཞེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ཞེ་ན།
เล่ม ๑๘๘ · หน้า 63b
བརྡ་སྟེ་བརྡར་བཏགས་པ་ཉམས་སུ་མ་མྱོང་བ་ལ་སྒྲ་དང་དོན་གྱི་འབྲེལ་པ་མེད་པས་སོ། །འབྲེལ་བ་མེད་པ་ཡང་བརྡ་མེད་པའི་སྒྲ་ལས་དོན་མི་རྟོགས་པ་དང་། དོན་ཉེ་བས་སྒྲ་དྲན་པར་མི་འགྱུར་བ་ལས་ཁོང་དུ་ཆུད་པ་ཡིན་ནོ། །འདི་སྙམ་དུ་བརྡ་མཐོང་བའི་ལྷན་ཅིག་བྱེད་པ་དང་རང་གི་ཉེ་བར་
ལེན་པ་ལས་དོན་བརྗོད་པར་བྱ་བའི་ངོ་བོར་སྐྱེ་བ་ཡིན་ནོ་ཞེས་དོགས་པ་ལས་བཤད་པ། བརྡའི་དུས་སུ་སྐྱེས་པའི་རང་གི་ངོ་བོ་ནི་ཡོད་པར་མི་འཐད་དོ། །དེ་ལྟ་ན་ནི་གང་ཞིག་སྐྱེས་བུས་བརྗོད་པར་བྱ་བའི་ངོ་བོར་འདོད་པ་དེ་ཁོ་ན་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཁས་བླངས་པར་འགྱུར་ལ། དེ་ཡང་འཐད་
པ་མ་ཡིན་ཏེ། སྐྱེས་བུའི་འདོད་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་འགྱུར་བ་སྟེ། གཞན་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་འགྱུར་བ་ཡིན་ན་ནི་གཞན་བརྡ་མ་མཐོང་བ་སྟེ། བརྡ་མཐོང་བ་དང་མི་ལྡན་པ་རྣམས་ལ་ཡང་འབྲེལ་པ་རྟོགས་པ་ཡོད་པར་འགྱུར་རོ། །ཅིའི་ཕྱིར་
སྙམ་ན་སྨྲས་པ། དོན་དེ་དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ། འབྲེལ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་དེ་རྟོགས་པར་བྱེད་པ་གཅིག་ལ་ལྟོས་ནས་སྒྲ་དང་འབྲེལ་པའི་ངོ་བོར་སྐྱེས་པའི་ཕྱིར་གཞན་དག་གིས་ཀྱང་འབྲེལ་པར་རྟོགས་པར་འགྱུར་རོ། །གང་གིས་བརྡ་མ་བྱས་པ་དེ་ལ་ནི་དེའི་ངོ་
བོ་དེ་འདྲ་བ་མ་ཡིན་ནོ་ཞེ་ན། སྐྱེས་བུ་སོ་སོ་ལ་ཞེས་གསུངས་ཏེ། གང་གི་ཕྱིར་སྐྱེས་བུ་དང་སྐྱེས་བུ་ལ་བརྗོད་པར་བྱ་བའི་དོན་རྣམས་བདག་ཉིད་ཐ་དད་པ་མ་ཡིན་པ་དེའི་ཕྱིར་གཞན་བརྡ་རིག་པ་མ་ཡིན་པ་ཐམས་ཅད་ལ་འབྲེལ་པ་ཡོད་པར་འགྱུར་རོ། །ཇི་ལྟ་བ་བཞིན་བདག་ཉིད་ཐ་དད་པ་མ་ཡིན་པ་
འདི་ཉིད་ཀྱང་ཅིའི་ཕྱིར་ཞེ་ན། བཤད་པ། བདག་ཉིད་གང་ལས་ཉམས་པ་དེ་ནི་བདག་མེད་པ་སྟེ་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་སོ་སོ་ལ་བརྡའི་དུས་ན་བདག་ཉིད་གཞན་དང་གཞན་དུ་གྲུབ་པ་ཡིན་ན་ནི་དེས་ན་བདག་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་བདག་ཉིད་
གཅིག་ཡིན་ལ་དེ་ཡང་འབྲེལ་པ་ཡིན་ནོ། །དུ་མ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ། བདག་མེད་པར་ཐལ་བ་མ་ཡིན་ནོ་སྙམ་པ་ལ། དེ་ཉིད་བསྟན་པར་བྱ་བའི་དོན་དུ་བཤད་པ། བདག་ཉིད་གནས་པ་སྟེ་རང་བཞིན་དུ་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་བདག་
เล่ม ๑๘๘ · หน้า 64a
ཉིད་འགའ་ཡང་གནས་པ་མེད་དེ། ཐམས་ཅད་ལྡོག་པ་མེད་པ་དེའི་ཕྱིར་བདག་མེད་པར་ཐལ་བ་ཡིན་ནོ། །འདི་ལྟར་བརྡ་ཤེས་པ་དང་དེ་ལས་བཟློག་པ་གཉིས་པོ་དག་གིས་མཐོང་བའི་དོན་གཅིག་པོ་དེའི་རང་བཞིན་གང་ཞིག་བརྡ་ཤེས་པའི་མཐོང་བའི་ཡུལ་དེ་ནི། ཅིག་
ཤོས་ཀྱི་མཐོང་བའི་ཡུལ་དུ་མེད་པ་ཡིན་ཞིང་གང་བརྡ་མི་རིག་པས་མཐོང་བ་དེ་ཡང་གཞན་ལ་མེད་པ་ཡིན་ནོ། །དེས་ན་གང་ཞིག་བརྡ་མཐོང་བའི་ཡུལ་དུ་གྱུར་པའི་བདག་ཉིད་དེ་ནི་ཅིག་ཤོས་ལ་མེད་པ་ཡིན་ཏེ། དེས་དེ་དང་འགལ་བའི་རང་བཞིན་དུ་མཐོང་བའི་ཕྱིར་རོ། །ཅིག་ཤོས་
ཀྱི་གང་ཡིན་པ་དེ་ཡང་བརྡ་རིག་པ་ལ་ལྟོས་ན་གནས་པ་མ་ཡིན་ནོ། །དེའི་ཕྱིར་ཕན་ཚུན་ལྟོས་ནས་ངོ་བོ་གཉི་ག་ཡང་གནས་པ་མེད་པའི་ཕྱིར་བདག་མེད་པར་འགྱུར་ཏེ། རྣམ་པར་ཤེས་པ་ཙམ་ཞིག་ལུས་པར་འགྱུར་གྱི་ཕྱི་རོལ་ནི་མ་ཡིན་ནོ། །བདག་ཉིད་དུ་མ་ཡང་ཡིན་ལ་གཅིག་ཀྱང་ཡིན་
ནོ་ཞེས་བྱ་བ་འདི་ཉམས་པ་ཡིན་ཏེ། དངོས་པོ་ཐ་དད་པ་ནི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་བརྡ་རིག་པའི་འགྲོ་བ་མ་ལུས་པ་ལོང་བར་ཐལ་བར་བསྟན་ནས་མཇུག་བསྡུ་བའི་ཐབས་ཀྱིས་ཐལ་བ་ལས་བསྟན་པའི་དོན་དུ་དེའི་ཕྱིར་ཞེས་བྱ་བ་སྨོས་སོ། །སྒྲ་སྦྱར་
བ་ནི་སྒྲ་དང་སྦྱར་བའོ། །དོན་གང་ལ་སྒྲ་སྦྱར་བ་མེད་པའི་དོན་དེ་མཐོང་བ་ཡིན་ནོ། །མཐོང་བས་ན་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏོ། །དེ་ལ་ཐལ་བ་ལས་བཟློག་པའི་གཏན་ཚིགས་ནི་འདི་ཡིན་ཏེ། གང་ཞིག་མཐོང་བ་དེ་ནི་སྒྲ་དང་འདྲེས་པ་མེད་པ་ཡིན་ལ། ཉམས་སུ་མྱོང་བ་འདི་ཡང་
མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ལ་སྒྲ་དང་འདྲེས་པར་འཛིན་པ་ལ་ནི་ངེས་པ་དང་ལྡན་པར་སྒྲ་དྲན་པས་ཁྱབ་པ་ཡིན་ཏེ། མ་དྲན་ན་ནི་ཉེ་བ་མ་ཡིན་པའི་སྒྲས་ཁྱད་པར་དུ་བྱས་པ་འཛིན་པ་མི་འཐད་པའི་ཕྱིར་རོ། །མཐོང་བ་ལ་ཡང་སྒྲ་ངེས་པ་དྲན་པ་དང་བྲལ་
བའི་རང་བཞིན་གྱིས་ཁྱབ་པ་ཡིན་ཏེ། དེའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན་སྒྲ་དང་མ་འབྲེལ་པའི་དོན་འཛིན་པས་ཁྱབ་པར་འགྱུར་རོ། །མཐོང་བའི་སྤྱིའི་གཏན་ཚིགས་ཡིན་ཞིང་མཐོང་བའི་ཁྱད་པར་ཆོས་ཅན་ཡིན་པ་དེ་བས་ན་དམ་བཅས་པའི་
เล่ม ๑๘๘ · หน้า 64b
དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་མི་འགྱུར་རོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་རྟོག་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཡང་ན་ཞེས་སྨོས་ཏེ། རྟོག་པ་དང་བྲལ་བ་སྟེ་རྟོག་པས་དབེན་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པ་ནི་མངོན་སུམ་ཡིན་ནོ། །གང་དུ་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་
སྣང་བའི་རྣམ་པར་རྟོག་པ་མེད་པ་ངེས་པ་ལ་སྣང་བ་མི་དམིགས་པས་ཐ་སྙད་འབའ་ཞིག་བྱེད་པ་དེ་ལ་ནི་མངོན་སུམ་ཉིད་དངོས་པོ་མེད་པའི་སྒྲུབ་པར་བྱེད་པ་བརྗོད་པ་ཡིན་ནོ། །གལ་ཏེ་སྣང་བའི་བུམ་པས་དབེན་པའི་ས་ཕྱོགས་དམིགས་པ་དེ་བཞིན་དུ་སྣང་བའི་རྣམ་པར་རྟོག་པས་དབེན་པའི་
ཤེས་པའི་གནས་སྐབས་འགའ་ཡང་དམིགས་པ་མེད་པ་ཡིན་ནམ་ཞེས་དགོངས་པ་ལ། བཤད་པ། གཡོ་མེད་པ་སྟེ་དོན་གཅིག་ལ་ཆགས་ཤིང་འགྱུར་བ་མེད་པའི་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱི་གནས་པ་དང་ལྡན་པ་ནའོ། །ཅི་ཞིག་བྱས་ནས་དེ་ལྟར་གནས་ཤེ་ན།
ཐམས་ཅད་ལས་ཏེ། རྣམ་པར་བརྟག་པར་བྱ་བའི་དོན་ཐམས་ཅད་ལས་སེམས་ཏེ་ཡུལ་ཅན་གྱི་རྟོགས་པ་བསྡུས་ནས་ཏེ་བཟློག་ནས་གནས་པའོ། །གནས་པ་ཡང་རྒྱུན་འཇུག་པ་ཡིན་པར་བལྟའོ། །སེམས་བསྡུས་པའི་རྒྱུས་གཡོ་བ་མེད་པ་ཉིད་དང་འགྱུར་བ་མེད་པ་ཡིན་གྱི།
གཡོ་བ་མེད་པའི་རྒྱུ་ལས་ནི་སེམས་བསྡུས་པ་མ་ཡིན་པའི་ཕྱིར་ཏེ། དེས་ན་སེམས་བསྡུས་པ་ལས་གཡོ་བ་མེད་པ་དང་གནས་པར་གསུངས་སོ། །དེ་ལྟར་གནས་པ་ན་གང་ཞིག་མིག་རྒྱུར་གྱུར་པས་གཟུགས་མཐོང་བ་སྟེ་ལྟ་བའི་མིག་གིས་གཟུགས་མཐོང་བ་གང་ཡིན་པ་དེ་འདྲ་བ་དེ་
ནི་སྣང་བའི་རྣམ་པར་རྟོག་པས་དབེན་པ་མངོན་སུམ་གྱིས་དམིགས་པའི་དབང་པོ་ལས་སྐྱེས་པའི་བློ་ཡིན་ནོ། །འདི་ཉིད་ལེགས་པར་བསྒྲུབ་པའི་ཕྱིར་བཤད་པ། བརྗོད་པ་རྣམ་པར་རྟོག་པའི་སྣང་བ་མེད་པའི་སྣང་བ་གང་ཡིན་པ་དེ་ནི་སྲོག་ཆགས་ཐམས་ཅད་ཀྱིས་མངོན་སུམ་ཉིད་དུ་མྱོང་
ཞིང་ངེས་པ་ཡིན་ནོ། །ཐམས་ཅད་སྨོས་པ་ནི་སྲོག་ཆགས་ཐམས་ཅད་ཀྱི་རྒྱུ་མངོན་སུམ་མ་ཡིན་ཡང་འདི་འདྲ་བའི་རང་བཞིན་འཛིན་པའི་མངོན་སུམ་གང་ལ་ཡོད་པ་དེ་ཐམས་ཅད་གཅིག་ལས་ཐ་དད་པ་མེད་པའི་ཕྱིར་རང་གི་རྒྱུད་བཞིན་དུ་ཐམས་ཅད་ལ་ཁྱད་པར་མེད་པར་བསྟན་པའི་
เล่ม ๑๘๘ · หน้า 65a
ཕྱིར་རོ། །གཞན་གྱི་རྒྱུད་གཞན་གྱི་མངོན་སུམ་དུ་འདོད་པ་མ་ཡིན་པ་དེ་ལྟ་ན་ཡང་སྣང་བའི་རང་བཞིན་འཛིན་པ་དང་ལྡན་པའི་སྐྱེས་བུའི་འཛིན་པའི་གནས་སྐབས་ཅི་འདྲ་བ་སྟེ་དེའི་རང་བཞིན་འཛིན་པ་གཞན་ཐམས་ཅད་ཀྱང་དེ་འདྲ་བ་ལས་མི་ལྡོག་པའི་ཕྱིར་
ཐམས་ཅད་ཀྱང་གཅིག་བཞིན་དུ་གྲུབ་བོ། །དངོས་པོ་གང་མངོན་སུམ་གྱི་གྲུབ་པ་དེ་ལ་ནི་ཚད་མ་གཞན་གྱི་བྱེད་པ་དོན་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལ་སྒྲུབ་པར་བྱེད་པ་གཞན་གྱིས་ཅི་ཞིག་བྱ་ཞེས་སྨོས་སོ། །འདི་སྙམ་དུ་གང་གི་ཕྱིར་དེའི་ཚེ་རྣམ་པར་རྟོག་པ་ཡོད་
ཀྱང་མི་རྟོགས་པའི་ཕྱིར་གཡོ་བ་མེད་པར་འདོད་པ་ན་མཐོང་བའི་གནས་སྐབས་སུ་སྣང་བའི་རྣམ་པར་རྟོག་པས་དབེན་པར་མ་གྲུབ་པ་ཡིན་ནམ་ཞེས་བྱ་བ་དེ་བསལ་བའི་ཕྱིར་གང་གིས་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གིས་དེ་རིག་པར་མི་འགྱུར་བ་ཉིད་ཀྱིས་ཡོད་པ་བདོག་
པ་རྟོགས་པར་མི་འགྱུར་བ་ཚོར་བར་མི་འགྱུར་བའོ། །འདི་དག་སྨོས་པ་ནི་རྣམ་པར་རྟོག་པ་ནི་མངོན་སུམ་ཉིད་ཡིན་པར་བསྟན་པའི་དོན་ཏོ། །རིག་པར་མི་འགྱུར་བ་མ་ཡིན་པ་ནི་ཉམས་སུ་མྱོང་བ་མ་ངེས་པ་མ་ཡིན་པ་སྟེ། དགག་པ་གཉིས་ཀྱིས་ཉམས་སུ་མྱོང་བ་ངེས་པ་ཡིན་ནོ་ཞེས་
བྱ་བའི་དོན་འདི་བསྟན་པར་འགྱུར་རོ། །སྐྱེ་བ་དང་འགག་པ་དག་གིས་ནི་རྣམ་པར་རྟོག་པའི་རྒྱུ་ཡོད་པ་དང་མེད་པ་དག་སྟོན་ཏོ། །འདིར་དོན་འདི་ཡིན་ཏེ། གང་གི་ཕྱིར་སྐྱེ་བའི་གནས་སྐབས་རྟོགས་པ་དེས་ན་ལྡོག་པའི་རང་བཞིན་ཡང་རྟོགས་པ་ཡིན་ཏེ། ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །འདིར་དོན་ནི་འདི་ཡིན་པར་འདོད་དེ། ཉམས་སུ་མྱོང་བས་མ་རྟོགས་པ་ཡིན་ན་ནི་དེ་རིགས་པ་མ་ཡིན་ཏེ། རང་རིག་པ་བསྒྲུབ་པར་འགྱུར་བའི་ཕྱིར་རོ། །དཔེར་ན་སྐད་ཅིག་བཞིན་དུ་ཉམས་སུ་མྱོང་ཡང་མ་ངེས་པས་མ་རྟོགས་པ་ཡིན་ན་ཡང་རིགས་པ་མ་ཡིན་ཏེ།
གང་གི་ཕྱིར་རྣམ་པར་རྟོག་པ་རྣམས་ཀྱི་རང་གི་དོན་འཛིན་པ་ནི་འདི་ཉིད་ཡིན་ཏེ། འདི་ལྟ་སྟེ་ཡུལ་ཡོངས་སུ་གཅོད་པའོ། །བདག་ཉིད་བྱེད་པ་པོར་གྱུར་པས་ཡུལ་ཡོངས་སུ་གཅོད་པ་ན་ཡང་། བདག་ཉིད་ཀྱང་དེའི་ཁྱད་པར་དུ་གྱུར་པས་ཡོངས་སུ་བཅད་པར་འགྱུར་རོ། །དཔེར་ན་རྣམ་
เล่ม ๑๘๘ · หน้า 65b
པར་རྟོག་པ་མེད་པའི་ཤེས་པས་དོན་མཐོང་བ་ན་རང་གི་བདག་ཉིད་ཀྱང་ཉམས་སུ་མྱོང་བའི་ཕྱིར་མཐུ་ལས་དེའི་འོག་ཏུ་འདི་བདག་གིས་མཐོང་ངོ་ཞེས་དེའི་བྱེད་པས་ཁྱད་པར་དུ་བྱས་པའི་དོན་ངེས་པ་སྐྱེ་བ་དེ་བཞིན་དུ་རྣམ་པར་རྟོག་པའི་བྱེད་པའི་ཁྱད་པར་ཅན་གྱི་རྣམ་པར་བརྟག་པར་བྱ་བ་ལ་
བདག་གིས་འདི་ལྟར་བརྟགས་སོ་ཞེས་ངེས་པ་སྐྱེ་བ་ཡིན་ནོ། །དྲན་པའི་ས་བོན་འཇོག་པའི་ནུས་པ་མེད་པའི་ཕྱིར་ཉམས་སུ་མྱོང་བ་ངེས་པ་ཡིན་ཡང་ཕྱིས་མི་དྲན་པ་ཡིན་ནོ་ཞེ་ན་ཡང་དེ་ལྟ་ན་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་བརྒྱལ་བ་ལ་སོགས་པས་ཉམས་པའི་ཡིད་ནི་ནུས་པ་
མེད་པར་མཐོང་གི། རང་བཞིན་དུ་གནས་པ་ནི་མ་ཡིན་ནོ། །འདི་སྙམ་དུ་ཆགས་པའི་ཡུལ་མཐོང་བའི་དོན་གཞན་གྱིས་ཡུལ་གཞན་ལ་རྣམ་པར་རྟོག་པ་བསྐལ་པ་ཡིན་པ་དེས་ན་རྣམ་པར་བརྟགས་པའི་དངོས་པོ་ཡང་དྲན་པར་འགྱུར་བའི་ཕྱིར་རྣམ་པར་རྟོག་པ་ཡོད་ཀྱང་མ་རྟོགས་པ་
ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་མཐོང་བའི་རང་བཞིན་རྒྱུན་མི་འཆད་པར་འཇུག་པ་ན་ཆགས་པ་ཁྱད་པར་མེད་ཀྱང་། གནས་སྐབས་ཀྱི་ཆ་འགའ་ཞིག་ཏུ་ནི་རྣམ་པར་རྟོག་པ་དྲན་པ་མ་ཡིན་ཏེ། བརྟན་པར་བརྗོད་པའོ། །ཁ་ཅིག་ཏུ་ནི་དྲན་པ་ཉིད་བསྡུས་
པ་ལས་ལངས་པའི་གནས་སྐབས་གང་ཡིན་པར་རོ། །དེའི་ཕྱིར་མཐོང་བའི་དོན་ངེས་པར་བྱེད་ནུས་པའི་མཐོང་བའམ། རྣམ་པར་བརྟག་པར་བྱ་བ་ཡོངས་སུ་གཅོད་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ཡང་རུང་སྟེ། དེའི་རྒྱུན་གྱིས་འཇུག་པ་ནི་དེ་འཆད་པའི་ཚེ་བདག་ཉིད་ཀྱི་ཡུལ་ཅན་
གྱི་ཞེན་པ་སྐྱེད་ནུས་པར་མཐོང་ངོ་། །དུས་གཞན་དུ་དྲན་པར་འགྱུར་རམ། རྒྱུ་གཞན་འགའ་ཞིག་ལས་མ་གྱུར་ཀྱང་རུང་སྟེ། རྒྱུན་གྱི་མཐར་བྱུང་བའི་ཞེན་པ་ནི་མངོན་སུམ་གྱིས་ཤེས་པ་ཙམ་གྱི་རྒྱུ་ཅན་ཡིན་ནོ། །རྒྱུན་ཆད་པ་ན་ཡང་ཡོངས་སུ་གཅོད་པར་བྱེད་པར་ཉམས་སུ་མྱོང་བར་འགྱུར་
བའི་མྱོང་བ་ཞེན་པར་བྱེད་པ་ཉིད་དོ། །འདིར་གཟུགས་གཅིག་ལྟ་བའི་སྐབས་ཡིན་ཡང་དུས་ཅི་ཙམ་གནས་ནས་རང་གི་རྒྱུད་ལ་ཞེན་པར་བྱེད་ཀྱང་རྣམ་པར་རྟོག་པར་ནི་ཞེན་པར་མི་བྱེད་ལ། ཕྱིས་ནི་རང་གི་རྒྱུད་ལ་ཞེན་པ་དང་རྣམ་པར་རྟོག་པ་ཡང་སྡོམ་པར་བྱེད་པ་ཡིན་ནོ། །དེས་ན་མངོན་དུ་
เล่ม ๑๘๘ · หน้า 66a
བྱས་པའི་རྣམ་པར་རྟོག་པ་ཙམ་ལས་བྱུང་བའི་ཞེན་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར་འདི་ལྟར་ཞེས་གསུངས་སོ། །ཡང་ཞེས་བྱ་བ་དེ་ནི་རེ་ཞིག་གཟུགས་རྒྱུན་དུ་མཐོང་ནས་དེའི་འོག་ཏུ་བདག་གིས་དུས་འདི་ཙམ་འདས་ཀྱི་
བར་ཅི་ཞིག་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་རྟོག་པར་བྱེད་པའོ། །རྣམ་པར་བརྟག་པ་ཡང་གང་གི་ཚེ་བདག་གིས་ཅི་ཞིག་རྣམ་པར་བརྟགས་ཞེས་རྣམ་པར་རྟོག་པའི་རྒྱུད་སྡོམ་པ་དེའི་ཚེ། སྔར་ནི་ཁོ་བོ་རྣམ་རྟོག་འདི་འདྲར་གྱུར། །ཅེས་རིག་པ་ཡིན་ཏེ། ཁོ་བོས་གཟུགས་འདི་
མཐོང་ཞིང་དེ་ལ་ཡང་འདི་ལྟར་བརྟགས་སོ་ཞེས་བྱ་བར་རོ། །སྔར་བཤད་རང་བཞིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་བསྡུས་པར་འདོད་པ་གང་ཡིན་པ་དེའི་གནས་སྐབས་ཀྱི་དབང་པོ་ལས་རྟོགས་པ་སྟེ། དབང་པོ་ལ་བརྟེན་པའི་ཤེས་པ་ལ་ནི་དེ་ལྟ་མ་ཡིན་ཏེ། རང་གི་རྒྱུད་ལ་ལྟ་བར་
བྱེད་ཀྱང་རྣམ་པར་རྟོག་པ་ནི་ཅུང་ཟད་ཀྱང་རྟོགས་པ་མེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། རྒྱུན་དུ་མཐོང་བའི་གཟུགས་དེ་ཉིད་ལ་རྟོགས་པ་པོ་བར་དུ་རྟོགས་པར་བྱེད་པ་ན། རྣམ་པར་རྟོག་པ་ཞེན་པ་མེད་ལ། ཕྱིས་མཐོང་བའི་གཟུགས་དེ་ཉིད་ལ་ཇི་ལྟར་ཡང་བརྟགས་ནས་རྣམ་པར་རྟོག་
པ་རྣམ་པར་ཆད་པའི་དུས་སུ་སྔར་གྱི་གནས་སྐབས་ལ་བརྟགས་ན། ཁོ་བོས་ནི་འདི་ལྟར་བརྟགས་སོ་ཞེས་རྣམ་པར་རྟོག་པ་ངེས་པ་ཡིན་ནོ། །དེས་ན་གལ་ཏེ་གནས་སྐབས་དེ་གཉིས་སུ་རྣམ་པར་རྟོག་པ་ཡོད་པ་དང་མེད་པ་མ་ཡིན་ན་གཟུགས་མཐོང་བར་མཚུངས་པ་ལ་དུས་ཅུང་ཟད་ཅིག་
ནི་རྟོག་པ་མེད་པར་མཐོང་བར་ཞེན་ཅིང་། ཡང་ཅུང་ཞིག་ནི་རྣམ་པར་རྟོག་པ་ཅན་དུ་ཞེན་པ་ཅིའི་ཕྱིར་དོན་འདི་དག་ཉིད་རྣམ་པར་དགྲོལ་བའི་ཕྱིར་བཤད་པ་དེ་ཞེས་བྱ་བ་ནི་གཟུགས་ལྟ་བའོ། །བསྡུས་པ་ནི་མངོན་སུམ་རྣམ་པར་རྟོག་པ་ཅན་དུ་སྨྲ་བའི་ལྟར་ན་ནི་རྣམ་པར་རྟོག་པ་ཤས་ཆུང་
བར་གྱུར་པ་ཡིན་ལ། ངེད་ཀྱི་ལྟར་ན་ནི་ཐམས་ཅད་དུ་ལོག་པའོ། །དེ་ལྟ་བུར་གྱུར་པའི་བསྡུས་པ་དེ་ལས་ལངས་ཏེ་ལོག་སེམས་གང་ལ་ཡོད་པའོ། །ཅུང་ཟད་ཅེས་བྱ་བ་ནི་མཐོང་བ་ཆགས་པར་གྱུར་པའམ། གཞན་ལ་རྟོགས་པར་བྱེད་པའོ། །ཡང་ཞེས་བྱ་བ་ནི་ཕྱིས་ཏེ་རྣམ་པར་
เล่ม ๑๘๘ · หน้า 66b
རྟོག་པའི་རྒྱུན་ཆད་པའི་དུས་ཞེས་བྱ་བའི་དོན་ཏོ། །སྔར་གྱི་རྣམ་པར་རྟོག་པའི་རྒྱུན་ནི་རིགས་མི་མཐུན་པའི་རྣམ་པར་རྟོག་པ་སྐྱེས་པས་ན་ཆད་པ་ཡིན་ལ། རིགས་མི་མཐུན་པ་ཉིད་ཀྱང་སྔར་དངོས་པོ་རྣམ་པར་རྟོག་པ་ལས་ཕྱིས་རྣམ་པར་རྟོག་པའི་ཕྱིར་རོ། །རང་གི་སེམས་ཀྱི་རྒྱུན་ནི་
རྒྱུད་དོ། །རིགས་དུ་མའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་སྡོམ་པར་བྱེད་ཅིང་གཅིག་ཏུ་བྱས་ནས་འཛིན་པར་བྱེད་དོ། །རིལ་པོར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་འདྲ་བའི་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པའི་རྣམ་པ་ཉིད་སྟོན་ཏོ། །འདི་འདྲ་བ་ཞེས་བྱ་བ་ནི་འདི་ལྟ་བུའི་རྣམ་པར་རོ། །རྣམ་
པར་བརྟགས་པའི་དངོས་པོ་ཐ་དད་པ་ལས་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ཐ་དད་པ་ཡིན་ལ། འདི་དང་འདི་འདྲ་བ་ཞེས་བྱ་བས་ཀྱང་བསྡོམས་པའི་རྣམ་པར་རྟོག་པའི་སྣང་བ་ཐ་དད་པ་སྟོན་པ་ཡིན་ནོ། །བསྡུས་པའི་གནས་སྐབས་མཐར་ཐུག་པ་ན་རང་གི་སེམས་ཀྱི་རྒྱུད་སྡོམ་པར་བྱེད་
ཀྱང་རྣམ་པར་རྟོག་པའི་ཞེན་པ་མེད་དོ་ཞེས་སྔར་ཉིད་དུ་བཤད་པ་དེའི་ཕྱིར་ན་འདི་དག་མངོན་སུམ་ཡིན་ན་རྣམ་པར་རྟོག་པ་ལོག་པའི་མཐོང་བ་ལ་ཅིའི་ཕྱིར་རྟོགས་པར་མི་འགྱུར་ཏེ། སྡོམ་པའི་ཤེས་པས་ཇི་ལྟར་མི་འཛིན་ཞེས་འདི་ཚད་མའི་འབྲས་བུ་བསྡུས་པ་ཡིན་ནོ། །རྒྱུན་གང་
ཞིག་མངོན་སུམ་དུ་བྱས་པ་དེ་ནི་རྒྱུན་ཆད་པའི་ཚེ་ན་སྡོམ་པའི་ཤེས་པས་འཛིན་པར་ནུས་པ་ཡིན་ཏེ། དཔེར་ན་མཐོང་བའི་གཟུགས་ཀྱི་རྒྱུན་གང་ཡིན་པ་དེ་ཉིད་བཞིན་ནོ། །དེ་བཞིན་དུ་རྟོག་པ་ཡང་མངོན་སུམ་དུ་བྱས་པ་ཡིན་ནོ། །རྒྱུན་མཐར་ཐུག་པ་ན་འཇུག་པའི་ངེས་པར་འཛིན་
པའི་ཤེས་པས་གཟུང་བའི་རྒྱུ་མཚན་ནི་མངོན་སུམ་ཙམ་ཡིན་ཏེ། གང་གི་ཕྱིར་དེ་རྒྱུ་མེད་པ་ཅན་མ་ཡིན་ལ། མངོན་སུམ་གྱི་བྱེད་པ་ལས་རྒྱུན་གཞན་ཡང་མེད་པའི་ཕྱིར་རོ། །མངོན་སུམ་ཡོད་པ་ཉིད་ཡིན་ཡང་དེ་མེད་ན་ནི་དེ་དེའི་རྒྱུ་མ་ཡིན་པར་འགྱུར་ན། འོན་ཀྱང་མངོན་སུམ་རྒྱུ་
ཡིན་པར་མཐོང་བ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་མེད་པས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མི་འཇུག་པས་རང་གི་བསྒྲུབ་པར་བྱ་བས་ཁྱབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །མངོན་སུམ་དུ་གྱུར་ཀྱང་རྒྱུན་ཆད་པའི་མཐར་འབྱུང་བའི་ཞེན་པར་བྱེད་པའི་ཤེས་པས་དེ་ལ་
เล่ม ๑๘๘ · หน้า 67a
གཟུང་བ་མེད་པ་དེའི་ཕྱིར་དེའི་ཚེ་དེ་དམིགས་པ་མེད་པ་ཡིན་ནོ། །བལྟར་རུང་བ་མ་དམིགས་པ་ལས་ཀྱང་མེད་པའི་ཐ་སྙད་དུ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཇུག་བསྡུ་བ་བསྟན་པ་དེས་ན་དེའི་ཕྱིར་མཐོང་བའི་བདག་ཉིད་འདི་མངོན་སུམ་ཞེས་བྱ་བ་ནི་རང་རིག་པའི་
མངོན་སུམ་གྱིས་གཟུང་བའོ། །མ་འདྲེས་པ་ནི་རྟོགས་པ་དང་དེའི་བདག་ཉིད་དང་མི་ལྡན་པ་གང་ཡིན་པའོ། །འམ་སྨོས་པ་ནི་འཆད་པར་འགྱུར་བའི་རྣམ་པར་རྟོག་པ་ལ་ལྟོས་པའོ། །འདིས་ནི་བདག་ཉིད་གཅིག་པ་འགོག་པ་ལ་ཁྱད་པར་མེད་པའི་མི་དམིགས་པ་གཏན་ཚིགས་ཉིད་དུ་ཉེ་
བར་བཀོད་པ་ཡིན་ནོ། །དེ་རྣམ་པར་རྟོག་པ་དེའི་བདག་ཉིད་དུ་མ་དམིགས་པའི་ཕྱིར་མངོན་སུམ་གྱི་ཤེས་པ་འདི་ནི་རྣམ་པར་རྟོག་པའི་བདག་ཉིད་མ་ཡིན་ནོ། །བདག་ཉིད་གཅིག་པ་འགོག་པ་ལ་ནི་སྣང་བའི་བདག་ཉིད་ཀྱིས་ཁྱད་པར་དུ་བྱས་པ་ལ་དགོས་པ་འགའ་ཡང་ཡོད་པ་མ་
ཡིན་གྱི་གཞན་འགོག་པ་ལ་ནི་དགོས་པ་ཡོད་པ་ཡིན་ནོ། །འདི་ལྟར་མི་སྣང་བ་ཤ་ཟ་ལ་སོགས་པ་སྣང་བའི་སྔོན་པོ་ལས་རྣམ་པ་ཐ་དད་པར་དམ་བཅས་པ་རྣམས་ཀྱང་ཇི་སྲིད་དུ་སྣང་བའི་རང་བཞིན་དེ་ལ་དེའི་བདག་ཉིད་ཡིན་པ་འགོག་པར་བྱེད་པ་དེ་ཇི་སྲིད་དུ་དམིགས་པའི་མཚན་ཉིད་དུ་
གྱུར་པ་ཁས་བླངས་པ་ཉིད་ལས་ཡིན་ཏེ། གལ་ཏེ་སྣང་བའི་དོན་འདི་ཤ་ཟ་ཡིན་ན་ནི་རང་གི་རྣམ་པ་ཁོ་ན་དམིགས་པར་འགྱུར་བ་ཡིན་ནོ། །དེས་ན་སྣང་བའི་རང་བཞིན་ལ་ཤ་ཟ་འགོག་པ་ནི་སྣང་བ་ཉིད་ཀྱིས་བྱེད་པ་ཡིན་ནོ། །འདིར་ནི་གཅིག་མངོན་སུམ་དུ་བྱེད་པས་དེ་ལས་གཞན་འགོག་པ་ཡིན་
ལ། ཐ་སྙད་ནི་འཁྲུལ་པ་མེད་པའི་ཕྱིར་མི་དམིགས་པ་ཁྱད་པར་མེད་པས་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །ཡང་ན་མཐོང་བ་གཞིར་གྱུར་པ་ལ་སྣང་བའི་བདག་ཉིད་ཀྱིས་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པའི་རྣམ་པར་རྟོག་པ་མི་སྣང་བས་ཏེ་མ་དམིགས་པས་ནི་སྤངས་པ་
ཡིན་ནོ་ཞེས་འབྲེལ་ཏེ། དབང་པོའི་ཤེས་པ་ལ་གཞན་གྱིས་རྣམ་པར་རྟོག་པ་སྟེ་རྟོག་པ་ཡོད་པའི་ཐ་སྙད་གང་བྱས་པ་དེ་བཟློག་པ་ཡིན་ནོ། །འདིས་ཀྱང་དབང་པོའི་ཤེས་པ་ལས་ཐ་དད་པའི་རྣམ་པར་རྟོག་པ་ཡོད་པར་དམ་བཅས་པ་ལ་མི་དམིགས་པ་ཁྱད་པར་ཅན་འགོག་པའི་གཏན་ཚིགས་སུ་
เล่ม ๑๘๘ · หน้า 67b
བཀོད་པ་ཡིན་ནོ། །གཅིག་པ་འགོག་པ་ལ་ནི་ཁྱད་པར་མེད་པས་བྱེད་པ་ཡིན་ནོ། །ཐ་དད་པའི་བདག་ཉིད་ལ་ནི་རྣམ་པར་རྟོག་པ་མཐོང་བའི་བདག་ཉིད་ཅན་དུ་མི་འགྱུར་གྱི། དེ་ལ་ཡོད་པར་ནི་འགྱུར་བ་ཡིན་ཏེ། དཔེར་ན་བལྟར་མི་རུང་བ་འགའ་ཞིག་ས་ཕྱོགས་ལ་བརྟེན་པར་འགྱུར་བ་
བཞིན་ནོ། །དེས་ན་ཐ་དད་པ་འགོག་པ་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་གཏན་ཚིགས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་བུམ་པ་དང་ས་ཕྱོགས་དག་དབང་པོ་གཅིག་གིས་གཟུང་བ་ཡིན་པས་ཕན་ཚུན་འཁྲུལ་པ་མེད་པར་དམིགས་པ་ནི་ཤེས་པ་གཅིག་ལ་འདྲེ་བ་ཉིད་
ཡིན་པ་དེ་བཞིན་དུ་འདི་ལ་ཡང་མཐོང་བ་དང་རྣམ་པར་རྟོག་པ་དག་རྒྱུད་གཅིག་ལ་ཡོད་པའི་རང་རིག་ལ་འཁྲུལ་པ་མེད་པར་དམིགས་པ་ན་ཤེས་པ་གཅིག་ལ་ཚོགས་པ་ཡིན་ནོ། །ཡིད་ལ་བརྟེན་ནས་སྐྱེས་པ་རྒྱུད་གཅིག་ལ་ཡོད་པ་དེ་དག་ནི་ཉམས་སུ་མྱོང་བར་བྱེད་པ་གཅིག་གིས་ལྷན་
ཅིག་ཉིད་དུ་ཉམས་སུ་མྱོང་བ་ཡིན་ཏེ། གཅིག་ཉམས་སུ་མྱོང་ན་གཉིས་པ་ཡང་མྱོང་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་གཡོ་བ་མེད་པར་མཐོང་བའི་གནས་སྐབས་སུ་རྣམ་པར་རྟོག་པ་ལ་མི་དམིགས་པ་ནི་གཅིག་ཡིན་པ་ཉིད་ནི་མི་དམིགས་པ་ཙམ་གྱིས་བཀག་པ་ཡིན་ལ།
ཐ་དད་པ་ཉིད་ཀྱང་ཁྱད་པར་ཅན་གྱི་མི་དམིགས་པས་བཀག་པ་ཡིན་ནོ། །སྐབས་སུ་བབས་པ་མི་སྣང་བའི་གཞི་མཐོང་བ་སྤངས་ནས་དབང་པོའི་ཤེས་པ་ཞེས་བྱ་བའི་གཞི་གཞན་དགོད་པ་ནི་དབང་པོའི་ཤེས་པ་མཐའ་དག་ཡུལ་ཉིད་དུ་བསྟན་པའི་དོན་ཏེ། འདི་ལྟར་མི་དམིགས་པས་རང་གི་
ཡུལ་དུ་གྱུར་པའི་ཕྱོགས་གཅིག་ལ་རྣམ་པར་རྟོག་པས་སྟོན་པར་བསྟན་པས་ཀྱང་། རྒྱུ་འདྲ་བ་ཅན་གྱི་དབང་པོའི་ཤེས་པ་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེས་དོན་གྱིས་བསྟན་ནོ། །དེས་ན་ཕྱོགས་གཅིག་ལ་འཇུག་པ་དེ་ཉིད་ནི་དབང་པོའི་ཤེས་པ་ཐམས་ཅད་ལ་རྟོག་པ་སྤོང་
བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྣམ་པར་རྟོག་པ་མེད་པ་སྒྲུབ་པའི་འཐད་པ་མ་བཀོད་དེ། དེ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་ནོ་ཞེས་ཀྱང་གསུངས་སོ། །གཞན་དུ་ན་ཕྱོགས་གཅིག་ལ་སྤངས་པས་ཐམས་ཅད་དེའི་རང་བཞིན་དུ་ཇི་ལྟར་འགྱུར།
เล่ม ๑๘๘ · หน้า 68a
ཤེས་པ་ཉམས་སུ་མྱོང་བར་ངེས་པས་ཤེས་པ་གཞན་མེད་པའི་ཐ་སྙད་དུ་བྱེད་པའི་ཕྱིར་མི་དམིགས་པས་བསྒྲུབ་བྱར་མེད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། ཡུལ་ཐ་དད་པས་ཐ་དད་པའི་རིག་པ་རྣམས་ནི་གཅིག་རིག་པའི་ཐ་སྙད་ཀྱིས་གཞན་མེད་པར་ཐ་སྙད་དུ་
བྱེད་པ་ཡིན་ནོ། །གཡོ་བ་མེད་པའི་མཐོང་བ་ལ་ནི་རྣམ་པར་རྟོག་པའི་བདག་ཉིད་དམ། རྣམ་པར་རྟོག་པ་གཞན་དང་ཡུལ་གཅིག་པ་ཉིད་དུ་ཕ་རོལ་གྱིས་བརྟགས་པ་ཡིན་པ་དེས་ན་རྣམ་པར་རྟོག་པ་མ་དམིགས་ཀྱང་ཐེ་ཚོམ་ཟ་བས་འབད་པས་སྒྲུབ་པ་དང་མེད་པའི་ཐ་སྙད་དུ་ཡང་བྱ་བ་ཡིན་
ནོ། །གང་གིས་ཞེས་བྱ་བ་ལ་སོགས་པས་ནི་དཔྱོད་པ་པོའི་དོགས་པ་བསུ་བར་བྱེད་དོ། །གང་གི་ཕྱིར་དེ་རྣམ་པར་རྟོག་པ་སྣང་བ་མི་དམིགས་པ་མ་བཟོད་ནས་སྨྲས་པ། བློ་མངོན་སུམ་དུ་གྱུར་པ་མ་ཡིན་ཏེ། དེ་དོན་མངོན་སུམ་དུ་བྱེད་པ་ཉིད་ཡིན་ཡང་བློ་ནི་མངོན་སུམ་དུ་ཡང་བྱ་བ་
མ་ཡིན་ནོ། །གལ་ཏེ་བློ་མངོན་སུམ་ཡིན་ན་ཅིར་འགྱུར་ཞེས་དོགས་པ་ལ་སྨྲས་པ། བློ་མངོན་སུམ་ཉིད་ཡིན་པ་གང་གིས་དབང་པོའི་ཤེས་པ་རྣམ་པར་རྟོག་པས་ན་རྣམ་པར་རྟོག་པ་སྟེ་རྣམ་པར་རྟོག་པ་ཅན་ནོ། །དེས་ཁས་བླངས་པར་གྱུར་པ་ལ་གནོད་པ་འགལ་བར་འགྱུར་བའོ། །
འདི་སྐད་དུ་བརྗོད་པར་འགྱུར་ཏེ། གལ་ཏེ་བློ་མངོན་སུམ་ཡིན་ན་ནི་དེའི་ཚེ་རྣམ་པར་རྟོག་པ་དང་མཐོང་བ་མངོན་སུམ་ཡིན་པའི་ཕྱིར་ཆོས་ཅན་གྲུབ་ཅིང་གཏན་ཚིགས་སྣང་བ་མི་དམིགས་པ་ཉིད་ཀྱང་འགྱུར་བ་ཡིན་ན། དེ་ཉིད་ནི་མངོན་སུམ་དུ་གྱུར་པ་མ་ཡིན་ཏེ། དེས་ན་མངོན་སུམ་རྣམ་པར་རྟོག་
པ་ཅན་དུ་ཁས་བླངས་ཀྱང་སྣང་བ་མི་དམིགས་པས་ཅུང་ཟད་ཀྱང་གནོད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ནི་སློབ་དཔོན་དེ་ལ་བརྒལ་ཞིང་བརྟག་པ་མཛད་དེ། འདི་ཞེས་བྱ་བ་མིང་ཐམས་ཅད་པ་མངོན་སུམ་གྱི་ཚིག་གིས་ནི་རྣམ་པར་རྟོག་པ་བཟུང་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རིག་པའི་རྣམ་
པར་རྟོག་པ་ཞེས་བཤད་པ་ཡིན་ནོ། །རྣམ་པར་བརྟགས་པའི་དོན་གསལ་བ་ན་རང་ཉིད་གསལ་བར་གྱུར་པ་ནི་རིག་པ་ཞེས་བརྗོད་པ་ཡིན་ནོ། །དོན་ཀྱང་བཀག་པར་ཐལ་བར་མ་གྱུར་ཅིག་ཅེས་གསལ་བའི་རང་བཞིན་འདི་མེད་དོ་ཞེས་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
เล่ม ๑๘๘ · หน้า 68b
ནང་དུ་འདུ་བ་ལ་བརྟག་པར་མཛད་པ་ཡིན་ནོ། །སྐྱེ་བ་ནི་འབྱུང་བའོ། །འགག་པ་ནི་ལྡོག་པ་སྟེ་ལྡོག་པའི་རང་བཞིན་དུ་ངེས་པ་ལ་རིག་པ་ཞེས་བརྗོད་པ་ཡིན་ནོ། །རེ་ཞིག་ཅེས་བྱ་བ་ནི་རིམ་པ་སྟོན་པར་བྱེད་པ་སྟེ། བློ་མངོན་སུམ་ཉིད་མ་ཡིན་ན་ཉམས་སུ་མྱོང་བའི་རྣམ་པར་རྟོག་པ་
མེད་པ་ཉིད་དུ་ཐལ་བ་ནི་རེ་ཞིག་སྤང་དཀའ་བ་ཡིན་ལ་སྐྱོན་གཞན་ཡང་འཆད་པར་འགྱུར་རོ་ཞེས་བྱའོ། །རྣམ་པར་རྟོག་པ་གང་ཡིན་པ་འདི་གང་ཞེས་བྱ་བ་ནི་གཞི་འདྲི་བ་སྟེ་དངོས་པོ་གང་ཞིག་ལ་འདི་བདག་ཉིད་དུ་རྣམ་པར་གནས་ཞེས་བྱ་བའི་དོན་ཏོ། །དོན་ནི་འདི་ཡིན་ཏེ་རེ་ཞིག་འདི་ཡོད་
པ་ནི་བཟློག་པར་ནུས་པ་མ་ཡིན་ལ། ཉམས་སུ་མྱོང་བར་ཡོད་པ་འདི་ཡང་ཤེས་བྱའི་བདག་ཉིད་དུ་འགྱུར་རམ། ཤེས་བྱའི་བདག་ཉིད་འགྱུར་ཞེས་གང་སྟོན་པ་ནི་དོན་ནམ་བློ་ཞེས་བྱ་བའོ། །དོན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རང་གིས་བརྟགས་པ་བདག་ཉིད་འགོག་པར་བྱེད་དོ། །བདག་
ཏུ་གནས་པ་ནི་ནང་སྟེ་ཕྱི་རོལ་གྱི་དོན་ལས་ཐ་དད་པར་བདག་ཏུ་འཛིན་པའི་གནས་ཉིད་དུ་ཡོངས་སུ་གསལ་བའི་ཕྱིར་རོ། །ཡོངས་སུ་གསལ་བ་ནི་སྣང་བ་སྟེ་རང་གི་ངོ་བོར་གསལ་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བདག་ཏུ་འཛིན་པའི་གནས་སུ་ཡོད་པ་ཡིན་
ལ། རྣམ་པར་བརྟགས་པའི་དོན་ནི་བདག་ཏུ་འཛིན་པའི་གཞི་མ་ཡིན་པར་སྣང་ངོ་། །གང་གི་ཕྱིར་རྣམ་པར་བརྟག་པར་བྱ་བའི་དོན་ནི་ཡུལ་གྱི་ཁྱད་པར་དང་འབྲེལ་པར་སྣང་ལ། རྣམ་པར་རྟོག་པ་ནི་དེའི་ཡུལ་ཅན་མ་ཡིན་པ་ནང་དུ་ཉེ་བར་གནས་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་
རྟོག་པ་ནི་ད་ལྟར་གྱི་དུས་སུ་བདག་རྣམ་པར་རྟོག་པར་བྱེད་དོ་ཞེས་འཛིན་པ་ཡིན་ལ། རྣམ་པར་བརྟགས་པའི་དོན་ནི་འདས་པའམ་མ་འོངས་པར་རྣམ་པར་རྟོག་པ་ལས་ཐ་དད་པ་ཉིད་དུ་འཛིན་པ་ཡིན་ནོ། །གཏན་ཚིགས་གཞན་བཤད་པ། འདོད་པ་ནི་བསམ་པའོ། །དེའི་དབང་ནི་མཐུ་
སྟེ་དེས་སྐྱེ་བ་དང་འགག་པ་དེ་དག་རིགས་པ་མ་ཡིན་པའི་ཡང་ཕྱིར་རོ། །ཕྱི་རོལ་གྱི་དོན་ནི་འདོད་པའི་སྟོབས་ཀྱིས་སྐྱེ་བ་དང་འགག་པར་རིགས་པ་མ་ཡིན་ལ། རྣམ་པར་རྟོག་པ་འདི་ནི་འདོད་པའི་རྒྱུ་མཚན་གྱིས་སྐྱེ་བ་དང་འགག་པ་ཡིན་པའི་ཕྱིར་ཇི་ལྟར་ཕྱི་རོལ་གྱི་རང་བཞིན་དུ་འགྱུར་
เล่ม ๑๘๘ · หน้า 69a
ཏེ། འགལ་བའི་ཆོས་དང་ལྡན་པའི་ཕྱིར་ཐ་དད་པ་ཡིན་ནོ། །དེ་ལྟར་གྱི་དོན་དང་འདས་པ་དང་མ་འོངས་པ་གང་ཡིན་པ་དེ་ནི་འདོད་པའི་དབང་གིས་སྐྱེད་པའམ་འགག་པར་བྱར་ནུས་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་ནི་མེད་པའི་ཕྱིར་ལ། ད་ལྟར་བྱུང་བ་ལ་
ཡང་འདོད་པའི་རྗེས་སུ་བྱེད་པ་དེའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ནང་དུ་ཡོངས་སུ་གསལ་བ་དང་འདོད་པའི་དབང་གིས་འབྱུང་བ་དང་འཇིག་པ་དང་ལྡན་པའི་ཕྱིར་ཕྱི་རོལ་གཟུང་བའི་རང་བཞིན་མ་ཡིན་པ་ཉིད་དོ། །དེའི་ཕྱིར་འདིར་ཏེ་ནང་དུ་ཡོངས་སུ་གསལ་བ་དང་འདོད་པའི་དབང་གིས་སྐྱེ་བ་
དང་འགག་པ་དག་ཏུའོ། །གལ་ཏེ་ཡང་མི་རིགས་པའི་སྒྲ་མཐར་གནས་པའི་བསྡུ་བ་ཡིན་པ་དེ་ལྟ་ན་ཡང་དོན་གྱི་ཤུགས་ཀྱིས་སྐྱེ་བ་དང་འགག་པ་ཉིད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཡང་ན་འདོད་པའི་རྗེས་སུ་འགྲོ་བ་འདིར་ཞེས་འབྲེལ་ཏོ། །དོན་འདི་ཡིན་ཏེ། ཡོངས་སུ་གསལ་བའི་
རྒྱུར་ཡོངས་སུ་གསལ་བར་བྱ་བའི་ཕྱིར་ནང་དུ་ཡོངས་སུ་གསལ་བ་ཉམས་སུ་མྱོང་བར་བྱ་བའི་ཆེད་དུ། དེའི་བྱེད་པ་དང་ལྡན་པར་བློ་ཉིད་འགྱུར་བའམ། འདོད་པའི་རྗེས་སུ་འགྲོ་བ་དང་ལྡན་པའམ་དེའི་རྒྱུ་མཚན་ཅན་སྐྱེ་བ་དང་འགག་པ་དང་ལྡན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའོ། །གང་
གི་ཕྱིར་དེའི་རང་བཞིན་འཛིན་པ་ནི་འགྱུར་བར་བརྗོད་པ་ཡིན་ཏེ། ནང་དུ་ཡོངས་སུ་གསལ་བ་དང་འདོད་པ་ལ་རག་ལས་པས་སྐྱེ་བ་དང་འགག་པའི་རང་བཞིན་འཛིན་པ་ནི་བློ་ཉིད་ལ་རིགས་པ་ཡིན་ནོ། །དེ་ནི་ཡོངས་སུ་གསལ་བ་ལ་སོགས་པ་སྔར་བཤད་པ་དང་ལྡན་པར་འཇུག་ཀྱང་གསལ་བ་མ་
ཡིན་ཞིང་ཉམས་སུ་མྱོང་བ་མ་ཡིན་ཏེ། དེ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་བློ་ལྐོག་ཏུ་གྱུར་པ་ཡིན་པ་དེ་ལྟ་ན་ཡང་གསལ་བའི་དོན་དེའི་ཆོས་རྗེས་སུ་འབྲེལ་པ་དང་ལྡན་པར་རྟོགས་པ་ཡིན་ནོ། །གསལ་བར་བྱེད་པའི་ཆོས་གསལ་བར་བྱ་བའི་དོན་ལ་བཞག་པ་དེས་
ན་དེ་ཉིད་དུ་ནང་དུ་གསལ་བར་གྱུར་པ་དང་། འདོད་པ་དང་འབྲེལ་པས་སྐྱེ་བ་དང་འགག་པ་དང་ལྡན་པར་དེའི་རང་བཞིན་མ་ཡིན་པར་ཡང་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མི་རིགས་ཏེ། གང་གི་ཕྱིར་དབང་པོའི་གཟུང་བ་གསལ་བ་ན་གསལ་བར་བྱེད་པའི་རྗེས་སུ་འགྲོ་བས་ནང་དུ་ཡོངས་
เล่ม ๑๘๘ · หน้า 69b
སུ་གསལ་བའམ་འདོད་པའི་དབང་གིས་སྐྱེ་བ་དང་འཇིག་པ་ཉིད་དུ་རྟོགས་པ་མེད་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་གསལ་བའི་དོན་ཀྱང་ཞེས་སྨོས་སོ། །དེ་ལྟར་ན་ནང་དུ་ཡོངས་སུ་གསལ་བ་ལ་སོགས་པའི་རྣམ་པར་གྱུར་པ་གང་ཡིན་པ་དེ་ལྟ་བུར་འགྱུར་བར་འཐད་པ་མ་ཡིན་ནོ། །
འདི་སྙམ་དུ་གསལ་བར་གྱུར་པའི་དོན་ཡང་མ་ཡིན་ལ་ལྐོག་ཏུ་གྱུར་པའི་ཤེས་པ་ཡང་མ་ཡིན་ཏེ། འོན་ཀྱང་གཞན་ཉིད་ཡིན་ནོ་སྙམ་ན་འདི་ཉམས་སུ་མྱོང་བར་གྱུར་པའི་དོན་གྱི་ཚོགས་འགའ་ཞིག་དང་རྗེས་སུ་འབྲེལ་པ་སྟེ། འབྲེལ་པ་ཡོད་པ་མ་ཡིན་ལ། ཉམས་སུ་མྱོང་བར་བྱེད་པ་
དང་ཉམས་སུ་མྱོང་བར་བྱ་བ་དག་ལས་གཞན་དུ་གྱུར་པ་ཉམས་སུ་མྱོང་བ་ལ་ཡང་འདི་འདྲ་བའི་ཆོས་ཡོད་པ་མ་ཡིན་ནོ། །ཉམས་སུ་མྱོང་བ་འདི་ལྟ་བུའི་ཆོས་དང་ལྡན་པ་ཡིན་ཡང་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་མེད་པར་འགྱུར་རོ། །དོན་དང་རྗོད་པ་དེ་དག་གི་རྗེས་སུ་བྱེད་པའི་ངང་ཚུལ་
གང་ལ་ཡོད་པའི་རྣམ་པར་རྟོག་པ་སྟེ་བརྗོད་པ་དང་འདྲེས་པའི་རྣམ་པ་ཅན་ཞེས་བྱ་བའི་དོན་ཏེ། ཉམས་སུ་མྱོང་བའི་བདག་ཉིད་གང་ཡིན་པའོ། །ཉམས་སུ་མྱོང་བ་ནི་མྱོང་བ་སྟེ་མྱོང་བར་བྱེད་པ་དང་མྱོང་བར་བྱེད་པའི་བདག་ཉིད་དོ། །རྣམ་པར་རྟོག་པ་ནི་གཉི་གའི་བདག་ཉིད་ཡིན་
ཏེ། དེས་ན་ཉམས་སུ་མྱོང་བར་བྱ་བ་ཞེས་བྱ་བའམ། ཉམས་སུ་མྱོང་བ་ཞེས་བྱ་བའམ། ཉམས་སུ་མྱོང་བར་བྱེད་པ་ཞེས་བྱ་བར་བརྗོད་པའི་རྣམ་པར་རྟོག་པ་མེད་པར་ཐལ་བར་བསྟན་ཏོ། །ཐལ་བ་ལས་བཟློག་པ་ཡང་དོན་གྱིས་བལྟ་བར་བྱ་སྟེ། ཉམས་སུ་མྱོང་བའི་རྣམ་པར་
རྟོག་པ་འདི་ཡོད་པ་ཉིད་ཡིན་ཞིང་འདི་དོན་ཀྱང་མ་ཡིན་པ་དེའི་ཕྱིར་མངོན་སུམ་དུ་གྱུར་པ་འདི་ནི་བློ་ཡིན་ནོ། །གཟུང་བའི་དོན་ཡོད་པའི་ཕྱིར་དབང་པོའི་ཤེས་པ་ལ་ནི་ཐལ་བ་འདིར་མི་འགྱུར་རོ། །རྣམ་པར་རྟོག་པའི་ཤེས་པ་ལ་ནི་དེའི་ཚེ་དོན་ཉེ་བར་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང་། དོན་
ནི་སྟོན་པར་བྱེད་པའི་མངོན་སུམ་འགའ་ཞིག་གིས་འགྱུར་བ་ཡིན་པའི་ཕྱིར་ཐལ་བར་བྱས་པ་ཡིན་ནོ། །གཞན་ཡང་བདེ་བ་ལ་སོགས་པ་གང་ཡིན་པ་སྡུག་བསྔལ་ལ་སོགས་པ་དེའི་མྱོང་བ་ནི་བློ་ཉིད་ཡིན་ཏེ། མྱོང་བ་ནི་བློའི་ངོ་བོ་ཡིན་པའི་ཕྱིར་རོ། །བློ་དེ་ཡང་ལྐོག་ཏུ་གྱུར་པ་དེའི་ཕྱིར་
เล่ม ๑๘๘ · หน้า 70a
དེའི་བདག་ཉིད་བདེ་བ་ལ་སོགས་པ་མྱོང་བ་ཡང་སྐྱེས་བུའི་ལྐོག་ཏུ་གྱུར་པར་སྐྱེས་པ་ཡིན་ནོ། །ཕན་པར་འདོད་པ་ཉམས་སུ་མྱོང་བ་དང་གནོད་པ་མི་འདོད་པར་མི་འགྱུར་རོ། །དེ་ལས་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལས་སོ། །འདི་སྐད་བརྗོད་པར་འགྱུར་ཏེ། བདེ་
བ་དང་སྡུག་བསྔལ་དག་གིས་སྐྱེས་བུ་ལ་ཕན་པ་དང་གནོད་པ་ནི་མྱོང་བའི་རང་བཞིན་ཁོ་ནས་ཡིན་ནོ། །མྱོང་བ་དེའང་ལྐོག་ཏུ་གྱུར་པའི་ཕྱིར་ལྐོག་ཏུ་གྱུར་པ་ལས་ཕན་པ་དང་གནོད་པ་དག་ཏུ་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དཔེར་ན་སྐྱེས་བུ་གཞན་གྱི་བདེ་བ་དང་སྡུག་བསྔལ་མྱོང་བ་
སྐྱེས་བུ་གཞན་གྱི་ལྐོག་ཏུ་གྱུར་པ་དེའི་ཕྱིར་ཕ་རོལ་པོའི་རྒྱུད་ལ་ཡོད་པ། གཞན་གྱིས་ཡང་དག་པར་མྱོང་བའི་བདག་ཉིད་དེ་དག་གིས་ཕན་པ་དང་གནོད་པར་མི་འགྱུར་བ་བཞིན་ནོ། །བུ་ལ་སོགས་པ་ལ་བདེ་བར་ཡོད་པར་ཤེས་པ་ལས་ཕན་འདོགས་པ་ལ་སོགས་པའི་བདག་ཉིད་རང་གི་
རྒྱུད་ལ་ཡོད་པའི་བདེ་བ་གཞན་ཁོ་ན་ཞིག་སྐྱེ་བ་ཡིན་གྱི་རྒྱུད་ལ་ཡོད་པ་ཉིད་ལས་ནི་ཕན་པ་དང་གནོད་པ་མ་ཡིན་ཏེ། དེའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དགྲ་ལ་སོགས་པའི་བདེ་བ་ཤེས་པ་ལས་ཀྱང་ཕན་པ་དང་། སྡུག་བསྔལ་ཤེས་པ་ལས་གནོད་པར་ཡང་ཐལ་བའི་ཕྱིར་རོ། །དེས་
ན་གཞན་གྱི་བདེ་བ་དང་སྡུག་བསྔལ་ཤེས་པས་ནི་གཞན་ལ་ཕན་པ་དང་གནོད་པར་འགྱུར་བ་མ་ཡིན་པར་བལྟ་བར་བྱའོ། །གལ་ཏེ་ཕན་པ་དང་གནོད་པ་ནི་རང་གི་རྒྱུད་ལ་ཡོད་པའི་བདེ་བ་དང་སྡུག་བསྔལ་དེས་བྱས་པ་ཡིན་གྱི། དེ་མྱོང་བ་མངོན་དུ་བྱས་པས་ནི་མ་ཡིན་པ་མ་ཡིན་ནམ། དེའི་
ཕྱིར་འདི་ལྟར་གང་གཞན་གྱི་བདེ་བ་ལ་སོགས་པ་རིག་པའི་རྣལ་འབྱོར་པ་རྣམས་གཞན་གྱི་བདེ་བ་དང་སྡུག་བསྔལ་དག་གིས་བདེ་བ་དང་སྡུག་བསྔལ་བར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཡང་གཞན་གྱི་རྒྱུད་ལ་ཡོད་པའི་བདེ་བ་དང་སྡུག་བསྔལ་དག་གིས་ཕན་པ་དང་གནོད་པར་ནུས་པ་མ་ཡིན་ལ།
རང་གི་རྒྱུད་ལ་ཡོད་པ་ནི་ཉམས་སུ་མ་མྱོང་ཡང་ཕན་པ་དང་གནོད་པར་འགྱུར་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། འདི་ལ་ཟས་ཟོས་པ་དང་མ་ཟོས་པ་དག་གིས་ལུས་རྒྱས་པ་དང་ཞུམ་པའི་མཚན་ཉིད་ཀྱིས་ཕན་པ་དང་གནོད་པ་གང་ཡིན་པ་དེ་དག་ནི་ཉམས་སུ་མ་མྱོང་བ་ལས་ཀྱང་འགྱུར་བ་ཡིན་གྱི་
เล่ม ๑๘๘ · หน้า 70b
བདེ་བ་དང་སྡུག་བསྔལ་གྱིས་བྱས་པ་ནི་དེ་ལྟ་མ་ཡིན་ནོ། །འདི་ལྟར་འདོད་པ་དང་མི་འདོད་པ་ཉམས་སུ་མྱོང་བ་དག་གིས་གསལ་བ་ཉིད་ནི་བསྙོན་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་གྱིས་བྱས་པའི་ཕན་པ་དང་གནོད་པ་ནི་གསལ་བ་ལས་གཞན་མ་ཡིན་ལ། གསལ་
བ་ཡང་མངོན་སུམ་དུ་བྱས་པ་ཡིན་ནོ། །མྱོང་བའི་མཚན་ཉིད་ཀྱི་བློ་ལྡོག་ཏུ་གྱུར་པ་ཉིད་ཡིན་ན་ནི་གསལ་བ་མ་ཡིན་པའི་ཕྱིར་འདོད་པ་དང་། མི་འདོད་པའི་མྱོང་བ་གསལ་བའི་རང་བཞིན་ངན་པ་དང་གནོད་པ་དག་ཏུ་མི་འགྱུར་རོ། །དེའི་ཕྱིར་བདེ་བ་དང་སྡུག་བསྔལ་མངོན་སུམ་
དུ་བྱས་པས་དེ་ལ་རག་ལས་པའི་ཕན་པ་དང་གནོད་པར་འགྱུར་བ་ཡིན་ནོ། །གང་ཡང་རྣལ་འབྱོར་པ་རྣམས་གཞན་གྱི་བདེ་བས་བདེ་བར་མི་འགྱུར་བ་དེ་ལ་ཡང་བརྗོད་པར་བྱ་སྟེ། བདག་ཏུ་འཛིན་པའི་གཞི་ཡིན་པའི་ཕྱིར། མྱོང་བར་བྱེད་པའི་རྣམ་པའི་འདོད་པའི་རང་བཞིན་ནི་སྐྱེས་བུ་
ལ་ཕན་པའི་བདག་ཉིད་ཡིན་གྱི་མྱོང་བར་བྱ་བའི་རྣམ་པ་ནི་མ་ཡིན་ཏེ། བདག་ཏུ་འཛིན་པའི་གཞི་ལས་ཕྱི་རོལ་དུ་གྱུར་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ། །དེས་ན་རྣལ་འབྱོར་པ་རྣམས་མྱོང་བར་བྱ་བའི་རྣམ་པའི་བདེ་བ་དང་སྡུག་བསྔལ་དག་གིས་བདེ་བ་དང་སྡུག་བསྔལ་བར་འགྱུར་བ་ཡིན་
ནོ། །བདེ་བ་ནི་ཕན་པ་ཙམ་གྱི་བདག་ཉིད་ཡིན་ཞིང་ཕན་པའི་བདག་ཉིད་ཀྱང་འཛིན་པའི་རྣམ་པར་འགྱུར་བའི་སིམ་པའི་རང་བཞིན་ཡིན་ཏེ། དེའི་ཕྱིར་སྐྱེས་བུའི་བདེ་བ་ནི་དེ་ཙམ་ཉིད་ཡིན་གྱི་གཟུང་བའི་རྣམ་པ་ནི་མ་ཡིན་ནོ། །ཁོ་བོ་ཅག་གི་བདེ་བ་ནི་འདི་ཙམ་ཉིད་ཡིན་ཏེ། གང་མྱོང་བ་ཞེས་
འཆད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བདེ་བ་ལ་སོགས་པ་སྐྱེས་པ་ཙམ་དང་གཟུང་བའི་རྣམ་པ་ཉིད་དུ་མངོན་སུམ་དུ་བྱས་པ་ཙམ་ནི་ཕན་པ་དང་གནོད་པ་མ་ཡིན་གྱི་འོན་ཀྱང་འཛིན་པ་རྣམ་པའི་རང་བཞིན་དུ་གསལ་བ་ཡིན་ནོ་ཞེས་བལྟ་བར་བྱའོ། །ཉེས་པ་གཞན་བསགས་པའི་དོན་
དུ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་འདི་དག་མངོན་སུམ་རྒྱུར་གྱུར་པའི་ཤེས་པ་མ་ཡིན་ཏེ། མ་ངེས་ན་བདག་ཉིད་གཞིར་གྱུར་པ་ལ་རྟོགས་པར་ཡང་སྟེ་ཤེས་པར་རོ། །འདི་དག་ཅེས་བྱ་བར་འབྲེལ་ཏོ། །ཇི་ལྟར་ཞེས་བྱ་བ་ནི་མི་སྲིད་པའོ། །འཆད་པར་འགྱུར་
เล่ม ๑๘๘ · หน้า 71a
བའི་ཚུལ་གྱིས་སྒྲུབ་པར་བྱེད་པའི་ཐབས་གཞན་མེད་པའི་ཕྱིར་བློ་མངོན་སུམ་གྱིས་རིག་པ་མ་ཡིན་ནོ། །བདག་ཉིད་གཞིར་གྱུར་པ་ལ་ཤེས་པར་མི་འགྱུར་རོ། །བློ་བདག་ཉིད་ལ་བརྟེན་པར་མ་ཤེས་ན་ཡང་དོན་ཤེས་པ་ཙམ་དུ་འདོད་པར་འགྱུར་གྱི་བདག་གིས་
དོན་འདི་ཤེས་སོ་ཞེས་བདག་ཉིད་ཉམས་སུ་མྱོང་བ་པོར་ནི་ཤེས་པར་མི་འགྱུར་རོ། །དོན་དམ་པར་ནི་ཤེས་པར་བྱེད་པ་པོ་འདིས་དོན་འདི་ཤེས་སོ་ཞེས་ཤེས་པ་པོ་ཤེས་པ་ན་དོན་ཤེས་པར་འགྱུར་བ་ཡིན་གྱི་ཤེས་པ་པོ་ཤེས་པ་མེད་པར་ནི་དོན་ཤེས་པ་མེད་པའི་ཕྱིར་ཤེས་པ་པོ་བདག་ཉིད་
མ་ངེས་ན་དངོས་པོ་ཡང་ངེས་པར་མི་འགྱུར་རོ། །རྟགས་སུ་གྱུར་པའི་དོན་གང་ཡིན་པ་དེ་ཤེས་པར་འགྱུར་བ་ན་རྟགས་ཅན་གྱི་བློ་རྗེས་སུ་དཔོག་པ་འབྱུང་བ་ཡིན་ལ་རྗེས་སུ་དཔག་པ་དེ་ལས་རྟོགས་པ་པོས་བློ་ཁོང་དུ་ཆུད་པ་ཡིན་ནོ། །གང་གི་ཕྱིར་དོན་དམ་པར་ཁོང་དུ་ཆུད་པ་རྗེས་སུ་
དཔག་པ་ལས་ཐ་དད་པ་མ་ཡིན་ཡང་ཚད་མ་དང་དེའི་འབྲས་བུའི་རང་བཞིན་དག་ལས་ཐ་དད་པར་བལྟའོ། །ཡང་ཇི་ལྟར་ན་དོན་ཤེས་པ་ལ་བློ་རྗེས་སུ་དཔོག་པའི་རྟགས་ཡིན་ཞེ་ན། དོན་མ་ཤེས་པར་ཞེས་སྨྲས་ཏེ། གང་གི་ཕྱིར་ཇི་སྲིད་དོན་ཤེས་པར་མ་གྱུར་པ་དེ་ཇི་སྲིད་དུ་བློ་ངེས་པ་ནི་
མ་ཡིན་པ་དེའི་ཕྱིར་བློ་གྲུབ་པ་ནི་དོན་ཤེས་པའི་རྒྱུ་མཚན་ལས་ཡིན་ནོ། །འདིས་ནི་མེད་ན་མི་འབྱུང་བ་དང་། དོན་ཤེས་པ་དང་བློ་གྲུབ་པ་སྔ་ཕྱིར་བསྟན་པ་ཡིན་ནོ། །བློ་ངེས་པ་ནི་སྔར་མ་ཡིན་ཞིང་དུས་མཉམ་པར་ཡང་མ་ཡིན་ལ་ཕྱིས་ཀྱང་འདིའོ་ཞེས་ངེས་པར་ནུས་པ་མ་ཡིན་གྱི། འོན་ཀྱང་
ཡུལ་རྣམ་པར་འཆད་པར་དོན་རགས་པ་མཐོང་བ་ལས་གོར་མ་ཆག་པར་བློ་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་ཏེ། དོན་ཤེས་པ་ནི་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཁས་བླངས་པའི་དོན་ཏོ། །གཞན་དག་དེ་ལྟར་དོགས་ནས་བཤད་པ། བླུན་པོ་ནི་རང་གི་སྨྲས་པ་
ཡང་དོན་གོ་བར་མི་ནུས་པའོ། །རྒྱལ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཐོབ་པའོ། །ཅི་ཞིག་བྱས་པས་རྒྱལ་ཞེ་ན། འཇིག་རྟེན་གྱི་མདུན་དུ་ཁོ་བོ་རྒྱལ་ལོ་ཁོ་བོ་རྒྱལ་ལོ་ཞེས་རྒྱལ་བའི་སྒྲ་དམ་བཅས་པའི་སྒྲ་དེ་བསྒྲགས་པ་སྟེ། གསལ་བར་བྱས་སོ། །གལ་ཏེ་དེས་དེ་ལྟར་གསལ་བར་བྱས་པ་
เล่ม ๑๘๘ · หน้า 71b
དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་ཤེས་པའི་འཇིག་རྟེན་ལས་རྒྱལ་བ་ཐོབ་ཅེ་ན། བཤད་པ། གང་གིས་འདི་སྐད་འགལ་བའི་ཆོས་སྨྲ་བའི་ཚིག་ལས་ཡང་འཇིག་རྟེན་ན་མཉན་པར་འོས་པར་བྱེད་པས་སོ། །གལ་ཏེ་མཁས་པ་འགའ་ཞིག་ཡོད་ན་ནི་འདི་ལྟ་བུའི་ཚིག་བཟློག་པར་འགྱུར་
གྱི་ཚིག་འདི་ལ་རྣ་གཏོད་པར་མི་འགྱུར་བ་ཞིག་ན་མ་བཟློག་པ་ཉིད་ཀྱིས་རྒྱལ་བར་བསྒྲགས་བས་འཇིག་རྟེན་ལས་རྒྱལ་བ་ཡིན་ནོ། །འགལ་བ་ཅི་ཞིག་སྨྲས་ཤེ་ན། བཤད་པ། དོན་ཤེས་པ་བློའི་སྒྲུབ་པར་བྱེད་པའི་གཏན་ཚིགས་ནི་རྟོགས་པ་ཡིན་ལ། རྟགས་ཡོངས་སུ་ཤེས་པ་ན་
མ་རྟོགས་པས་རྟགས་ཅན་དུ་འགྱུར་བའི་བློ་ནི་མ་ཡིན་ནོ་ཞེས་ཟེར་བའོ། །བསམ་པ་ནི་འདི་ཡིན་ཏེ། ཤེས་པ་དང་བློ་དང་རྟོགས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ལ། སྒྲ་ཐ་དད་པས་དོན་ཐ་དད་པའི་གྲུབ་པ་དང་མ་གྲུབ་པར་འགྱུར་བ་ནི་མི་འཐད་དོ། །དེ་སྐད་དུ་སྨྲ་བའི་ཚིག་ལ་རྣ་ནི་མི་གཏོད་
པ་ན་ཡང་སྔར་བཤད་པའི་སྐྱོན་དུ་འགྱུར་རོ། །གང་གི་ཕྱིར་དེ་སྐད་སྨྲ་བ་ན་ལྷ་རྣམས་དགའ་བ་འཇིག་རྟེན་ན་བསྔགས་པར་འོས་པའི་ཤེས་རབ་ཅན་དུ་གྱུར་པ་ཡིན་ཏེ། བསྔགས་པར་བྱ་ཞིང་བསྟོད་པར་བྱ་བ་ཡིན་ནོ་ཞེས་བྱ་བར་རོ། །དེའི་ཕྱིར་བླུན་པོ་རྒྱལ་བ་ཡིན་ནོ་ཞེས་བྱ་བ་མཇུག་བསྡུ་
བའོ། །ཡང་གཞན་གྱི་དོགས་པ་སྨྲས་པ། བློ་དང་ཤེས་པ་དག་ནི་རྣམ་གྲངས་ཀྱི་སྒྲ་ཡིན་པའི་ཕྱིར་རྟགས་དང་རྟགས་ཅན་གྱི་དོན་དུ་རྣམ་པར་གནས་པ་མ་ཡིན་གྱི། འོན་ཀྱང་དབང་པོ་དང་དོན་འདི་དག་བློ་རྗེས་སུ་དཔོག་པའི་རྟགས་ཡིན་ནོ། །གང་གི་ཕྱིར་དབང་པོ་དང་དོན་ཡོད་པ་དེའི་ཕྱིར་
དབང་པོ་ལ་བརྟེན་པས་དོན་གྱི་ཡུལ་ཅན་གྱི་བློར་འགྱུར་བ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་མི་འཁྲུལ་ན་གཏན་ཚིགས་ཡིན་ནོ་ཞེས་གསུངས་སོ། །དོན་འདི་ཡིན་ཏེ། གང་ཞིག་གང་ལ་མི་འཁྲུལ་པ་དེ་ནི་དེའི་རྟགས་ཡིན་ནོ། །དབང་པོ་ནི་ཤེས་པ་ལ་འཁྲུལ་པ་ཡིན་ནོ། །དབང་པོ་དེ་
ཡོད་པ་ཡིན་ཡང་དེའི་ཤེས་པ་མི་འཇུག་པའི་ཕྱིར་ཏེ། གཞན་དུ་ན་དབང་པོ་ཡོད་པའི་ཕྱིར་དབང་པོ་ཐམས་ཅད་ཀྱི་ཤེས་པ་གཏན་དུ་ཡོད་པར་ཐལ་བར་འགྱུར་ན་དེ་ལྟར་ནི་མཐོང་བའམ་འདོད་པ་མ་ཡིན་ནོ། །དེ་བཞིན་དུ་དོན་གཏན་ཚིགས་ཡིན་པ་ལ་ཡང་ཡོད་པ་ཙམ་གཏན་ཚིགས་ཡིན་
เล่ม ๑๘๘ · หน้า 72a
ན་ནི། དེའི་ཚེ་ཐམས་ཅད་དུ་རིག་པར་ཐལ་བར་འགྱུར་རོ། །ཉེ་བར་གཏན་ཚིགས་ཡིན་ན་ཉེ་བ་མ་ལུས་པ་དུས་གཅིག་ཏུ་འཛིན་པར་ཐལ་བ་ལས་དེ་ལྟར་རིགས་པའམ་འདོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དུས་གཅིག་ཏུ་འཇུག་པར་ཁས་མ་བླངས་པའི་
ཕྱིར་རོ། །དེའི་ཕྱིར་དབང་པོ་དང་དོན་དག་ནི་ཤེས་པ་ལ་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གང་དག་འདི་ནི་དབང་པོ་དང་དོན་དག་ཐུན་མོང་བ་ཡིན་པའི་ཕྱིར་འཁྲུལ་པར་བརྗོད་པ་ཡིན་ནོ་ཞེས་ཟེར་བ་དེ་ལ་འདི་སྐད་དུ་ཐུན་མོང་བ་ཡིན་པའི་ཕྱིར་ཞེས་འཆད་པར་འགྱུར་བའི་སྐྱོན་འདིའི་
ཡུལ་གང་ཡིན་ཞེས་འདྲི་བར་བྱའོ། །གཞན་ཡང་དབང་པོ་དང་དོན་ལྷན་ཅིག་པ་ཉིད་གཏན་ཚིགས་ཡིན་པ་དེ་ནི་དབང་པོ་འཁྲུལ་པ་མེད་པའི་ཕྱིར་ཚོགས་པ་ཡང་འཁྲུལ་པ་མེད་པར་འགྱུར་རོ། །དབང་པོ་ནི་སྐྱེས་བུ་སོ་སོ་ལ་ངེས་པའི་ཕྱིར་ཇི་ལྟར་ན་ཐུན་མོང་བའི་སྐྱོན་དུ་འགྱུར། གང་
ཡང་གཞུང་འདིས་ཤེས་པ་མ་གྲུབ་ན་དབང་པོ་དང་དོན་དག་ཀྱང་མི་འགྲུབ་པའི་ཕྱིར་འཁྲུལ་པ་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པར་བརྗོད་པ་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་འདིར་དོན་གྲུབ་པར་ཁས་བླངས་ནས་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན་ངེས་པར་ཇི་ལྟར་འགྱུར་ཞེས་སྟོན་པའི་སྐབས་
ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་མ་ཐག་ཏུ་མ་གྲུབ་པའི་སྐྱོན་ནི་ཡིད་ལ་བརྗོད་པར་འགྱུར་བ་ཡིན་ནོ། །འབྲེལ་པ་མ་གྲུབ་པའི་སྐྱོན་ནི་འདི་ཉིད་ཀྱི་མཐར་འཆད་པར་འགྱུར་རོ། །དེའི་ཕྱིར་བཤད་པ་སྔ་མ་ཉིད་ལེགས་པ་ཡིན་ནོ། །ཡིད་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཡིད་རྟགས་ཡིན་པར་དོགས་པའོ། །
སུན་དབྱུང་བའི་ཕྱིར་དེ་ཡང་ཞེས་གསུངས་སོ། །དགོངས་པ་ནི་འདི་ཡིན་ཏེ། གཞན་གྱི་འདོད་པའི་ཡིད་གང་ཡིན་པ་དེ་ཡང་གྲུབ་པའི་ཤེས་པའི་ཅིག་ཅར་མི་སྐྱེ་བ་གྲུབ་པས་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། དེས་ན་ཤེས་པ་མ་གྲུབ་པར་དེ་མི་འགྲུབ་བོ། །སྐྱོན་འདི་ནི་རྣམ་པར་ཤེས་
པའི་བདག་ཉིད་ཅན་གྱི་ཡིད་ལ་ཡང་མཚུངས་པ་ཡིན་ནོ། །ཤེས་པ་གཅིག་གི་རྒྱུ་ཡིན་པའི་ཕྱིར་ན་རྣམ་པར་ཤེས་པ་འདི་ཉིད་ཡིད་ཡིན་པར་རིགས་ཀྱི། སྔ་ན་མེད་པར་བརྟགས་པའི་ཡིད་ནི་མ་ཡིན་ནོ། །དེ་ཉིད་སྟོན་པ་ནི་ཡིད་དེ་ཡང་རྣམ་པར་ཤེས་པ་ཡིན་པར་རིགས་པ་ཡིན་གྱི་གཞན་ནི་
เล่ม ๑๘๘ · หน้า 72b
མ་ཡིན་ནོ་ཞེས་བྱ་བའོ། །བར་དུ་མ་ཆོད་པ་བར་ཆད་མེད་པའི་ཤེས་པའི་རྒྱུར་གྱུར་པ་སྔ་མ་ཡིན་ཏེ། འདི་ཉིད་ཡིད་ཀྱི་བྱ་བ་དང་ལྡན་པའི་ཕྱིར་རོ། །བྱ་བ་དེ་ཉིད་སྟོན་པ་ནི་ཤེས་པ་སྔ་མ་དེ་ཤེས་པ་མི་སྐྱེ་བའི་ཡུལ་དུ་འདོད་པ་ལས་གཞན་དུ་གྱུར་པའི་ཡུལ་གཞན་དེ་ལ་སེམས་གཏད་ཅིང་
ཆགས་པ་དང་ནུས་པ་ཉམས་པ་སྟེ་གཉིད་ལ་སོགས་པས་ཉམས་པའོ། །དེའི་ཕྱིར་དེ་ལྟར་གཉི་ག་ཡང་གཟུང་བ་ཡིན་ནོ། །ཁ་ཅིག་སེམས་གཏད་པ་ཉིད་ཀྱིས་ནུས་པ་ཉམས་པ་ཡིན་པར་ཤེས་པ་དེ་ནི་ཐམས་ཅད་བསྡུས་པར་མི་འགྱུར་བས་ཧ་ཅང་འབྱོར་པ་ཡིན་ནོ། །ཡུལ་གཞན་དེ་ཡོད་
ཀྱང་ཤེས་པ་མི་སྐྱེ་བའི་རྒྱུའི་ཕྱིར་དེ་ཉིད་ཡིད་ཡིན་པར་རིགས་ཏེ་ཡིད་ཀྱི་དགོས་པ་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟར་སྐྱོན་ནི་ཅི་ཡོད་ཅེ་ན། དེ་ཡང་མ་གྲུབ་བོ་ཞེས་གསུངས་ཏེ། རྣམ་པར་ཤེས་པ་ཉིད་ཡིན་པའི་ཕྱིར་རོ། །མ་གྲུབ་པ་དེ་ཉིད་ཀྱིས་མ་གྲུབ་པ་དེ་ཉིད་སྒྲུབ་པར་ནུས་པ་མ་
ཡིན་ནོ། །ཡུལ་གསལ་བ་ཞེས་བྱ་བ་འདིས་ཡུལ་གསལ་བ་རྟགས་ཡིན་པར་དོགས་པ་བསྟན་ནས་བཟློག་པའི་ཕྱིར་གསལ་བ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་ཡུལ་གསལ་བ་ཤེས་པའི་བདག་ཉིད་ཡིན་པའམ། ཤེས་པའི་ཡུལ་གྱི་རང་བཞིན་ཙམ་དུ་གྱུར་
པའི་དོན་ཡིན་པར་འགྱུར། དེ་ལས་གལ་ཏེ་གསལ་བ་ཤེས་པ་ཡིན་པར་གཟུང་བར་བྱ་བ་དེའི་ཚེ་དེ་མ་གྲུབ་པའི་ཕྱིར་དེའི་ཁྱད་པར་ཅན་གྱི་དོན་གཏན་ཚིགས་ཉིད་དུ་མ་གྲུབ་བོ་ཞེས་སྟོན་པར་བྱེད་པ་ནི། ཤེས་པ་དེའི་ཁྱད་པར་ཅན་གྱི་དོན་གང་ཡིན་པ་དེ་ཡང་མ་གྲུབ་བོ། །དབྱིག་པ་མ་གྲུབ་པར་
དབྱིག་པ་ཅན་དུ་གྲུབ་པ་ནི་མེད་དོ། །གསལ་བ་ནི་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཉིས་པའི་དོགས་པ་སྤོང་སྟེ། དོན་གྱི་བདག་ཉིད་ཤེས་པའི་ཡུལ་གྱི་རང་བཞིན་རྟགས་ཡིན་གྱི་ཤས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་དོན་གྱི་བདག་ཉིད་ཀྱི་གསལ་བ་ཡང་ཤེས་པའི་ཡུལ་དུ་མ་གྲུབ་པའི་
ཕྱིར་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་མོད་ཀྱི་འོན་ཀྱང་སྐབས་འདིར་དོན་གྲུབ་པར་ཁས་བླངས་པ་ཡིན་པའི་ཕྱིར་ན་སྐྱོན་གཞན་སྟོན་ཏོ། །དེ་ཇི་ལྟར་ཏེ་ཅིའི་ཕྱིར་རོ། །བློས་བསྐྱེད་པ་ནི་བློས་བསྐྱེད་པའོ། །བློས་བསྐྱེད་པ་མེད་པ་གང་ཡིན་པ་དེ་ཇི་ལྟར་བློ་གོ་བར་བྱེད་པ་ཡིན་ཏེ། མ་ཡིན་
เล่ม ๑๘๘ · หน้า 73a
པ་ཉིད་དོ་སྙམ་དུ་དགོངས་པའོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་བདག་ཉིད་ལས་གཞན་པའི་འབྲེལ་པ་ནི་དེ་ལས་བྱུང་བ་ཉིད་ཡིན་ཞིང་དེ་ཡང་མེད་པ་དེའི་ཕྱིར་ཇི་ལྟར་དེ་གོ་བར་བྱེད་པ་ཡིན་གཞན་ཡང་དོན་གྱི་བདག་ཉིད་ཀྱི་གསལ་
བ་ནི་བློ་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པ་དེས་ན་བདག་ཉིད་ཀྱི་བློ་ཉིད་ཇི་ལྟར་རྗེས་སུ་དཔོག་པར་བྱེད། དེའི་ཕྱིར་དོན་ཐུན་མོང་བ་ཡིན་པའི་ཕྱིར་བློ་ཙམ་དུ་རྗེས་སུ་དཔོག་པ་ན་གཞན་གྱི་བློ་ཡང་རྗེས་སུ་དཔོག་པར་ཐལ་ལོ། །སྐྱོན་གཞན་ཡང་བརྗོད་པའི་ཕྱིར། རྟགས་གྲུབ་ཀྱང་ཞེས་སྨོས་ཏེ།
ཀྱང་གི་སྒྲས་ནི་འདི་སྐད་ཅེས་རེ་ཞིག་རྟགས་ཉིད་དུ་ཉེ་བར་དགོད་པར་བྱ་བ་ནི་འགའ་ཡང་མ་གྲུབ་པའམ། ཡང་ན་ཤེས་པ་མ་གྲུབ་པའི་ཕྱིར་རྟགས་ཀྱི་དངོས་པོ་ཐམས་ཅད་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །རྟགས་འགའ་ཞིག་གྲུབ་ཀྱང་བློ་རྗེས་སུ་དཔོག་པ་མ་ཡིན་ནོ་ཞེས་འབྲེལ་
ཏོ། །གཏན་ཚིགས་སྨྲས་པ། གྲུབ་པའི་རྟགས་དེ་བློ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དངོས་པོ་གྲུབ་ཀྱང་ཇི་སྲིད་རྟགས་ཅན་དང་ལྷན་ཅིག་འབྲེལ་པ་གྲུབ་པར་མ་གྱུར་པ་དེ་སྲིད་དུ་རྟོགས་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་འབྲེལ་པ་མ་གྲུབ་ཅེ་ན། མ་གྲུབ་པས་ན་ཞེས་གསུངས་
ཏེ་བློ་ནི་དུས་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་མ་གྲུབ་པ་ཡིན་པས་མ་གྲུབ་པ་དང་ཇི་ལྟར་ཡང་འབྲེལ་པ་ངེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པ་མེད་པ་བརྗོད་པ་དང་བྲལ་བ་མངོན་སུམ་ཉིད་དུ་སྣང་བ་ཡིན་ནོ། །དེས་ནི་གཡོ་བ་མེད་པར་གནས་པ་ནི། གཅིག་གི་བདག་ཉིད་
དགག་པ་ལ་ནི་མཐོང་བའི་བདག་ཉིད་ཀྱི་མངོན་སུམ་ཉིད་གོ་བར་བྱེད་པ་ཡིན་ལ། མཐོང་བ་ལ་རྣམ་པར་རྟོག་པ་ཐ་དད་པ་དགག་པ་ལ་ནི་སྣང་བ་མི་དམིགས་པ་ཚད་མ་ཡིན་ནོ། །དེ་ལྟར་མཚན་ཉིད་ལ་ལོག་པར་རྟོགས་པ་བསལ་ནས་སྤྱོད་ཡུལ་ལ་ལོག་པར་རྟོགས་པ་བསལ་བའི་ཕྱིར། དབང་
པོའི་བྱ་བ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མངོན་སུམ་རྣམ་པ་བཞི་ཡང་མ་བརྗོད་པར་དབང་པོའི་མངོན་སུམ་ཉིད་ཀྱི་དབང་དུ་བྱས་ནས་ཡུལ་ལ་ལོག་པར་རྟོགས་པ་བསལ་བ་གང་ཡིན་པ་དེ་ནི་གང་གི་ཕྱིར་དབང་པོའི་ཤེས་པ་བརྗོད་པར་བྱ་བ་མ་ཡིན་པའི་ཡུལ་ཅན་ཡིན་པ་དེའི་ཕྱིར་ཡང་
เล่ม ๑๘๘ · หน้า 73b
རྣམ་པར་རྟོག་པ་མེད་པར་སྒྲུབ་པའི་དབང་དུ་བྱས་ནས་འཐད་པ་གཞན་བསགས་པའི་ཕྱིར་རམ། མདོ་མཛད་པའི་གོ་རིམས་རྗེས་སུ་བསྐྱང་བའི་ཕྱིར་རོ། །དབང་པོའི་ཤེས་པ་དེ་ནི་བརྗོད་མེད་དེ། །བརྗོད་པར་བྱ་བ་མ་ཡིན་པའི་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅས་པའི་དོན་ཏོ། །
གཏན་ཚིགས་བཤད་པ། སྒྲས་ལྷན་ཅིག་འདྲེས་པའི་དོན་ནི་དབང་པོའི་ཤེས་པས་མཐོང་བ་བཞིན་དུ་བློ་ལ་སྣང་བ་མེད་པའི་ཕྱིར་ཏེ། རྣམ་པར་གནས་པ་མེད་པའི་ཕྱིར་རོ། །འཁྲུལ་པ་བསལ་བའི་ཕྱིར་ཁྱད་པར་བཤད་པ། དབང་པོའི་བྱ་བ་མེད་པ་གང་ཡིན་པ་དེ་ལའོ། །འདི་ཉིད་
ཀྱི་རྣམ་པར་འགྲེལ་པ་བཤད་པ་ནི་མཚན་ཉིད་བཤད་མ་ཐག་པའི་མངོན་སུམ་དེ་ནིའོ། །ཡང་གི་སྒྲ་བརྗོད་པ་ནི་ལོག་པར་རྟོགས་པ་གཞན་སེལ་བ་བསགས་པའོ། །བརྗོད་དུ་མེད་པ་ནི་བསྟན་པར་བྱ་བ་མ་ཡིན་པའི་ཡུལ་ཅན་གང་ཡིན་པའོ། །དབང་པོའི་བྱ་བ་མེད་པ་གང་ཡིན་པ་ལ་
སྟེ། བྱ་བ་མེད་པ་ཉིད་ནི་མིག་ལ་སོགས་པ་བརྗོད་པར་བྱ་བའི་ཡུལ་ཅན་གྱི་དབང་པོ་ལ་བལྟ་བར་བྱའི་རྗོད་པར་བྱེད་པའི་ཡུལ་ཅན་གྱི་དབང་པོ་ལ་ནི་མ་ཡིན་ནོ། །སྣང་བའི་དངོས་པོ་ཉིད་ཉན་པ་པོས་སྒྲ་ལས་རྟོགས་པ་ཡིན་ནོ་ཞེས་དོགས་པ་བཟློག་པའི་ཕྱིར་བྱ་བ་མེད་པ་ཞེས་སོ། །མཐོང་
བ་བཞིན་དུ་བུམ་པ་ལ་སོགས་པའི་དོན་སྐྱེས་བུ་དེའི་བློ་ལ་སྒྲ་དང་ལྷན་ཅིག་སྣང་བ་མེད་པའི་ཕྱིར་རོ། །མི་སྣང་བ་དེའི་ཕྱིར་བརྗོད་པར་བྱ་བ་འཛིན་པ་མ་ཡིན་ནོ། །གལ་ཏེ་དབང་པོའི་ཤེས་པ་ལ་སྣང་བའི་དོན་རྣམ་པ་གཞན་ཡིན་ཞིང་སྒྲའི་ཤེས་པ་ལ་སྣང་བ་སྒྲ་དང་འདྲེས་པ་ཡང་རྣམ་པ་
གཞན་ཡིན་དུ་བཅུག་པ་དེ་ལྟ་ན་ཡང་། དབང་པོས་རྟོགས་པར་བྱ་བ་ཉིད་བརྗོད་པར་བྱ་བ་མ་ཡིན་པར་ཇི་ལྟར་འགྱུར་ཞེས་བཤད་པ། གང་གི་ཕྱིར་སྒྲའི་རྒྱུ་ཅན་གྱི་ཤེས་པ་ལ་སྒྲ་དང་འདྲེས་པར་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་བརྗོད་པར་བྱ་བའི་དོན་མ་ཡིན་ནོ། །གང་ཞིག་སྒྲ་གང་གི་དོན་
ཡིན་པ་དེ་ནི་དེ་དང་འབྲེལ་པར་བློ་ལ་སྣང་བ་ཡིན་ཏེ། དཔེར་ན་བ་ལང་གི་གཟུགས་རིང་པོ་བ་ལང་གི་སྒྲ་དང་འདྲེས་པར་སྣང་བ་བཞིན་ཏེ། བརྗོད་པར་བྱ་བ་ཉིད་ཀྱི་རྒྱུ་མཚན་ཉིད་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། །གང་ཞིག་སྒྲ་གང་དང་བློ་ལ་སྣང་བ་ཉིད་མ་ཡིན་པ་དེ་ནི་དེའི་དོན་མ་ཡིན་ཏེ།
เล่ม ๑๘๘ · หน้า 74a
དཔེར་ན་རྟ་བ་ལང་གི་སྒྲ་དང་འདྲེས་པར་མི་སྣང་བ་བཞིན་ནོ། །དབང་པོའི་ཤེས་པས་རྟོགས་པར་བྱ་བའི་དོན་གྱི་རྣམ་པ་ཡང་སྒྲའི་ཤེས་པ་ལ་སྒྲ་དང་འདྲེས་པར་སྣང་བ་མ་ཡིན་ཏེ། དེའི་ཕྱིར་སྒྲའི་དོན་མ་ཡིན་ནོ། །གལ་ཏེ་ཡང་སྣང་བ་དང་སྒྲའི་དོན་དག་གསལ་བ་དང་
མི་གསལ་བ་ཡིན་པ་དེ་ལྟར་ན་ཡང་སྒྲ་དང་འབྲེལ་པའི་དོན་སྣང་བ་ན་ནི། མཐོང་བའི་བདག་ཉིད་དུ་ཞེན་པར་བྱས་པ་མ་ཡིན་ནམ། དཔེར་ན་ཉེ་བ་དང་རིང་བ་ན་གནས་པའི་རྟོགས་པ་པོ་དག་གི་ཤེས་པའི་གསལ་བ་དང་མི་གསལ་བར་སྣང་བ་ཡིན་ཡང་བལྟ་བར་བྱ་བའི་དོན་ཐ་དད་པ་མ་
ཡིན་པ་དེ་བཞིན་དུ་འདིར་ཡང་དངོས་པོ་གཅིག་ཉིད་ལ་ཤེས་པ་གསལ་བ་དང་མི་གསལ་བར་སྣང་བ་ཡིན་ཏེ། དེའི་ཕྱིར་སྒྲའི་ཡུལ་ཇི་ལྟར་ཞེན་པ་བཞིན་དུ་སྣང་བའི་བདག་ཉིད་ཡིན་པ་ན་སྒྲ་དང་ལྷན་ཅིག་ཏུ་སྣང་བ་མ་ཡིན་པར་མ་གྲུབ་བོ། །ཅི་སྟེ་ཞེན་པའི་དོན་ནི་བདེན་པ་མ་ཡིན་ནོ་ཞེ་ན།
དེ་ལྟ་ན་ཡང་ཉམས་སུ་མྱོང་བ་ཉིད་དུ་མངོན་པར་ཞེན་པ་ལ་གནོད་པར་བྱེད་པ་བརྗོད་དགོས་ཏེ། གནོད་པར་བྱེད་པ་མེད་པར་ནི་ཉམས་སུ་མྱོང་བར་མངོན་པར་ཞེན་པར་ནུས་པ་མ་ཡིན་ནོ་ཞེས་དོགས་པ་ལ། སྒྲའི་ཡུལ་ཉིད་ནི་ཞེས་སྨོས་ཏེ། སྒྲའི་ཡུལ་ནི་གང་ཞིག་སྒྲ་བརྗོད་པ་ལས་སྒྲ་
དང་འདྲེས་པའི་དོན་སྣང་བའོ། །དེ་ཉིད་ནི་དངོས་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་དོན་བྱེད་ནུས་པ་མ་ཡིན་པའོ། །གལ་ཏེ་སྒྲའི་ཡུལ་ཇི་ལྟར་ཞེན་པ་ཉིད་མཐོང་བའི་བདག་ཉིད་ཡིན་ན་ནི་དེ་ཉིད་དངོས་པོར་འགྱུར་ཏེ། མཐོང་བ་ནི་དངོས་པོ་ཡིན་པའི་ཕྱིར་རོ། །སྒྲའི་ཡུལ་ནི་དངོས་པོ་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། བཤད་པ། དངོས་པོ་དེ་ནི་དབང་པོ་ལས་སྐྱེས་པའི་མཐོང་བ་ལ་སྒྲ་ལས་བྱུང་བའི་རྣམ་པ་མི་གསལ་བ་ལས་རྣམ་པ་གཞན་དུ་གསལ་བར་སྣང་བའི་ཕྱིར་ཏེ་གསལ་བའི་ཕྱིར་རོ། །དབང་པོའི་ཤེས་པ་ལ་སྣང་བའི་གསལ་བར་སྣང་བ་གང་ཡིན་པ་དེས་ནི་དོན་བྱེད་པ་ཡིན་གྱི། སྒྲ་
ལས་བྱུང་བའི་སྣང་བ་ལས་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ནི་དངོས་པོ་མ་ཡིན་གྱི་འོན་ཀྱང་དབང་པོའི་དོན་ཉིད་ཡིན་ནོ། །འོན་ཏེ་དབང་པོའི་ཡུལ་གསལ་བར་སྣང་བ་ནི་དངོས་པོ་ཡིན་ཞིང་། སྒྲ་ལས་བྱུང་བའི་ཡུལ་མི་གསལ་བར་སྣང་བ་དངོས་པོ་མ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཐ་མི་དད་
เล่ม ๑๘๘ · หน้า 74b
པར་ཞེན་པ་ལས་ཅིའི་ཕྱིར་གཅིག་པ་མ་ཡིན་ཞེ་ན། དེ་ཉིད་མ་ཡིན་པའི་ཞེས་བྱ་བ་སྨོས་ཏེ། དོན་བྱེད་ནུས་པ་ཡོད་པ་དང་མེད་པ་འགལ་བའི་ཆོས་དག་གིས་ཁྱད་པར་དུ་བྱས་པའི་སྣང་བ་ཐ་དད་པ་ཙམ་ནི་དེ་ཉིད་མ་ཡིན་པ་གང་ཡིན་པའི་རྒྱུ་མཚན་ཡིན་ནོ། །དེ་ཉིད་ནི་དེའི་ངོ་བོ་སྟེ་
དེ་དང་ལྷན་ཅིག་པ་ཉིད་དོ། །དེ་ཉིད་ཀྱིས་མེད་པ་ནི་དེ་ཉིད་མ་ཡིན་པ་སྟེ། ཁ་ཅིག་བཀག་པ་དེ་ཉིད་མ་ཡིན་པ་ཡིན་གྱི་ཐ་དད་པ་ཉིད་ནི་མ་ཡིན་ནོ། །དངོས་པོ་གཉིས་ལ་ནི་ནུས་པ་རྗེས་སུ་འགྲོ་བའི་སྣང་བ་ཐ་དད་པ་ལས་ཐ་དད་པར་འགྱུར་བ་ཡིན་གྱི་དངོས་པོ་གཅིག་ཉིད་ལ་ནི་མ་ཡིན་ཏེ།
རི་བོང་གི་རྭ་ལས་བུམ་པ་ཐ་དད་པར་སྣང་བ་ན་བུམ་པ་ཉིད་ནི་རི་བོང་གི་རྭ་མ་ཡིན་ནོ་ཞེས་གཅིག་ཉིད་མེད་པར་འགྱུར་བ་ཡིན་གྱི། དེ་ཙམ་གྱིས་བུམ་པ་ལས་རི་བོང་གི་རྭ་ཐ་དད་པ་ནི་མ་ཡིན་ནོ། །ཐ་དད་པ་ནི་འགལ་བའི་ཆོས་དང་ལྡན་པ་ཙམ་གྱི་རྒྱུ་ལས་ཡིན་ཞིང་། ནུས་པ་ཡོད་པ་དང་མེད་
པ་ཡང་འགལ་བའི་ཆོས་ཡིན་ལ། དེ་དག་ཀྱང་གསལ་བ་དང་མི་གསལ་བའི་དོན་ལ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཅིག་མ་ཡིན་པའི་ཐ་སྙད་ཀྱི་རྒྱུ་འགལ་བའི་ཆོས་དང་ལྡན་པ་ནི་གཅིག་ཉིད་དུ་ཞེན་པ་ལ་གནོད་པར་བྱེད་པ་ཡིན་ནོ། །ཡང་གང་དུ་སྣང་བ་འབའ་ཞིག་ཐ་དད་པ་དེར་ནི་གཅིག་
མེད་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་དོན་བྱེད་ནུས་པ་ཡོད་པ་དང་མེད་པའི་ཁྱད་པར་ཅན་གྱི་སྣང་བ་ཐ་དད་པ་ཉིད་ལ་ཡིན་ནོ། །འདི་ལྟར་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་ནི་དོན་བྱེད་ནུས་པ་ལས་ཡིན་ལ་ཡོད་པ་ཉིད་ཀྱང་དེ་ཉིད་ཡིན་ཞིང་ཡོད་པ་མ་ཡིན་པ་ཡང་དེ་ཉིད་མ་ཡིན་པ་ཡིན་ནོ། །
སྣང་བ་ནི་ཤེས་པའི་རང་བཞིན་ཡིན་གྱི་དངོས་པོ་ནི་མ་ཡིན་ལ། དེ་ཡོད་པ་ལས་ངེས་པར་དངོས་པོ་ཡོད་པ་ཡང་མ་ཡིན་ཏེ། དཔེར་ན་རབ་རིབ་ཅན་གྱི་ཤེས་པའི་སྣང་བ་བཞིན་ནོ། །དེ་བཞིན་དུ་གྱུར་པས་དངོས་པོ་གཞན་དུ་གྱུར་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཤེས་པའི་ཆོས་
ནི་རྐྱེན་གཞན་འགའ་ཞིག་ལས་དོན་ཐ་དད་པ་མ་ཡིན་ཡང་ཐ་དད་པར་འགྱུར་རོ་ཞེས་བར་ཏི་ཀ་ལས་བཤད་པ་ཡིན་ནོ། །འོ་ན་ནི་སྣང་བ་ཐ་དད་པའི་རྒྱུ་མཚན་དུ་ཇི་ལྟར་བརྗོད་ཅེ་ན། གང་གི་ཕྱིར་དངོས་པོའི་རང་བཞིན་ལ་སོ་སོར་ངེས་པའི་ནུས་པ་དེ་ནི་སྣང་བའི་མཐར་ཐུག་པར་དམིགས་པ་
เล่ม ๑๘๘ · หน้า 75a
དེའི་ཕྱིར་ནུས་པ་ལ་འཁྲུལ་པ་མེད་པའི་སྣང་བ་ལས་ཡོད་པ་དང་མེད་པ་ཉིད་དེ། དེ་ཐ་དད་པ་ཉིད་ལས་ཀྱང་དེ་ཉིད་དང་གཞན་དུ་རྣམ་པར་འཇོག་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ནུས་པ་ཐ་དད་པའི་ཁྱད་པར་ཅན་གྱི་སྣང་བ་ཐ་དད་པ་ནི་ཐ་དད་པའི་རྒྱུ་མཚན་དུ་བརྗོད་པར་བལྟའོ། །
རྟོགས་པ་པོ་ཉེ་བ་དང་རིང་བ་ན་གནས་པ་ལ་ནི་སྣང་བ་འགའ་ཞིག་ཐ་དད་པར་ཟད་ཀྱི། ནུས་པ་ཐ་དད་པའི་རྗེས་སུ་འགྲོ་བ་ནི་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་ཐ་དད་པ་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་གཏན་ཚིགས་གཞན་བསགས་པའི་ཕྱིར་རོ། །གང་གི་ཕྱིར་ནུས་པ་ལ་འཁྲུལ་པ་
མེད་པའི་སྣང་བ་ཐ་དད་པ་དང་། རྒྱུ་མཚན་དེ་ཙམ་གྱིས་ཀྱང་གཅིག་ཉིད་མ་ཡིན་པ་དེའི་ཕྱིར་སྒྲའི་ཡུལ་ཉིད་ནི་དངོས་པོ་མ་ཡིན་ལ། དེ་ལས་ཀྱང་སྣང་བ་དང་རྣམ་པར་བརྟག་པ་དག་གཅིག་ཉིད་མ་ཡིན་པར་འགྱུར་རོ། །གལ་ཏེ་མཐོང་བའི་གཟུགས་གསལ་བར་སྣང་བའི་དངོས་པོ་མེད་ན་ནི་
སྒྲའི་སྣང་བ་གང་ཞིག་ཡོད་པ་ཉིད་དུ་ཞེན་པ་ཡིན་ཡང་། མཐོང་བའི་བདག་ཉིད་མ་ཡིན་ཏེ། ནུས་པ་མེད་པའི་རྣམ་པ་གཞན་དང་ལྡན་པའི་ཕྱིར་རོ། །ཡང་གང་ཞིག་མཐོང་བ་ལ་སྣང་བ་གསལ་བར་སྣང་བའི་དངོས་པོ་ལ་དེའི་བདག་ཉིད་དུ་ཞེན་པར་བྱས་པ་དེ་ནི་སྣང་བའི་དངོས་པོ་ཉིད་དུ་འགྱུར་
བ་མ་ཡིན་ནམ། དེས་ན་དབང་པོའི་དོན་སྒྲ་མི་སྣང་བ་མ་གྲུབ་པ་ཉིད་སོ་ན་འདུག་པ་ཡིན་ནོ་ཞེ་ན་ཡོད་ཀྱང་ཞེས་གསུངས་སོ། །དངོས་པོ་མེད་པ་འབའ་ཞིག་ལ་ནི་མ་ཡིན་གྱི། ཡོད་ཀྱང་སྒྲ་ལས་བྱུང་བའི་ཤེས་པ་གང་ཡིན་པ་དེ་ནི་ཡོད་པ་དེའི་བལྟ་བར་བྱ་བའི་བདག་ཉིད་འཛིན་པ་མ་ཡིན་ཏེ།
བལྟ་བར་བྱ་བ་སྣང་བ་མ་ཡིན་ནོ། །སྣང་བ་དེ་མཐོང་བའི་བདག་ཉིད་དུ་ཞེན་པ་མ་ཡིན་ནམ་ཞེ་ན། ཞེན་པ་བདེན་ན་ཡང་ཇི་ལྟར་མེད་པའི་དངོས་པོ་ལ་དེའི་བདག་ཉིད་དུ་ཞེན་ཀྱང་དེའི་བདག་ཉིད་མ་ཡིན་པ་བཞིན་དུ་ཡོད་པ་ལ་ཡང་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། སྒྲ་ལས་བྱུང་བའི་ཤེས་པ་ནི་
ཤེས་པ་གང་ལ་མེད་པའི་དོན་སྣང་བའི་ཤེས་པ་དེ་དང་ཁྱད་པར་མེད་པའི་ཕྱིར་རོ། །གང་གི་ཕྱིར་འདིའི་སྣང་བ་ནི་མེད་པའི་དོན་སྣང་བ་དང་ཁྱད་པར་མེད་པ་དེའི་ཕྱིར་མཐོང་བ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། བཤད་པ་དངོས་པོ་མེད་ཀྱང་སྒྲ་ལས་བྱུང་བའི་སྣང་བ་
เล่ม ๑๘๘ · หน้า 75b
མི་ཉམས་པ་སྟེ། མི་ལྡོག་པའི་ཕྱིར་རོ། །གང་གི་ཕྱིར་གང་ཞིག་སྒྲ་ལས་བྱུང་བའི་སྣང་བ་ཡིན་པ་དེ་ནི་སྒྲ་དང་འདྲེས་པ་ཡིན་ལ། གང་སྒྲ་དང་འདྲེས་པ་དེ་ཡང་སྒྲ་དང་འབྲེལ་པར་མཐོང་བ་ཡིན་ཞིང་། སྒྲ་དང་འབྲེལ་པར་མཐོང་བ་གང་ཡིན་པ་དེ་ཡང་སྒྲ་བརྗོད་པ་ལས་སྣང་བར་འགྱུར་
རོ། །སྒྲ་ལས་བྱུང་བའི་སྣང་བ་སྒྲ་བརྗོད་པའི་སྟོབས་ཀྱིས་རྗེས་སུ་འཇུག་པ་ན་དངོས་པོ་མེད་པ་ལ་ཡང་འབྱུང་བས་ཉམས་པ་མེད་པ་ཡིན་པ་དེའི་ཕྱིར་དངོས་པོ་ཡོད་པ་ལ་འབྱུང་ཡང་སྒྲ་ཙམ་ལ་རག་ལས་པ་ཡོད་པ་མ་ཡིན་པ་སྣང་བ་དེ་ལྟ་བུ་གཞན་དང་ཁྱད་པར་མེད་པར་ནི་མཐོང་བའི་བདག་ཉིད་མ་
ཡིན་ནོ། །ཁྱད་པར་མེད་པར་སྣང་བ་ཡིན་པར་འདོད་པ་དེ་ལྟ་ན་ཡང་དེ་ཙམ་གྱིས་དངོས་པོ་ཡོད་པ་ལ་འབྱུང་བ་དང་དེའི་བདག་ཉིད་དུ་ཞེན་པའི་ཤེས་པ་ཅིའི་ཕྱིར་དངོས་པོ་འཛིན་པ་མ་ཡིན་ཞེ་ན་བཤད་པ། དེ་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་པའི་ཕྱིར་དེ་འཛིན་པ་མ་ཡིན་ནོ། །གང་གི་
ཕྱིར་སྣང་བ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཤེས་པ་གང་ཡིན་པ་དེ་ནི་འཛིན་པར་བྱེད་པ་ཡིན་ནོ། །མེད་པར་སྣང་བ་དང་ཁྱད་པར་མེད་པའི་རྣམ་པ་ནི་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་པ་དེས་ན་དེའི་འཛིན་པར་བྱེད་པ་མ་ཡིན་ནོ། །དོན་འདི་ཉིད་
ལྡོག་པ་དང་རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པའི་ཕྱིར། དཔེ་གཉིས་དྲི་ལ་རོའི་བློ་བཞིན་དང་ཞེས་བྱ་བ་ལ་སོགས་པ་བཤད་དོ། །རོའི་བློ་ནི་དྲི་འཛིན་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་སྣང་བ་དྲིའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །ཡང་གང་གི་སྣང་བ་གང་གི་རྗེས་སུ་
འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ནི་དེའི་འཛིན་པར་བྱེད་པ་ཡིན་ཏེ། དཔེར་ན་གཟུགས་ལ་མིག་གི་བློ་བཞིན་ནོ། །གལ་ཏེ་རོའི་བློ་ནི་སྣང་བའི་དྲིའི་བདག་ཉིད་དུ་ཞེན་པ་མེད་པའི་ཕྱིར་དྲི་སྣང་བ་མ་ཡིན་གྱི་སྒྲ་ལས་བྱུང་བའི་རྟོགས་པ་ནི་དེའི་སྣང་བ་མཐོང་བའི་བདག་ཉིད་དུ་ཞེན་པའི་ཕྱིར་
མཐོང་བ་ཉིད་སྣང་བ་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་མཐོང་བ་ལས་བྱུང་བའི་ཤེས་པའི་རྒྱུར་མ་གྱུར་ཀྱང་། དེ་སྣང་བས་ན་མཐོང་བ་འདིའི་ཡུལ་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། བཤད་པ། བདག་ཉིད་ཀྱི་རྣམ་པ་སེམས་ལ་གཏོད་པ་ཉེ་བར་
เล่ม ๑๘๘ · หน้า 76a
འཇོག་པ་དེར་ནུས་པ་གང་ཡིན་པ་དེ་ནི་ཡུལ་ཡིན་ཞིང་དེ་ཉིད་ཀྱང་རྒྱུ་ཁོ་ནའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པས་རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ། །དེ་སྣང་བ་ཉིད་ཀྱིས་དོན་ཤེས་པའི་རྒྱུ་མ་ཡིན་
ནམ། དེས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ནི་ཅི་ཞིག་བྱ་ཞེ་ན། བཤད་པ་གང་ཞིག་གང་གིས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་དེ་ནི་དེའི་རྒྱུ་མ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་འགའ་ཞིག་གི་རྒྱུ་ཡིན་གྱི། དེ་སྣང་བ་ཉིད་
ཀྱིས་ནི་མ་ཡིན་ནོ། །འདི་ལྟར་སྣང་བའི་རྒྱུའི་དངོས་པོ་གང་ཡིན་པ་དེ་ནི་སྣང་བའི་འབྲེལ་པ་ཅན་ཡིན་གྱི། གང་གི་ཕྱིར་རང་བཞིན་དུ་ཞེན་པ་དེ་ནི་འབྲེལ་པ་ཅན་མ་ཡིན་ནོ། །གང་གི་ཕྱིར་རབ་རིབ་ལ་སོགས་པའི་སྣང་བ་དང་། འདས་པ་ལ་སོགས་པའི་རྣམ་པར་རྟོག་པའི་སྣང་བ་
ཉིད་སྐྲ་ཤད་ལ་སོགས་པའི་རང་བཞིན་དང་། འདས་པ་ལ་སོགས་པའི་རང་བཞིན་དུ་ཞེན་པར་བྱས་པ་ན་དེ་ལྟར་མངོན་པར་ཞེན་པར་བྱེད་པའི་སྣང་བ་གང་ཡིན་པ་དེའི་འབྲེལ་པ་ཅན་ནམ་བྱ་བར་འགྱུར་བ་སྐྲ་ཤད་ལ་སོགས་པ་དང་འདས་པ་ལ་སོགས་པ་དེ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་
ནོ། །དེའི་ཕྱིར་དེ་སྣང་བ་ཉིད་ཀྱི་ཕྱིར་ན་དོན་རྒྱུ་མ་ཡིན་གྱི། འོན་ཀྱང་རྒྱུ་ཉིད་ཀྱི་ཕྱིར་དེ་སྣང་བ་ཉིད་དོ། །གང་གི་ཕྱིར་དེ་སྣང་བ་ཉིད་ལ་རག་ལས་ནས་རྒྱུ་ཉིད་དུ་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་རྒྱུ་ཉིད་ལ་རག་ལས་པས་དེ་སྣང་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་
པའི་རྗེས་སུ་མི་བྱེད་པ་ལ་རྣམ་པ་གཞན་གྱིས་འགའ་ཞིག་འགའ་ཞིག་གི་རྒྱུར་འགྱུར་བ་ཞེས་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་ཤེས་པ་ལ་སྣང་བ་གང་ཡིན་པ་དེ་ནི་ཡུལ་ཡིན་ལ། སྣང་བ་ཉིད་དང་འབྲེལ་པ་ཅན་ཉིད་ཀྱང་རྒྱུ་ཡིན་པ་ཉིད་ལས་འགྱུར་བ་དེའི་ཕྱིར་རྒྱུ་མ་ཡིན་པ་ནི་
ཡུལ་ཉིད་དུ་མི་འགྱུར་རོ། །དེས་ན་དངོས་པོ་དེ་རྒྱུ་མ་ཡིན་ཡང་དེ་སྣང་བའི་ཕྱིར་ཤེས་པའི་ཡུལ་དུ་འགྱུར་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་གསལ་བ་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་པར་ནི་དེ་སྣང་བ་འདི་ཉིད་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་ཡོད་པ་
เล่ม ๑๘๘ · หน้า 76b
ལ་འབྱུང་བ་ཡིན་ཡང་སྣང་བ་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལ་མི་ལྟོས་པ་སྒྲ་ལས་བྱུང་བའི་ཤེས་པ་ནི་དེའི་བདག་ཉིད་འཛིན་པ་མ་ཡིན་ནོ། །དེ་ཉིད་སྣང་བ་མ་ཡིན་ཡང་མེད་པ་སྣང་བ་དང་ཁྱད་པར་མེད་པར་སྣང་བ་འདི་ཉིད་ལས་ཡིན་ནོ་ཞེས་བལྟ་བར་བྱའོ། །དེའི་
ཕྱིར་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལས་དེའི་སྣང་བ་ཉིད་དུ་འགྱུར་ཞིང་དེ་སྣང་བ་ཉིད་ཀྱིས་ཀྱང་། ཡུལ་དང་ཡུལ་ཅན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེས་ན་ཤེས་པ་གང་ཞིག་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་པ་དེ་ནི་དེ་སྣང་བ་མ་
ཡིན་ཏེ། དཔེར་ན་གཟུགས་ཀྱི་ཤེས་པ་རོ་སྣང་བ་མ་ཡིན་པ་བཞིན་ནོ། །སྒྲ་ལས་བྱུང་བའི་ཤེས་པ་ཡང་དབང་པོས་རྟོགས་པར་བྱ་བའི་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ངེས་པའི་དངོས་པོ་སྣང་བ་ལ་
ནི་རྒྱུ་མཚན་དང་བཅས་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་ན་ཡང་རྒྱུ་མཚན་མེད་པར་འགྱུར་ཏེ། རྒྱུ་མཚན་གཞན་མི་འཐད་པའི་ཕྱིར་རོ། །དེས་ན་ཁྱབ་པར་བྱེད་པ་མི་དམིགས་པས་རྒྱུ་མཚན་དང་བཅས་པ་ངེས་པའི་དངོས་པོ་སྣང་བ་
ཉིད་ཆོས་གཞན་ལས་ལྡོག་པ་ན། དོན་གྱི་དངོས་པོ་དེའི་རྗེས་སུ་བྱེད་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་འབྲེལ་པ་གྲུབ་བོ། །དེས་ན་དེ་ལྟར་དངོས་པོ་ཡོད་པ་ལ་ཡང་སྒྲ་ལས་བྱུང་བའི་ཤེས་པ་དེ་སྣང་བ་མ་ཡིན་པར་བསྒྲུབས་ནས། དངོས་པོ་ཡོད་དམ་མེད་ན་ཡང་རུང་སྟེ། སྒྲ་ལས་བྱུང་བའི་
རྣམ་པར་རྟོག་པའི་དངོས་པོའི་ཡུལ་ཅན་མ་ཡིན་པར་མཇུག་བསྡུ་བའི་ཕྱིར་བཤད་པ། གང་གི་ཕྱིར་ཡུལ་ནི་རྒྱུ་ཡིན་ལ་དབང་པོའི་དོན་ནི་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་དངོས་པོ་ལ་ལྟོས་པ་མེད་པ་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པ་གང་ཡིན་པ་དག་ནི་དངོས་
པོའི་ཡུལ་ཅན་མ་ཡིན་ནོ། །དེས་ན་སྒྲའི་ཤེས་པ་ལས་གཞན་དུ་སྣང་བར་གྲུབ་པ་ཡིན་ལ། དེ་ལས་ཀྱང་དབང་པོའི་ཤེས་པ་བརྗོད་པར་བྱ་བ་མ་ཡིན་པ་རིག་པར་བྱེད་པར་འཐད་པ་ཡིན་ནོ། །ཚུལ་འདིས་རྟོག་པ་མེད་པ་ཉིད་དུ་ཡང་བསྒྲུབས་པ་ཡིན་ནོ། །རྣམ་འགྲེལ་དུ་ནི་རྟོག་པ་མེད་
เล่ม ๑๘๘ · หน้า 77a
པར་བསྒྲུབ་པའི་འཐད་པ་འདིར་རང་རྒྱུད་དུ་བཀོད་པ་ཡིན་ནོ། །རྟོག་པ་མེད་པར་བསྒྲུབ་པ་དང་། ཐུན་མོང་བ་ཉིད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པའི་ཡུལ་ཅན་གྱི་འཐད་པ་གཞན་བསྟན་པའི་ཕྱིར། སྒྲ་སྦྱོར་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་སྦྱོར་བ་ནི་
བརྡའི་དུས་སུ་མཐོང་བའི་དོན་བསྟན་པར་བྱ་བ་ལ་རྟོགས་པར་བྱ་བའི་ཕྱིར་རྟོགས་པར་བྱ་བའི་དོན་དུ་སྟེ་དོན་རྟོགས་པའི་དགོས་པ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲས་ནི་འཆད་པར་འགྱུར་བའི་རྗེས་སུ་འགྲོ་བ་ཅན་མ་ཡིན་པ་བསྡུ་བའི་ཕྱིར་རོ། །སྦྱོར་བའི་དགོས་པ་དེའི་ཡང་སྒྲ་ངེས་པར་
བཀོད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ངེས་པར་བཀོད་པ་མེད་པར་ནི་སྦྱར་བ་ཙམ་ལས་དགོས་པ་དེ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་བརྡ་བྱས་པ་ནི་སྒྲ་སྦྱར་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ན། དབང་པོའི་དོན་ལ་ནི་དེའི་འབྲས་བུ་མེད་པ་ཉིད་དོ། །འདི་ལྟར་
བརྡའི་དུས་སུ་མཐོང་བ་གང་ཡིན་པ་དེ་ནི་གཞན་གྱི་ཚེའམ་གཞན་དུ་མཐོང་བ་མེད་པའི་ཕྱིར་རོ། །དེ་ལ་བརྡར་བྱས་པ་ནི་དོན་མེད་པ་ཡིན་ནོ། །བརྡ་བྱས་པ་ལ་དགོས་པ་མེད་པའི་རྒྱུ་མཚན་རྗེས་སུ་འགྲོ་བ་མེད་པ་འདི་ཉིད་བསྟན་པའི་ཕྱིར་བསྡུ་བར་བྱ་བ་གཞན་ཡང་བཤད་པ་ནི་དབང་པོའི་དོན་ནི་
རྗེས་སུ་འགྲོ་བ་དང་ལྡན་པ་ཡང་མ་ཡིན་ཏེ། རྗེས་སུ་འགྲོ་བ་ཅན་མ་ཡིན་ནོ། །ཡང་གི་སྒྲ་ནི་བསྡུ་བ་ཉིད་ཡིན་ནོ། །དེས་ན་དོན་གང་ལ་བརྡ་བྱས་པའི་དོན་དེ་ནི་རྗེས་སུ་འགྲོ་བ་དང་ལྡན་པ་ལ་རིག་པ་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཡང་གང་ཞིག་དགག་པར་བྱ་བ་རྗེས་སུ་འགྲོ་བ་དང་
ལྡན་པ་དེ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། གང་ལས་ཏེ་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡན་པའི་ཕྱིར་བརྡའི་དུས་སུ་སྒྲ་དང་ལྷན་ཅིག་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་པར་མཐོང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་དེ་ཐ་སྙད་ཀྱི་ཚེ་སྟེ་དོན་རྟོགས་པར་བྱེད་པའི་དུས་སུ་
རྟོག་པར་འགྱུར་བའོ། །འདི་སྐད་བརྗོད་པར་འགྱུར་ཏེ། རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་ཀྱིས་དུས་གཞན་དུ་རྟོགས་པར་བྱ་བའི་ཕྱིར་དོན་དེ་ལ་སྒྲ་སྦྱོར་བ་ཡིན་ན་དབང་པོའི་དོན་ལ་ནི་རྗེས་སུ་འགྲོ་བ་དང་ལྡན་པ་དེ་ཉིད་ཡོད་པ་མ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡན་པ་ཉིད་དུ་མཐོང་བ་ཡིན་
เล่ม ๑๘๘ · หน้า 77b
ན་ནི་དགོས་པ་དང་ལྡན་པའི་བརྡ་བྱེད་པ་དེ་ལས་སྒྲའི་ཁྱད་པར་ཅན་གྱི་དོན་རྟོགས་པ་ན། བརྗོད་པར་བྱ་བ་རྟོགས་པར་བྱེད་པར་འགྱུར་བ་ཡིན་ན། རྗེས་སུ་འགྲོ་བ་དང་ལྡན་པ་དེ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་པ་གང་གི་ཕྱིར་འདི་ལྟར་ཡུལ་ལམ་དུས་གཅིག་ཏུ་
མཐོང་བའི་ཁྱད་པར་བྱེ་བྲག་དེ་ནི། ཡུལ་ལམ་དུས་གཞན་དུ་མ་མཐོང་ངོ་། །འགའ་ཞིག་ཏུ་ཞེས་བྱ་བ་ནི་གཏན་དགག་པའི་དོན་དུའོ། །ཕྱིར་གྱི་སྒྲ་ནི་གང་གི་ཕྱིར་ཐ་དད་པའི་སྤྱི་ཡང་མཐོང་བ་མེད་པ་དེའི་ཕྱིར་དབང་པོའི་ཤེས་པའི་དོན་ནི་རྗེས་སུ་འགྲོ་བ་དང་ལྡན་པ་མ་ཡིན་ནོ་ཞེས་རིམ་པ་
གཞན་དུ་སྦྱར་བའོ། །ཡང་གསལ་བ་འདི་དག་ཡུལ་དང་གཞན་དུ་མཐོང་བ་མ་ཡིན་ན་ཡུལ་དང་དུས་གཞན་དུ་ཞེན་པ་གང་ཡིན་པ་འདི་ཇི་ལྟར་ཞེ་ན། བཤད་པ། གང་གི་ཕྱིར་གསལ་བའི་བདག་ཉིད་རྣམས་ཏེ། རང་གི་ངོ་བོ་ངེས་པ་རྣམས་ཕན་ཚུན་དུ་རྗེས་སུ་འགྲོ་བ་སྟེ། རྗེས་སུ་
འཇུག་ཅིང་གཅིག་ཏུ་འགྱུར་བ་མ་ཡིན་ནོ། །འདི་སྐད་དུ་གཅིག་ཏུ་ཞེན་པ་བདེན་པ་གང་གསལ་བ་རྣམས་ནི་རྗེས་སུ་འགྲོ་བ་དང་ལྡན་པ་མ་ཡིན་ཏེ། གཅིག་གི་རང་བཞིན་དུ་མཐོང་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཇི་ལྟར་ན་གཅིག་ཉིད་དུ་ཞེན་ཀྱང་གཅིག་མ་ཡིན་ཞེ་ན། བཤད་
པ། ནུས་པ་ནི་གསལ་བ་རྣམས་ཀྱི་བསྲེག་པ་ལ་སོགས་པའི་དོན་བྱེད་པར་ནུས་པའོ། །འདིས་ནི་ཡོད་པ་ཉིད་བརྗོད་པ་ཡིན་ཏེ། དོན་བྱེད་ནུས་པ་ཉིད་ནི་ཡོད་པ་རྣམས་ཀྱི་ཡོད་པ་ཉིད་ཡིན་པའི་ཕྱིར་རོ། །སྣང་བ་ནི་ཤེས་པ་ལ་ཡོད་པའི་དོན་གྱི་རྣམ་པ་སྟེ། འདི་ནི་ཡོད་པ་རྣམ་པར་
འཇོག་པའི་ཚད་མ་ཡིན་ཏེ། གང་གི་ཕྱིར་སྣང་བ་དེ་ལས་འགའ་ཞིག་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་ཡོད་པར་ཤེས་པ་ཡིན་གྱི། གཞན་ལས་ནི་མ་ཡིན་པའི་ཕྱིར་ཏེ། ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་གང་འཆད་པར་འགྱུར་རོ། །དེ་ལ་སོགས་པ་གང་དག་ཡིན་
པ་སྟེ། སོགས་པ་སྨོས་པས་ནི་སྐྱེ་བ་དང་གནས་པ་དང་འགག་པ་གཟུང་ངོ་། །དེ་དག་ཐ་དད་པ་དེའི་ཕྱིར་གསལ་བ་རྣམས་གཅིག་མ་ཡིན་ནོ། །དེ་ལ་དབྱེ་བར་བྱ་བའི་དངོས་པོར་ཡང་ནུས་པ་ཡོད་པ་དང་མེད་པ་དག་ཉིད་ལས་ཐ་དད་པར་འགྱུར་བ་ཡིན་གྱི། འབྲས་བུ་ཐ་དད་པས་ནི་མ་
เล่ม ๑๘๘ · หน้า 78a
ཡིན་ནོ། །གང་གི་ཕྱིར་ཐ་དད་པ་ནི་འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་ཅན་ཡིན་ལ། ཕན་ཚུན་སྤངས་ཏེ་གནས་པའི་གསལ་བ་ཡང་དངོས་པོ་དང་དངོས་པོ་མེད་པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ། །ཇི་ལྟར་དངོས་པོ་འགའ་ཞིག་རང་གི་དངོས་པོ་མེད་པ་དང་
འགལ་བ་དེ་བཞིན་དུ་རུང་བ་མེད་པར་ངེས་པའི་དངོས་པོ་གཞན་དང་ཡིན་ཏེ། དཔེར་ན་སྔོན་པོ་སྔོན་པོ་མེད་པར་ངེས་པའི་སྔོན་པོ་མ་ཡིན་པ་དང་འགལ་བ་བཞིན་ནོ། །དེ་མེད་པ་ལ་འཁྲུལ་པ་མེད་པ་ཉིད་བཏང་ན་ནི་དངོས་པོ་དངོས་པོ་གཞན་དང་ཕན་ཚུན་སྤངས་པས་འགལ་བ་ཞེས་བྱ་བ་
མ་ཡིན་ནོ། །ཕན་ཚུན་སྤངས་པའི་འགལ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ཉིད་ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་བཞིན་ནོ་ཞེས་དེ་དང་དེར་གསུངས་པ་ཡིན་ནོ། །གལ་ཏེ་ཡང་མར་མེའི་མེ་ལྕེའི་རང་སྣང་བའི་ཤེས་པ་བསྐྱེད་པའི་ནུས་པ་མེད་
པ་ལ་མི་འཁྲུལ་པ་ཡིན་ན་ནི། དེ་དག་འགལ་བ་ཁོ་ནར་འགྱུར་བ་ཡིན་ན་དེ་ནི་ནུས་པ་གཞན་ཡོད་པ་དང་མེད་པ་ལ་ལྟོས་པ་མེད་པ་ཡང་ཡིན་ཏེ། དེའི་ཕྱིར་འབྲས་བུ་དུ་མའི་ནུས་པ་ནི་འགལ་བ་མ་ཡིན་ནོ། །འདིའི་ཐ་དད་པ་འཛིན་པ་ནི་ནུས་པ་དང་ལྡན་པའི་རང་བཞིན་འཛིན་པར་བྱེད་པའི་
མངོན་སུམ་ཉིད་ཡིན་ལ། འཛིན་པར་བྱེད་པ་ཉིད་ནི་སྣང་བ་དང་ལྡན་པས་ཡིན་པ་དེའི་ཕྱིར་ཐ་དད་པར་འཛིན་པ་ནི་སྣང་བ་ཐ་དད་པ་དང་ལྡན་པ་ཡིན་ནོ། །དེས་ན་སྣང་བ་ཐ་དད་པ་བརྗོད་པ་ནི་དངོས་པོ་ཐ་དད་པ་རྟོགས་པའི་རྒྱུ་མཚན་དུ་བསྟན་པའི་དོན་དུ་ཡིན་གྱི། སྣང་བ་ཐ་དད་པ་ཉིད་ནི་དངོས་
པོ་ཐ་དད་པ་མ་ཡིན་ནོ། །གང་གི་ཕྱིར་དངོས་པོ་ཐ་དད་པ་ནི་རང་གི་ངོ་བོ་ཐ་དད་པ་ཡིན་ན་སྣང་བ་ནི་དངོས་པོའི་ངོ་བོ་མ་ཡིན་གྱི་འོན་ཀྱང་ཤེས་པ་ཡིན་ནོ། །འོ་ན་མངོན་སུམ་དངོས་པོའི་རང་གི་ངོ་བོ་འཛིན་པ་ཡིན་ནོ། །ཐ་དད་པའི་རང་གི་ངོ་བོ་ཇི་ལྟར་འཛིན་པ་གང་གི་གཅིག་གི་ངོ་བོ་གཞན་ལ་མེད་
པར་གཟུང་ན་ནི་དོན་དེ་དེས་སྟོན་པར་བཟུང་བའི་ཕྱིར་ཐ་དད་པ་གཟུང་བར་འགྱུར་ན་མངོན་སུམ་ནི་མེད་པ་འཛིན་པ་མ་ཡིན་ནོ་ཞེ་ན། འདིར་བརྗོད་པ་དོན་བྱེད་པ་ལ་ཉེ་བར་སྦྱོར་བར་མཐོང་བའི་རང་བཞིན་གང་ཡིན་པ་དེ་ཉིད་དེ་ལ་ནུས་པ་ཡིན་ཏེ། མ་མཐོང་བ་བརྟག་ན་ནི་ཧ་ཅང་ཐལ་བའི་ཕྱིར་
เล่ม ๑๘๘ · หน้า 78b
རོ། །དོན་བྱེད་ནུས་པའི་རང་བཞིན་གང་ཡིན་པ་དེ་ཉིད་ཀྱང་དངོས་པོ་ཡིན་ཏེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པའི་ཕྱིར་རོ། །དོན་བྱེད་པར་བཟོད་པའི་རང་བཞིན་གང་དེ་དེ་སྣང་བ་ཉིད་ལས་མངོན་སུམ་གྱིས་ངེས་པར་བྱེད་པ་ན་ཡང་དེ་ཉམས་པ་རྣམ་པར་གཅོད་པ་ཡིན་ཏེ།
ཉམས་པར་དོགས་ན་ནི་རང་བཞིན་དུ་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བའི་རང་བཞིན་ངེས་པ་ཉིད་ཀྱི་ཤུགས་ཀྱིས་རང་བཞིན་ཉམས་པ་མེད་པར་ངེས་པ་ཡིན་ནོ། །གང་ལས་དེའི་རྣམ་པར་མངོན་སུམ་དུ་གཟུང་བར་བྱ་བར་འགྱུར་བ་དངོས་པོ་མེད་པ་ལུས་དང་
ལྡན་པ་ནི་མ་ཡིན་གྱི། འོན་ཀྱང་རང་བཞིན་མེད་པ་ཉིད་ཀྱིས་ཐ་སྙད་དུ་བྱ་བ་འབའ་ཞིག་ཏུ་ཟད་དོ། །དེའི་ཕྱིར་དངོས་པོ་མེད་པའི་འཛིན་པ་ནི་འདི་ཉིད་ཡིན་ཏེ་དེ་ངེས་པ་གང་ཡིན་པའོ། །རང་གི་རྣམ་པར་ངེས་པར་བྱས་པ་ཉིད་ལས་དེའི་དངོས་པོ་མེད་པ་ཡང་མེད་པ་ཉིད་དུ་ངེས་པར་འགྱུར་བ་
རྣམ་པར་གཅོད་པ་ཡིན་ནོ། །ཉམས་པ་བཞིན་དུ་ཉམས་པ་དང་ལྡན་པ་ཐམས་ཅད་ཀྱང་རྣམ་པར་བཅད་པ་ཡིན་ཏེ། གང་གི་ཕྱིར་སེར་པོ་ལ་སོགས་པ་ནི་སྔོན་པོ་ཉམས་པ་དང་ལྡན་པ་ཡིན་ཏེ། སྣང་བར་གྱུར་པ་དེ་དག་ལ་སྔོན་པོ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་
མངོན་པར་ཞེན་པ་ཉིད་ཀྱིས་ངེས་པའི་རང་བཞིན་སྣང་བ་ལས་གཅིག་གི་རང་བཞིན་དུ་ཡོངས་སུ་བཅད་པ་ན་ཉམས་པ་དང་ལྡན་པ་རྣམ་པར་བཅད་པ་ཡིན་ལ། སྣང་བ་མི་དམིགས་པས་ནི་གང་གི་ཕྱིར་འདི་སྔོན་པོའི་རང་བཞིན་དུ་མ་དམིགས་པ་དེའི་ཕྱིར་སྔོན་པོ་མ་ཡིན་ནོ་ཞེས་ཐ་སྙད་དུ་
བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པའི་ངེས་པས་མངོན་སུམ་ཉིད་ཀྱིས་དངོས་པོ་དངོས་པོ་གཞན་ལས་ཐ་དད་པར་བྱེད་པ་མ་ཡིན་ཞིང་ཐ་སྙད་དུ་བྱེད་པ་ནི་མི་དམིགས་པ་ཡིན་ནོ། །རང་བཞིན་ངེས་པར་བྱེད་པའི་མངོན་སུམ་འདི་ཉིད་ཀྱིས་རྣམ་པ་གཞན་མེད་པར་རྟོགས་པ་ཡིན་ཏེ། དེ་
སྲིད་པར་དོགས་ན་ནི་སྔོན་པོའི་རང་བཞིན་ངེས་པར་ཡོངས་སུ་མ་བཅད་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་སྔོན་པོའི་རང་བཞིན་ཉམས་པ་རྣམ་པར་བཅད་པས་ཉམས་པ་དང་ལྡན་པའི་དངོས་པོ་རྣམ་པར་བཅད་པའི་ཕྱིར་རོ། །སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉི་གའི་བདག་ཉིད་ཀྱི་རྣམ་པ་
เล่ม ๑๘๘ · หน้า 79a
གསུམ་པ་ལས་སྔོན་པོའི་རང་བཞིན་མ་ལོག་པའི་ཕྱིར་དེ་རྣམ་པར་མ་བཅད་ན་ནི་སྔོན་པོ་ཉིད་ཡོངས་སུ་གཅོད་པར་མི་འགྱུར་ཏེ། གཉི་གའི་བདག་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་གི་ཕྱིར་གཉི་གའི་བདག་ཉིད་གང་ཡིན་པ་དེ་ཡང་འདི་འདྲ་བའི་རང་བཞིན་དག་ཁོ་
ནས་གཉི་གའི་རང་བཞིན་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་མཐོང་བ་ཡང་གཉི་གའི་བདག་ཉིད་དུ་བརྟག་པར་བྱ་བ་ཡིན་པའི་ཕྱིར་དོན་བྱེད་པ་གཅིག་འཛིན་པ་ནི་མི་སླུ་བ་དང་བཅས་པར་མི་འགྱུར་ན་འགྱུར་བ་ཡང་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཉི་གའི་བདག་ཉིད་ཀྱི་རྣམ་པ་གསུམ་ཡོད་ན་
ནི་མཐོང་བའི་དོན་འདི་གཉི་གའི་བདག་ཉིད་དུ་འགྱུར་ན། འདི་ནི་གཉི་གའི་བདག་ཉིད་དུ་ཡང་དམིགས་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་མངོན་སུམ་ཉིད་ཀྱིས་སྤངས་པ་ལ་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་རིམ་ཅན་ལ་སོགས་པའི་ཡུལ་ཅན་གྱི་
མངོན་སུམ་ཉིད་རྣམ་པ་གསུམ་པའི་གཅོད་བྱེད་དུ་བལྟའོ། །རྣམ་གྲངས་འདིས་མཐོང་བའམ་བརྟགས་པའི་གཉིས་འདུས་པའི་བདག་ཉིད་ཅེས་བྱ་བའི་རྣམ་པ་གསུམ་པ་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །སྔོན་པོ་ལ་སོགས་ཉམས་པ་དང་ལྡན་པ་ཡང་སྔོན་པོ་མ་ཡིན་པ་
ཉིད་ཡིན་པའི་ཕྱིར་རོ། །སྔོན་པོ་དང་སྔོན་པོ་མ་ཡིན་པ་དང་བྲལ་བའི་རྣམ་པ་གཞན་མེད་པ་ཞེས་བྱ་བ་འདི་ལ་ཡང་མངོན་སུམ་ཉིད་ཚད་མ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་འཛིན་པའི་ཚད་མ་གང་ཡིན་པ་དེ་ནི་དེ་གཞན་ལས་ཐ་དད་པར་བྱེད་པ་དང་། རྣམ་པ་གཞན་སེལ་བར་བྱེད་པ་
ཡིན་ནོ། །དེའི་ཕྱིར་འདི་ལྟར་ནུས་པ་ཐ་དད་པ་ནི་དངོས་པོ་ཐ་དད་པ་ཡིན་ལ། སྣང་བ་ཐ་དད་པ་ཡང་དེ་འཛིན་པའི་ཚད་མ་ཡིན་ཏེ། རྣམ་འགྲེལ་ལས། གཅིག་ཡིན་ན་ནི་བློའི་སྣང་བ་ཐ་དད་པ་དང་འགལ་བའི་ཆོས་གནས་པ་གང་ཡིན་པ་དེར་མི་འགྱུར་རོ་ཞེས་གང་བཤད་པ་ཡིན་ནོ། །
གལ་ཏེ་ནུས་པ་དང་སྣང་བ་ལ་སོགས་པ་ཐ་དད་པ་ཡུལ་དང་དུས་ཐ་དད་པའི་གསལ་བ་རྣམས་གཅིག་ཉིད་མ་ཡིན་པའི་གཏན་ཚིགས་སུ་བརྗོད་པ་མ་ཡིན་ནམ། ཡུལ་དང་དུས་ཐ་དད་པ་ཡང་འགལ་བའི་ཆོས་དང་ལྡན་པ་ཉིད་ཡིན་ཏེ། དེའི་ཕྱིར་འགལ་བའི་ཐ་དད་པར་འདོད་པ་ན་ཡུལ་དང་
เล่ม ๑๘๘ · หน้า 79b
དུས་ཐ་དད་པ་ལས་འགལ་བའི་ཆོས་གཞན་བསྟན་པ་ནི་མི་འཐད་དོ། །མི་འདོད་ན་ཡང་འགལ་བའི་ཆོས་དང་ལྡན་པ་གཞན་ཐ་དད་པའི་རྒྱུ་མ་ཡིན་ནོ་ཞེ་ན། འདིར་བཤད་པ། ཕན་ཚུན་སྤངས་པས་འགལ་བ་ནི་དངོས་པོ་དང་དངོས་པོ་མེད་པ་ཉིད་ཡིན་ལ། དངོས་པོའི་ཆ་དག་ནི་ཕན་ཚུན་
མེད་པ་མེད་པ་མི་འཁྲུལ་པ་ཉིད་ལས་འགལ་བ་ཡིན་ཏེ། འཁྲུལ་ན་ནི་འབྲས་བུ་དུ་མ་བསྒྲུབ་པའི་ནུས་པ་བཞིན་དུ་གཅིག་ཏུ་འགྱུར་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལ་ནི་ཡུལ་དང་དུས་གཅིག་ཡོངས་སུ་སྤངས་ནས་ཡུལ་དང་དུས་གཞན་དང་འབྲེལ་པ་ནི་མ་ཡིན་གྱི། འོན་ཀྱང་
གཅིག་པ་ཉིད་ཀྱིས་ཏེ། དངོས་པོ་དེ་ཉིད་ཡུལ་དང་དུས་དེར་ཡང་ཡོད་པ་ཡུལ་དང་དུས་གཞན་ན་ཡང་ཡོད་པ་ཡིན་ནོ་ཞེས་དོགས་པ་བསལ་བའི་ཕྱིར་སློབ་དཔོན་ཡུལ་ལ་སོགས་པ་ཐ་དད་ན། ནུས་པ་དང་ལྡན་པའི་རང་བཞིན་ཐ་དད་པར་སྟོན་པ་ན་ཡུལ་དང་དུས་གཞན་དང་འབྲེལ་
པ་ནི་ཡུལ་དང་དུས་གཞན་སྤངས་པ་ཡིན་ནོ་ཞེས་སྟོན་པར་མཛད་དོ། །འདི་ལྟར་ཡུལ་ལམ་དུས་གཅིག་འཛིན་པའི་ཤེས་པས་དེའི་རང་བཞིན་ཉམས་པ་རྣམ་པར་གཅད་པའི་ཕྱིར་ཉམས་པ་དང་ལྡན་པའི་ཡུལ་དང་དུས་གཞན་རྣམ་པར་གཅད་པ་ཡིན་ནོ། །ཇི་ལྟར་ཡུལ་དང་དུས་
གཞན་བཅད་པ་དེ་བཞིན་དུ་མཐོང་བའི་ཡུལ་ལ་སོགས་པ་དང་འབྲེལ་པའི་རང་བཞིན་རྣམ་པར་བཅད་པའི་ཡུལ་ལ་སོགས་པ་ན་ཡོད་པ་རྣམ་པར་གཅད་པ་ཡིན་ཏེ། མ་བཀག་པའི་རང་བཞིན་ནི་བཀག་པའི་ཡུལ་ལ་སོགས་པ་དང་འབྲེལ་པ་མི་འཐད་པའི་ཕྱིར་རོ། །གནས་པའི་རང་
བཞིན་ཡོད་པ་ཡིན་ན་ནི་ཡུལ་གཞན་ཡང་ཡོད་པར་ཐལ་བའི་ཕྱིར་ཏེ། མཐོང་བའི་ཡུལ་ཉིད་བཞིན་ནོ། །དེས་ན་ཡུལ་གཞན་ན་གནས་པའི་རང་བཞིན་ནི་ཡུལ་གཅིག་ན་ཡོད་པའི་རང་བཞིན་ཡོངས་སུ་སྤངས་ནས་གནས་པ་ཡིན་པ་དེའི་ཕྱིར་ཡུལ་གཞན་དང་འབྲེལ་པའི་རང་བཞིན་ནི་
ཡུལ་དང་དུས་དེའི་རང་བཞིན་དངོས་པོ་མེད་པ་ལ་མི་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཉིད་དང་གཞན་གྱི་ཡུལ་ཉིད་གཅིག་ལ་འགལ་ལོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པ་དུས་ཐ་དད་ན་ཐ་དད་པ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་དང་ཞིག་པ་དང་མ་ཞིག་པ་དང་། རྒྱུན་གྱིས་གནས་
เล่ม ๑๘๘ · หน้า 80a
པ་དང་མི་གནས་པ་དག་ཕན་ཚུན་མེད་པ་མི་འཁྲུལ་པའི་ཕྱིར་ཐ་དད་པ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དུས་ཐ་དད་པ་ན་ཡོད་པ་ནི་ནུས་པ་དང་ལྡན་པའི་རང་བཞིན་ཐ་དད་པ་དང་། སྐྱེ་བ་ལ་སོགས་པ་ཐ་དད་པའི་ཕྱིར་འགལ་བའི་ཆོས་དང་ལྡན་པའི་རང་བཞིན་
ཡིན་ནོ། །སྣང་བ་ཐ་དད་པ་ཡང་དེ་དག་རྣམ་པར་འཇོག་པའི་ཚད་མ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དུས་ཐ་དད་པའི་གསལ་བ་རྣམ་པར་གཅིག་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་དབང་པོའི་རྟོགས་པར་བྱ་བ་གསལ་བ་རྣམས་ཐ་དད་པར་འདོད་པ་ཡིན་ཡང་ཐ་དད་པ་མེད་པ་དབང་པོའི་རྟོགས་
པར་བྱ་བའི་སྤྱི་གཞན་ཡོད་པ་མ་ཡིན་ནམ་ཞེ་ན། བཤད་པ། ཐ་དད་པའི་རང་བཞིན་གྱི་ལྡོག་པ་དེ་ལས་ཐ་དད་པ་འཇུག་པའི་རང་བཞིན་གྱི་སྤྱི་གཞན་ནི་ཡོད་པ་མ་ཡིན་ཏེ། ཐ་མི་དད་པའི་སྤྱི་ནི་བཀག་པ་ཡིན་ལ། ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་འདིས་སྤྱི་ཐ་དད་པར་སྨྲ་བ་འགོག་པ་
ཡིན་ཏེ། དབང་པོ་ལས་སྐྱེས་པའི་བློ་ཐ་དད་པ་མེད་པའི་ཕྱིར་རོ། །བློ་ཐ་དད་པ་མེད་པ་ཉིད་གཏན་ཚིགས་སུ་དགོད་པ་རྣམ་པར་དགྲོལ་བའི་ཕྱིར་མ་མཐོང་བའི་ཕྱིར་རོ་ཞེས་གསུངས་ཏེ། གསལ་བའི་བདག་ཉིད་རྣམས་ལས་ཐ་དད་པའོ། །ཇི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། རྗེས་སུ་འགྲོ་
བ་མེད་པའི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའོ། །མ་མཐོང་བ་ནི་དབང་པོའི་རྣམ་པར་ཤེས་པས་ཡུལ་དུ་མ་བྱས་པའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གང་གི་ཕྱིར་མ་མཐོང་བ་དེའི་ཕྱིར་མེད་དོ་ཞེས་བྱ་བའོ། །དོན་དེ་ནི་རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་ཤེས་པ་གཅིག་དང་དེའི་
རྗེས་སུ་འཇུག་པའི་སྒྲའི་ཡུལ་དུ་འགྱུར་བར་བརྟགས་པ་ཡིན་ལ། སྒྲ་དང་བློ་དག་གི་ཡུལ་དེ་ཡང་སྣང་བ་ཡིན་ན་སྣང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་གང་ལ་རྣམ་པ་གཅིག་ཏུ་རྟོག་པའི་རྒྱུར་གྱུར་པའི་སྒྲ་འཇུག་པར་འགྱུར་བ་བློ་དང་སྒྲ་རྗེས་སུ་འགྲོ་བར་རུང་བ་དེ་ནི་མེད་དོ། །བློས་ཡུལ་དུ་བྱས་
པའི་དོན་ཉིད་ལ་སྒྲ་འཇུག་པའི་ཕྱིར་རོ། །འདིས་ནི་ཤུགས་ཀྱིས་སྒྲ་དང་བློ་དག་བསྟན་ཏོ། །འདི་སྙམ་དུ་མ་མཐོང་བ་ལས་དོན་ཐ་དད་པ་མེད་པར་ཇི་ལྟར་འགྱུར་སྙམ་ན་བཤད་པ། གང་གི་ཕྱིར་སྣང་བའི་དོན་ཐ་དད་པ་ཉིད་ལ་ནི་བློ་ཐ་དད་པ་སྣ་ཚོགས་པ་མཐོང་སྟེ། གང་གི་ཕྱིར་སྣང་བའི་དོན་
เล่ม ๑๘๘ · หน้า 80b
ཡོད་པ་ཉིད་དང་། གཅིག་གི་གཅིག་ཉིད་དང་། ཐ་དད་པར་གྱུར་པའི་ཐ་དད་པ་ཉིད་ལ་ནི་བློ་ཡོད་པ་ཉིད་དང་། གཅིག་ཉིད་དང་། ཐ་དད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །འབྱུང་པོ་དང་མགུལ་ཆིངས་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པའི་ཡུལ་སྟོན་པའོ། །འབྱུང་པོ་ནི་གཟའ་རྣམས་
སམ་མ་མོའི་ཚོགས་སོ། །མགུལ་ཆིངས་ནི་མེ་ཏོག་གི་ཕྲེང་བ་དཔྱངས་པའི་ཐ་གུའོ། །དེ་ཐ་དད་པ་ནི་བལྟར་རུང་བ་ཉིད་ཀྱིས་རང་གི་ཡུལ་ཅན་གྱི་ཤེས་པ་ཐ་དད་པས་ཁྱབ་པ་ཡིན་ནོ། །འདིར་ཡང་སྣང་བའི་རང་གི་མཚན་ཉིད་རྣམས་ལ་སྣང་བའི་སྤྱི་ཡོད་ན་ནི་དེའི་ཕྱིར་བློ་ཐ་དད་པ་ཉིད་དུ་
ཐལ་བ་དེ་མེད་པའི་ཕྱིར་དོན་ཐ་དད་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་ཡིན་ནོ། །ཅི་སྟེ་ཡང་བློ་ཐ་དད་པ་མེད་པར་མཐོང་བའི་དོན་ཐ་དད་པར་ཁས་ལེན་ན་ནི་དེའི་ཚེ་ཤེས་པ་དེ་ཐ་དད་པ་མེད་ཀྱང་ཐ་དད་པར་རྟོགས་ན་ཧ་ཅང་ཐལ་བར་འགྱུར་རོ། །གང་ཅུང་ཟད་ཐ་དད་པར་མ་
མཐོང་བ་དེ་ཉིད་ལ་ཇི་ལྟར་འདོད་པ་བཞིན་དུ་བརྟག་པའི་ཕྱིར་འདོད་པའི་ཡུལ་ལས་འདས་པར་ཐལ་བར་འགྱུར་ཏེ། གཅིག་དང་དུ་མའི་ཐ་སྙད་ཉམས་པར་ཐལ་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི་གཅིག་ཀྱང་དེ་ཡིན་ལ་དུ་མ་ཡང་དེ་ཡིན་པས་གཅིག་དང་དུ་མའོ། །དེ་ལྟར་མ་ཡིན་པ་ནི་གཅིག་
དང་དུ་མར་མི་འགྱུར་བའོ། །འགྲོ་བ་གཅིག་དང་དུ་མའི་ངེས་པ་དང་བྲལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ཧ་ཅང་ཐལ་བའོ། །ཐམས་ཅད་ལ་དུ་མ་ཉིད་དུ་ཐལ་བའི་ཕྱིར་གཅིག་པ་ཉིད་མེད་པ་མ་ཡིན་ནམ། དུ་མ་ཉིད་དུ་ངེས་པ་མེད་པ་ཇི་ལྟར་ཞེ་ན། བཤད་པ། དེ་ལ་ཐ་དད་པར་མ་རྟོགས་
པ་སྟེ་དེའི་ཕྱིར་རོ། །གང་གི་ཕྱིར་ཐ་དད་པ་ཉིད་དུ་མ་རྟོགས་པ་དེའི་ཕྱིར་ཐ་དད་པ་ཉིད་ཀྱི་ཐ་སྙད་མེད་པ་ཡིན་ནོ། །ཐ་དད་པ་ཉིད་དུ་མ་རྟོགས་པ་ཅིའི་ཕྱིར་ཞེ་ན། བཤད་པ། ཐམས་ཅད་ཀྱི་ངོ་བོ་ཉིད་ལ་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་འགའ་ཞིག་ཏུ་གཅིག་ཏུ་མ་ངེས་ན་
དེའི་ཕྱིར་དུ་མ་ཉིད་དུ་རྟོགས་པར་མི་འགྱུར་རོ། །འདི་ལྟར་གང་ལས་བཟློག་ན་ཐ་དད་པ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་འགྱུར་བ་དེ་ནི་ཐ་དད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །ཇི་ལྟར་སྣ་ཚོགས་སུ་སྣང་བ་ལ་ཐ་དད་པའི་ཐ་སྙད་ཡིན་པ་དེ་བཞིན་དུ་དེ་ལས་བཟློག་པ་སྣ་ཚོགས་མ་ཡིན་པ་ལ་ཡང་ཡིན་
เล่ม ๑๘๘ · หน้า 81a
ཏེ། དེའི་ཕྱིར་འགའ་ཞིག་ཏུ་ཐ་དད་པ་ལས་བཟློག་པ་གནས་པ་མེད་པའི་ཕྱིར་ཐ་དད་པ་ཉིད་གནས་པར་མི་འགྱུར་རོ། །འགལ་བའི་ཆོས་འདི་ནི་དངོས་པོ་ཉིད་ཀྱི་ཡིན་ནོ། །དེའི་ཕྱིར་གཅིག་མི་གནས་ན་གཉི་ག་ཡང་གནས་པར་མི་འགྱུར་རོ། །གང་གི་ཕྱིར་
ངེས་པའི་ཐ་སྙད་དག་ལ་ནི་ཡུལ་ངེས་པས་ཁྱབ་པ་ཡིན་ལ། ངེས་བྱེད་མེད་ན་ཡང་ཁྱབ་པར་བྱེད་པ་ཡུལ་ངེས་པ་མེད་པར་འགྱུར་བ་དེའི་ཕྱིར་འགྲོ་བ་གཅིག་དང་དུ་མར་མི་འགྱུར་ན་དེ་ལྟར་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་སྣ་ཚོགས་པ་ལས་སྣ་ཚོགས་པའི་དོན་བྱེད་པ་ཅི་
འདྲ་བ་དེ་འདྲ་བ་ནི་གཅིག་ལ་མ་ཡིན་ནོ། །གང་གི་དོན་བྱེད་པའི་རྒྱུ་མཚན་ཅན་གྱི་ཡོད་པ་ཉིད་གང་ལས་ལོག་པ་དེ་ནི་དེའི་བདག་ཉིད་མ་ཡིན་ལ། དངོས་པོ་ཡང་ཡིན་ཏེ་དེས་ན་གཞན་དུ་གྲུབ་བོ། །གཅིག་ཉིད་དམ་དུ་མ་དོན་དུ་གཉེར་བས་ཀྱང་ཡུལ་འགའ་ཞིག་སྤངས་ནས་འགའ་
ཞིག་ལ་འཇུག་པ་ཡིན་ལ། ངེས་པར་ཞུགས་པ་ན་ཡང་གཅིག་དང་དུ་མའི་ཡུལ་གྱི་བསྒྲུབ་པར་བྱ་བ་ཐོབ་པར་འགྱུར་རོ། །ངེས་པ་དང་ལྡན་པའི་འབྲས་བུ་ཐོབ་པ་ནི་ངེས་པ་དང་ལྡན་པའི་འཇུག་པ་ལས་ཡིན་གྱི། ཚད་མ་སྔོན་དུ་འགྲོ་བའི་ངེས་པས་བསྐྱེད་པའི་འཇུག་པ་མེད་པར་ནི་
མ་ཡིན་ནོ། །གཅིག་དང་དུ་མ་དག་གི་ཚད་མ་སྔོན་དུ་འགྲོ་བ་ཅན་གྱི་ངེས་པ་གང་ཡིན་པ་ཡང་ད་ལྟར་རུང་བའི་ཡུལ་ལ་མཐོང་བའི་སྣང་བ་ཐ་དད་པ་དང་། ཐ་མི་དད་པ་སྔོན་དུ་འགྲོ་བ་ཅན་དུ་གྲུབ་བོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་སྤྱི་རང་བཞིན་གཞན་གྱིས་དམིགས་པའི་མཚན་ཉིད་
ཀྱི་གྱུར་པ་མ་ཡིན་པར་དོགས་པ་བསུ་བའོ། །སྤྱི་སྣང་དུ་ཟིན་ཀྱང་སྟེ་དབང་པོའི་ཤེས་པ་ལ་རྣམ་པར་འཇོག་ཀྱང་ཐ་དད་པར་བྱེ་བྲག་ཏུ་གསལ་བར་ཁོང་དུ་ཆུད་པར་མི་འགྱུར་རོ། །མ་རྟོགས་པའི་ཕྱིར་ཏེ། གསལ་བར་དང་སྤྱི་དག་པར་རྟོགས་པའི་རྒྱུ་ཡུལ་དང་དུས་ཐ་དད་པ་མེད་པའི་ཕྱིར་རོ། །མ་
རྟོགས་པ་ནི་རང་བཞིན་ངེས་པར་མ་ཟིན་པ་སྟེ། ངེས་པར་མ་ཟིན་པ་དེའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ནོ། །རང་བཞིན་རྟོགས་པས་རྒྱུ་ཡོད་ན་ནི་རྟོགས་ཤིང་ངེས་པར་ཟིན་པ་ན་ཐ་དད་པར་ངེས་པར་འགྱུར་བ་ཡིན་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ནི་མི་རིགས་ཏེ་ཞེས་
เล่ม ๑๘๘ · หน้า 81b
བྱ་བ་ནི་དེ་ཟློག་པར་བྱེད་པའོ། །བསམ་པ་ནི་སྤྱི་དེ་ཅི་འདྲ་བར་ཁས་ལེན་པ་དེ་ནི་མི་རྟོགས་པར་མི་རིགས་སོ་ཞེས་བྱ་བ་འདི་ཡིན་ནོ། །གཏན་ཚིགས་སྟོན་པ་ནི་སྤྱི་དེ་ལ་ཡུལ་གཞན་ལ་བློ་དང་དེ་ནི་སྒྲ་དེ་དག་འཇུག་པ་དེའི་ཕྱིར་ཏེ། གཏན་ཚིགས་དེའི་ཕྱིར་ན་དེ་མི་རྟོགས་ཤིང་ངེས་པར་མི་ཟིན་
པ་མི་རིགས་སོ། །འདི་ཉིད་འབྲེལ་པ་བཤད་པ་ནི་བློ་དང་སྒྲ་དེ་དག་རྗེས་སུ་འགྲོ་བ་དེ་ལ་བརྟེན་པ་གང་ཡིན་པ་དེ་དག་ནི་དེ་ལ་བརྟེན་པ་སྟེ་ཐ་དད་པའི་ཁྱད་པར་དེ་ནི་དེ་ལྟ་མ་ཡིན་ནོ། །རྗེས་སུ་འགྲོ་བ་ན་དེ་རྣམ་པ་གཅིག་ཏུ་རྟོགས་པས་རྟོགས་པར་བྱ་བ་ན་ཇི་ལྟར་སྤྱི་མི་རྟོགས་ཞེས་བྱ། རྣམ་པར་
མ་ཕྱེད་ཅེས་བྱ། རྟོགས་པ་ཉིད་དུ་རིགས་སོ་ཞེས་བྱ་བའི་དོན་ཏོ། །སྤྱི་མཐོང་བ་ནི་རྣམ་པར་འཛིན་པ་སྟེ། དེའི་མཐུས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། ཕན་ཚུན་ཐ་དད་པའི་ཁྱད་པར་རྣམས་ནི་རྗེས་སུ་འགྲོ་བ་གཅིག་པོ་གང་ཡིན་པའི་རྣམ་པ་འཛིན་པའི་ཤེས་པ་ཐ་དད་པ་མེད་པར་གཟུང་
བ་ཡིན་ན། སྤྱི་གཅིག་པོ་དེ་ཡང་ཁྱད་པར་དེ་དག་ལས་ཐ་དད་པའི་དངོས་པོར་མ་རྟོགས་སོ་ཞེ་ན་ནི་དེའི་ཕྱིར་ཁྱད་པར་རྣམས་ཀྱི་རང་བཞིན་ལྟར་དེ་ཡང་ཐ་དད་པ་ཉིད་དུ་རྟོགས་པར་འགྱུར་ཞིང་། དེ་ལས་ཀྱང་རང་ཉིད་གཅིག་ཉིད་དུ་ཁྱད་པར་རྣམས་ལས་ཐ་དད་པར་མ་ངེས་པ་ན་ཇི་ལྟར་ཁྱད་པར་དེ་
དག་ལ་རང་གི་རྣམ་པ་ཅན་དང་བསྲེས་ནས་རང་བཞིན་གཅིག་ཏུ་སྟོན་པར་བྱེད། དེ་གཅིག་ཏུ་ངེས་ན་ནི་དེ་དང་བསྲེས་ནས་རང་བཞིན་གཅིག་ཏུ་ངེས་པར་འགྱུར་རོ། །གང་ལས་ཤེས་པར་བྱ་བ་ནི་འདི་ཉིད་སྟོན་པའོ། །ཁྱད་པར་གྱི་དོན་གང་ལས། ཁྱད་པར་ཅན་གང་ལ་སྒྲ་དང་བློ་དག་འཇུག་པ་
སྟེ། སྒྲ་དང་ཤེས་པ་དག་དེའི་རྣམ་པ་དང་ལྡན་པ་ཉིད་ཀྱིས་དེའི་རྗེས་སུ་འགྲོ་བ་ནི་འཇུག་པ་ཡིན་ནོ། །ཁྱད་པར་དེ་མ་རྟོགས་པར་ནི་ཁྱད་པར་ཅན་གྱི་དོན་ཏེ། དེ་ལྟར་རྟོགས་པར་མི་འགྱུར་ཏེ། དབྱིག་པ་ཅན་བཞིན་ནོ། །གང་གི་ཕྱིར་རྒྱུ་མཚན་དབྱིག་པའི་ཁྱད་པར་གྱི་རྣམ་པ་མ་
རྟོགས་པར་ནི་ལྷ་སྦྱིན་དབྱིག་པའི་རྣམ་པའི་ཁྱད་པར་ཅན་དུ་འཛིན་པར་མི་འགྱུར་བའི་ཕྱིར་རོ། །འདིས་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་བསྟན་ཏོ། །དོན་གཞན་དང་འབྲེལ་པར་འཛིན་པ་ལ་ནི་དོན་གཞན་རྟོགས་པས་ཁྱབ་པ་ཡིན་ཏེ། དོན་གཞན་མ་རྟོགས་ན་ནི་དེ་དང་ལྷན་
เล่ม ๑๘๘ · หน้า 82a
ཅིག་གཟུང་བར་མི་འགྱུར་བའི་ཕྱིར་རོ། །རྣམ་པར་ཕྱེ་ནས་གཟུང་བ་ཡང་མེད་དེ། དེའི་ཕྱིར་ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་སྤྱི་མི་རྟོགས་པ་མི་རིགས་པ་དེའི་ཕྱིར་དེ་ཐ་དད་པར་སྣང་བར་ཁས་བླང་བར་བྱ་བ་ཡིན་ན་སྣང་བ་
ཡང་མ་ཡིན་ཏེ། དེའི་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཉིད། །ཚིག་ལེའུར་བྱས་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་བཤད་པ། དབང་པོ་ཤེས་པ་ལ་རང་གི་མཚན་ཉིད་ལས་ཐ་དད་པར་ངེས་པའི་རང་བཞིན་གྱི་སྤྱི་མི་སྣང་བའི་ཕྱིར་རོ། །འདི་
སྙམ་དུ་རྗེས་སུ་འགྲོ་བའི་རང་གི་མཚན་ཉིད་ཁོ་ན་སྒྲའི་བརྗོད་བྱར་འགྱུར་རོ་སྙམ་ན། སྣང་བ་རྣམས་ཀྱང་ཞེས་བྱ་བ་གསུངས་ཏེ། རང་གི་མཚན་ཉིད་ངེས་པར་སྣང་བ་རྣམས་ནི་ཡུལ་ལ་སོགས་པ་ཐ་དད་པས་རྗེས་སུ་མི་འགྲོ་བའི་ཕྱིར་ཏེ། རྒྱུ་དེའི་ཕྱིར་རོ། །ཁྱད་པར་ཅན་ཞེས་བྱ་བ་ནི་
གཏན་ཚིགས་ཀྱི་ཚིག་སྟེ། གང་གི་ཕྱིར་ཁྱད་པར་ཅན་ཡིན་པའི་ཕྱིར་དབང་པོའི་བློ་ནི་བརྗོད་དུ་མེད་པ་བསྙད་པར་མི་ནུས་པའི་དོན་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་འདི་ཐམས་ཅད་ཀྱི་དོན་བསྡུས་པ་ནི་འདི་ཡིན་ཏེ། དོན་གང་ཞིག་བརྡའི་དུས་སུ་སྒྲ་གང་དང་འབྲེལ་པར་
མཐོང་བ་མ་ཡིན་པ་དེ་ནི་དེས་ཁྱད་པར་ཅན་དུ་གཟུང་བ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲས་རྟ་བཞིན་ནོ། །དབང་པོའི་དོན་ཐམས་ཅད་ཀྱང་སྒྲ་ཐམས་ཅད་དང་འབྲེལ་པ་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །སྒྲས་ཁྱད་པར་ཅན་དུ་གཟུང་བའི་དོན་ནི་རང་གི་ངོ་བོ་
མེད་པས་ཁྱབ་པ་ཡིན་ལ་བརྡ་མ་བྱས་པའི་སྒྲས་དོན་ཁྱད་པར་ཅན་དུ་བཟུང་ན་ནི། སྒྲ་དོན་གྱི་འབྲེལ་པའི་ངོ་བོ་ཅན་དུ་ཐལ་བ་དེའི་ཕྱིར་ཆོས་གཞན་ལ་ཁྱབ་པར་བྱེད་པ་མེད་པའི་ཕྱིར་བཅོས་བུ་དེས་ཁྱད་པར་ཅན་དུ་འཛིན་པ་ལ་ནི་འབྲེལ་པ་ལ་མཐོང་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་འབྲེལ་པ་གྲུབ་བོ། །
གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་མ་ཉིད་ཀྱིས་བརྡ་གཟོ་བ་ན་དོན་འགགས་པའི་ཕྱིར་དབང་པོས་རྟོགས་པར་བྱ་བའི་དོན་ལ་བརྡ་བྱ་བར་མི་ནུས་པ་ཡིན་ལ་ནུས་པ་ཉིད་ཡིན་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རྟོགས་པ་དང་ལྡན་པ་དགོས་པ་མེད་པའི་བརྡ་བྱེད་པ་ལ་མི་
เล่ม ๑๘๘ · หน้า 82b
འཇུག་གོ། །འཇུག་ན་ཡང་གང་ལ་བརྡ་བྱས་པ་དེ་ནི་འདས་པ་ཡིན་ལ། གང་ཡང་ཐ་སྙད་ཀྱི་དུས་ན་རྟོགས་པ་དེ་ཐམས་ཅད་སྔོན་མ་མཐོང་བ་ཡིན་པའི་ཕྱིར་དེ་ལ་བརྡ་མེད་པ་ཡིན་ནོ། །འདིར་ནི་བསྟན་བཅོས་མཛད་པས་སྒྲ་སྦྱོར་བ་ཡང་ཞེས་བྱ་བ་ལ་སོགས་པས་དགོས་པ་མེད་པ་བརྡ་
མི་བྱེད་པའི་རྒྱུར་བརྗོད་པ་ཡིན་གྱི་མི་ནུས་པ་ཉིད་ནི་མ་ཡིན་ནོ། །རྣམ་འགྲེལ་དུ་ནི་མི་ནུས་པ་ཡང་བརྗོད་དོ། །མངོན་སུམ་རྣམ་པར་རྟོག་པ་མེད་པ་དང་བརྗོད་དུ་མེད་པའི་ཡུལ་ཅན་དུ་རྣམ་པར་གནས་པ་ལ་གཞན་གྱིས་སྨྲས་པ། མངོན་སུམ་ལས་ཇི་ལྟར་ཐ་སྙད་དུ་འགྱུར་ཞེས་འབྲེལ་ཏོ། །
རྣམ་པ་ཅན་གང་གིས་ཏེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཞེས་བྱ་བ་ནི་མ་བཟོད་པ་སྟེ། གང་གི་ཕྱིར་འཇུག་པའི་ཡན་ལག་ནི་ཚད་མར་བརྗོད་པ་ཡིན་ན་འཇུག་པའི་ཡན་ལག་མ་ཡིན་པའི་ཕྱིར་མངོན་སུམ་ཡང་ཚད་མར་གྱུར་པ་ནི་མི་བཟོད་དོ་སྙམ་དུ་བསམས་པའོ། །ད་ནི་ཞེས་
བྱ་བ་ནི་མངོན་སུམ་རྟོག་པ་མེད་པར་ཁས་ལེན་པའི་དུས་ནའོ། །ངེས་པ་ནི་གཏན་ལ་ཕེབས་པ་སྟེ། དེ་གང་ལ་མེད་པ་དེ་ལྟ་བུའི་བདག་ཉིད་གང་ཡིན་པའི་མངོན་སུམ་དེ་ལས་ཐ་སྙད་དེ། བདེ་བ་བསྒྲུབ་པའི་དངོས་པོའི་ཡུལ་ལ་འཇུག་པ་དང་། སྡུག་བསྔལ་སྒྲུབ་པའི་ཡུལ་
ལ་ལྡོག་པར་མི་འགྱུར་རོ། །བསམ་པ་ནི་འདི་ཡིན་ཏེ། གང་གི་ཕྱིར་མངོན་སུམ་ནི་མ་ངེས་པའི་བདག་ཉིད་དོན་ཉེ་བར་སྣང་བ་འགའ་ཞིག་ཏུ་ཟད་ལ། ངེས་པ་མ་ཡིན་ན་ཡང་སྐད་ཅིག་མ་ཉིད་བཞིན་དུ་འདི་འཇུག་པའི་ཡུལ་མ་ཡིན་ནོ། །གཞན་ཡང་སྒྲུབ་པར་བྱེད་པའི་དངོས་པོ་སྣང་བ་
ཙམ་འཛིན་པའི་མངོན་སུམ་གྱིས་འབྲས་བུ་ཉེ་བ་མ་ཡིན་པ་ལ། མངོན་པར་འདོད་པའི་འབྲས་བུ་བསྒྲུབ་པས་དེ་དང་འབྲེལ་པ་ཉིད་དུ་འཛིན་པར་ནུས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་མངོན་སུམ་དངོས་པོ་ཉེ་བར་འགྱུར་བ་དག་གི་འབྲེལ་པ་ཡང་འཛིན་པར་མི་ནུས་པ་གང་ཡིན་པ་
དེས་དངོས་པོ་ཉེ་བ་མ་ཡིན་པ་བྱེད་པ་ཉིད་ཇི་ལྟར་འཛིན་པར་འགྱུར། བདེ་བ་སྒྲུབ་པར་བྱེད་པར་དངོས་པོ་མ་ངེས་ན་ཡང་། རྟོག་པ་དང་ལྡན་པ་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་འཇུག་པའི་ཡུལ་དུ་བྱེད་པ་ནི་བདེ་བ་སྒྲུབ་པར་བྱེད་པའི་དངོས་པོ་ལ་དེའི་རང་བཞིན་དུ་གཏན་ལ་ཕེབས་པ་དང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด