གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཧེ་ཏུ་བིནྡུ་ཊཱི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘๙ · หน้า 100b

༄༅༅། །རྒྱ་གར་སྐད་དུ། ཧེ་ཏུ་བིནྡུ་ཊཱི་ཀ །བོད་སྐད་དུ། གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་ཡོན་ཏན་མཆོག་རབ་ཚོགས་

ཅན་རིགས་པའི་རྒྱལ་པོའི་སྐྱེ་བའི་གཏན་ཚིགས་ལ། །རྟགས་འབད་ཤེས་བྱ་ཀུན་ལ་མུན་པ་ཆེན་པོ་འཐབ་ཚོགས་རྩ་ནས་མེད་པར་བྱས་པ་ཡང་། །སྟོང་པ་སྲིད་གསུམ་འཇིགས་སྤངས་སྐྱེ་བོའི་ཆུ་བོ་ཕ་རོལ་རྒལ་བ་དེ་ལ་ཕྱག་འཚལ་ཏེ། །བློ་དང་ལྡན་པ་རྣམས་ཀྱིས་བསྔགས་བྱ་གཏན་

ཚིགས་ཐིགས་པ་རབ་གསལ་ལུགས་རྒྱས་རྣམ་པར་དབྱེ། །དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཉིད་ཡིན་པས་ཞེས་བྱ་བའི་ཚིག་འདིས་ནི་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་སྟོན་པར་བྱེད་

དོ། །གང་གི་ཕྱིར་འབྲེལ་པ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཁས་མི་ལེན་ཏེ། འདི་ལྟར་ཇི་སྲིད་དུ། འདི་ལ་བརྗོད་པར་བྱ་བ་ནི་ཅི་ཞིག་ཡིན་ཞེས་བྱ་བ་མ་གཏོགས་པ་དང་། དེ་བཞིན་དུ་ཇི་སྲིད་དུ་

འདིའི་དགོས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བའམ། འདིའི་འབྲེལ་པ་ནི་གང་ཞིག་ཡིན་ཞེས་བྱ་བ་ཡང་དག་པར་མ་རིག་པ་དེ་སྲིད་དུ་རབ་ཏུ་བྱེད་པ་ལ་དགའ་བ་ཡང་སྐྱེད་པར་མི་བྱེད་ན་མཉན་པ་དང་སེམས་པ་ལ་སོགས་པ་ལ་འཇུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་

เล่ม ๑๘๙ · หน้า 101a

ཉན་པའི་སྐྱེ་བོ་སྤྲོ་བར་བྱ་བའི་ཕྱིར་འགྲེལ་པ་ལ་སོགས་པ་གསུམ་བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་བསྙད་པས་ནི་འདི་ལ་བརྗོད་པར་བྱ་བ་ནི་ཅི་ཞིག་ཡིན་སྙམ་དུ་བརྗོད་པར་བྱ་བ་ལ་བརྟེན་པའི་རྨོངས་པ་དེ་ལྟ་བུ་ཟློག་པར་བྱེད་དོ། །དགོས་པ་བརྗོད་པ་ནི་འབྲས་བུ་

མེད་པར་དོགས་པ་ཟློག་པར་བྱེད་དོ། །འབྲེལ་པ་བསྙད་པས་ནི་ཐབས་མ་ཡིན་པར་དོགས་པ་སེལ་བར་བྱེད་དོ། །དེ་འདིར་དེ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་ནི་བརྗོད་པར་བྱ་བ་དང་དགོས་པ་དངོས་སུ་བསྟན་ཏོ། །འདི་བརྩམ་མོ་ཞེས་བྱ་བ་འདིས་ནི་ཤུགས་ཀྱིས་ན་

རབ་ཏུ་བྱེད་པ་ཐབས་ཉིད་ཡིན་པར་བསྟན་ཏོ། །དེ་ལ་ཤུགས་ནི་འདི་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་རྩོམ་ན་རབ་ཏུ་བྱེད་པ་ནི་དོན་གྱིས་ན་ཐབས་ཉིད་ཡིན་པར་སྟོན་པར་བྱེད་དེ། འདི་ལྟར་ཐབས་མ་ཡིན་པ་ལ་ནི་རྟོག་

པ་སྔོན་དུ་གཏོང་བ་རྣམས་མི་འཇུག་གོ། །དེའི་ཕྱིར་འབྲེལ་པ་དོན་གྱིས་བསྟན་པ་ཡིན་ནོ། །འདིར་རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཞེས་བྱ་བ་འདི་ནི་བརྗོད་པར་བྱ་བ་ཡིན་ནོ། །རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པ་ནི་དགོས་པ་ཡིན་ནོ། །རྗེས་སུ་དཔག་པ་བྱེ་བྲག་ཏུ་

རྟོགས་པ་ཡིད་ཆེས་པའི་རང་བཞིན་དེ་ནི་རབ་ཏུ་བྱེད་པ་འདིས་བྱེད་པས་རབ་ཏུ་བྱེད་པ་འདི་ནི་དགོས་པ་འདིའི་ཐབས་ཡིན་ནོ། །དེ་ལྟ་བས་ན་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ནི་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་ནི་ཐོས་པ་

ལས་རྗེས་སུ་དཔག་པའི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་བས་དེའི་ཕྱིར་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། རྗེས་སུ་དཔག་པ་ནི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པར་གྲུབ་བོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དང་། བྱ་བ་དང་། བྱེད་པའི་མཚན་ཉིད་དང་། འབྲེལ་

པ་ཡང་འདི་ཁོ་ན་ཡིན་ཏེ། འདི་ལྟར་སྒྲུབ་པ་ནི་རབ་ཏུ་བྱེད་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་འབྲས་བུ་ཡིན་ནོ། །བྱེད་པ་ནི་རབ་ཏུ་བྱེད་པ་ཡིན་ནོ། །བྱ་བ་ནི་འབྲས་བུ་ཡིན་ནོ། །བྱ་བའི་མཇུག་ཐོགས་དང་། བླ་མ་བརྒྱུད་པའི་རིམ་པའི་འབྲེལ་པ་ལ་སོགས་པ་ནི་རབ་ཏུ་བྱེད་པ་ལ་འཇུག་པ་

เล่ม ๑๘๙ · หน้า 101b

ལ་ཡན་ལག་ཏུ་གྱུར་པ་དག་པ་ཡིན་པས་འབྲེལ་པ་མ་ཡིན་པ་ཁོ་ན་སྟེ། འདི་ལྟར་གང་ཞིག་དོན་དུ་གཉེར་བ་དེ་ནི་དེའི་ཐབས་ལ་འཇུག་གི། འདི་ནི་བླ་མ་བརྒྱུད་དེ་འོངས་པ་ཡིན་ནོ་ཞེས་བྱ་བ་དང་། རྒྱས་པར་བྱ་བའི་མཇུག་ཐོགས་སུ་བསྟན་པ་ཡིན་ཞེས་བྱ་བ་དེ་ཙམ་གྱིས་ནི་དོན་དུ་གཉེར་བ་

རྣམས་ཐབས་མ་ཡིན་པ་ལ་འཇུག་པར་མི་འགྱུར་རོ། །དེ་ལྟ་བས་ན་རྗེས་སུ་དཔག་པར་བྱ་བ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བྱ་བར་གནས་སོ། །དེ་ལྟར་གནས་པ་ལ་བརྒྱ་ལ་འགའ་ཞིག་རྗེས་སུ་དཔག་པ་ཡོངས་སུ་ཤེས་པས་ཅི་ཞིག་བྱ། དེ་ནི་གང་དུའང་དགོས་པ་མེད་

པས་བྱ་རོག་གི་སོ་བརྟག་པ་བཞིན་ནོ། །འདི་ནི་གནས་མ་ཡིན་པ་ལ་ཡོངས་སུ་ངལ་བ་ཡིན་ནོ་ཞེས་སྨྲ་བར་འགྱུར་བས་དེའི་ཕྱིར། དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཉིད་ཡིན་པས་ཞེས་བྱ་བ་འདི་སྨོས་སོ། །འདིས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ། །དེས་ན་འདི་སྐད་དུ་གང་གི་

ཕྱིར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྟེན་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པ་འབད་དེ་ཡོངས་སུ་ཤེས་པར་བྱའོ། །ཡོངས་སུ་ཤེས་པ་དེ་ཡང་རབ་ཏུ་བྱེད་པ་འདི་ལས་འགྱུར་བས་དེའི་ཕྱིར་རྗེས་སུ་དཔག་པ་དགོས་པར་གྱུར་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་

བརྩམ་པར་བྱའོ་ཞེས་བསྟན་པར་འགྱུར་ཏེ། རེ་ཞིག་འདི་ནི་བསྡུས་པའི་དོན་ཡིན་ནོ། །ཡན་ལག་གི་དོན་ནི། དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་ཞེས་བྱ་བ་ལ་སོགས་པ་ལས། དབང་པོ་རྣམས་ལས་ལོག་པ་ནི་ལྐོག་ཏུ་གྱུར་པ་སྟེ། དབང་པོའི་ཡུལ་ལས་འདས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དོན་ཡང་

ཡིན་ལ་ལྐོག་ཏུ་གྱུར་པའང་ཡིན་པས་དོན་ལྐོག་ཏུ་གྱུར་པ་སྟེ། དོན་ཞེས་བྱ་བ་ནི་གཞལ་བྱའོ། །དེ་ཡང་བླང་བར་བྱ་བ་དང་། དོར་བར་བྱ་བ་དང་། བཏང་སྙོམས་སུ་བྱ་བ་ཡིན་པས་རྣམ་པ་གསུམ་དུ་འདོད་དོ། །དེ་ལ་འདིར་དོན་ཞེས་སྨོས་པས་ནི་གཞལ་བྱ་སྤྱིར་བསྟན་ཏོ། །ལྐོག་ཏུ་གྱུར་པ་ཞེས་སྨོས་པས་

ནི་དེ་ཉིད་ཁྱད་པར་དུ་བྱས་སོ། །གང་དག་བླང་བ་དང་དོར་བ་དང་བཏང་སྙོམས་ཀྱི་ཡུལ་ཉིད་ཀྱིས་དོན་དུ་གཉེར་བར་བྱ་བ་དང་། དོན་དུ་གཉེར་བར་བྱ་བ་མ་ཡིན་པ་རྣམ་པ་གཉིས་ཡིན་ལ། དོན་གྱི་སྒྲས་ནི་དོན་དུ་གཉེར་བར་བྱ་བ་མ་ཡིན་པ་རྣམ་པར་གཅོད་པར་བྱེད་པ་དེ་དག་གི་ལྟར་ན་ནི་དོར་བར་བྱ་བ་དང་། བཏང་

เล่ม ๑๘๙ · หน้า 102a

སྙོམས་སུ་བྱ་བ་རྗེས་སུ་དཔག་པར་མི་འགྱུར་རོ། །དོན་ལྐོག་ཏུ་གྱུར་པ་ལ་སྒྲུབ་པ་སྟེ། སྒྲུབ་པར་ཞེས་བྱ་བའི་སྒྲ་ནི་ལེན་པ་དང་འདོར་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་བསྒྲུབ་པ་ལ་བྱའོ། །གང་གི་རྟེན་རྗེས་སུ་དཔག་པ་ཡིན་པ་དེ་ནི་རྟེན་རྗེས་སུ་དཔག་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ། རྟེན་

རྗེས་སུ་དཔག་པ་ཉིད་ཡིན་པ་དེའི་ཕྱིར་རོ། །འདིར་རྗེས་སུ་དཔག་པའི་སྒྲ་ནི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་ལ་བྱའོ། །རྟེན་གྱི་སྒྲ་ནི་རྒྱུ་ལ་བྱའོ། །དེས་ན་འདི་སྐད་དུ་འདི་ལྟར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པའི་རྒྱུ་ནི་རྗེས་སུ་དཔག་པ་ཡིན་པས་ཞེས་བཤད་པར་འགྱུར་རོ། །མདོར་བསྡུས་ནས་ཞེས་

བྱ་བ་ནི་འདིར་བསྡུས་པ་ལ་འགལ་བའི་སྲོག་ཆགས་རྣམས་མགུ་བར་བྱ་བའི་ཕྱིར་དངོས་པོ་མངོན་པར་བསྡུས་པར་བརྗོད་པར་བཞེད་པ་ཡིན་གྱི། གཞུང་བསྡུས་པ་ནི་མ་ཡིན་ཏེ། འདི་ལྟར་འདི་ལ་གཞུང་ནི་མང་ལ། དངོས་པོ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཙམ་དཔྱོད་པར་ཟད་དེ། མངོན་སུམ་ཡང་མི་

དཔྱོད། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡང་མི་དཔྱོད་ལ། དེ་བཞིན་དུ་གཏན་ཚིགས་ལྟར་སྣང་བ་དང་དཔེ་ཡང་མི་དཔྱོད་དོ། །དེ་ལྟ་བས་ན་འདི་མདོར་བསྡུས་པའི་སྒྲ་ནི་དངོས་པོ་བསྡུས་པ་བརྗོད་པར་བཞེད་པ་ཡིན་ནོ། །དེ་ལ་བྱེ་བྲག་ཏུ་རྟོགས་པ་ནི་དེ་བྱེ་བྲག་ཏུ་རྟོགས་པ་སྟེ། འདིར་དེ་ཞེས་བྱ་བའི་སྒྲ་

ནི་རྗེས་སུ་དཔག་པ་དང་སྦྱར་རོ། །དེ་བྱེ་བྲག་ཏུ་རྟོགས་པ་ནི་སོ་སོར་ངེས་པའི་རང་གི་ངོ་བོ་ཡིད་ཆེས་པ་སྟེ། དེ་བྱེ་བྲག་ཏུ་རྟོགས་པར་བྱ་བ་དེའི་ཕྱིར་རོ། །འདི་བརྩམ་མོ་ཞེས་བྱ་བ་ནི་བློ་ལ་རྣམ་པར་གནས་པ་སྟེ། འདི་ཞེས་བྱ་བ་ནི་རབ་ཏུ་བྱེད་པ་མཐའ་དག་ལ་སྙེགས་སོ། །བརྩམ་ཞེས་བྱ་བ་ནི་རབ་ཏུ་

བྱེད་པའི་གཞུང་གི་བདག་ཉིད་དུ་བརྩམ་པར་བྱ་བ་བསྟན་ཏོ། །དེ་ལྟ་བས་ན་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་དོན་ལྐོག་ཏུ་གྱུར་པ་སྒྲུབ་པ་ལེན་པ་དང་འདོར་བ་དང་བཏང་སྙོམས་ཀྱི་མཚན་ཉིད་ཀྱི་རྒྱུ་ནི་རྗེས་སུ་དཔག་པ་ཡིན་པ་དེའི་ཕྱིར་རྗེས་སུ་དཔག་པའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་

བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ། །ཡང་ན་དོན་ལྐོག་ཏུ་གྱུར་པ་སྒྲུབ་པ་ནི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་ཡིན་ལ། རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་ཡིན་ཏེ། འདིས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེས་ན་འདི་སྐད་དུ།

เล่ม ๑๘๙ · หน้า 102b

གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་བསྒྲུབ་པ་ནི་ཚུལ་གསུམ་པའི་རྟགས་ལ་རག་ལུས་པ་དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱི་མཚན་ཉིད་རྗེས་སུ་དཔག་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བཤད་པར་འགྱུར་རོ། །དེ་ལ་གང་གི་ཚེ་རྗེས་སུ་དཔག་པ་རྗེས་སུ་དཔག་པར་བྱ་བའི་

ཡུལ་ཅན་གྱི་ཤེས་པ་ཡིན་པར་གཟུང་བ་དེའི་ཚེ་དེ་བྱེ་བྲག་ཏུ་རྟོགས་པ་ནི་ཚུལ་གསུམ་པའི་རྟགས་ལ་རག་ལུས་པ་ཡིན་པས་ཚུལ་གསུམ་པའི་རྟགས་ཉིད་བསྒྲུབ་པར་བྱ་བའི་ཕྱིར། ཕྱོགས་ཆོས་དེའི་ཆས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཚེ་ཚུལ་གསུམ་པའི་རྟགས་རྗེས་སུ་དཔག་པའི་

སྒྲར་བརྗོད་པ་དེའི་ཚེ་ཡང་དངོས་སུ་རྟགས་ཉིད་བྱེ་བྲག་ཏུ་རྟོགས་པར་བྱ་བར་རིགས་པར་གྱུར་པས་དེ་ཉིད་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཕྱོགས་ཆོས་དེའི་ཆས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིགས་སུ་བཅད་པ་འདིས་རབ་ཏུ་བྱེད་པའི་ལུས་མཐའ་དག་བསྡུས་ནས་སྟོན་པར་བྱེད་དོ། །ཡན་ལག་གི་

དོན་ནི་འབྲེལ་པ་ལས་བདག་ཉིད་ཀྱིས་སྟོན་པར་བྱེད་དོ། །བསྡུས་པའི་དོན་ནི་བརྗོད་པར་བྱ་སྟེ། གང་ཞིག་ཕྱོགས་ཀྱི་ཆོས་ཡིན་ལ། དེའི་ཆས་ཁྱབ་པ་དེ་ནི་གཏན་ཚིགས་ཡིན་ནོ། །དེ་ཡང་མེད་ན་མི་འབྱུང་བ་མ་གཏོགས་པ་མེད་པའི་ཕྱིར། རང་བཞིན་དང་། འབྲས་བུ་དང་། མི་དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་ཁོ་ན་ཡིན་

ནོ། །གཏན་ཚིགས་གསུམ་པོ་ལ་མ་གཏོགས་པ་གཞན་ནི་གཏན་ཚིགས་ལྟར་སྣང་བ་དག་ཡིན་ནོ། །མདོ་ལས་ཕྱོགས་ཀྱི་ཆོས་ནི་གཏན་ཚིགས་སོ་ཞེས་བཤད་པ་དེ་ལ། གལ་ཏེ་སྤྱི་ཕྱོགས་ཡིན་པར་གཟུང་ན་ནི་དེའི་ཚེ་གཏན་ཚིགས་མ་གྲུབ་པར་འགྱུར་བའམ། གྲུབ་ན་ཡང་རྗེས་སུ་དཔག་པ་དོན་མེད་པར་

འགྱུར་རོ་སྙམ་དུ་སེམས་པ་ལ། ཕྱོགས་ནི་ཆོས་ཅན་ཏེ་ཞེས་བྱ་བ་སྨོས་ཏེ། འདིར་ཆོས་ཅན་ཕྱོགས་ཀྱི་སྒྲར་བཤད་ཀྱི་སྤྱི་ནི་མ་ཡིན་ནོ་སྙམ་དུ་དགོངས་སོ། །དེའི་ཕྱིར་ཆོས་ཅན་གྱི་ཆོས་གཏན་ཚིགས་ཡིན་པར་བཤད་པར་འགྱུར་རོ། །ཅིའི་ཕྱིར་ཆོས་ཅན་འགའ་ཞིག་ལ་ཕྱོགས་ཞེས་བྱ་སྙམ་པ་ལ་དེའི་ཕྱིར།

ཡན་ལག་ལ་སྤྱིའི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཕྱོགས་ཞེས་བྱ་བ་སྤྱི་ལ་ཡན་ལག་གཉིས་ཡོད་དེ། ཆོས་དང་ཆོས་ཅན་ནོ། །དེ་བས་ན་འདིར་ཆོས་ཅན་ཙམ་འབའ་ཞིག་ལ་སྤྱི་ཉེ་བར་བཏགས་ནས་ཆོས་ཅན་ལ་ཕྱོགས་ཀྱི་སྒྲར་བཤད་དོ། །ཀླན་ཀའི་བསམ་པས་དགོས་པ་

เล่ม ๑๘๙ · หน้า 103a

མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་སུ་བསྟན་དུ་རུང་བ་ལ་ནི་དགོས་པ་མེད་པར་ཉེ་བར་གདགས་སུ་མི་རུང་སྟེ། དེ་བས་ན་ཆོས་ཅན་འབའ་ཞིག་ལ་ཕྱོགས་ཞེས་བརྗོད་པར་མི་བྱའོ་ཞེ་ན། ཉེ་བར་གདགས་པར་བྱ་བའི་དགོས་པ་བསྟན་པའི་ཕྱིར་མ་ཡིན་ཏེ། ཉེ་བར་

གདགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་གྱི་ཆོས་གཏན་ཚིགས་སུ་བརྗོད་པ་ན་ཆོས་ཅན་གང་ཡང་རུང་བ་ཐམས་ཅད་ཀྱི་ཆོས་ཀྱང་གཏན་ཚིགས་སུ་འགྱུར་ཏེ། དེའི་ཕྱིར་ཆོས་ཅན་མི་འདོད་པའི་ཕྱིར་ཆོས་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་འགྱུར་

དུ་འོངས་པས་ཉེ་བར་གདགས་པར་བྱའོ། །ཉེ་བར་བཏགས་པ་བྱས་ནས་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་གང་ཡིན་པ་དེའི་གཏན་ཚིགས་ཉིད་ཡིན་པར་འགྱུར་རོ། །ཉེ་བར་གདགས་སུ་རུང་བའི་ཆོས་ཅན་ཡང་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་འདི་ལྟར་ཕྱོགས་གཅིག་ཡིན་པའི་ཕྱིར་

ཉེ་བར་གདགས་པ་བྱས་ན་ཐལ་བར་མི་འགྱུར་རོ། །དེའི་ཚེ་མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འགལ་བའི་གཞིས་མ་གྲུབ་པ་རྣམས་ཀྱང་རྒྱུ་ཉིད་དུ་བཀག་པ་ཡིན་ནོ། །སོགས་པ་སྨོས་པས་ནི་ཁྭའི་ནག་པོ་ཉིད་ལ་སོགས་པ་བསྡུའོ། །ཉེ་བར་གདགས་པ་གསལ་བར་བྱ་བའི་

བསམ་པས་གལ་ཏེ་ཆོས་ནི་གཞན་ལ་བརྟེན་པ་ཡིན་པས་ཆོས་བརྗོད་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆོས་ཅན་གྱི་ཆོས་ཡིན་པར་བརྗོད་ན་ཆོས་ཅན་ཐམས་ཅད་ཀྱི་ཆོས་གཏན་ཚིགས་ཉིད་དུ་འགྱུར་བས་དེའི་ཚེ་ཆོས་ཅན་ཁོ་ན་སྨོས་པར་མི་བྱའོ། །ཆོས་བརྗོད་པ་ཁོ་ནས་ནི་ཆོས་ཅན་དུ་

ཡང་འགྱུར་རོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཆོས་ཅན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཆོས་སྨོས་པས་ཀྱང་འགྱུར་རོ་ཞེས་དེ་སྐད་དུ་སྟོན་པར་བྱེད་དེ། འདི་ལྟར་ཆོས་གཞན་ལ་བརྟེན་པ་གཞན་ལ་རག་ལུས་པའི་ཁྱད་པར་དུ་གྱུར་པ་དེ་ཡོད་ཕན་ཆད་གདོན་མི་ཟ་བར་ཆོས་ཅན་འཕེན་པར་བྱེད་པ་དེ་ལ་

ཆོས་ཅན་སྨོས་པས་ཅི་ཞིག་བྱ། བརྟེན་པར་བྱ་བ་ནི་རྟེན་ཏེ། ཆོས་ཅན་བརྟེན་པར་བྱ་བ་ནི་རྟེན་ཆོས་ཅན་ནོ། །དེ་འགྲུབ་པ་ནི་རྟེན་ཆོས་ཅན་འགྲུབ་པའོ། །ཡང་ན་རྟེན་དུ་གྱུར་པ་ཆོས་ཅན་འགྲུབ་པ་ནི་རྟེན་ཆོས་ཅན་འགྲུབ་པའོ། །དེ་ལྟར་ཆོས་ཅན་གྲུབ་པ་དང་ཆོས་ཅན་ཞེས་སྨོས་པར་བྱ་བ་གང་ཡིན་པ་དེས་ནི་

เล่ม ๑๘๙ · หน้า 103b

བསྒྲུབ་པའི་ཆོས་ཅན་ཡོངས་སུ་བསྡུས་པར་འགྱུར་རོ། །དེ་ལྟ་བས་ན་ཉེ་བར་གདགས་པ་ནི་དོན་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་བཤད་པའི་ཚུལ་གྱིས་ན་ཆོས་ཅན་སྨོས་པའི་ཤུགས་ཀྱིས་ཆོས་ཅན་ཐམས་ཅད་སེལ་དུ་ཟིན་ཀྱང་ཆོས་ཅན་གང་ཡང་རུང་བ་འགའ་ཞིག་ཡོངས་སུ་བསྡུས་པར་འགྱུར་གྱི། བསྒྲུབ་

པར་བྱ་བའི་ཆོས་འགྲུབ་པར་འགྱུར་བ་ལ་འདི་གོ་ག་ལས་ཤེས་དེ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར་ཉེ་བ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཉེ་བ་དང་ལྷན་ཅིག་པའི་ཆོས་ཅན་སྨོས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བསྡུས་པ་ཡིན་ནོ་སྙམ་དུ་བསམས་པའོ། །འདིར་ཉེ་བ་ནི་བློ་ལ་སྣང་

བའམ་ཡང་ན་བསྒྲུབ་པར་བྱ་དགོས་པའོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཉེ་བར་གདགས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་འགྲུབ་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཇི་ལྟ་བུ་ཞེ་ན། ཆོས་ཅན་སྨོས་པས་ཀྱང་འགྲུབ་པར་འགྱུར་རོ་ཞེས་དེ་སྐད་དུ་སྟོན་པར་བྱེད་པའམ།

ཡང་ན་ཀྱང་ཞེས་བྱ་བའི་སྒྲའི་དོན་ནི་ཆོས་ཅན་སྨོས་པས་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཉེ་བ་དང་ལྷན་ཅིག་པའི་ཆོས་སྨོས་པས་ཀྱང་བསྒྲུབ་པར་བྱ་བའི་ཆོས་ཅན་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་རེ་ཞིག་འདིར་ཆོས་ཅན་སྨོས་པ་གཞན་དག་འཁྲུལ་པར་འགྱུར་བར་

བསྒྲུབ་པ་དང་། གྲུབ་པའི་མཐའ་སྨྲ་བས་ཀྱང་ཉེ་བར་འཁྲུལ་པར་བསྟན་པའི་ཕྱིར། དཔེའི་ཆོས་ཅན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་ཏེ། དེ་ཡང་བློ་ལ་བསྒྲུབ་པར་བྱ་བ་ཉིད་དུ་སྣང་ལ། བསྒྲུབ་པར་བྱ་བའི་སྐབས་ཀྱང་ཡིན་པས་དེའི་ཕྱིར་ཐེ་ཚོམ་དུ་

འགྱུར་བ་གཅིག་ཏུ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ལྟ་ག་ལ་ཞིག་འགྲུབ། ཡང་ཕ་རོལ་པོས་དེའི་ཆས་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདིར་དཔེའི་ཆོས་ཅན་ཡིན་པར་འདོད་པར་གྱུར་ན་ནི་དེའི་ཚེ་ཆོས་ཅན་གྱི་ཆོས་ཞེས་སྨོས་པའི་དོན་དཔེའི་ཆོས་ཅན་ལ་ཡོད་པ་

གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་བ་ཞིག་ན་དཔེའི་ཆོས་ཅན་ལ་གཏན་ཚིགས་ཡོད་པ་དེ་ཡང་དེའི་ཆས་ཁྱབ་པ་ཞེས་སྨོས་པ་ཁོ་ནས་གྲུབ་བོ། །དེའི་ཕྱིར་ལྷག་མས་ནི་ཆོས་ཅན་གྱི་ཆོས་ཞེས་སྨོས་པ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བསྡུ་བའི་དོན་ཡིན་

เล่ม ๑๘๙ · หน้า 104a

པར་འགྱུར་ཏེ། ཁྱབ་པ་ཡིད་ཆེས་པར་བྱ་བའི་ཕྱིར་དེའི་ཆས་ཁྱབ་པ་ཞེས་བྱ་བ་ཡང་གདོན་མི་ཟ་བར་བརྗོད་པར་བྱ་དགོས་སོ། །དེ་བརྗོད་མ་དེ་ཁོ་ནས་ཡོད་པར་འགྲུབ་སྟེ། དཔེ་ལ་གཏན་ཚིགས་བྱེད་ན་དེའི་ཆས་ཁྱབ་པ་མི་འཐད་དེ། གལ་ཏེ་ཆོས་ཅན་ཞེས་བྱ་བ་མ་སྨོས་ན། དེའི་ཚེ་དེའི་

ཆས་ཁྱབ་པ་ཞེས་བྱ་བ་འདི་ལ་དེ་ཞེས་བྱ་བའི་སྒྲ་གང་ལ་སྙེགས་ཤེ་ན། དེ་ནི་ཉེས་པ་མེད་དེ། སྔར་ཆོས་སྨོས་ཀྱང་ཆོས་ཅན་ཁོ་ནར་འགྱུར་རོ་ཞེས་བཤད་ཟིན་ཏོ། །དེ་ལྟ་བས་ན་དེ་ཞེས་བྱ་བའི་སྒྲ་ནི་ཆོས་སྨོས་པས་ཉེ་བར་གཞག་པའི་ཆོས་ལ་སྙེགས་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་

པའི་མཐའ་སྨྲ་བས་གྲུབ་ཀྱང་ངེས་པར་བྱ་བའི་ཕྱིར་ཡང་སྨོས་སུ་དོགས་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་ཀྱང་ངེས་པར་བྱ་བའི་ཕྱིར་ཡང་སྨོས་པ་ཡང་མཐོང་བས་དེ་གཅིག་ཏུ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ལྟ་ག་ལ་ཞིག་འགྲུབ་ངེས་པ་ཡིན་པར་དོགས་པ་དེ་ཉིད་དཔེ་དང་བཅས་པར་

བསྟན་པའི་ཕྱིར། མཐུན་པ་ལ་ཡོད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མཐུན་པའི་ཕྱོགས་ལ་ཡོད་ཅེས་བྱ་བའི་ཚིག་འདི་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་ལོག་པར་གྲུབ་པོ། །མི་མཐུན་པའི་ཕྱོགས་ལས་གཏན་ཚིགས་ལོག་པར་གྲུབ་མོད་ཀྱི། བསྒྲུབ་པར་བྱ་བ་མེད་

པ་ལ་གཏན་ཚིགས་མེད་དོ་ཞེས་སྨོས་པ་གང་ཡིན་པ་དེ་ནི་འདི་ལྟར་གཏན་ཚིགས་ནི་མེད་པ་ཁོ་ན་ལས་ལོག་པ་ཡིན་གྱི། གཞན་པ་ལས་ཀྱང་མ་ཡིན་ལ། འགལ་བ་ལས་ཀྱང་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་རྣམ་པར་བཤད་པ་ཡིན་པར་དེ་བཞིན་དུ་འདིར་ཡང་དེའི་ཆས་ཁྱབ་པ་སྨོས་པས་དཔེའི་ཆོས་

ཅན་ལ་གཏན་ཚིགས་ཡོད་པར་གྲུབ་མོད་ཀྱི། ཆོས་ཅན་གྱི་ཆོས་ཞེས་སྨོས་པ་གང་ཡིན་པ་དེ་ནི་དཔེའི་ཆོས་ཅན་གྱི་ཆོས་གང་ཡིན་པ་དེ་ནི་གཏན་ཚིགས་ཁོ་ན་ཡིན་ནོ་ཞེས་ངེས་པར་བྱ་བའི་ཆེད་ཡིན་ནོ་སྙམ་དུ་དོགས་པར་འགྱུར་རོ། །དེ་བས་ན་དེ་ལྟར་ངེས་པར་བྱ་བ་ཡིན་པར་དོགས་པ་བཟློག་པའི་ཕྱིར་

ཉེ་བར་གདགས་པར་བྱའོ་ཞེས་བྱ་བར་གནས་སོ། །འདི་ཉིད་ལ་གཏན་ཚིགས་དེ་ལྟ་བས་ན་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བའི་མཚན་ཉིད་ཀྱིས་ཤུགས་བཤད་པ་གང་ཡིན་པའི་ཤུགས་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་རྟོགས་པར་འགྱུར་མོད་ཀྱི། འོན་

เล่ม ๑๘๙ · หน้า 104b

ཀྱང་བསྒྲུབ་དཀའ་བར་འགྱུར་ལ། དེ་ཡང་ཉེ་བར་གདགས་པ་ཙམ་ཡི་གེ་མཉམ་པ་ཡོངས་སུ་སྤངས་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་འཐད་པ་གཞན་བསྡུ་བའི་དོན་ཏེ། ངེས་པར་བྱ་བ་ཡིན་པར་དོགས་པ་ཡོངས་སུ་སྤངས་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྒྲུབ་དཀའ་བ་ཡང་

ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདིར་གཙོ་བོ་ཡིན་པའི་ཕྱིར་དང་། སེམས་ལ་གཞག་པ་ཡིན་པའི་ཕྱིར་དང་། བསྒྲུབ་པར་བྱ་བ་དང་། ངེས་པར་བྱ་བ་གཉི་ག་སྲིད་པ་ལས་བསྒྲུབ་པར་བྱ་བ་སྟོབས་དང་ལྡན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ཡོངས་སུ་

བསྡུས་པར་འགྱུར་གྱི། དཔེའི་ཆོས་ཅན་ནི་ཡོངས་སུ་མི་སྡུད་པ་ཡིན་ནམ། དེ་ལྟ་བས་ན་ཉེ་བར་གདགས་པ་མི་བྱའོ་ཞེས་བྱ་བ་ཡིན་ལ་དོགས་པར་བྱ་སྟེ། དེའི་ཕྱིར། དེ་ལྟ་བས་ན་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོ་ཡིན་པ་ལ་སོགས་པའི་ཤུགས་བཤད་པ་གང་ཡིན་

པའི་ཤུགས་དེས་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་མཚན་ཉིད་ཀྱི་དོན་ཡིན་པར་རྟོགས་པར་འགྱུར་མོད་ཀྱི། འོན་ཀྱང་ཤུགས་འདིས་སྒྲུབ་པ་བསྒྲུབ་དཀའ་བར་འགྱུར་ལ། དེའི་ཉེ་བར་གདགས་པ་ཙམ་ཡི་གེ་མཉམ་པས་ཡོངས་སུ་སྤངས་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲའི་དོན་ནི་སྒྲུབ་པར་

བྱེད་པའི་དཀའ་བ་ཡང་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་ཀྱི་ཆོས་དཔྱད་པ་འདིར་དབང་ཕྱུག་སྡེ་ཞེས་བྱ་བ་ཕྱོགས་སྔ་མ་སྨྲ་བས་དེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཀླན་ཀ་བཅལ་བ་ལ་བསྟན་བཅོས་མཛད་པ་གཟུ་བོར་གྱུར་པ་འདིས་ལན་བཏབ་པོ་ཞེས་གྲག་གོ། །དེ་ལྟ་བས་

ན་ཕྱོགས་ཞེས་བྱ་བའི་སྒྲ་ནི་འདིར་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདི་ལ་བསྡུ་བ་དུ་མའི་དགོས་པ་ཡོད་པས་འདོད་པའི་བསྡུ་བ་བརྗོད་པར་འདོད་པ་ལ་ཀླན་ཀའི་བསམ་པས། གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

ཕྱོགས་ཀྱི་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་དྲུག་པའི་བསྡུ་བ་ཡིན་ནོ། །འདིར་ཕྱོགས་ཀྱི་སྒྲས་ནི་ཆོས་ཁྱད་པར་དུ་བྱེད་དོ། །དེ་ལྟ་བས་ན་ཕྱོགས་ཀྱི་ཁྱད་པར་ལ་ལྟོས་པའི་ཆོས་ལྟ་ཞིག་གཞན་དུ་འཇུག་པར་ག་ལ་འགྱུར། དེ་ཞེས་བྱ་བའི་སྒྲ་ནི་འདིར་ཕྱོགས་དང་སྦྱར་རོ། །ཕྱོགས་དེའི་ཁྱད་པར་

เล่ม ๑๘๙ · หน้า 105a

ལ་ལྟོས་པས་ན་དེའི་ཁྱད་པར་ལ་ལྟོས་པ་སྟེ། གང་ཞིག་ཕྱོགས་ཀྱི་ཁྱད་པར་དུ་བྱེད་པ་དེ་ནི་ཕྱོགས་ཁོ་ན་ལ་ཡོད་ཀྱི་གཞན་ལ་ནི་མེད་དོ། །དེ་ལྟ་བས་ན་དེ་གཞན་དུ་འཇུག་པར་ལྟ་ག་ལ་འགྱུར། ཡང་འདི་ལ་ཕྱོགས་ཀྱི་ཆོས་ཡོད་པས་ཕྱོགས་ཀྱི་ཆོས་སོ་ཞེས་འབྲུ་མང་པོ་པ་དང་།

དེ་ནི་ཕྱོགས་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་ལས་ཀྱི་གཞི་དང་། ཕྱོགས་དང་ཆོས་ཡིན་པས་ཕྱོགས་ཀྱི་ཆོས་སོ་ཞེས་ཟླས་དབྱེ་བ་དང་བསྡུ་བ་དུ་མ་ཞིག་འཐད་ན། འདིར་ཇི་ལྟར་ན་དྲུག་པའི་བསྡུ་བ་ཡིན་ཞེ་ན། སྨྲས་པ། ཕྱོགས་ཞེས་བྱ་བའི་སྒྲ་ནི་འདིར་ཆོས་ཅན་ཡིན་པར་བཞེད་

དོ། །དེ་ཡང་ཆོས་ཅན་གྱི་རང་གི་ངོ་བོ་ཡོངས་སུ་མ་བོར་ན་གང་གི་ཆོས་སུ་ཡང་མི་འགྱུར་བས་འབྲུ་མང་པོ་པ་གསལ་བ་ཡིན་ནོ། །དེ་ཉིད་ཀྱི་ལས་ཀྱི་གཞི་ཡང་མེད་དེ། ཆོས་ཅན་གྱི་ངོ་བོ་ཡོངས་སུ་མ་བོར་ན་ཆོས་སུ་མི་འགྱུར་རོ། །ཟླས་དབྱེ་བ་ཡང་གལ་ཏེ་ཕན་ཚུན་ལྡན་པ་ཡིན་ན་ནི་དེའི་ཚེ་

གཉིས་ཀྱི་ཚིག་ཏུ་བྱ་དགོས་སོ། །འོན་ཏེ་གཅིག་ཏུ་བསྡུ་བ་ཡིན་ན་ནི་དེའི་ཚེ་ཕྱོགས་ཀྱི་ཆོས་ཞེས་བྱ་བ་མ་ནིང་གི་རྟགས་སུ་བྱ་དགོས་སོ། །དེ་དག་ལ་མ་གཏོགས་པ་ནི་དྲུག་པའི་བསྡུ་བ་ཡིན་ན། དེ་ལ་ཡང་ཀླན་ཀ་ཡོད་པས་ཕྱོགས་སྔ་མའི་དོགས་པས་གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ། མ་འབྲེལ་བ་རྣམ་

པར་བཅད་པས་བྱེ་བྲག་ཏུ་བྱས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདིར་ནི་མ་འབྲེལ་པ་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་མ་འབྲེལ་པ་རྣམ་པར་གཅད་པ་བྱེ་བྲག་ཏུ་བྱས་པའི་ཕྱིར་ཇི་སྐད་བཤད་པའི་ཉེས་པར་ཐལ་བར་མི་འགྱུར་རོ། །འདིར་མ་འབྲེལ་བའི་སྒྲ་ནི་མི་སྲིད་པ་ཡིན་པར་བཤད་དོ། །

དེས་ན་འདི་སྐད་དུ་སྒྲ་ལ་བྱས་པ་ཉིད་ཡོད་ཀྱི། སྒྲའི་ཆོས་བྱས་པ་ཉིད་ཁོ་ན་མེད་པའང་མ་ཡིན་ལ། ཆོས་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །འདིར་དཔེར། དཔེར་ན་ནག་པ་གཞུ་ཐོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་གྱི་ཞེས་བྱ་བ་སྨོས་སོ། །འདིར་ནག་པ་གཞུ་ཐོགས་པ་ཁོ་ནའོ་ཞེས་

གཞུ་ཐོགས་པ་མ་ཡིན་པ་ཉིད་འགོག་པ་ཡིན་གྱི། ནག་པ་ཁོ་ན་གཞུ་ཐོགས་སོ་ཞེས་བྱ་བ་ནི་མ་ཡིན་ནོ། །རེ་ཞིག་དེ་ལྟར་འདོད་པའི་ངེས་པར་གཟུང་བ་བསྟན་པ་ཡིན་ནོ། །མི་འདོད་པའི་ངེས་པར་གཟུང་བ་བསལ་བར་བྱ་བའི་ཕྱིར། གཞན་དང་འབྲེལ་པ་རྣམ་པར་བཅད་པས་ནི་མ་ཡིན་ནོ་ཞེས་

เล่ม ๑๘๙ · หน้า 105b

བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ལ་འབྲེལ་བ་ནི་གཞན་དང་འབྲེལ་པ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདིར་མ་འབྲེལ་པ་རྣམ་པར་གཅོད་པར་བྱེད་པ་ཡིན་གྱི། གཞན་དང་འབྲེལ་པ་གཅོད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཚིག་གི་དོན་ནི་ཕྱོགས་ཀྱི་ཆོས་ཁོ་ན་ཡིན་གྱི། ཕྱོགས་ཁོ་ནའི་ཆོས་ནི་མ་ཡིན་ནོ་ཞེས་བྱ་བ་

འདི་ཡིན་ནོ། །དཔེར་ན་བརྒྱ་བྱིན་གྱི་བུ་གཞུ་ཐོགས་པ་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། འདིར་བརྒྱ་བྱིན་གྱི་བུ་ཁོ་ན་གཞུ་ཐོགས་སོ་ཞེས་གཞུ་ཐོགས་པ་ཕུལ་དུ་བྱུང་བ་གཞན་དག་སེལ་བར་བྱེད་པ་ཡིན་ནོ། །གང་གིས་ན་ལ་ལར་ནི་མ་འབྲེལ་བ་རྣམ་པར་བཅད་པས་ངེས་པར་གཟུང་བར་འདོད་ལ། ལ་ལར་ནི་གཞན་དང་

འབྲེལ་བ་རྣམ་པར་གཅད་པ་ངེས་པར་གཟུང་བར་འདོད་པའི་འདོད་རྒྱལ་འདི་ག་ལས་སྨྲས་པ། གང་དུ་ཅི་ཡོད་དམ་མེད་ཅེས་ཆོས་ཀྱི་རང་གི་ངོ་བོ་ལ་ཐེ་ཚོམ་ཟ་བ་དེར་གང་གི་ཚེ་ཡོད་པར་སྒྲུབ་པར་བྱེད་པ་དེའི་ཚེ་མེད་པ་རྣམ་པར་བཅད་པ་རིགས་པར་གྱུར་པ་ཡིན་ནོ། །དེ་ཉིད་མ་འབྲེལ་བ་རྣམ་པར་བཅད་

པ་ཞེས་བྱ་སྟེ། འདི་ལྟར་ཅི་ནག་པ་གཞུ་ཐོགས་སམ། འོན་ཏེ་མི་ཐོགས་ཞེས་ནག་པ་གཞུ་ཐོགས་པ་ཉིད་ལ་ཐེ་ཚོམ་ཟ་བ་དེར་ནག་པ་གཞུ་ཐོགས་སོ་ཞེས་སྨྲས་ན། གཞུ་ཐོགས་པ་ཉིད་མི་སྲིད་པ་ཉིད་རྣམ་པར་གཅོད་པ་ཡིན་ལ། གང་དུ་ཆོས་ཀྱི་རང་གི་ངོ་བོ་གྲུབ་ལ། གཞན་ལ་ཕུལ་དུ་བྱུང་བ་ཡོད་དམ་མེད་པ་ཐེ་ཚོམ་ཟོས་

ནས་མེད་པ་སྒྲུབ་པར་བྱེད་པའི་སྒྲ་སྦྱོར་བར་བྱེད་པ་དེར་ནི་གཞན་དག་དང་འབྲེལ་པ་རྣམ་པར་གཅོད་པར་བྱེད་པ་ཡིན་ཏེ། འདི་ལྟར་བརྒྱ་བྱིན་གྱི་བུ་གཞུ་ཐོགས་པ་ཁོ་ནར་གྲུབ་ལ། ཅི་དེ་དང་འདྲ་བ་གཞན་ལ་ཡོད་དམ། འོན་ཏེ་མེད་ཅེས་ཐེ་ཚོམ་ཟ་བ་ལ་བརྒྱ་བྱིན་གྱི་བུ་གཞུ་ཐོགས་སོ་ཞེས་སྨོས་ན། གཞན་དང་འབྲེལ་པ་

རྣམ་པར་གཅོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་སྒྲ་ལ་སོགས་པ་ཆས་ཅན་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་ཅི་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་བ་དེའི་ཚེ་ཕྱོགས་ཀྱི་ཆོས་སྒྲུབ་པར་བྱེད་པའི་སྒྲས་མ་འབྲེལ་པ་ཁོ་ན་རྣམ་པར་གཅད་པར་བྱ་བ་ཡིན་གྱི། གཞན་དང་འབྲེལ་པ་རྣམ་པར་གཅད་པར་བྱ་བ་ནི་མ་ཡིན་ནོ། །

རེ་ཞིག་དེ་ལྟར་ཕྱོགས་ཀྱི་ཆོས་སྐྱོན་མཐའ་དག་སྤངས་ཏེ་གཞུང་བཙུགས་པ་ཡིན་ནོ། །ཡན་ལག་གཞན་བཤད་པར་བཞེད་ནས། དེའི་ཆ་ནི་དེའི་ཆོས་སོ་ཞེས་བྱ་བ་སྨོས་ཏེ་དེ་ཞེས་བྱ་བའི་སྒྲས་ནི་ཕྱོགས་ཡོངས་སུ་གཟུང་ངོ་། །གཙོ་བོ་ཡིན་པའི་ཕྱིར་དང་། འདས་མ་ཐག་པ་ཡིན་པའི་ཕྱིར་ཆོས་ལ་སྙེགས་པར་རིགས་མོད་ཀྱི།

เล่ม ๑๘๙ · หน้า 106a

འོན་ཀྱང་མི་སྲིད་པའི་ཕྱིར་ཕྱོགས་ཁོ་ན་སྦྱར་ཏེ། འདི་ལྟར་ཆོས་ལ་ནི་ཆོས་གཞན་ཡོད་པ་མ་ཡིན་ནོ། །ཆ་ཞེས་བྱ་བའི་ཚིག་ནི་ཆོས་ཀྱི་ཚིག་ཏུ་བརྗོད་དེ། འདི་ལྟར་ཕྱོགས་ཞེས་བྱ་བའི་སྒྲ་ནི་འདིར་ཆོས་ཅན་ཁོ་ན་ཡིན་པར་བརྗོད་དོ། །དེ་ལྟ་བས་ན་ཆ་ཞེས་བྱ་བའི་

སྒྲ་ཡན་ལག་གི་ཚིག་ཏུ་ག་ལ་འགྱུར། ཁྱབ་པའི་རང་གི་ངོ་བོ་བསྟན་པར་བཞེད་ནས། ཁྱབ་པ་ནི་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུབ་པ་ནི་ཁྱབ་པ་སྟེ། ཟིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རེས་འགའ་ནི་ཁྱབ་པར་བྱེད་པའི་ཆོས་ཡིན་

པར་བརྗོད་པར་བཞེད་ལ། རེས་འགའ་ནི་ཁྱབ་པར་བྱ་བའི་ཆོས་ཡིན་པར་བརྗོད་པར་བཞེད་དེ། གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་ཡིན་པ་དེའི་ཚེ་གཏན་ཚིགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཁོ་ན་ཁྱབ་པ་ཡིན་ཏེ། གདོན་མི་ཟ་བར་དེ་ཡོད་པ་ཁྱབ་པའི་སྒྲར་བརྗོད་པར་བྱའོ་ཞེས་

བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་འདོད་པའི་ཁྱབ་པ་ཁོ་ན་མི་སྲིད་དོ། །གལ་ཏེ་ང་ལ་ཁྱབ་པར་བྱེད་པ་ཁོ་ན་ཡོད་དོ་ཞེས་དེ་སྐད་དུ་ངེས་པར་གཟུང་ན། དེའི་ཚེ་མི་སྲིད་པ་ཅན་གྱི་མཚན་ཉིད་དུ་འགྱུར་ཏེ། གང་ཞིག་བསྒྲུབ་པར་བྱ་བའི་ཆོས་འབའ་ཞིག་གིས་ཁྱབ་པ་དེ་ལྟ་བུའི་ཆོས་དེ་ནི་

འགའ་ཡང་མེད་དོ། །འོན་ཏེ་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་དོ་ཞེས་ངེས་པར་གཟུང་ངོ་ཞེ་ན་ནི། དེའི་ཚེ་མཐུན་པའི་ཕྱོགས་གཅིག་ལ་འཇུག་པ་བརྩལ་མ་ཐག་ཏུ་འབྱུང་བ་ལ་སོགས་པ་གཏན་ཚིགས་ཉིད་དུ་མི་འགྱུར་ཏེ། མི་རྟག་པ་ནི་བརྩལ་མ་ཐག་ཏུ་འབྱུང་བ་དག་ཁོ་ན་ལ་ཡོད་

པ་མ་ཡིན་གྱི། གློག་ལ་ཡང་ཡོད་པའི་ཕྱིར་རོ། །གཞལ་བྱ་ལ་སོགས་པ་ཐུན་མོང་བ་ཡང་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་ཏེ། འདི་ལྟར་རྟག་པ་ཉིད་ནི་གཞལ་བྱ་ཁོ་ན་དག་ལ་ཡོད་དོ། །གང་གི་ཚེ་ཁྱབ་པར་བྱ་བའི་ཆོས་ཡིན་པར་བརྗོད་པར་བཞེད་པ་དེའི་ཚེ་ནི་དེ་ལ་ཁྱབ་

པར་བྱ་བ་ཡོད་པ་ཁོ་ན་ལ་ཁྱབ་པ་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་དག་ལ་གཏན་ཚིགས་ཡོད་པ་ཁོ་ན་ཁྱབ་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་མེད་པའི་གཏན་ཚིགས་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མ་ཡིན་ན་འདོད་པའི་ཁྱབ་པ་མི་སྲིད་དོ། །འདིར་ཡང་གལ་ཏེ་དེ་ལ་

เล่ม ๑๘๙ · หน้า 106b

ཁྱབ་པར་བྱ་བ་ཁོ་ན་ཡོད་དོ་ཞེས་ངེས་པར་གཟུང་ན་ནི་དེའི་ཚེ་མི་སྲིད་པ་ཅན་གྱི་མཚན་ཉིད་དུ་འགྱུར་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་གང་དག་ལ་གཏན་ཚིགས་འབའ་ཞིག་ཡོད་པ་ནི་འགའ་ཡང་མེད་དོ། །འོན་ཏེ་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་དམ་ཞེས་ངེས་པར་གཟུང་བར་བྱའོ་

ཞེ་ན་ནི། དེའི་ཚེ་མཐུན་པའི་ཕྱོགས་གཅིག་ལ་འཇུག་པ་གཏན་ཚིགས་ཉིད་དུ་མི་འགྱུར་ཏེ། མི་རྟག་པ་དག་ལ་བརྩལ་མ་ཐག་ཏུ་འབྱུང་བ་ཡོད་པར་གདོན་མི་ཟ་བ་མ་ཡིན་ཏེ། གློག་ལ་མེད་པའི་ཕྱིར་རོ། །ཐུན་མོང་ཡང་གཏན་ཚིགས་སུ་འགྱུར་ཏེ། འདི་ལྟར་རྟག་པ་དག་ལ་ནི་

གཞལ་བྱ་ཉིད་ཡོད་པར་གདོན་མི་ཟ་བ་ཡིན་ནོ། །ཁྱབ་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོའི་ཆོས་སུ་བརྗོད་པ་ནི་ལྡན་པ་བཞིན་དུ་གཉི་གའི་རྣམ་པ་གཅིག་ཏུ་རྟོགས་པར་འགྱུར་དུ་འོང་བ་རབ་ཏུ་བསྟན་པའི་ཕྱིར་ཏེ། འདི་ལྟར་གང་དག་ལྡན་པ་ལ་སོགས་པའི་འབྲེལ་པ་བསྒྲུབ་པར་

བྱ་བ་འགྲུབ་པའི་རྒྱུ་མཚན་དུ་འདོད་པ་དེ་དག་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་དག་གི་འབྲེལ་པ་ལྡན་པ་རྟེན་ཉིད་དུ་ཐ་མི་དད་ཅིང་རྣམ་པ་གཅིག་པར་རྟོགས་སོ། །འདིར་ནི་ཁྱབ་པར་བྱེད་པ་ལ་ལྟོས་ན་ནི་མ་འབྲེལ་པ་རྣམ་པར་བཅད་པས་ཁྱབ་པ་ཡིན་ལ། ཁྱབ་པར་བྱ་བ་ལ་

ལྟོས་ན་ནི་གཞན་དང་འབྲེལ་པ་རྣམ་པར་བཅད་པས་འབྲེལ་པ་ཡིན་པས་འབྲེལ་པ་རྣམ་པ་ཐ་དད་པར་རྟོགས་སོ། །རེ་ཞིག་དེ་ལྟར་ཁྱབ་པ་གཉི་གར་བསྟན་ཏོ། །དེ་ལ་འདི་སྙམ་དུ་ཁྱབ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ལ་རག་ལུས་པ་ཡིན་པས། དེའི་ཕྱིར་དང་པོར་དེ་

གཉིས་ཁོ་ན་གཏན་ལ་དབབ་པ་བརྗོད་པར་བྱ་དགོས་སོ་ཞེས་སེམས་པར་འགྱུར་བ་དེའི་ཕྱིར། འདིས་རྗེས་སུ་འགྲོ་བའམ་ལྡོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱབ་པ་གཏན་ལ་དབབ་པ་བརྗོད་པ་ཁོ་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་རང་གི་ཚད་མ་ཇི་ལྟ་བ་སྟེ།

བདག་ཉིད་ཀྱི་ཚད་མ་ཇི་ལྟ་བུས་ངེས་པར་བཤད་པར་རིག་པར་བྱའོ། །འམ་ཞེས་བྱ་བའི་སྒྲ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཅིག་གིས་ཀྱང་ཁྱབ་པ་ཡང་དག་པར་སྟོན་ནུས་པར་ཤེས་པར་བྱ་བའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ངེས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་

เล่ม ๑๘๙ · หน้า 107a

པའི་སྐབས་ཀྱིས་བལྟ་བར་བྱའི། ཁྱབ་པ་སྨོས་པས་ནི་མ་ཡིན་ནོ། །ཕྱོགས་ཀྱི་ཆོས་ཀྱི་སྨོས་པ་ནི་སྦྱོར་བའི་རིམ་པ་གཙོ་བོ་མ་ཡིན་པར་བསྟན་པའི་ཕྱིར་རོ། །དང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏོ། །ཇི་ལྟར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་

ཁྱབ་པ་འཕེན་པར་བྱེད་སྙམ་པ་ལ། གཏན་ཚིགས་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཏན་ཚིགས་ཐམས་ཅད་ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་གྱུར་ན་དེའི་ཚེ་ཁྱབ་པ་ཡང་མི་སྲིད་པ་ཁོ་ནར་འགྱུར་ཏེ། དེ་ལྟ་བས་ན་ཁྱབ་པ་ནི་རྗེས་སུ་འགྲོ་བ་ལ་རག་ལུས་པ་ཡིན་ནོ། །

ཁྱབ་པར་བྱེད་པ་ལོག་ན་ཡང་ལྡོག་པར་ངེས་པ་ཡིན་ནོ། །དེ་ལྟ་བས་ན་གང་ཞིག་ལོག་ན་ངེས་པར་ལྡོག་པར་འགྱུར་བ་དེ་ནི། དེའི་ཁྱབ་པར་བྱེད་པ་ཡིན་པར་འགྲུབ་པར་ཁྱབ་པ་ནི་ལྡོག་པ་ལ་རག་ལུས་པ་ཡིན་ནོ། །མཇུག་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་

དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡོད་ན་ཁྱབ་པ་སྲིད་པ་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་གིས་ཁྱབ་པ་ངེས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དེ་དག་ངེས་པའི་ཁྱབ་པ་ངེས་

པ་ལ་རག་ལུས་པ་དེའི་ཕྱིར་གང་དུ་ཁྱབ་པ་བསྟན་པ་དེར་དེ་གཉིས་ངེས་པ་ཡང་འཕངས་པར་རིག་པར་བྱ་སྟེ། དེ་ལྟར་ན་ཁྱབ་པས་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་འཕངས་པ་ཡིན་ནོ། །དེ་གཉིས་ཇི་ལྟར་ངེས་པ་ནི་འོག་ནས་བསྒྲུབ་པ་ཡིན་ཏེ། དེ་ལྟ་ན་ནི་འཕེན་པ་འབའ་ཞིག་སྒྲུབ་

པར་ཟད་དོ། །དེ་ལ་ཕྱོགས་ཀྱི་ཆོས་ངེས་པ་བསྒྲུབ་པར་བཞེད་ནས། དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་ལ་ཕྱོགས་ཀྱི་ཆོས་མངོན་སུམ་མམ་རྗེས་སུ་དཔག་པའི་སྒོ་ནས་རབ་ཏུ་གྲུབ་པ་གང་ཡིན་པ་དེ་ཉིད་དེའི་ངེས་པ་ཡིན་ཏེ། རབ་

ཏུ་གྲུབ་པ་དང་ཤེས་པ་ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །མངོན་སུམ་གྱི་སྒོ་ནས་རབ་ཏུ་གྲུབ་པ་བསྟན་པའི་ཕྱིར་དཔེར་ན་ཕྱོགས་ན་དུ་བ་ཞེས་བྱ་བ་སྨོས་ཏེ། ཕྱོགས་ན་ནི་དུ་བ་མངོན་སུམ་གྱི་སྒོ་ནས་གྲུབ་པོ། །གང་ཞིག་དུ་བ་དང་འབྲེལ་པ་ཅན་གྱི་ཕྱོགས་མངོན་སུམ་དུ་འགྱུར་བ་ཁོ་

เล่ม ๑๘๙ · หน้า 107b

ན་མ་ཡིན་ན། ཇི་ལྟར་དེ་ན་མངོན་སུམ་གྱི་སྒོ་ནས་དུ་བ་འགྲུབ་པར་འགྱུར། དེ་ལྟ་བས་ན་སྣང་བ་དུ་བ་ཁོ་ན་ཆོས་ཅན་ཡིན་པར་རིགས་ཏེ། དེ་ལ་ནི་མངོན་སུམ་གྱིས་འཛིན་པར་སྲིད་དོ། །དེ་ལྟ་བས་ན་སྦྱོར་བ་ནི་དུ་བ་ལས་དུ་བ་འདི་ནི་མེ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་འདིར་འགྱུར་

རོ་སྙམ་དུ་སེམས་པའི་རྒོལ་བ་དེ་ལ། འདི་སྐད་དུ་ཁྱོད་ཀྱི་ལྟར་ན་ཡང་དུ་བའི་རྩ་བ་མེ་དང་འབྲེལ་པ་ཅན་གྱི་ཡན་ལག་གང་ཡིན་པ་དེ་ཉིད་མི་སྣང་བ་མ་ཡིན་ནམ། དེ་ལྟ་བས་ན་ཉེས་པ་མཚུངས་སོ་ཞེས་བརྒལ་ཞིང་བརྟག་པར་བྱའོ། །དེ་ལ་འདི་སྙམ་དུ་དུ་བའི་ཡན་ལག་ཅན་

དེ་ཡོད་པས་དེས་ན་ཉེས་པ་འགའ་ཡང་མེད་དོ་སྙམ་དུ་སེམས་ན། འོ་ན་ནི་འདི་ན་ཡང་ཕྱོགས་ཀྱི་ཡན་ལག་ཅན་ཡོད་པར་འགྱུར་བས་མཚུངས་སོ། །ཕྱོགས་ཁོ་ན་ཆོས་ཅན་ཉིད་དུ་རིགས་ཏེ། འདི་ལྟར་འཇིག་རྟེན་ན་ཕྱོགས་ན་མེ་ཡོད་དོ་ཞེས་བརྗོད་ཀྱི། དུ་བ་ལ་ཡོད་དོ་ཞེས་ནི་

མི་ཟེར་རོ། །རྗེས་སུ་དཔག་པའི་སྒོ་ནས་རབ་ཏུ་གྲུབ་པ་བསྟན་པའི་ཕྱིར། སྒྲ་ལས་བྱས་པ་ཉིད་ལྟ་བུའོ་ཞེས་བྱ་བ་སྨོས་ཏེ། སྒྲ་ལ་ནི་རྐྱེན་ཐ་དད་པས་ཐ་དད་པའི་བྱས་པ་ཉིད་རྗེས་སུ་དཔག་པའི་སྒོ་ནས་གྲུབ་བོ། །མངོན་སུམ་རྟོགས་པ་མེད་པ་ཉིད་ཡིན་ན་ཇི་ལྟར་དེས་ཕྱོགས་

ན་དུ་བ་འཛིན། འདི་ལྟར་ཕྱོགས་འདི་ན་དུ་བ་ཡོད་དོ་ཞེས་ཕྱོགས་དང་འབྲེལ་པ་ཅན་དུ་དུ་བ་གཟུང་བར་བྱ་དགོས་ན། མངོན་སུམ་རྣམ་པར་རྟོག་པ་མེད་པ་ནི་རྟེན་དང་བརྟེན་པའི་དངོས་པོ་མི་འཛིན་ན། དེ་ཇི་ལྟར་ན་ཕྱོགས་ན་དུ་བ་མངོན་སུམ་གྱི་སྒོ་ནས་རབ་ཏུ་གྲུབ་སྙམ་པ་ལ། དུ་བ་

དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་དང་ལྷན་ཅིག་འཇུག་པ་ནི་དུ་བ་དང་བཅས་པ་སྟེ། དུ་བ་དང་ལྷན་ཅིག་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གཞན་གྱིས་དབེན་པའི་ངོ་བོ་ཅན་ཞེས་བྱ་བ་ནི་སྣང་བའི་ཕྱོགས་ལས་གཞན་པའི་ཕྱོགས་ནི་དོན་གཞན་ནོ། །གང་ལ་

དེས་དབེན་ཞིང་བྲལ་བའི་ངོ་བོ་ཡོད་པ་དེ་ནི་དོན་གཞན་གྱིས་དབེན་པའི་ངོ་བོ་ཅན་ཏེ། དུ་བ་མེད་པ་ལ་སོགས་པའི་རང་གི་ངོ་བོ་དང་བྲལ་བའི་རང་གི་ངོ་བོ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཐུན་མོང་མ་ཡིན་པའི་བདག་ཉིད་དུ་ཞེས་བྱ་བ་ནི་དུ་བ་མེད་པ་དང་། དེ་ལས་གཞན་པའི་དུ་

เล่ม ๑๘๙ · หน้า 108a

བ་དང་བཅས་པའི་ཕྱོགས་དག་ལས་ཐ་དད་པ་བདག་ཉིད་སོ་སོར་ངེས་པའི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་སུམ་གྱིས་མཐོང་བ་ལ་ཞེས་བྱ་བ་ནི་སྐྱེས་བུ་གང་གི་ངོ་བོ་དེ་ལྟ་བུ་མངོན་སུམ་དུ་མཐོང་བ་ཡིན་ཏེ། མངོན་སུམ་དུ་མཐོང་བ་དེ་ལའོ། །ཇི་

ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་ཞེས་བྱ་བ་ནི་ཇི་ལྟར་མཐོང་བའི་དོན་དུ་བ་དང་བཅས་པའི་ཕྱོགས་དོན་གཞན་ལས་ཐ་དད་པ་ལ་ལོག་པའི་མཚན་ཉིད་གང་ཡིན་པ་སྟེ། ཤེས་པ་གང་ལ་ཡུལ་དེ་ཡོད་པ་དེ་ནི་ཇི་ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་ནོ། །དྲན་པ་རྟགས་ཤེས་པ་ཞེས་

བྱ་བ་ནི་དྲན་པ་ཉིད་དྲན་པ་ཡིན་ནོ། །རྟགས་འཛིན་པའི་ཤས་པ་ནི་རྟགས་ཤེས་པའོ། །དེས་ན་འདི་སྐད་དུ་མངོན་སུམ་གྱིས་མདུན་ན་བླ་འོག་ཏུ་རྣམ་པར་གནས་པའི་དངོས་པོ་གཉིས་ཇི་ལྟར་གནས་པའི་རང་གི་ངོ་བོ་ཙམ་དེའི་རྣམ་པ་སྐྱེས་པས་ཤེས་ལ། དེའི་འོག་ཏུ་བླ་འོག་གི་

དངོས་པོ་གཉིས་རྟོགས་པར་བྱེད་པ་ན། གང་གི་ཕྱོགས་ན་དུ་བ་ཡོད་དོ་ཞེས་བྱ་བ་དེ་ལྟར་རྟོགས་པར་འགྱུར་བ་བཟུང་ཟིན་པ་དེ་མངོན་པར་བརྗོད་པ་ཡོད་པའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་རོ། །དེ་ཉིད་ཀྱི་སྟོབས་ཀྱིས་དེའི་ངོ་བོ་མ་ཡིན་པ་སེལ་བར་བྱེད་པ་ན། གང་གི་འདི་ན་

དུ་བ་མེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་རྟོགས་པར་འགྱུར་བ་དགག་པའི་རྟོག་པ་སྐྱེ་བར་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །དེ་ལྟ་བས་ན་དེ་ལྟར་མངོན་སུམ་ནི་རྣམ་པར་རྟོག་པ་གཉིས་ཀྱི་རྒྱུ་ཡང་ཡིན་ལ། བདག་ཉིད་ཀྱིས་ཀྱང་དེའི་རྣམ་པ་སྐྱེས་པས་དེའི་རང་གི་ངོ་བོ་ཡོངས་སུ་

འཛིན་ན། དེ་ཇི་ལྟར་ཕྱོགས་ན་དུ་བ་ཡོད་པའི་འབྲེལ་པ་ཡོངས་སུ་གཅོད་པར་མི་འགྱུར་ཏེ། འདི་ལྟར་འབྲེལ་པ་འཛིན་པ་ནི་འདི་ན་འདི་ཡོད་དོ་ཞེས་བྱ་བའམ། འདི་འདིའི་ཡིན་ནོ་ཞེས་བྱ་བར་ཡིད་ཆེས་པ་གང་ཡིན་པ་དེ་ལྟ་བུ་ཡིན་ལ། དེ་ཡང་རྣམ་པར་མི་རྟོག་བཞིན་དུ་

མངོན་སུམ་ལ་སྲིད་ན་ཇི་ལྟར་མི་འཛིན་ཅེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ལྟར་ཤེས་པའི་ཚོགས་སྐྱེས་པ་ལ་ཚད་མ་ཉིད་དཔྱད་པའི་ཕྱིར། དེ་ལ་དང་པོ་ཡུལ་ཐུན་མོང་མ་ཡིན་པ་མཐོང་བ་གང་ཡིན་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོར་ཡུལ་ཐུན་མོང་མ་ཡིན་

เล่ม ๑๘๙ · หน้า 108b

པ་མཐོང་བ་ཞེས་བྱ་བ་གང་ཡིན་པ་དེ་ཁོ་ན་འདིར་ཚད་མ་ཡིན་ཏེ། འདི་ལྟར་དེ་ནི་དངོས་པོ་དང་དངོས་སུ་འབྲེལ་པ་ཡིན་ལ། དེའི་སྟོབས་ཁོ་ནས་རྣམ་པར་རྟོག་པ་སྐྱེའོ། །དེ་ལྟ་བས་ན་རྩ་བར་གྱུར་པའི་ཕྱིར་དང་། དངོས་པོ་དང་དངོས་སུ་འབྲེལ་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ནོ།

དྲན་པ་ཚད་མ་ཉིད་དུ་དགག་པའི་ཕྱིར། དེ་དེ་ལྟར་མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་དང་བཅས་པའི་ཕྱོགས་དེ་ཐུན་མོང་མ་ཡིན་པའི་ངོ་བོར་མཐོང་ནས་སོ། །དེ་ལྟ་བུའི་ཕྱོགས་དེ་རྣམ་པ་གང་དང་གང་གིས་ཐུན་མོང་མ་ཡིན་པ་སྟེ། དུ་བ་སྣང་བ་དང་ལྡན་པའམ།

ཡང་ན་འདོད་པའི་ཕྱོགས་དང་འབྲེལ་པའམ། ཡང་ན་གཞན་གང་ཡང་རུང་བའི་རྣམ་པས་ཐུན་མོང་མ་ཡིན་པའོ། །དུ་བ་དང་བཅས་པའི་ཕྱོགས་དེའི་ཐུན་མོང་མ་ཡིན་པ་ཉིད་དོན་གཞན་ལས་ལོག་པའི་ངོ་བོ་མངོན་པར་བརྗོད་པ་ནི་ཡང་མངོན་སུམ་དུ་བྱེད་པ་སྟེ། མངོན་སུམ་གྱི་

སྟོབས་ཀྱི་དོན་གཞན་ལས་ལོག་པའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་གང་ཡིན་པ་དེ་ནི། ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པར་འཛིན་པའི་ཕྱིར་ཚད་མར་མི་འདོད་དོ། །དེའི་ཐུན་མོང་མ་ཡིན་པ་ནི་དེའི་ཐུན་མོང་མ་ཡིན་པའོ། །དེ་ལས་ཐ་དད་པ་ཞེས་བྱ་བ་ནི། དེ་ཞེས་བྱ་བའི་སྒྲས་ནི་

དོན་གཞན་ཡོངས་སུ་བཟུང་ངོ་། །ཐ་དད་པ་ཞེས་བྱ་བའི་སྒྲས་ནི་ལོག་པ་བཟུང་ངོ་། །དེ་ལས་ཐ་དད་པ་ཞེས་བྱ་བ་འདིས་ནི་ཐུན་མོང་མ་ཡིན་པ་ཉིད་ཁོ་ན་སྟོན་ཏོ། །དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་ཞེས་བྱ་བ་ནི་དུ་བ་དང་བཅས་པའི་ཕྱོགས་དེ་ཉིད་ལ་དེ་ཞེས་བྱ་བའི་སྒྲར་བརྗོད་དོ། །དེ་མ་ཡིན་

པ་ནི་དེ་མ་ཡིན་པ་སྟེ། དོན་གཞན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལས་ལོག་པ་ནི་དེ་མ་ཡིན་པ་ལས་ལོག་པའོ། །གང་ལ་ཡུལ་དེ་མ་ཡིན་པ་ལས་ལོག་པ་ཡོད་པ་དེ་ནི་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་ནོ། །མངོན་སུམ་གྱིས་མཐོང་བའི་རྣམ་པ་གང་ཡིན་པ་དེ་ནི་ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པ་སྟེ། དེ་ལྟ་

བས་ན་བཟུང་ཟིན་པ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ནོ་སྙམ་དུ་བསམས་པའོ། །རྣམ་པར་རྟོག་པ་ནི་ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པ་འཛིན་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་པ་ལ། སྔར་ཐུན་མོང་མ་ཡིན་པ་མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ཁོ་ནས་དུ་བ་དང་བཅས་པའི་ཕྱོགས་དེ་ཐུན་མོང་མ་ཡིན་པའི་ངོ་བོར་ཡོངས་སུ་བཟུང་བ་

เล่ม ๑๘๙ · หน้า 109a

ཡིན་ལ། མངོན་སུམ་གྱི་གཟུང་བ་ཐུན་མོང་མ་ཡིན་པ་དེ་ཉིད་ལ་དེའི་ངོ་བོར་བརྗོད་པས་ཡང་མངོན་སུམ་དུ་བྱེད་པའི་སྔོན་མ་རྟོགས་པའི་དོན་རྟོགས་པར་བྱ་བ་མེད་པས་རྣམ་པར་རྟོག་པ་ནི་ཇི་ལྟར་ཡོངས་སུ་མཐོང་བའི་དོན་འཛིན་པར་བྱེད་པ་ཡིན་ཏེ། དེ་ལྟ་བས་ན་དེ་ལྟར་དྲན་པ་ཡིན་ན་ཇི་ལྟར་ཡོངས་སུ་

མཐོང་བའི་དོན་འཛིན་པའི་ཕྱིར་ཚད་མ་ཉིད་དུ་དགག་གོ། །དང་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །སྤྱི་མེད་ན་རྣམ་པར་རྟོག་པས་ཕྱོགས་ཀྱི་ཆོས་ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པའི་རྣམ་པས་འཛིན་པའི་ཕྱིར་ཚད་མ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྤྱི་ཡོད་དུ་ཆུག་ན་ཡང་དོན་བྱེད་པ་བསྒྲུབ་པ་མ་རྟོགས་པའི་ཕྱིར་

ཚད་མ་མ་ཡིན་ནོ་ཞེས་བསྡུ་བའི་དོན་ཏོ། །ད་ནི་ཕ་རོལ་དུ་སྤྱི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཉིད་དུ་མི་འདོད་བཞིན་དུ་ཚད་མ་ཉིད་དགག་པའི་ཕྱིར། དོན་བྱེད་པ་བསྒྲུབ་པ་མཐོང་ཟིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་དོན་བྱ་བ་བྱེད་པའི་དངོས་པོ་གང་ཡིན་པ་དེ་ནི་མངོན་སུམ་ཁོ་ནས་

མཐོང་ཟིན་པ་ཡིན་ནོ། །དེ་མཐོང་ནས་ཕྱིས་རྣམ་པར་རྟོག་པ་འཇུག་པ་གང་ཡིན་པ་དེ་ནི་དོན་བྱ་བ་བྱེད་པའི་དངོས་པོ་མ་མཐོང་བ་ཅུང་ཟད་ཀྱང་རྟོགས་པ་མེད་དོ། །འདིར་རྗེས་སུ་དཔག་པ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། ཇི་ལྟར་རྗེས་སུ་དཔག་པས་དོན་བྱ་བ་བྱེད་པའི་དངོས་པོ་མ་མཐོང་བ་རྟོགས་པ་ལྟར་རྣམ་པར་རྟོག་

པ་ནི། དེ་ལྟ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟ་བས་ན་རྣམ་པར་རྟོག་པ་ནི་དོན་བྱ་བ་བྱེད་པའི་དངོས་པོ་མ་མཐོང་བ་རྟོག་པ་མེད་པའི་ཕྱིར་ཚད་མ་མ་ཡིན་ནོ། །དོན་གྱི་བྱ་བ་ནི་བྱེད་པའོ། །དོན་ནི་དགོས་པའོ། །བྱེད་པ་ནི་སྒྲུབ་པའོ། །དོན་བྱེད་པའི་སྒྲུབ་པ་ནི་དོན་བྱེད་སྒྲུབ་པའོ། །དེ་སྒྲུབ་པ་ཞེས་བྱ་བ་ནི་འདིར། དེ་ཞེས་

བྱ་བའི་སྒྲ་ནི་དོན་བྱེད་པ་དང་སྦྱར་རོ། །ཡང་ཞེས་པའི་དོན་ནི་ཕྱིས་ཞེས་བྱ་བའི་དོན་ཏེ། དེ་བས་ན་དོན་མ་རྟོགས་པ་རྟོགས་པར་བྱེད་པ་ནི་ཚད་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ལ་འདི་སྙམ་དུ་དོན་བྱེད་པ་མ་གཏོགས་པ་ཡོངས་སུ་གཅོད་པ་ནི་ཚད་མ་ཡིན་གྱི། སྤྱི་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་རང་གི་ལུགས་

བརྗོད་པར་ཟད་དོ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར། དོན་བྱེད་པ་དོན་དུ་གཉེར་བ་རྟོགས་པ་དང་ལྡན་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ལ་རྟོགས་པ་སྔོན་དུ་གཏོང་བ་ལ་དེ་ཐམས་ཅད་ནི་དོན་བྱེད་པ་དོན་དུ་གཉེར་བ་ནི་ཚད་མའམ་ཚད་མ་མ་ཡིན་པ་ཚོལ་ཏེ། རྟོགས་པ་སྔོན་དུ་

เล่ม ๑๘๙ · หน้า 109b

གཏོང་བ་རྣམས་ནི་བསླུས་པར་གྱུར་ན་མི་རུང་ངོ་སྙམ་ནས་ཚད་མ་མ་ཡིན་པ་ཡང་ཚོལ་བར་བྱེད་དོ། །ཡང་ན་འདི་ནི་འཇིག་རྟེན་པའི་ཚིག་གི་ལུགས་དང་མཐུན་པར་བརྗོད་པར་ཟད་དོ། །འཇིག་རྟེན་ནི་ཕལ་ཆེར་རྣམ་པར་རྟོག་པ་དང་བཅས་པས་ལྷས་བྱིན་གྱིས་བྱས་སོ། །ཡང་ན་གཞན་གྱིས་བྱས་སོ་ཞེས་བྱ་བ་དེ་ལྟ་བུ་

ལ་སོགས་པ་སྨྲའོ། །རྟོགས་པ་དང་ལྡན་པ་ཞེས་བྱ་བ་ནི་བློ་སྔོན་དུ་གཏོང་བའོ། །དེ་ལ་འདི་སྙམ་དུ་སྤྱི་ཡང་དོན་བྱ་བ་བྱེད་པ་ཡིན་ནོ། །དེ་བས་ན་སྤྱི་དེ་འཛིན་པར་བྱེད་པའི་ཤེས་པ་ཡང་ཚད་མ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར། སྤྱི་ནི་དོན་བྱེད་ཅུང་ཟད་ཀྱང་མི་ནུས་ཏེ་ཞེས་བྱ་བ་སྨོས་ཏེ།

སྤྱི་ནི་དོན་བྱ་བ་བྱེད་ཅུང་ཟད་ཀྱང་མི་ནུས་ན་ཇི་ལྟར་དེའི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་དུ་འགྱུར། སྤྱི་ཇི་ལྟ་བུ་ཞིག་དོན་བྱ་བ་བྱེད་པ་མ་ཡིན་ཞེ་ན། དེའི་ཕྱིར་རང་གི་མཚན་ཉིད་རྟོགས་པའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་རྟོགས་པ་ནི་མངོན་སུམ་གྱི་རྐྱེན་ནོ། །དེའི་སྟོབས་ཀྱིས་ཕྱིས་

རྣམ་པར་རྟོག་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེས་གཟུང་བའི་སྤྱི་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་མི་བྱེད་དོ་སྙམ་དུ་དགོངས་པའོ། །འདི་ཉིད་ལ་དཔེར། དཔེར་ན་སྔོན་པོ་མཐོང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མངོན་སུམ་གྱིས་སྔོན་པོ་མཐོང་ནས་ཕྱིས་འདི་སྙམ་དུ་འདི་ནི་སྔོན་པོའོ་སྙམ་དུ་རྣམ་

པར་རྟོག་པའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་སྣང་བའི་སྤྱི་གང་ཡིན་པ་དེས་ནི་ཅུང་ཟད་ཀྱང་མི་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་པའི་གཟུང་བ་སྤྱི་དོན་བྱ་བ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་པ་ལ། སྔོན་པོའི་རང་གི་མཚན་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོའི་རང་གི་མཚན་ཉིད་ཀྱི་ངོ་བོ་

གང་ཡིན་པ་དེ་ཁོ་ནས་སྔོན་པོས་བསྒྲུབ་པར་བྱ་བའི་དོན་གྱི་བྱ་བ་བྱེད་ཀྱི། སྤྱིས་ནི་མ་ཡིན་ནོ། །དེ་ལྟ་བུས་བསྒྲུབ་པར་བྱ་བ་སྟེ། འདི་ནི་དེ་ལྟ་བུས་བསྒྲུབ་པར་བྱ་བ་ཡང་ཡིན་ལ། དོན་བྱ་བ་ཡང་ཡིན་པས་དེ་བསྡུའོ། །འདི་ནི་དེ་བྱེད་པའི་ངང་ཚུལ་ཅན་ཡིན་པས། དེ་ལྟ་བུས་བསྒྲུབ་པར་བྱ་བ་དོན་བྱ་བ་བྱེད་པ་ཡིན་ཏེ།

རང་གི་མཚན་ཉིད་དོ། །དེ་ལྟ་བུ་ཞེས་བྱ་བའི་སྒྲ་ནི་སྔོན་པོ་ལ་བྱའོ། །དེ་ལ་འདི་སྙམ་དུ་སྔོན་པོའི་རང་གི་མཚན་ཉིད་མ་མཐོང་བ་དེ་ཉིད་རྣམ་པར་རྟོག་པས་ཤེས་པར་འགྱུར་རོ་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར། དེ་ཡང་དེའི་བདག་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོའི་རང་གི་མཚན་ཉིད་དེ་ཡང་སྔོན་

เล่ม ๑๘๙ · หน้า 110a

པོའི་དོན་བྱ་བ་བྱེད་པའི་བདག་ཉིད་དུ་མངོན་སུམ་ཁོ་ནས་མཐོང་ན། དེ་ལ་རྣམ་པར་རྟོག་པས་ཅི་ཞིག་བྱེད་པར་འགྱུར། དེ་ལ་འདི་སྙམ་དུ་སྔོན་པོའི་རང་གི་མཚན་ཉིད་ཀྱང་དོན་གྱི་བྱ་བ་བྱེད་ལ། སྔོན་པོའི་སྤྱི་ཡང་བྱ་བ་བྱེད་པར་གྱུར་ན། ཡང་གནོད་པ་ཅི་ཡོད་སྙམ་དུ་སེམས་པར་འགྱུར་བས་དེའི་ཕྱིར།

དེའི་རང་གི་མཚན་ཉིད་གཟུང་བའི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་འཛིན་པ་ནི་མངོན་སུམ་གྱི་རྐྱེན་ནོ། །དེའི་འོག་ཏུ་འབྱུང་བ་སྔོན་པོར་རྣམ་པར་རྟོག་པ་གང་ཡིན་པ་དེའི་ཡུལ་གྱིས་ནི་སྔོན་པོས་བསྒྲུབ་པར་བྱ་བ་གོས་ཁ་དོག་བསྒྱུར་བ་ལ་སོགས་པའི་དོན་བྱ་བ་སྒྲུབ་པར་མི་བྱེད་དེ།

འདི་ལྟར་སྤྱི་ནི་རྟག་པའམ་བརྟགས་པ་ཞིག་ཡིན་པར་ཁས་བླངས་གྲང་ན། རྟག་པ་ནི་ཤེས་པའི་ངོ་བོ་ཙམ་གྱི་དོན་བྱེད་པར་ཡང་མི་འཐད་དེ། འདི་ལྟར་ལྷན་ཅིག་བྱེད་པ་ལ་མི་ལྟོས་པའི་ཕྱིར་དེའི་འབྲས་བུ་དུས་ཐམས་ཅད་དུ་འབྱུང་བར་འགྱུར་རོ། །དེ་ལྟ་བས་ན་ཤེས་པ་གཅིག་པུ་ཁོ་ན་རྟོགས་པར་བྱེད་པ་ཡིན་པར་འགྱུར་

གྱི། ཤེས་པ་གཞན་གྱི་གོ་སྐབས་ཀྱང་མེད་པ་ཁོ་ནར་འགྱུར་ཏེ། བྱ་བ་གཞན་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སྤྱི་རྟག་པ་ཞིག་ཡིན་ན་ཡང་དངོས་པོའི་རང་གི་ངོ་བོ་མ་ཡིན་པའི་ཕྱིར་དོན་བྱེད་ནུས་པ་མ་ཡིན་ནོ། །དེ་ལྟར་དོན་བྱེད་པ་མ་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་དུ་བསྒྲུབས་ནས། མཇུག་

བསྡུ་བའི་ཕྱིར། དེ་ལྟ་བས་ན་དོན་མ་རྟོགས་པའི་ཡུལ་ཅན་ཚད་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་དོན་བྱ་བ་བྱེད་པའི་དངོས་པོ་མ་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་ཚད་མ་ཉིད་ཡིན་ལ། སྤྱི་ནི་དོན་བྱ་བ་བྱེད་པ་མ་ཡིན་པ་དེའི་ཕྱིར་དོན་མ་རྟོགས་པ་རྟོགས་པར་བྱེད་པ་ཚད་མ་ཡིན་ནོ་ཞེས་

དེ་སྐད་དུ་རྗོད་པར་བྱེད་པས་ཀྱང་། རང་གི་མཚན་ཉིད་མ་རྟོགས་པ་ཞེས་ཁྱད་པར་དུ་བྱ་དགོས་ཏེ། རང་གི་མཚན་ཉིད་མ་རྟོགས་པ་རྟོགས་པར་བྱེད་པ་ནི་ཚད་མ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་སོ་སྙམ་དུ་དགོངས་པའོ། །དེ་ལྟར་རེ་ཞིག་རང་གི་མཚན་ཉིད་མ་རྟོགས་པ་རྟོགས་པའི་རྒྱུ་མཐོང་བ་ཚད་མ་ཉིད་དུ་

བསྒྲུབས་ནས། དེའི་སྟོབས་ཀྱིས་འབྱུང་བ་ནི་དྲན་པ་ཉིད་ཡིན་པ་དང་། ཚད་མ་ཉིད་མ་ཡིན་པར་སྒྲུབ་པའི་ཕྱིར་རང་གི་མཚན་ཉིད་རྟོགས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་རང་གི་མཚན་ཉིད་རྟོགས་ནས་ཕྱིས་མངོན་སུམ་གྱི་མཐུ་ལས་སྐྱེ་བ་མངོན་སུམ་དང་མཐུན་པར་བྱེད་པའི་རྣམ་

เล่ม ๑๘๙ · หน้า 110b

པར་རྟོག་པ་གང་ཡིན་པ་དེ་ནི། བྱ་བའི་སྒོ་ནས་དེའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་པར་རིགས་ཀྱི་ཚད་མ་ནི་མ་ཡིན་ནོ། །དེའི་མཐུ་ནི་དེའི་མཐུ་སྟེ། དེ་ཞེས་བྱ་བའི་སྒྲ་ནི་རང་གི་མཚན་ཉིད་རྟོགས་པ་དང་སྦྱར་ཏེ། འདི་ལ་དེའི་མཐུ་ལས་སྐྱེས་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ནི་དེ་དང་

མཐུན་པར་བྱེད་པའི་ངང་ཚུལ་ཅན་ཡིན་པས་དེ་དང་མཐུན་པར་བྱེད་པའོ། །དེ་ཞེས་བྱ་བའི་སྒྲ་ནི་རང་གི་མཚན་ཉིད་ལ་བྱ་སྟེ། གསལ་བར་མི་སྣང་བར་བརྒྱུད་པའི་སྒོ་ནས་རང་གི་མཚན་ཉིད་ཁོ་ན་དང་མཐུན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཞེས་བྱ་བའི་སྒྲ་ནི་མངོན་སུམ་དང་སྦྱར་རོ། །བྱ་བའི་སྒོ་ནས་དེའི་

ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུའི་སྒོ་ནས་རྣམ་པར་རྟོག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་ཐམས་ཅད་ནི་དངོས་སུ་ན་ཡུལ་མེད་པ་ཁོ་ན་ཡིན་ན། དེ་དག་ཇི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འགྱུར། བྱ་བ་ནི་འདིར་རང་གི་

མཚན་ཉིད་ལ་ལྷག་པར་ཞེན་པ་ཡིན་ཏེ། འདི་ལྟར་རང་གི་མཚན་ཉིད་གང་ཡིན་པ་དང་། མངོན་སུམ་ལ་སྣང་བ་གང་ཡིན་པ་དང་། རྣམ་པར་རྟོག་པ་ལ་སྣང་བ་གང་ཡིན་པ་དེ་ཐམས་ཅད་འདྲ་བའི་ཕྱིར་རྣམ་པར་རྟོག་པས་གཅིག་པ་ཉིད་དུ་མངོན་པར་ཞེན་པར་བྱེད་དོ། །ཡང་ན་བྱ་བ་ནི་འདིར་ཇི་ལྟར་ཡོངས་སུ་

མཐོང་བའི་ཡུལ་མ་གཏོགས་པའི་ཡུལ་འཛིན་པ་མེད་པ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཚེ་བྱ་བའི་སྒོ་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པ་དེའི་ཚེ། ཉམས་སུ་མྱོང་ཟིན་པའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་གྱི་ཚད་མ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་ཉམས་སུ་མྱོང་ཟིན་པའི་ཡུལ་ཅན་ཡིན་

པའི་ཕྱིར་དྲན་པ་ཉིད་ཡིན་དུ་ཆུག་ན་ཡང་། ཅིའི་ཕྱིར་བྱ་བའི་སྒོ་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཚད་མ་ཉིད་མ་ཡིན་སྙམ་པ་ལ་དེའི་ཕྱིར། དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པར་བྱ་བའི་སྒོ་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་དུ་

ཟིན་ཀྱང་རང་གི་མཚན་ཉིད་མ་རྟོགས་པ་རྟོགས་པ་མེད་པའི་ཕྱིར་ཚད་མར་མི་འདོད་དོ། །དེ་ལྟར་ན་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ནི་ཚད་མ་ཚོལ་བའི་ཕྱིར་དངོས་པོ་དོན་བྱེད་ནུས་པའི་ཡུལ་ཅན་གྱི་ཤེས་པ་ནི་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དོན་བྱེད་པ་དོན་དུ་གཉེར་བ་རྣམས་ལྟ་ཞིག་ཚད་མའམ་

เล่ม ๑๘๙ · หน้า 111a

ཚད་མ་མ་ཡིན་པ་ཆོལ་དུ་ཟད་མོད། དོན་བྱེད་པ་བསྒྲུབ་པའི་ཡུལ་ཅན་གྱི་ཤེས་པ་ཁོ་ན་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ཚད་མ་རྣམ་པར་གཞག་པ་ནི་དངོས་པོ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚད་མ་རྣམ་པར་གཞག་པ་ནི་རང་གི་མཚན་ཉིད་

ལ་རག་ལས་པ་ཡིན་ཏེ། འདི་ལྟར་དངོས་པོ་མི་སླུ་བའི་ཤེས་པ་གང་ཡིན་པ་དེ་ཚད་མའོ་ཞེས་བྱ་བ་རྣམ་པར་གཞག་གོ། །གང་ལ་དངོས་པོ་ལ་བརྟེན་པ་ཡོད་པ་དེ་ནི་དངོས་པོ་ལ་བརྟེན་པ་ཅན་ནོ། །དེའི་ངོ་བོ་ནི་དེ་ཉིད་དེ་དངོས་པོ་ལ་བརྟེན་པ་ཉིད་ཡིན་པ་དེའི་ཕྱིར་རོ། །བརྟེན་པ་དང་རག་ལུས་པ་དག་ན་གནས་པ་

ཞེས་བྱ་བ་ནི་རྣམ་གྲངས་ཡིན་ནོ། །དངོས་པོ་ལ་བརྟེན་པ་ཅན་ཚད་མར་རྣམ་པར་གཞག་གོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེའི་དོན་དུ་འཇུག་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དོན་བྱེད་པ་དོན་དུ་གཉེར་བ་རྣམས་དངོས་པོ་དོན་བྱེད་པར་རུང་བ་ལ་

འཇུག་པ་དེའི་ཕྱིར་ཚད་མ་ནི་དངོས་པོ་ལ་རག་ལུས་པ་ཞེས་ཐ་སྙད་གདགས་སོ། །དོན་བྱ་བར་རུང་བ་ནི་དོན་བྱེད་པར་རུང་བའོ། །འཇུག་པ་གང་ལ་ཡུལ་དེ་ཡོད་པ་དེ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་ནོ། །དེའི་ངོ་བོ་ནི་དེ་ཉིད་དེ་དོན་བྱེད་པར་རུང་བའི་ཡུལ་ཅན་ཉིད་ཡིན་པ་དེའི་ཕྱིར་རོ། །གལ་

ཏེ་དེ་དོན་དུ་གཉེར་བ་རྣམས་དོན་བྱེད་པར་རུང་བ་ལ་འཇུག་ཏུ་ཟིན་ཀྱང་ཇི་ལྟར་དངོས་པོ་ལ་བརྟེན་པ་ཅན་ཚད་མར་རྣམ་པར་གཞག་སྙམ་པ་ལ། དེའི་ཕྱིར་དངོས་པོ་ནི་དོན་བྱེད་པར་རུང་བའི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དོན་བྱེད་པ་དོན་དུ་གཉེར་བ་རྣམས་དོན་བྱེད་པར་རུང་

བ་ལ་འཇུག་ན། འོ་ན་ནི་དེ་དག་དངོས་པོ་ཁོ་ན་ལ་ཞུགས་པ་ཡིན་ཏེ། འདི་ལྟར་དོན་བྱེད་པར་རུང་བ་ནི་དངོས་པོ་ཁོ་ན་ཡིན་ནོ། །འདི་ལ་དོན་བྱེད་པར་རུང་བ་ཉིད་ཀྱི་མཚན་ཉིད་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ངོ་བོ་ནི་དེ་ཉིད་དེ་དོན་བྱེད་པར་རུང་བའི་མཚན་ཉིད་ཅན་ཉིད་ཡིན་པ་དེའི་ཕྱིར། འདིར་བསྡུས་

པའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་དོན་བྱེད་པ་དོན་དུ་གཉེར་བ་རྣམས་དོན་བྱེད་པར་རུང་བ་ལ་འཇུག་ལ། དོན་བྱེད་པར་རུང་བ་ཡང་དངོས་པོ་ཡིན་པ་དེའི་ཕྱིར་དངོས་པོ་ལ་བརྟེན་པ་ཅན་ཚད་མར་རྣམ་པར་གཞག་སྟེ། འདི་ལྟར་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ནི་དངོས་པོ་དོན་བྱེད་པར་རུང་བ་བསྒྲུབ་པའི་

เล่ม ๑๘๙ · หน้า 111b

ཕྱིར་ཚད་མ་ཚོལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་གང་གི་ཚེ་དངོས་པོ་དོན་བྱེད་པར་རུང་བར་མི་སླུ་བའི་ཤེས་པ་ཚད་མ་ཉིད་དུ་རྣམ་པར་གཞག་པ་དེའི་ཚེ་ཇི་ལྟར་ན་ཚད་མ་ཉིད་དངོས་པོ་ལ་རག་ལུས་པ་མ་ཡིན། གང་གི་ཕྱིར་ཚད་མ་ཉིད་དངོས་པོ་ལ་རག་ལུས་པ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པ་ཚད་མ་མ་

ཡིན་ནོ་ཞེས་བྱ་བར་གནས་སོ། །ཡང་ཚུལ་གཞན་གྱིས་རྣམ་པར་རྟོག་པ་ཚད་མ་ཉིད་དུ་དགག་པའི་ཕྱིར། རྣམ་པར་རྟོག་པ་དེ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རང་གི་མཚན་ཉིད་གཟུང་བའི་སྟོབས་ཀྱིས་སྐྱེ་བའི་རྣམ་པར་རྟོག་པ་གང་ཡིན་པའི་རྣམ་པར་རྟོག་པ་དེ་ལས་ཀྱང་རང་གི་

མཚན་ཉིད་ཀྱི་ལྷག་པར་ཆགས་པས་དངོས་པོ་ཁོ་ན་ལ་འཇུག་ལ། ཞུགས་ན་ནི་འདི་ལྟར་མངོན་སུམ་དང་རྣམ་པར་རྟོག་པར་གྲུབ་པ་དང་བདེ་བ་མཚུངས་པ་དེའི་ཕྱིར་རྣམ་པར་རྟོག་པ་ལོགས་ཤིག་ཏུ་ཚད་མར་མི་འགྱུར་རོ། །ཀྱང་ཞེས་བྱ་བའི་སྒྲ་ནི་མངོན་སུམ་གྱི་དངོས་པོ་ལ་འཇུག་པ་འབའ་ཞིག་ཏུ་མ་ཟད་ཀྱི།

འོ་ན་ཇི་ལྟ་བུ་ཞེ་ན། རྣམ་པར་རྟོག་པ་དེ་ལས་ཀྱང་དངོས་པོ་ཁོ་ན་ལ་འཇུག་གོ་ཞེས་བསྡུ་བའི་དོན་ཏོ། །འབྲས་བུ་གཅིག་པ་ཉིད་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པའི་སྒྲར་བརྗོད་དོ། །གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་ལོགས་ཤིག་ཏུ་ཚད་མ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་འདི་འཁྲུལ་པ་ཡོད་པར་དོགས་པ་

བསྟན་པའི་ཕྱིར། མངོན་སུམ་སྔ་མ་དང་ཕྱི་མ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རྣམ་པར་རྟོག་པ་ལོགས་ཤིག་ཏུ་ཚད་མར་མི་འདོད་ན། དེ་ལྟ་ན་ནི་གང་གི་ཚེ་ཡུལ་གཅིག་ལ་མངོན་སུམ་རྒྱུན་ཆགས་སུ་འཇུག་པ་དེའི་ཚེ། མངོན་སུམ་སྔ་མ་དང་

མངོན་སུམ་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་གཅིག་པའི་ཕྱིར་དེ་དག་ལོགས་ཤིག་ཏུ་ཚད་མ་ཉིད་དུ་མི་འགྱུར་ཏེ། འདི་དག་གིས་ཉེ་བར་སྦྱོར་བ་ཐ་མི་དད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །འགའ་ཞིག་ལ་ཞེས་བྱ་བ་ནི་ཡུལ་འགའ་ཞིག་ལ་སྟེ། དེ་ལྟ་བུ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །

གྲུབ་པའི་མཐའ་སྨྲ་བས་མ་ཡིན་ནོ། །སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ཡིན་པ་དེའི་ཚེ་འདི་དག་གི་ཉེ་བར་སྦྱོར་བ་ཐ་དད་པ་ཁོ་ན་ཡིན་ནོ། །དེ་ལྟ་བས་ན་ཉེ་བར་

เล่ม ๑๘๙ · หน้า 112a

སྦྱོར་བ་ཐ་དད་པ་ཡིན་པའི་ཕྱིར་ཕྱི་མ་རྣམས་ཚད་མ་ཡིན་པ་མ་ཡིན་ཏེ། དཔེར་ན་རྣལ་འབྱོར་པ་རྣམས་ཀྱི་བདེན་པ་བཞི་ལ་དམིགས་པའི་ཤེས་པའི་རྒྱུན་ལ་སྦྱོར་བའི་ལམ་གང་ཡིན་པ་དེས་ནི་བར་ཆད་མེད་པའི་ལམ་འདྲེན་པར་བྱེད་ལ། བར་ཆད་མེད་པའི་ལམ་གྱིས་ཀྱང་རྣམ་པར་གྲོལ་བའི་

ལམ་འདྲེན་པར་བྱེད། རྣམ་པར་གྲོལ་བའི་ལམ་གྱིས་ཀྱང་ཉོན་མོངས་པ་སྐྱེ་བ་དང་ཤིན་ཏུ་འགལ་བའི་བརྟེན་པ་བསྐྱེད་པའི་ཕྱིར་ཉོན་མོངས་པ་སྤངས་པ་བརྟན་པར་བྱེད་དོ། །དེ་ལྟ་བས་ན་དེ་དག་འཛིན་པར་བྱེད་པ་ཕ་རོལ་གྱི་སེམས་ཤེས་པ་གང་དག་ཡིན་པ་དེ་དག་ཀྱང་ཐ་དད་པར་ཚད་མ་ཉིད་ཡིན་པ་

དེ་དང་འདྲ་བ་གཞན་དུ་ཡང་གལ་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་ཡིན་ན་དེ་ལ་ཡང་ལོགས་ཤིག་ཏུ་ཚད་མ་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་དུ་མ་ཡིན་ན། འོ་ན་གཞན་གང་ལ་

གྲུབ་པ་དང་བདེ་བ་གཅིག་པ་ཡིན་སྙམ་པ་ལ། འབྲས་བུ་ཐུན་མོང་བ་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྐད་ཅིག་མ་ཐམས་ཅད་ཀྱི་འབྲས་བུ་ཐུན་མོང་ཡིན་པར་བརྗོད་པར་འདོད་པ་དེའི་ཚེ། དེ་དག་གི་མཐུ་ཐ་དད་པར་མེད་དེ། དེའི་ཚེ་ཚད་མ་ཉིད་ཀྱང་ཐ་དད་པར་མི་འདོད་དོ། །དཔེར་ན་

གང་ལ་མཉམ་པ་ལ་མེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་ལ་དུ་བ་གཞན་དང་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་དུ་བ་གཞན་དང་གཞན་གྱིས་མེ་ཉེ་བར་འཇལ་བར་བྱེད་པའི་ཚེ་མེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་བརྗོད་པར་འདོད་པ་ལ། ཇི་ལྟར་དུ་བ་རྣམས་ཚད་མ་ཉིད་ཐ་དད་པར་མི་

འདོད་པ་དེ་བཞིན་དུ་འདིར་ཡང་རིག་པར་བྱའོ། །གང་གི་ཚེ་ཚ་བ་ལྔས་གདུང་བར་འདོད་པ་དེའི་ཚེ་ནི་དུ་བ་ལྔ་ཆར་ཡང་ཚད་མ་ཉིད་ཐ་དད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཞན་དང་གཞན་ནི་གཞན་དང་གཞན་ནོ། །དེ་དག་ནི་གཞན་དང་གཞན་ཡང་ཡིན་ལ་དུ་བ་ཡང་ཡིན་པས་ཞེས་ཚིག་རྣམ་པར་

སྦྱར་ལ། དུ་བ་གཞན་དང་གཞན་དག་གིས་གཞལ་བ་ཞེས་བསྡུའོ། །དེ་དག་ནི་ཉེ་བ་ཡང་ཡིན་ལ་མེ་ཡང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་ཞིང་། དེ་དག་གིས་དུ་བ་གཞན་དང་གཞན་གྱིས་གཞལ་བ་ཡང་ཡིན་ལ་མེ་ཉེ་བ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་ནི་མར་

เล่ม ๑๘๙ · หน้า 112b

མེ་སྦར་བ་དང་། མེ་སྦར་བ་དང་། རབ་ཏུ་གདུང་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེ་ལྟར་ཕྱོགས་ཀྱི་ཆོས་ལ་རྣམ་པར་རྟོག་པ་ཚད་མའི་རྗེས་སུ་བྱུང་བ་ལོགས་ཤིག་ཏུ་ཚད་མ་ཉིད་ཡིན་པ་བསལ་ནས་གཞན་ལ་ཡང་བསྒྲེ་བར་བྱ་བའི་ཕྱིར། འདིས་ནི་ཆོས་དང་ཆོས་ཅན་དང་རྟགས་ལ་སོགས་པའི་རྣམ་པར་རྟོག་

པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཀྱི་ཆོས་ཉིད་འཛིན་པའི་རྣམ་པར་རྟོག་པ་ཚད་མ་ཉིད་ཡིན་པ་གསལ་བའི་དཔེ་ཁོ་ནས་བསྒྲུབ་པར་བྱ་བའི་ཆོས་མེ་ཉིད་ལ་སོགས་པ་འཛིན་པ་དང་། ཆོས་ཅན་ཕྱོགས་ལ་སོགས་པ་འཛིན་པ་དང་། རྟགས་དུ་བ་ལ་སོགས་པ་འཛིན་པ་ཚད་མའི་སྟོབས་ལས་སྐྱེས་པའི་

རྣམ་པར་རྟོག་པ་ཚད་མ་ཉིད་ཡིན་པ་བསལ་བར་རིག་པར་བྱའོ། །སོགས་པ་ཞེས་སྨོས་པ་ནི་སྔོན་པོ་ལ་སོགས་པ་མཐོང་བའི་སྟོབས་ཀྱིས་སྐྱེས་པའི་རྣམ་པར་རྟོག་པ་ཡང་ཚད་མ་ཉིད་ཡིན་པ་གསལ་བའི་ཕྱིར་རོ། །རེ་ཞིག་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། མངོན་སུམ་ནི་མདུན་ན་གནས་པའི་དངོས་

པོ་རང་གི་ངོ་བོ་ཙམ་མཐུན་པར་བྱེད་པ་ན་སྐྱེ་ལ། དངོས་པོ་དེ་ནི་དངོས་སུ་ན་ཡོད་པའི་ངོ་བོས་སྔོན་པོའི་ངོ་བོ་གཅིག་པུ་དང་དེ་ལས་གཞན་པའི་དངོས་པོ་མཐའ་དག་ལས་ལོག་པའི་རང་གི་ངོ་བོ་ཡིན་ནོ། །གང་གི་ཕྱིར་དངོས་པོ་དེ་ཡོད་པའི་ངོ་བོས་སྔོན་པོ་ཡིན་པ་དེའི་ཕྱིར་འདིར་སྔོན་པོ་སྣང་བ་མངོན་སུམ་

ལས་མ་སྐྱེས་པའི་ཕྱིར་མི་གསལ་བ་ཡིན་ཏེ། སྔར་མཐོང་བས་འཕངས་པའི་ཕྱིར་སྔོན་པོ་སྣང་བ་མ་བོར་ན་འདི་ནི་སྔོན་པོའོ་སྙམ་པ་ཡོད་པའི་ངོ་བོ་ལ་རེག་པའི་རྣམ་པར་རྟོག་པ་སྟེ། གང་གི་ཕྱིར་སྔོན་པོ་དེ་དངོས་པོ་མ་ལུས་པ་དང་མཚན་ཉིད་མི་མཐུན་པ་དེ་ཁོ་ནའི་ཕྱིར་སེར་པོ་ལ་སོགས་པ་མ་ཡིན་ནོ། །

སྙམ་པ་སེར་པོ་ལ་སོགས་པ་སེལ་བར་བྱེད་པ་དགག་པའི་ཤེས་པ་གཉིས་པ་སྐྱེ་བར་འགྱུར་རོ། །དེ་ལྟ་བས་ན་མངོན་སུམ་སྔོན་པོ་ལ་འཇུག་པ་ན་རེ་ཞིག་དེའི་རྣམ་པར་སྐྱེ་བས་བདག་ཉིད་ཀྱི་སྔོན་པོ་དེ་རྟོགས་པར་འགྱུར་ཏེ། སྔོན་པོའི་རྣམ་པར་རྟོག་པའི་རྒྱུར་འགྱུར་བར་ཡོངས་སུ་གཅོད་ཅིང་སེར་པོ་ལ་

སོགས་པ་དགག་པའི་རྒྱུ་ཉིད་དུ་འགྱུར་བར་རྣམ་པར་གཅོད་པར་བྱེད་དོ། །དེ་ལ་མངོན་སུམ་དངོས་པོའི་སྟོབས་ཀྱིས་སྐྱེ་བ་ནི་དངོས་པོ་ལ་རག་ལུས་པའི་ཕྱིར་ཚད་མ་ཡིན་ནོ། །རྣམ་པར་རྟོག་པ་གཞན་གཉིས་ནི་མངོན་སུམ་གྱི་སྟོབས་ལས་སྐྱེས་པའི་ཕྱིར་མི་སླུ་བ་ཡིན་ཡང་། དོན་མ་རྟོགས་པ་

เล่ม ๑๘๙ · หน้า 113a

རྟོགས་པ་མེད་པའི་ཕྱིར་ཚད་མ་ཉིད་ལོགས་ཤིག་ན་མེད་དེ། གཞན་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟར་ན་གཏན་ཚིགས་གསུམ་ཆར་གྱི་ཕྱོགས་ལ་ཆོས་ཀྱི་ངེས་པ་ཡང་ཚུལ་འདྲའོ་ཞེས་ཁྱད་པར་མེད་པར་བཤད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པའི་ཐབས་

ཐ་དད་པའི་བྱེ་བྲག་གིས་བསྟན་པའི་ཕྱིར། རྗེས་སུ་འགྲོ་བ་ངེས་པ་ཡང་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་ནི་དངོས་སུ་ན་སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་ཡིན་ནོ། །དེ་ལྟ་བས་ན་སྒྲུབ་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་ཙམ་དང་རྗེས་སུ་

འབྲེལ་བར་གྲུབ་པ་གང་ཡིན་པ་དེ་ཉིད་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཡིན་ནོ། །དངོས་སུ་ན་ཞེས་བྱ་བ་ནི་དོན་དམ་པར་ཏེ། སྒྲའི་དོན་གྱི་སྒོ་ནས་ནི་ཐ་དད་པ་ཁོ་ནའོ་སྙམ་དུ་དགོངས་པའོ། །དེའི་ངོ་བོ་ཞེས་བྱ་བ་འདི་ལ། དེ་ཞེས་བྱ་བའི་སྒྲ་ནི་སྒྲུབ་པའི་ཆོས་དང་སྦྱར་རོ། །གང་ལ་

དེའི་ངོ་བོ་ཡོད་པ་དེ་ནི་དེའི་ངོ་བོ་ཅན་ནོ། །དེའི་ངོ་བོ་ཅན་གྱི་ངོ་བོ་ནི་དེའི་ངོ་བོ་ཅན་ཉིད་དོ། །ཡང་ན་དེ་ཞེས་བྱ་བའི་སྒྲ་ནི་བསྒྲུབ་པར་བྱ་བའི་ཆོས་དང་སྦྱར་ཏེ། སྒྲུབ་པའི་ཆོས་འདི་བསྒྲུབ་པར་བྱ་བའི་ཆོས་དེའི་ངོ་བོ་སྟེ་བདག་ཉིད་ཡིན་ནོ། །སྒྲུབ་པའི་ཆོས་ཀྱི་རང་གི་ངོ་བོ་ནི་བསྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་ཡིན་

ནོ། །ཙམ་ཞེས་བྱ་བའི་སྒྲས་ནི་དངོས་པོ་གཞན་ལ་ལྟོས་པ་བསལ་ཏོ། །མཐུན་པར་འབྲེལ་པ་ནི་རྗེས་སུ་འབྲེལ་པ་སྟེ། རྗེས་སུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་གྲུབ་པ་ལ་དེ་སྐད་ཅེས་བརྗོད་དོ། །འདིར་བསྒྲུབ་པར་བྱ་བ་དང་

སྒྲུབ་པའི་ཆོས་གཉིས་དངོས་སུ་གཅིག་ཡིན་ཀྱང་ལྡོག་པའི་བྱེ་བྲག་གིས་བྱེ་བྲག་ཡོད་པས་དེ་དག་རྗོད་པར་བྱེད་པའི་སྒྲ་གཉིས་ཀྱང་རྣམ་གྲངས་མ་ཡིན་ལ། དམ་བཅས་པའི་ཕྱོགས་གཅིག་གིས་ཀྱང་གཏན་ཚིགས་མ་ཡིན་ནོ། །རང་གི་ངོ་བོ་རབ་ཏུ་བསྟན་པའི་ཐབས་ཀྱི་འབྲེལ་པ་གྲུབ་པའི་རྒྱུ་བསྟན་

པའི་ཕྱིར། དེ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྒྲུབ་པར་བྱ་བ་ལས་བཟློག་པ་ནི་མི་མཐུན་པའི་ཕྱོགས་ཏེ། དེ་ལ་གཏན་ཚིགས་ཀྱི་གནོད་པ་ཅན་གྱི་ཚད་མ་གང་ཡིན་པ་དེ་འཇུག་པ་གང་ཡིན་པ་དེ་ནི་སྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་པ་

เล่ม ๑๘๙ · หน้า 113b

གྲུབ་པ་ཞེས་བྱའོ། །རྗེས་སུ་འབྲེལ་པ་གྲུབ་པ་ནི་གནོད་པ་ཅན་གྱི་ཚད་མ་འཇུག་པའི་འབྲས་བུ་ཡིན་པའི་ཕྱིར་གནོད་པ་ཅན་གྱི་ཚད་མ་འཇུག་པ་ཡིན་ཏེ་ཞེས་བཤད་དོ། །འདིར་ཚུལ་གྱི་རྗེས་སུ་འབྲེལ་པ་གྲུབ་པའི་རྒྱུ་འདི་ཡིན་པར་བསྟན་ཏེ། འདི་ལྟར་གནོད་པ་ཅན་གྱི་ཚད་མ་འཇུག་པས་བསྒྲུབ་པར་བྱ་བའི་

ཆོས་སྒྲུབ་པའི་ཆོས་ཀྱི་ངོ་བོ་ཙམ་དང་འབྲེལ་པ་སྒྲུབ་པར་བྱེད་དོ། །གནོད་པ་ཅན་གྱི་ཚད་མ་འཇུག་པ་དེ་ཉིད་བསྟན་པར་བཞེད་ནས་གང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་སྐད་ཅིག་མ་ཁོ་ན་ཡིན་ནོ། །ཡོད་པ་ལ་ནི་སྐད་

ཅིག་མ་ཉིད་མ་གཏོགས་པ་རྣམ་པ་གཞན་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་ཉིད་མ་ཡིན་ན་དོན་བྱེད་པ་དང་འགལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྐད་ཅིག་མ་མ་ཡིན་པ་དེ་ནི་རིམ་དང་ཅིག་ཅར་དག་གི་དོན་བྱེད་པར་མི་འཐད་དེ་ནི་འོག་ནས་སྟོན་པར་བྱེད་དོ། །ཡོད་

པ་ནི་དོན་བྱེད་ནུས་པའི་མཚན་ཉིད་ཅན་དུ་འདོད་ན། གལ་ཏེ་སྐད་ཅིག་མ་མ་ཡིན་པ་རྣམས་ལ་དོན་བྱེད་ནུས་པ་མེད་ན་དེ་དག་ག་ལས་ཡོད་དེ། འདི་ནི་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་བསྟན་ནས། འབྲས་བུའི་

གཏན་ཚིགས་ཀྱི་བསྟན་པའི་ཕྱིར་འབྲས་བུའི་གཏན་ཚིགས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཉིད་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཡིན་ནོ། །འདིར་ཡང་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ནི་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་

པའི་རྒྱུ་མཚན་ཅན་ཡིན་པས་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཡིན་ཏེ་ཞེས་བཤད་དོ། །དེ་འདི་ལྟར་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་དང་རྒྱུ་དང་འབྲས་བུ་ལ་ཁྱབ་པ་གྲུབ་པའོ། །རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱང་ཇི་ལྟར་གྲུབ་ཅེ་ན། འདི་ལྟ་སྟེ་འདི་དམིགས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་

བུ་དམིགས་པའི་རིག་བྱར་གྱུར་པ་སྔོན་མི་དམིགས་པ་རྒྱུ་དམིགས་ན་དམིགས་པ་ཡིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་གཞན་དག་ཀྱང་ཡོད་པར་མངོན་པར་འདོད་པའི་རྒྱུ་མེད་ན་མེད་དོ། །དེའི་ཕྱིར་རྒྱུ་ཡོད་ན་ནི་འབྲས་བུ་ཡོད་ལ། རྒྱུ་མེད་ན་ནི་འབྲས་བུ་མེད་པ་གང་ཡིན་པ་མངོན་སུམ་དང་མི་

เล่ม ๑๘๙ · หน้า 114a

དམིགས་པ་དག་གིས་སྒྲུབ་པར་བྱེད་པ་དེ་ཉིད་རྒྱུ་དང་འབྲས་བུའི་ངོ་བོ་ཞེས་བྱ་སྟེ། །གྲུབ་པ་ནི་རྗེས་སུ་འགྲོ་བ་དང་ངེས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་ཚིག་ཡིན་ནོ། །འདི་ཞེས་བྱ་བ་འདིས་ནི་རྒྱུ་བསྟན་ཏོ། །འདི་ཞེས་བྱ་བ་ནི་འབྲས་བུ་

བསྟན་པའོ། །དམིགས་པའི་རིག་བྱར་གྱུར་པ་ནི་འོག་ནས་འཆད་དོ། །དེ་ཡོད་ན་ནི་ཡོད་ཅེས་བྱ་བ་འདིར་ཞེས་བྱ་བའི་སྒྲ་ནི་རྒྱུ་དང་སྦྱར་རོ། །གང་ལ་མངོན་སུམ་དང་མི་དམིགས་པའི་སྒྲུབ་པ་ཡོད་པ་དེ་ནི་མངོན་སུམ་དང་མི་དམིགས་པའི་སྒྲུབ་པ་ཅན་ནོ། །རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུའོ། །

དེ་གཉིས་ཀྱི་དངོས་པོ་ནི་རྒྱུ་དང་འབྲས་བུའི་ངོ་བོ་སྟེ། རྒྱུ་ཉིད་དང་འབྲས་བུ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་བྱེད་པ་ལ་ལྟོས་པ་ནི་འབྲས་བུ་ཉིད་དོ། །མཇུག་ཐོགས་སུ་འབྱུང་བའི་འབྲས་བུ་ལ་དེ་བསྐྱེད་པར་རུང་བའི་བདག་ཉིད་ཀྱིས་གདོན་མི་ཟ་བར་ཉེ་བར་གནས་པ་ནི་རྒྱུ་ཉིད་དོ། །ཡང་ཅིའི་

ཕྱིར་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཉིད་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཡིན་པར་བརྗོད་ཅེ་ན། དེའི་ཕྱིར། རྒྱུ་དང་འབྲས་བུའི་ངོ་བོ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ཅེས་བྱ་བའི་རྗེས་སུ་འགྲོ་བ་གང་ཡིན་པ་དེ་རྒྱུ་དང་འབྲས་བུའི་ངོ་བོ་དོན་ཐ་དད་

པ་ཡོད་ན་ནི་ཡོད་ལ། མེད་ན་ནི་མེད་པ་དེའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་ཉིད་རྗེས་སུ་འགྲོ་བ་ངེས་པ་ཡིན་པར་བརྗོད་དོ། །འདི་སྐད་དུ་འདི་གཉིས་དངོས་སུ་ཐ་དད་མོད་ཀྱི། འོན་ཀྱང་ཐབས་གཞན་གྱིས་བསྒྲུབ་པར་བྱ་བ་ནི་མ་ཡིན་པའི་ཕྱིར་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཐ་མི་དད་པར་བསྟན་ཏེ།

ཐ་མི་དད་པའི་ཐབས་ཀྱིས་འདི་རྗེས་སུ་འགྲོ་བ་ངེས་པའི་ཐབས་ཉིད་དུ་བསྟན་ཏོ་ཞེས་བཤད་དོ། །ཅིའི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོ་ནི་དོན་ཐ་དད་པ་ཁོ་ན་ཡོད་ན། གང་ན་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་མེ་ཡོད་དོ་ཞེས་བྱ་བའི་ཁྱབ་པ་འདིར་འགྱུར་ཞེ་ན། དེའི་ཕྱིར། མེ་ཡོད་ན་ཡོད་པ་ཁོ་ན་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། དུ་བ་ནི་མེའི་འབྲས་བུ་ཉིད་ཡིན་པས་དེ་སྐད་ཅེས་བཤད་དོ། །འདི་ལྟར་མེ་ཡོད་ན་ཡོད་པ་ཁོ་ན་ཡིན་ཏེ། གང་གི་ཚེ་མེ་ཡོད་ན་དུ་བ་ཡོད་པ་ཉིད་ཀྱི་ཕྱིར་མེའི་འབྲས་བུ་ཉིད་དུ་འདོད་པ་དེའི་ཚེ། གང་ན་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་མེ་ཡོད་པར་འགྱུར་རོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ཀྱི་རྗེས་

เล่ม ๑๘๙ · หน้า 114b

སུ་འགྲོ་བ་ངེས་པར་བསྟན་པ་ཡིན་ནོ། །མི་དམིགས་པའི་རྗེས་སུ་འགྲོ་བ་བསྟན་པའི་ཕྱིར། མི་དམིགས་པའི་རྗེས་སུ་འགྲོ་བ་ངེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མེད་པའི་ཐ་སྙད་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཙམ་གྱི་རྒྱུ་ཅན་དུ་སྒྲུབ་པ་དེའི་ཚེ་མི་དམིགས་པའི་རྗེས་སུ་

འགྲོ་བ་ངེས་པ་ཡིན་ནོ། །མི་དམིགས་པ་ཙམ་ལ་འཇུག་པ་ནི་མི་དམིགས་པ་ཙམ་འཇུག་པའོ། །ཇི་ལྟར་ན་མེད་པའི་ཐ་སྙད་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཙམ་འཇུག་པ་བསྒྲུབས་པ་ཡིན་ཞེ་ན། རྒྱུ་མཚན་གཞན་མེད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་མེད་པའི་ཐ་སྙད་

ཀྱི་རྒྱུ་མཚན་གཞན་བཀག་པར་གྱུར་པ་དེའི་ཚེ་དེ་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་དུ་རྣམ་པར་གནས་སོ། །རྒྱུ་མཚན་གཞན་དགག་པ་ནི་བརྩད་པའི་རིགས་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་གཏན་ཚིགས་གསུམ་ཆར་རྗེས་སུ་འགྲོ་བ་ངེས་པ་ཡང་བསྟན་ནས། ལྡོག་པ་ངེས་པ་བསྟན་པའི་ཕྱིར། ལྡོག་པ་ངེས་

པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་གཏན་ཚིགས་ཀྱིས་ནི་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་ལ། རང་བཞིན་གྱི་གཏན་ཚིགས་ཀྱིས་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་གྲུབ་ན་གང་གི་ཚེ་ཡུལ་བ་ལྟར་རུང་བ་རྒྱུ་མི་དམིགས་པ་དང་ཁྱབ་པར་བྱེད་པ་མི་དམིགས་པས་བསྒྲུབ་པར་བྱ་བ་མེད་

ན་གཏན་ཚིགས་མེད་པར་བསྒྲུབ་པ་ཡིན་པ་དེའི་ཚེ་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་གི་རྗེས་སུ་འགྲོ་བ་ངེས་པ་ཡིན་ནོ། །འདིས་གཉིས་ནི་ཡུལ་བལྟར་རུང་བ་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བལྟར་འགྱུར་བ་ནི་དམིགས་པའི་རིག་བྱར་གྱུར་པའོ། །འདི་སྐད་དུ་གང་གི་ཚེ་

རྒྱུ་དང་ཁྱབ་པར་བྱེད་པ་དག་དམིགས་པའི་རིག་བྱར་མ་གྱུར་པ་དེའི་ཚེ་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་སྒྲུབ་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །མི་དམིགས་པ་ཡུལ་བལྟར་རུང་བ་ཉིད་ལ་ལྟོས་པ་གང་ལས་ཡིན་ཞེ་ན། དེའི་ཕྱིར། ཡུལ་བསྟན་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གང་གི་ཚེ་ཡུལ་འགའ་ཞིག་ཉེ་བར་བསྟན་ནས་འདི་ན་མེད་དོ་ཞེས་མེད་པ་སྒྲུབ་པར་བྱེད་པ་དེའི་ཚེ་མི་དམིགས་པ་ཡུལ་བལྟར་རུང་བ་ཉིད་ལ་ལྟོས་པ་ཡིན་ནོ། །གང་ལ་ཡུལ་བསྟན་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། བསྟན་པ་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཡུལ་ཞེས་བྱ་བ་ནི་གང་དུ་མེད་པ་

เล่ม ๑๘๙ · หน้า 115a

སྒྲུབ་པར་བྱེད་པའོ། །ཡང་ཅིའི་ཕྱིར་ཡུལ་བལྟར་རུང་བ་ཉིད་ལ་ལྟོས་ཤེ་ན། དེའི་ཕྱིར། དེ་ལྟ་མ་ཡིན་ན་དམིགས་པའི་རིག་བྱར་མ་གྱུར་པ་ཞེས་བྱ་བ་ལ་སོགས་སྨོས་ཏེ། གང་ཞིག་དམིགས་པའི་རིག་བྱར་མ་གྱུར་པ་དེ་གཞན་དུ་གྱུར་པའོ། །དེ་བཞིན་དུ་གྱུར་པ་ཉིད་བསྟན་པའི་ཕྱིར་

གང་དུ་ཡང་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་དམིགས་པའི་རིག་བྱར་མ་གྱུར་པ་གང་དུ་ཡང་མེད་པར་མི་འགྲུབ་པར་ཡང་འགྱུར་རོ། །རྣམ་པ་གཅིག་ཏུ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཁྱད་པར་དུ་མི་བྱ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འདི་ལྟར་དམིགས་

པའི་རིག་བྱར་མ་གྱུར་པ་ནི་གང་དུ་ཡང་མེད་པར་མི་འགྲུབ་པར་ཡང་འགྱུར་རོ་ཞེས་བྱ་བར་བལྟ་བའོ། །ཡང་ཅིའི་ཕྱིར་མི་དམིགས་པ་ཡུལ་བལྟར་རུང་བ་ཉིད་ལ་ལྟོས་པ་ཡུལ་བསྟན་པ་ཅན་མེད་པ་རབ་ཏུ་སྟོན་པ་ཁོ་ན་ལས་ཡིན་ཞེ་ན། དེའི་ཕྱིར་ཡུལ་མ་བསྟན་པ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གང་དུ་ཡུལ་ཉེ་བར་མ་བསྟན་པར་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་སྟོན་པ་དེར་ནི་གང་གི་ཕྱིར་འབྲེལ་པ་ཙམ་ཞིག་གྲུབ་པས་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པ་འགྲུབ་པ་དེའི་ཕྱིར་དེ་ལ་ནི་ལྡོག་པ་བསྒྲུབ་པར་བྱ་བ་ལ་མི་དམིགས་པ་ཡུལ་བལྟར་རུང་བ་ཉིད་ལ་ལྟོས་པ་མ་ཡིན་

ནོ། །རྒྱུ་དང་འབྲས་བུ་དང་། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ནི་འདིར་འབྲེལ་པའི་སྒྲར་བཤད་དེ། དེ་ཡང་གནོད་པ་ཅན་གྱི་ཚད་མ་ལ་རག་ལས་པ་ཡིན་ནོ། །དེའི་ཕྱིར་གང་གིས་ན་དེ་ཉིད་གཅིག་ལ་གཅིག་བརྟེན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་གཅིག་ལ་

གཅིག་རག་ལས་པ་ནི་མ་ཡིན་ནོ། །དེ་ལྟར་འབྲས་བུ་དང་རང་བཞིན་དག་གི་ལྡོག་པ་བསྟན་ནས། མི་དམིགས་པའི་ལྡོག་པ་ངེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་ཞིག་ཡོད་པ་ཡིན་ལ། དེ་གལ་ཏེ་དམིགས་པའི་རིག་བྱར་གྱུར་པ་ཡིན་ན་གདོན་མི་ཟ་བར་དམིགས་པར་འགྱུར་རོ། །དེ་

ལྟར་ན་གང་གི་ཚེ་མི་དམིགས་པ་མེད་པར་བསྟན་པ་དེའི་ཚེ་མི་དམིགས་པའི་ལྡོག་པ་ངེས་པ་ཡིན་ནོ། །རེ་ཞིག་དེ་ལྟ་བུ་ནི་ཆོས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་བསྟན་པ་ཡིན་ནོ། །གཏན་ཚིགས་གསུམ་ཉིད་དུ་བསྟན་པའི་ཕྱིར། མཚན་ཉིད་དེ་ལྟ་བུ་ཅན་ཞེས་བྱ་བ་ལ་སོགས་པ་

เล่ม ๑๘๙ · หน้า 115b

སྨོས་སོ། །ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་འདི་དང་ལྡན་པའི་གཏན་ཚིགས་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ཁོ་ནར་བལྟ་བར་བྱའོ། །གང་ལ་མཚན་ཉིད་དེ་ལྟ་བུ་ཡོད་པ་དེ་ནི་མཚན་ཉིད་དེ་ལྟ་བུ་ཅན་ནོ། །རྣམ་པ་གསུམ་པོ་བྱེ་བྲག་ཏུ་བསྟན་པར་

བྱ་བའི་ཕྱིར། རང་བཞིན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་རང་གི་མིང་གིས་གཏན་ཚིགས་གསུམ་སྟོན་པར་བྱེད་དོ། །དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ། །ཡིན་ཏེ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་རྗོད་པར་བྱེད་པ་ཡིན་ནོ། །རང་བཞིན་གྱི་གཏན་ཚིགས་ཀྱི་དཔེ་བསྟན་པའི་ཕྱིར། དཔེར་ན་འགའ་ཞིག་

མི་རྟག་པར་བསྒྲུབ་པར་བྱ་བ་ལ་ཡོད་པ་དེ་ལྟ་བུ་ཞེས་བྱ་བ་སྨོས་ཏེ། འགའ་ཞིག་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཡོད་པའི་མཚན་ཉིད་ཀྱི་གཏན་ཚིགས་ནི་རང་བཞིན་གྱི་གཏན་ཚིགས་སོ། །འབྲས་བུའི་གཏན་ཚིགས་ཀྱི་དཔེ་མེ་དང་ལྡན་པའི་ཕྱོགས་ལ་དུ་བ་ལྟ་བུ་ཞེས་བྱ་བ་སྨོས་ཏེ། ཕྱོགས་འགའ་ཞིག་

མེ་དང་ལྡན་པར་བསྒྲུབ་པར་བྱ་བ་ལ་དུ་བའི་མཚན་ཉིད་ཀྱི་གཏན་ཚིགས་ནི་འབྲས་བུའི་གཏན་ཚིགས་སོ། །མི་དམིགས་པའི་དཔེ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་འགའ་ཞིག་མེད་པར་བསྒྲུབ་པར་བྱ་བ་ལ་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ནི་གཏན་ཚིགས་གསུམ་

པ་ཡིན་ནོ། །ཡང་ཅིའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ཁོ་ན་ཡིན་ཞེ་ན། རྣམ་པ་གསུམ་པོ་འདི་ཁོ་ནར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཏན་ཚིགས་གསུམ་པོ་ཉེ་བར་བསྟན་པ་གང་དག་ཡིན་པ་དེ་དག་ཁོ་ན་མེད་ན་མི་འབྱུང་བར་ངེས་པ་དེའི་ཕྱིར་གཏན་ཚིགས་ནི་རྣམ་པ་གསུམ་ཁོ་

ན་ཡིན་ནོ། །ཡང་མེད་ན་མི་འབྱུང་བ་འདི་ནི་ཅི་ཞིག་ཡིན། དེ་ནི་ཇི་ལྟར་ངེས་ཤེ་ན། དེའི་ཕྱིར། ཕྱོགས་ཀྱི་ཆོས་ཀྱི་ཁྱབ་པ་ཇི་སྐད་དུ་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཁྱབ་པར་བྱེད་པ་པོ་ཡོད་པ་ཁོ་ནའམ། དེ་ལ་ཁྱབ་པར་བྱ་བ་ཡོད་པ་ཁོ་ན་ཞེས་བྱ་བར་ཁྱབ་པ་ཉེ་བར་བསྟན་པ་གང་ཡིན་

པ་ཕྱོགས་ཀྱི་ཆོས་ལ་ཁྱབ་པ་ཇི་སྐད་དུ་བཤད་པ་དེ་ནི་མེད་ན་མི་འབྱུང་བ་ཞེས་བྱའོ། །མེད་ན་མི་འབྱུང་བ་དེ་ཡང་གཏན་ཚིགས་རྣམ་པ་གསུམ་མ་གཏོགས་པ་གཞན་ན་མེད་པས་འདི་ཉིད་དུ་ངེས་པ་ཞེས་བྱའོ། །རང་བཞིན་གྱིས་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་སྒྲུབ་པའི་ཆོས་ཀྱི་ངོ་བོ་

เล่ม ๑๘๙ · หน้า 116a

ཙམ་དང་ལྡན་པ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བའི་ཆོས་གང་ཞིག་གདོན་མི་ཟ་བ་སྒྲུབ་པའི་ཆོས་ཙམ་དང་ལྡན་པའི་བསྒྲུབ་པར་བྱ་བའི་ཆོས་དེ་ལྟ་བུ་དེ་ལ་རང་བཞིན་གྱི་གཏན་ཚིགས་ཡིན་པར་བརྗོད་པར་བྱའོ། །སྒྲུབ་པའི་ཆོས་ཁོ་ན་བསྒྲུབ་པའི་ཆོས་ཙམ་

ཡིན་ཏེ། འདི་ལ་དེ་དང་ལྡན་པའི་ངང་ཚུལ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རང་བཞིན་ནི་བདག་ཉིད་དང་རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་སྟེ། རང་བཞིན་ཉིད་གཏན་ཚིགས་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གང་གི་རང་བཞིན་ཡིན་ཞེ་ན། ཐོས་པའི་ཕྱིར་དང་ཉེ་བའི་ཕྱིར་

བསྒྲུབ་པར་བྱ་བའི་ཆོས་ཀྱི་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་སེལ་བའི་བྱེ་བྲག་གིས་ཐ་དད་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ན་གཏན་ཚིགས་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་ནོ་ཞེས་བྱ་ཞེ་ན། དེའི་ཕྱིར། དངོས་སུ་ན་གཏན་ཚིགས་ནི་རྟགས་ཅན་གྱི་རང་བཞིན་

ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕན་ཚུན་ལྡོག་པའི་བྱེ་བྲག་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དག་ཐ་དད་པ་ཡིན་མོད་ཀྱི། འོན་ཀྱང་དོན་དམ་པར་ན་གཏན་ཚིགས་ནི་རྟགས་ཅན་གྱི་རང་བཞིན་ཁོ་ན་ཡིན་ཏེ། འདི་ལྟར་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་བྱས་པ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་

འཇིག་པའི་ཕྱིར་མི་རྟག་པར་འདོད་དོ། །དེ་ལྟ་མ་ཡིན་ན་བྱས་པ་ཡང་གཞན་ལ་མི་རྟག་པ་ཡང་གཞན་དུ་འགྱུར་ཏེ། དེ་ལྟ་ན་སྒྲ་ནི་བྱས་པ་སྟེ། མི་རྟག་པའོ་ཞེས་གཅིག་ཏུ་ཉེ་བར་བསྡུ་བར་མི་འགྱུར་རོ། །གང་གི་ཚེ་གཏན་ཚིགས་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་པར་བརྗོད་པ་དེའི་ཚེ་གདོན་མི་

ཟ་བར་བསྒྲུབ་པར་བྱ་བའི་ཆོས་གཏན་ཚིགས་དང་རྗེས་སུ་འབྲེལ་པ་ཅན་དུ་འགྱུར་བ་མ་ཡིན་ནམ། དེ་ལ་ཅིའི་ཕྱིར་དེ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཞེས་བྱ་བའི་ཁྱད་པར་འདི་བྱེད་ཅེ་ན། རང་བཞིན་ལ་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་བསྒྲུབ་པར་བྱ་

བའི་རང་བཞིན་ཡིན་པར་ཁས་བླངས་ན་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོ་བ་འཁྲུལ་པ་མེད་མོད་ཀྱི་འོན་ཀྱང་མཚན་ཉིད་བརྗོད་པར་བྱ་བ་ལ་གཞན་གྱི་ལུགས་ལ་ལྟོས་ནས་བསྒྲུབ་པའི་ཆོས་ཙམ་དང་འབྲེལ་པ་ཅན་ཞེས་བྱ་བའི་ཁྱད་པར་འདི་བྱ་དགོས་པ་ཉིད་དོ། །གཞན་གྱི་ལུགས་དེ་ཉིད་བསྟན་པའི་ཕྱིར།

เล่ม ๑๘๙ · หน้า 116b

གཞན་དག་ནི་དོན་གཞན་གྱི་རྒྱུ་མཚན་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཞན་ཕྱིར་རྒོལ་བ་དག་ནི་དངོས་པོ་གྲུབ་ཟིན་པ་ལ་དོན་གཞན་གྱི་རྒྱུ་མཚན་ལས་ཆོས་གང་སྐྱེ་བ་དེ་ཙམ་དང་འབྲེལ་པ་ཅན་མ་ཡིན་པ་དེ་ཡང་རང་བཞིན་དུ་འདོད་པའི་ཕྱིར། ཁྱད་པར་གྱི་ཆོས་དེ་ལྟ་བུ་རང་

བཞིན་ཉིད་ཡིན་པ་ཡང་འགོག་ལ། ཕྱིས་འབྱུང་བའི་བསྒྲུབ་པར་བྱ་བའི་ཆོས་དེ་ལ་གཏན་ཚིགས་འཁྲུལ་པ་ཡང་ཁྱད་པར་གྱིས་སྟོན་པར་བྱེད་དོ། །དངོས་པོའི་རང་གི་རྒྱུ་དག་ལས་དོན་གཞན་པ་ནི་དོན་གཞན་ཏེ། འདི་ལ་དོན་གཞན་གྱི་རྒྱུ་མཚན་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་

དེའི་ངོ་བོ་ཙམ་དང་ལྡན་པའི་ངང་ཚུལ་ཡོད་པས་དེའི་ངོ་བོ་ཙམ་དང་ལྡན་པ་ཅན་ནོ། །དེ་དགག་པ་ནི་ངོ་བོ་ཙམ་དང་ལྡན་པ་མ་ཡིན་པ་ཅན་ནོ། །དོན་གཞན་གྱི་རྒྱུ་མཚན་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ལ་གཏན་ཚིགས་འཁྲུལ་པ་གང་ལས་ཡིན་ཞེ་ན། དཔེར་ན་འཇིགས་པ་རྒྱུ་དང་ལྡན་པ་ལ་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། བྱས་པ་ཉིད་ནི་བསྒྲུབ་པར་བྱ་བ་འཇིག་པ་རྒྱུ་དང་ལྡན་པ་ལ་འཁྲུལ་པ་ཡོད་དེ། འདི་ལྟར་གལ་ཏེ་འཇིག་པ་རྒྱུ་དང་ལྡན་པར་འདོད་ན་དེའི་ཚེ་འགའ་ཞིག་མི་འཇིག་པར་ཡང་འགྱུར་རོ། །འདི་ལྟར་ལྟོས་པ་དང་བཅས་པ་རྣམས་ནི་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་

ལ་ལ་བྱས་པ་ཡང་ཡིན་ལ་མི་རྟག་པ་ཡང་མ་ཡིན་པར་འགྱུར་བས་འཁྲུལ་པ་ཡིན་ནོ། །དེ་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བརྗོད་ནས་སྦྱོར་བའི་བྱེ་བྲག་བསྟན་པའི་ཕྱིར། དེའི་སྦྱོར་བ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། རང་བཞིན་གྱི་གཏན་ཚིགས་དེ་ན་རྣམ་པ་གཉིས་རབ་ཏུ་

སྦྱར་རོ། །རྣམ་པ་གཉིས་པོ་བསྟན་པའི་ཕྱིར། ཆོས་མཐུན་པ་ཅན་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་ནི་ཆོས་མཐུན་པ་ཅན་ཉིད་ཀྱི་སྒོ་ནས་རབ་ཏུ་སྦྱོར་ལ། རེས་འགའ་ནི་ཆོས་མི་མཐུན་པ་ཅན་ཉིད་ཀྱི་སྒོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཆོས་མཐུན་པ་ཡོད་པས་ན་འདི་

ནི་ཆོས་མཐུན་པ་ཅན་ནོ། །ཆོས་མཐུན་པ་ཅན་གྱི་ངོ་བོ་ནི་ཆོས་མཐུན་པ་ཅན་ཉིད་དོ། །འདི་ལ་ཆོས་མི་མཐུན་པ་ཡོད་པས་ན་འདི་ནི་ཆོས་མི་མཐུན་པ་ཅན་ནོ། །ཆོས་མི་མཐུན་པ་ཅན་གྱི་ངོ་བོ་ནི་ཆོས་མི་མཐུན་པ་ཅན་ཉིད་དོ། །ཆོས་མཐུན་པ་ཅན་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། གང་ཡོད་པ་

เล่ม ๑๘๙ · หน้า 117a

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་འདིས་ནི་རྗེས་སུ་འགྲོ་བ་བསྟན་ཏོ། །ཆོས་མི་མཐུན་པ་ཅན་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར། དེ་བཞིན་དུ་སྐད་ཅིག་མ་ཉིད་མེད་ན་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། གང་ཞིག་སྐད་ཅིག་མ་མ་ཡིན་པ་དེ་ནི་ཡོད་པ་ཡང་མ་ཡིན་ཏེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བྱ་བ་འདིས་ནི་ལྡོག་པ་བསྟན་ཏོ། །སྒྲ་ནི་ཡོད་པས་ཞེས་བྱ་བ་འདིས་ནི་ཆོས་མི་མཐུན་པ་ཅན་ཉིད་ལས་རྣམ་པར་ཕྱེ་བའི་ཕྱོགས་ཀྱི་ཆོས་ཉེ་བར་བསྟན་ཏོ། །ཆོས་མཐུན་པ་ཅན་ཉིད་

དང་ཆོས་མི་མཐུན་པ་ཅན་ཉིད་ཀྱི་སྦྱོར་བ་དག་གིས་ཁྱབ་པ་དག་རབ་ཏུ་སྟོན་པའི་རྣམ་པ་བསྟན་པའི་ཕྱིར། ཐམས་ཅད་ཉེ་བར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་འགྲོ་བའམ་ལྡོག་པས་དངོས་པོ་ཐམས་ཅད་ཉེ་བར་བསྡུས་ཏེ། ཆོས་མཐུན་པ་ཅན་ཉིད་དང་ཆོས་མི་མཐུན་པ་ཅན་ཉིད་

ཀྱི་སྦྱོར་བ་དག་གིས་ཁྱབ་པ་རབ་ཏུ་སྟོན་གྱི། ཇི་ལྟར་གཞན་དག་གིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་སྤངས་ནས་ཁྱབ་པ་གཞན་རབ་ཏུ་སྟོན་པ་ལྟ་བུ་ནི་མ་ཡིན་ཏེ། ཐམས་ཅད་སྨོས་པས་ནི་ཁྱབ་པ་གཞན་དགག་པའི་ཕྱིར་རོ། །ཁྱབ་པ་རབ་ཏུ་སྟོན་པ་ནི་ཁྱབ་པ་རབ་ཏུ་སྟོན་པ་སྟེ། གང་དག་

ལ་མཚན་ཉིད་དེ་ཡོད་པ་དེ་དག་ནི་ཁྱབ་པ་རབ་ཏུ་སྟོན་པའི་མཚན་ཉིད་ཅན་ནོ། །གང་གི་ཚེ་ཐམས་ཅད་ཉེ་བར་བསྡུས་ནས་ཁྱབ་པ་རབ་ཏུ་སྟོན་པ་དེའི་ཚེ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཡང་རྟོགས་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་རྗེས་སུ་དཔག་པ་ནི་དྲན་པ་ཉིད་དུ་འགྱུར་རོ་ཞེ་ན། བཤད་པ་གང་

བྱས་པ་དེ་ནི་མི་རྟག་པའོ་ཞེས་བྱ་བར་སྤྱིར་རྟོགས་ཀྱི་ཁྱབ་པའི་ཚེ་སྒྲ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་རྟོགས་པར་མི་ནུས་སོ། །དེའི་ཕྱིར་ཆོས་ཅན་གྱི་ངོ་བོ་རྟོགས་པའི་རྗེས་སུ་དཔག་པ་ཇི་ལྟར་དྲན་པ་ཡིན་པར་འགྱུར་རོ། །སྦྱོར་བ་སྟོན་པ་ལ་གོམས་པའི་ཕྱིར་གང་གིས་ཆོས་རྟོགས་པར་བྱེད་པ་དེའི་ཚེ་

བདག་ཉིད་ཀྱང་སྦྱོར་བའི་ཚུལ་ཁོ་ནས་རྟོགས་པར་འགྱུར་བས་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་སྦྱོར་བའི་བྱེ་བྲག་བྱ་སྟེ། གཏན་ཚིགས་གསུམ་ཆར་ལ་ཡང་སྦྱོར་བའི་བྱེ་བྲག་འདི་སྲིད་དོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ངེས་པ་རབ་ཏུ་སྒྲུབ་

เล่ม ๑๘๙ · หน้า 117b

པའི་སྐབས་ཀྱིས་འདི་བསྟན་ཏོ། །སྦྱོར་བ་གཉི་ག་ལ་ཡང་དམ་བཅའ་བ་མ་བསྟན་པས་དེའི་དོན་ཇི་ལྟར་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་འདིར་ནི་ཤུགས་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྦྱོར་བ་གཉི་ག་ལ་ཡང་ཕྱོགས་ཀྱི་ཆོས་དང་ཁྱབ་པ་རབ་ཏུ་བསྟན་པའི་

ཤུགས་ཁོ་ནས་དམ་བཅའ་བའི་དོན་རྟོགས་པར་འགྱུར་བ་དེའི་ཕྱིར་དམ་བཅའ་བ་རབ་ཏུ་མི་སྦྱོར་རོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་གཞལ་བྱའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞལ་བྱའི་དོན་རབ་ཏུ་སྟོན་ན་ཚིག་མེད་པར་ཇི་ལྟར་རྟོགས་པར་ནུས་

ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པའོ། །གྲུབ་པའི་མཐའ་སྨྲ་བས་བདག་ཉིད་ཀྱི་རྟོགས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱ་རབ་ཏུ་བསྟན་པ་མེད་པར་གཞལ་བྱ་རྟོགས་པར་མི་འགྱུར་ན་ནི་དེའི་ཚེ་རང་གི་དོན་གྱི་རྗེས་སུ་དཔག་པའི་ཚེ་ཡང་རྟོགས་པར་མི་འགྱུར་ཏེ། དེའི་ཚེ་ཡང་སུ་ཡང་

གཞལ་བྱ་ཉེ་བར་སྟོན་པར་མི་བྱེད་པའི་ཕྱིར་རོ། །འོ་ན་དེའི་ཚེ་དེ་ཇི་ལྟར་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར། ཕྱོགས་ན་ཡོད་པའི་དུ་བ་ཉེ་བར་དམིགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཕྱོགས་ན་དུ་བ་ཉེ་བར་དམིགས་པ་ལ་དེ་ལ་ཡང་མེས་ཁྱབ་པར་དྲན་པ་དེའི་ཚེ་གཉི་གའི་མཐུ་

ཁོ་ནས་ཕྱོགས་འདི་ན་མེ་ཡོད་དོ་ཞེས་དེ་ལྟར་རྟོགས་ཀྱི། འདི་ལ་སུ་ཡང་འདི་ན་མེ་ཡོད་དོ་ཞེས་སྟོན་པར་མི་བྱེད་དོ། །དེ་ལ་འདི་སྙམ་དུ་རྗེས་སུ་དཔག་པའི་སྔོན་རོལ་དུ་བདག་ཉིད་ཀྱིས་གཞལ་བྱ་རྟོགས་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་བདག་ཉིད་ཀྱིས་ཀྱང་སྔར་ཅུང་ཟད་ཀྱང་མ་རྟོགས་

སོ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པའི་སྔོན་རོལ་དུ་ཡང་དེ་ལྟ་བུ་ཅུང་ཟད་ཀྱང་མི་རྟོགས་སོ། །ཅིའི་ཕྱིར་ཞེ་ན། ཚད་མ་མ་གཏོགས་པར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མ་གཏོགས་པར་འདི་ན་མེ་ཡོད་དོ་ཞེས་དེ་ལྟ་བུར་རྟོགས་པའི་རྒྱུ་མཚན་གཞན་ནི་མེད་དོ། །དེའི་ཕྱིར་སྔོན་

རོལ་ཁོ་ནར་ཇི་ལྟར་རྟོགས་པར་འགྱུར། དེ་ལ་འདི་སྙམ་དུ་འདིས་སྔོན་རོལ་དུ་ཅི་ཞིག་ལྟར་རྟོགས་པར་འགྱུར་བ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར། རྟོགས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་ལ་གང་གིས་ན་ཚད་མ་མེད་པར་སྔོན་རོལ་ཁོ་ནར་གཞལ་བྱ་རྟོགས་པར་འགྱུར་བ་དེ་

เล่ม ๑๘๙ · หน้า 118a

ལྟ་བུའི་མཐུ་ཞིག་ཡོད་ན། འོ་ན་ནི་རྟགས་དོན་མེད་པ་ཉིད་ཡིན་པ་དེའི་ཚེ་རྟགས་ཀྱིས་ཅི་ཞིག་བྱ། དེ་ལ་འདི་སྙམ་དུ་རེ་ཞིག་དང་པོ་ཁོ་ནར་གཞལ་བྱ་རྣམ་པར་གཞག་པར་བྱའོ། །དེ་ནས་ཕྱིས་དེ་རབ་ཏུ་སྒྲུབ་པའི་ཕྱིར་ཚད་མ་བཤད་པར་བྱའོ་སྙམ་དུ་སེམས་ན། དེའི་ཕྱིར་བདག་ཉིད་ཀྱིས་བབ་

ཅོལ་དུ་འདི་ན་མེ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཚད་མ་མེད་པར་བབ་ཅོལ་ཁོ་ནར་གཞལ་བྱ་རྣམ་པར་འཇོག་པར་བྱེད་ཅིང་ཕྱིས་དེ་རབ་ཏུ་སྒྲུབ་པའི་ཕྱིར་རྟགས་ཚོལ་བར་བྱེད་པ་དེའི་རྟོག་པའི་རིམ་པའི་རྣམ་པ་འདི་ཅི་ཞིག་ཡིན་ཏེ། འདི་ལྟར་དང་པོར་མ་ངེས་པའི་རྣམ་པར་གཞག་པ་

འདིས་ཅི་ཞིག་བྱ། འདི་རྣམ་པར་གཞག་པའི་དུས་ནི་ངེས་པའི་དུས་ཁོ་ནར་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་རྟོགས་པར་བྱེད་པ་གཞལ་བྱ་བརྗོད་པ་མེད་པར་རྟོགས་ཀྱང་གཞན་གྱིས་རྟོགས་པར་བྱ་བ་ལ་གཞལ་བྱ་བསྟན་པར་རིགས་སོ་ཞེ་ན། དེའི་ཕྱིར་དེ་གཞན་གྱིས་བརྗོད་ན་ཡང་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། གཞན་གྱི་རྟོགས་པར་བྱ་བ་ལ་ཡང་གཞལ་བྱ་བརྗོད་པ་དགོས་པ་མེད་པའི་ཕྱིར་ལྷག་པར་འགྱུར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལུགས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་དགོས་པ་ཡུལ་བསྟན་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ།

གཞལ་བྱ་སྨོས་པས་གཏན་ཚིགས་ཀྱི་ཡུལ་རབ་ཏུ་སྟོན་ཏོ་ཞེས་གྲགས་ཏེ། དེའི་ཕྱིར་གཞལ་བྱ་སྨོས་པའི་དགོས་པ་ནི་ཡུལ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། རེ་ཞིག་བསྟན་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཡུལ་

བསྟན་པ་དེ་ཉིད་ཀྱིས་ཕན་པ་ཅི་ཞིག་ཡོད། གང་གིས་ན་ཡུལ་རབ་ཏུ་བསྟན་པའི་ཕྱིར་དམ་བཅའ་བ་སྨོས་པ་ལོག་པར་འགྱུར། དེ་ལ་འདི་སྙམ་དུ་ཡུལ་རབ་ཏུ་བསྟན་པ་མེད་པར་བསྒྲུབ་པར་བྱ་བ་རྟོགས་པར་མི་འགྱུར་བ་ཉིད་པས་དེའི་ཕྱིར་གདོན་མི་ཟ་བར་ཡུལ་རབ་ཏུ་བསྟན་པར་བྱའོ་ཞེ་ན། དེའི་ཕྱིར་

གལ་ཏེ་གཞན་དུ་ན་རྟོགས་པར་མི་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡུལ་རབ་ཏུ་བསྟན་པ་མེད་པར་རྟོགས་པར་མི་འགྱུར་ན་ནི་དེའི་ཚེ་ཁྱོད་ཀྱིས་སྨྲས་པ་ཐམས་ཅད་ལེགས་པར་འགྱུར་རོ། །དེ་ནི་ཇི་ལྟར་བཏུབ་པ་དེ་ལྟར་སྔར་བསྟན་ཟིན་ཏོ། །དེ་ལྟར་སྒྲུབ་པའི་ཚིག་ལས་དམ་བཅའ་

เล่ม ๑๘๙ · หน้า 118b

བའི་སྦྱོར་བ་བསལ་ནས། མཇུག་བསྡུ་བར་དེ་ལྟ་བས་ན་འདིས་བདག་ཉིད་ཀྱིས་རྟོགས་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དམ་བཅའ་བ་སྨོས་པ་ཇི་ལྟར་ཡང་དགོས་པ་མེད་པའི་ཕྱིར་དམ་བཅའ་བ་སྨྲ་བ་འདི་གང་གི་ཚེ་བདག་ཉིད་རྟོགས་པར་བྱེད་པ་དེའི་ཚེ་དམ་བཅའ་བ་སྨྲས་པ་འདི་

དམ་བཅའ་བ་སྨོས་པ་མེད་པ་ཁོ་ནར་རྟོགས་སོ། །གང་གི་ཚེ་ཁོ་བོ་གཞལ་བྱ་རྟོགས་པར་བྱ་བར་རྩོམ་པ་དེའི་ཚེ་ནི་ཁོ་བོ་དེ་སྒྲུབ་པའི་དོན་དུ་གཉེར་བ་མཐོང་ནས་དམ་བཅའ་བ་སྨོས་པ་མེད་པར་ངས་མི་རྟོགས་ཀྱི། དམ་བཅའ་བ་རབ་ཏུ་སྦྱོར་ཅིག་ཅེས་སྨྲ་སྟེ། དེ་དེ་སྐད་དུ་སྨྲ་བ་ནི་དུས་སྟོན་གྱི་བྲམ་ཟེའི་

བཞིན་དུ་གསལ་བ་རྔན་པ་སྒུགས་པར་བྱེད་པ་ཡིན་ནོ། །དཔེར་ན་གནས་ཤིག་ཏུ་མཆུ་ལ་མཚུན་གཏོར་བ་ལ་སོགས་པར་བྲམ་ཟེ་ཐམས་ཅད་མགྲོན་དུ་བོས་པ་དང་། ཚོང་པ་བཀྲེས་པ་ཤིན་ཏུ་དད་པ་ཅན་ཞིག་གིས་བྲམ་ཟེ་གཞན་ནི་མ་རྙེད་ཀྱི། སྤྲང་པ་ལྟོགས་ཏེ་ལྟོ་རྙོངས་པ་མཆུ་དང་གྲེ་བ་ཡོངས་སུ་

བསྐམས་པ། གདོང་རྙི་རྙི་བོར་འདུག་པ། མཁུར་ཚོས་རླབས་སྐྱ་བ་ཞིག་ཚུར་འོང་བ་མཐོང་ནས། མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་པདྨ་ཁ་བྱེ་བ་ལྟ་བུར་སྦྱར་ནས་བདག་གི་ཁྱིམ་དུ་གདུགས་ཚོད་གསོལ་བར་ཐུགས་བག་མཛད་ཅེས་སྨྲས་པ་དང་། བྲམ་ཟེས་ཚོང་པ་དེས་བྲམ་ཟེ་གཞན་མ་རྙེད་པར་

ཤེས་ནས། གལ་ཏེ་མར་ཁུར་རེ་རེ་ལ་དངུལ་གྱི་དོང་ཚེ་རེ་རེ་བྱིན་ན་གདོད་ཁོ་བོ་ཁྱིམ་དུ་ཟན་ཟའི་གཞན་དུ་ནི་མ་ཡིན་ནོ་ཞེས་སྨྲས་སོ་ཞེས་གྲགས་པ་ལྟར་འདིར་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །དེ་ལ་འདི་སྙམ་དུ་རང་གིས་རྟོགས་པ་ལ་ནི་རྟགས་ཀྱི་སྟོབས་ཀྱིས་གཞལ་བྱ་རྟོགས་པ། གཞན་གྱི་

ཁོང་དུ་ཆུད་པར་བྱེད་ན་ནི་ཚིག་གིས་རྟོགས་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། ཁོ་བོས་བརྗོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕ་རོལ་པོ་དེ་ལས་ཁོང་དུ་ཆུད་པར་འགྱུར་ན་ནི་ཕྱོགས་ཀྱི་ཚིག་བརྗོད་པར་བྱ་བ་ཡང་ཡིན་ན། ཁོ་བོས་ཇི་ཙམ་དུ་དམ་བཅའ་བའི་ཚིག་བརྗོད་ཀྱང་

དེ་ལ་མི་ལྟོས་པར་བདག་ཉིད་གྲུབ་ཟིན་པའི་རྟགས་གང་ཡིན་པ་དེ་ཁོ་ན་རྗེས་སུ་དྲན་ནས་རྟོགས་པར་འགྱུར་ཏེ། དེའི་ཕྱིར་དམ་བཅའ་བའི་ཚིག་བརྗོད་པ་དང་མ་བརྗོད་པའི་གནས་སྐབས་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། དེ་ལ་འདི་སྙམ་དུ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་དམ་བཅའ་

เล่ม ๑๘๙ · หน้า 119a

བ་སྨོས་པ་མེད་པར་རྟོགས་པར་མི་འགྱུར་རོ་སྙམ་ན། དེའི་ཕྱིར་དམ་བཅའ་བ་སྨོས་པ་མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་དོན་དང་འགལ་བའི་སྦྱོར་བ་ལ་དམ་བཅའ་བ་སྨོས་པ་མེད་པ་ཁོ་ནར་ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་ཙམ་གྱིས་རྟོགས་པར་འགྱུར་བ་མཐོང་སྟེ།

དེ་ལྟ་བས་ན་དམ་བཅའ་བ་སྨོས་པ་དེ་གང་དུ་དགོས། འདི་ལྟར་གང་བྱས་པ་དེ་ནི་གདོན་མི་ཟ་བར་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ཁྱབ་པ་རབ་ཏུ་བསྟན་ལ་སྒྲ་ཡང་བྱས་པ་ཡིན་པས་ཞེས་ཕྱོགས་ཀྱི་ཆོས་བརྗོད་པ་དེ་གཉིས་ཀྱི་ཤུགས་ཁོ་ནས་སྒྲ་མི་རྟག་པ་ཡིན་ནོ་ཞེས་བྱ་བར་གྱུར་ན། དེ་ལ་དམ་བཅའ་བ་

སྨོས་པས་ཅི་ཞིག་བྱ། གཏན་ཚིགས་གཞན་གྱི་ཐབས་ཀྱིས་གཞན་གྱི་རྗེས་སུ་དཔག་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་ས་བོན་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར། རང་ལ་ངེས་པ་བཞིན་དུ་གཞན་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རང་གི་དོན་གྱི་རྗེས་སུ་དཔག་པའི་ཚེ་རང་ལ་ངེས་པ་

སྐྱེས་པ་དེ་ཁོ་ན་བཞིན་གཞན་དག་ལ་ཡང་ཇི་ལྟར་ན་ངེས་པར་འགྱུར་སྙམ་ནས་གཏན་ཚིགས་རྗོད་པར་བྱེད་དོ་ཞེས་བྱ་བ་དེ་ནི་རིགས་པ་ཡིན་ནོ། །ཡང་གང་ཞིག་བདག་ཉིད་ནི་གཞལ་བྱ་ཉེ་བར་བསྟན་པ་མེད་པར་ཡང་གཞལ་བྱ་རྟོགས་ལ། གང་གི་ཚེ་ཕ་རོལ་པོ་གོ་བར་བྱེད་པ་དེའི་ཚེ་གཞལ་བྱའི་

ཚིག་སྨོས་པར་བྱེད་པ་དེ་དོན་གྱི་རིམ་པ་སྔོན་མ་བྱུང་བ་ལ་བརྟེན་པ་ཡིན་ཏེ། དེའི་ཕྱིར་རིགས་པ་ལས་འདས་ནས་དོན་གྱི་རིམ་པ་སྔོན་མ་བྱུང་བ་ལ་བརྟེན་པའི་རྒྱུ་བརྗོད་དགོས་སོ། །དེ་ལྟར་རིགས་པས་དམ་བཅའ་བ་སྨོས་པ་བཀག་ནས། མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གཞལ་བྱ་སྨོས་པ་ནི་ཅུང་ཟད་

ཀྱང་མི་དགོས་སོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་ས་བོན་ཅན་ཉིད་ཡིན་ལ། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་དམ་བཅའ་བའི་སྦྱོར་བ་མེད་པ་དེའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་དམ་བཅའ་བ་

སྨོས་པ་དགོས་པ་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་མི་དགོས་ཤེ་ན། གཞན་དུ་ཡང་རྟོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དམ་བཅའ་བ་སྨོས་པ་མེད་པར་ཡང་རྟོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སྒྲུབ་པའི་ཚིག་ལས་དམ་བཅའ་བ་བསལ་ནས་མི་འདོད་པའི་

เล่ม ๑๘๙ · หน้า 119b

ཡན་ལག་བསལ་བར་བྱ་བའི་ཕྱིར། བསྒྲེ་བར་བྱ་བར་འདིས་ནི་ཉེ་བར་གཏོད་པ་དང་། མཇུག་སྡུད་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དམ་བཅའ་བ་སྨོས་པ་གསལ་བ་ཁོ་ནས་ཉེ་བར་གཏོད་པ་དང་། མཇུག་བསྡུས་པ་དག་ཀྱང་གསལ་བར་ཁོང་དུ་ཆུད་པར་བྱའོ། །སོགས་པའི་

སྒྲས་ནི་ཐེ་ཚོམ་དང་བ་གམ་པ་ལ་སོགས་པ་བསྡུའོ། །ཅིའི་ཕྱིར་ཞེ་ན། སྦྱོར་བ་འདི་ཙམ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕྱོགས་ཀྱི་ཆོས་དང་འབྲེལ་པ་སྨོས་པ་ཙམ་ཁོ་ནས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་ཇི་སྲིད་དུ་མཐོང་བའི་མཐུ་ཅན་གྱི་གཏན་ཚིགས་ཀྱང་ཆོས་

ཅན་ལ་ཉེ་བར་མི་གཏོང་ལ། ཆད་པའི་བྱེད་པ་མཐའ་དག་མཇུག་བརྟུལ་ཏེ། ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཇུག་སྡུད་པར་མི་བྱེད་པ་དེ་སྲིད་དུ་བསྒྲུབ་པར་བྱ་བ་རྟོགས་པར་ག་ལ་འགྱུར་སྙམ་ན། དེའི་ཕྱིར། ཁ་བྱའི་ཆགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གནས་མ་ཡིན་པར་མངོན་པར་ཞེན་

པ་འོར་ལ་སེམས་མཉམ་པར་ཞོག་ལ། ཅི་ཕྱོགས་ཀྱི་ཆོས་དང་འབྲེལ་བ་སྨོས་པ་འདི་ཙམ་གྱིས་རྟོགས་པར་བཏུབ་བམ་མི་བཏུབ་སོམས་ཤིག་ཅེས་བྱ་བ་ཡིན་ནོ། །ཁ་བྱ་ནི་གཅེར་བུ་པའི་སློབ་དཔོན་རྣམས་ལ་བྱ་སྟེ། དེ་དག་ནི་འབྲས་བུ་མེད་པར་ཚེགས་ཆེན་པོས་བསྒྲུབ་པར་བྱ་བ་ལ་གོང་ནས་གོང་དུ་མིང་འདྲི་

བ་ལ་ཆགས་པ་ཡིན་ལ་གནས་མ་ཡིན་པ་ལ་ཆགས་པ་འདི་ཡང་དེ་དང་འདྲའོ་སྙམ་དུ་དགོངས་པའོ། །མིག་བཙུམས་ཏེ་ཞེས་བྱ་བ་འདིས་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་སྤོང་ངོ་། །རེ་ཞིག་སོམས་ཤིག་ཅེས་བྱ་བ་འདིས་ནི་གཏོད་པར་བྱེད་དོ། །གལ་ཏེ་ཕ་རོལ་པོ་ཁས་ལེན་པ་ལྟ་ན། བཏུབ་པ་ལྟ་

ན་སྤྲོས་པའི་ཕྲེང་བས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་ཙམ་གྱིས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་ན་དེའི་ཚེ་དང་པོར་ཕྱོགས་ཀྱི་ཆོས་སྨོས་སོ། །དེའི་འོག་ཏུ་གཏན་ཚིགས་བསྟན་ཏོ། །དེའི་འོག་ཏུ་ཡང་དཔེ་བསྙད་དོ། །དེའི་རྗེས་ལ་ཆོས་ཅན་ལ་ཉེ་བར་གཏད་དོ། །དེའི་

འོག་ཏུ་བསྒྲུབ་པར་བྱ་བའི་ཆོས་མཇུག་བསྡུའོ་ཞེས་བྱ་བ་སྤྲོས་པའི་འབྲེལ་པ་གང་ཡིན་པ་དེ་ཅུང་ཟད་ཀྱང་དགོས་པ་མེད་དོ། །མཇུག་བསྡུ་བའི་ཕྱིར་སྒྲུབ་པའི་ཚིག་སྦྱོར་བ་ལ་འདི་ཙམ་ཁོ་ན་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པའི་ཚིག་སྦྱོར་བ་ལ་ཕྱོགས་ཀྱི་ཆོས་སྨོས་པ་དང་། འབྲེལ་པ་

เล่ม ๑๘๙ · หน้า 120a

སྨོས་པ་ཞེས་སྨོས་པ་འདི་ཙམ་གྱི་ཚོད་ཅིག་རིགས་རབ་བོ། །དེ་ལ་ཕ་རོལ་པོའི་བསམ་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་དང་པོར་ནི་ཕྱོགས་ན་དུ་བ་མཐོང་ངོ་། །དེའི་འོག་ཏུ་ནི་འབྲེལ་པ་དྲན་པ་ཡིན་ནོ། །འབྲེལ་པ་དྲན་པའི་མཇུག་ཐོགས་སུ་གང་གི་ཕྱོགས་ན་དུ་བ་ཡོད་པར་ཡང་

སྣོན་པར་བྱེད་པ་འདི་དུ་བ་ནི་ཡོད་དོ་སྙམ་པ་དེ་ལྟ་བུ་སྣོན་པའི་ཤེས་པ་སྐྱེའོ། །སྣོན་པའི་ཤེས་པའི་དོན་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་ཉེ་བར་གཏོད་པར་བརྗོད་དོ་ཞེས་གྲགས་ཏེ། དེ་བས་ན་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་ཉེ་བར་གཏོད་པའི་དོན་ཡོད་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་

ཡང་འདི་ཡན་ལག་གཞན་ཉིད་དུ་རིག་པ་ཁོ་ནའོ་སྙམ་པ་འདི་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བའི་དགོངས་པ་ཡང་ཐམས་ཅད་དུ་སྣོན་པའི་དོན་སྲིད་པ་ནི་མ་ཡིན་ཏེ། མེ་དོན་དུ་གཉེར་བའི་རྟོགས་པ་པོ་གང་ཞིག་དང་པོ་ཁོ་ནར་དུ་བ་དང་མེ་དག་གིས་འབྲེལ་པ་སེམས་ལ་བཞག་ནས་མེ་གང་ན་ཡོད་ཅེས་མེ་ཚོལ་

བར་བྱེད་པ་དེ་ལྟ་བུའི་རྟོག་པ་པོ་དེས་གལ་ཏེ་དུ་བ་མཐོང་ན་དེ་དུ་བ་མཐོང་བ་དང་པོ་ཁོ་ནས་འདི་ན་མེ་ཡོད་དོ་སྙམ་པའི་ཤེས་པ་སྐྱེའི། །སྣོན་པའི་ཤེས་པ་གཉིས་པ་ལ་ནི་མི་ལྟོས་སོ། །དེའི་ཕྱིར་སྣོན་པའི་ཤེས་པ་དོན་གདོན་མི་ཟ་བར་ཐམས་ཅད་དགོས་པ་ནི་མ་ཡིན་ནོ། །འོན་ཏེ་ཡང་རེས་འགའ་

དགོས་པ་ཡོད་པས་སྒྲུབ་པའི་ཡན་ལག་ཉིད་དུ་འདོད་དོ་ཞེ་ན། དེའི་ཚེ་ལག་པ་ན་ལ་སོགས་པ་རེས་འགའ་དགོས་པ་རྣམས་ཀྱང་སྒྲུབ་པའི་ཡན་ལག་ཉིད་ཡིན་པར་བརྗོད་དགོས་ཏེ། རྟོགས་པ་གང་ཞིག་ལག་པ་ན་འཐུངས་ན། གུར་ཀུམ་དང་ཙན་དན་དག་གིས་ལུས་བསྐུས་ཏེ་མཆུ་རྩི་དམར་པོས་མཛེས་

པར་བྱས། མགོ་ལ་མེ་ཏོག་གི་ཐོད་བཅིངས་ནས་དུ་བ་མཐོང་སྟེ། མེ་ཤེས་པར་བྱེད་པའི་ལག་པ་ན་ལ་སོགས་པ་ཡང་བསྒྲུབ་པའི་ཡན་ལག་ཏུ་ཐལ་བར་འགྱུར་རོ་སྙམ་པ་འདི་ཡིན་ནོ། །མཇུག་སྡུད་པ་ནི་དམ་བཅས་པ་གསལ་བ་ཁོ་ནས་བསལ་བ་ཡིན་ཏེ། གང་དུ་དམ་བཅའ་བ་དང་པོར་སྨོས་མི་བཟོད་

པ་དེའི་ཚེ་དེ་ཡང་སྨོས་པའི་གོ་སྐབས་ལྟ་ཞིང་རྒྱངས་བཅད་དེ་བོར་བ་ཡིན་ནོ། །ཐེ་ཚོམ་དང་བ་གམ་པ་ལ་སོགས་པ་ནི་རིགས་པ་ཅན་དག་ཉིད་ཀྱིས་བཀག་སྟེ། དེ་ལྟ་བས་ན་སྒྲུབ་པའི་ཚིག་ལ་སྦྱོར་བ་ཇི་སྐད་བཤད་ཚད་ཁོ་ན་ཞིག་རིགས་པ་ཡིན་ནོ། །དེ་ལྟར་སྒྲུབ་པའི་ཚིག་གི་ཚད་བཤད་པ་བསྟན་

เล่ม ๑๘๙ · หน้า 120b

ནས། རིམ་པ་ངེས་པ་བསལ་བའི་ཕྱིར། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་དེ་ཙམ་གྱི་སྒྲུབ་པའི་ཚིག་འདི་ལ་ཡང་ཕྱོགས་ཀྱི་ཆོས་དང་འབྲེལ་བ་སྨོས་པ་དག་གི་སྦྱོར་བ་ངེས་པ་ནི་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་ཡང་རྟོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་

ཕྱོགས་ཀྱི་ཆོས་སྔར་རམ། འོན་ཏེ་ཕྱིས་སྦྱོར་ཡང་རུང་། དེ་ལྟ་ན་ཡང་རྟོགས་པར་བྱེད་པ་ཁོ་ན་ཡིན་ནོ། །འདི་ལྟར་ན་རྟོགས་ཀྱི་གཞན་དུ་ན་མི་རྟོགས་པའི་ཕྱིར་རིམ་པ་ངེས་པ་ཁས་བླང་བར་བྱ་བ་ཡིན་ན། གལ་ཏེ་གཉི་ག་ལྟར་ཡང་བཏུབ་ན་གོ་དེའི་ཚེ་རིམ་པ་ངེས་པ་ཅུང་ཟད་ཀྱང་མི་དགོས་སོ། །ཆོས་མཐུན་པ་

ཅན་ཉིད་དང་ཆོས་མི་མཐུན་པ་ཅན་ཉིད་དག་གིས་སྦྱོར་བ་ཐ་དད་པར་བསྟན་པ་གང་ཡིན་པ་དེ་ལ་ཅི་དོན་ཐ་དད་པ་ཞིག་ཡོད་དམ་འོ་ན་ཏེ་མེད་ཅེ་ན། དེའི་ཕྱིར། འབྲེལ་པ་སྨོས་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་གཉིས་པོ་གང་གིས་འབྲེལ་པ་བརྗོད་པ་དེ་ནི་འབྲེལ་པ་སྨོས་པ་ཡིན་ནོ། །དེ་ལ་

ཡང་སྦྱོར་བ་འབའ་ཞིག་ཐ་དད་པར་ཟད་ཀྱི་དོན་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་དོན་ཐ་དད་པ་མེད་ཅེ་ན། དེའི་ཕྱིར། གཉི་ག་ལྟར་ཡང་ཆོས་ཐ་དད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དག་གི་ཆོས་ཐ་དད་མོད་ཀྱི། འོན་ཀྱང་ཆོས་མཐུན་པ་ཅན་ཉིད་ཀྱིས་

ཀྱང་བསྒྲུབ་པར་བྱ་བའི་རང་བཞིན་ཅན་གྱི་སྒྲུབ་པ་སྟོན་ལ། ཆོས་མི་མཐུན་པ་ཅན་ཉིད་ཀྱིས་ཀྱང་སྟོན་ཏོ། །ཆོས་ཐ་དད་པ་ནི་ལྡོག་པའི་བྱེ་བྲག་ལས་བལྟ་བར་བྱ་སྟེ། འདི་ལྟར་རྟག་པ་དག་ལས་ལོག་པ་ནི་མི་རྟག་པ་ཉིད་ཡིན་ལ་མ་བྱས་པ་དག་ལས་ལོག་པ་ནི་བྱས་པ་ཉིད་ཡིན་ནོ། །དངོས་སུ་ནི་

གཅིག་ཁོ་ན་ཡིན་ཏེ། འདི་ལྟར་མི་རྟག་པ་གང་ཡིན་པ་དེ་ཉིད་བྱས་པ་ཡིན་ནོ། །ཡང་ཅིའི་ཕྱིར་ཆོས་མཐུན་པ་ཅན་ཉིད་དང་། ཆོས་མི་མཐུན་པ་ཅན་ཉིད་དག་གིས་དེའི་ངོ་བོ་སྟོན་ཅེ་ན། དེའི་ཕྱིར། དེའི་རང་བཞིན་མ་ཡིན་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲུབ་པའི་ཆོས་

བསྒྲུབ་པར་བྱ་བའི་རང་བཞིན་ཅན་ཞིག་ཡིན་པར་མ་གྱུར་ན། དེའི་ཚེ་གང་ན་སྒྲུབ་པ་ཡོད་པ་དེ་ན་བསྒྲུབ་པར་བྱ་བ་ཡོད་པར་ངེས་པར་མི་འགྱུར་ཏེ། འདི་ལྟར་གང་ན་བྱས་པ་ཉིད་ཡོད་པ་དེ་ན་ཅི་གདོན་མི་ཟ་བར་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་ཡོད་དམ། རེ་ཞིག་དེ་ལྟར་ན་ཆོས་མཐུན་པ་ཅན་ཉིད་

เล่ม ๑๘๙ · หน้า 121a

ཀྱིས་དེའི་ངོ་བོ་སྟོན་པར་བཤད་པ་ཡིན་ནོ། །ཆོས་མི་མཐུན་པ་ཅན་ཉིད་ཀྱིས་བསྟན་པའི་ཕྱིར། དེའི་རང་བཞིན་མ་ཡིན་པ་ལོག་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲུབ་པའི་ཆོས་བསྒྲུབ་པར་བྱ་བའི་རང་བཞིན་ཅན་ཞིག་ཡིན་པར་མ་གྱུར་ན། དེའི་ཚེ་བསྒྲུབ་པར་བྱ་

བ་ལོག་ན་ཅིའི་ཕྱིར་སྒྲུབ་པའི་ཆོས་གདོན་མི་ཟ་བར་ལྡོག་སྟེ། འདི་ལྟར་གང་ན་བརྩལ་མ་ཐག་ཏུ་འབྱུང་བ་མེད་པ་ཉིད་མེད་པ་དེ་ནི་ཅི་བྱས་པ་ཉིད་ཀྱང་གདོན་མི་ཟ་བར་མེད་དམ། མཇུག་བསྡུ་བའི་ཐབས་ཀྱིས་གཉིས་ཅིག་ཅར་སྦྱོར་བ་བསལ་བའི་ཕྱིར། དེ་ལྟ་བས་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་

གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་མ་ཐག་གི་ཚུལ་གྱིས་ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཅན་ཉིད་དག་ལས་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པ་གཅིག་ཅིག་སྦྱར་བས་ཀྱང་གཉིས་པ་འཕེན་པ་དེའི་ཕྱིར་སྒྲུབ་པའི་ཚིག་གཅིག་ལ་གཉིས་སྦྱོར་བ་

མི་བྱའོ། །ཆོས་མཐུན་པ་ཅན་ཉིད་དང་ཆོས་མི་མཐུན་པ་ཅན་ཉིད་ནི་འདིར་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒྲར་བཤད་དོ། །ཅིའི་ཕྱིར་གཅིག་ལ་གཉིས་སྦྱོར་བ་མི་འདོད་ཅེ་ན། དེའི་ཕྱིར། དོན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གཅིག་ཁོ་ནས་དེའི་དོན་བསྟན་པ་བྱས་ཟིན་ན་གཉིས་པ་དོན་མེད་པ་ཉིད་དོ། །

གཅིག་གིས་གཉིས་པའི་དོན་ཇི་ལྟར་སྟོན་པར་བྱེད་ཅེ་ན། དེའི་རང་བཞིན་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བསྒྲུབ་པའི་ཆོས་ཀྱི་བསྒྲུབ་པར་བྱ་བའི་ཆོས་ཀྱི་བདག་གི་ངོ་བོ་ཡིན་པའི་ཕྱིར་རྗེས་སུ་འབྲེལ་ཏོ་ཞེས་བྱ་བ་འདི་གྲུབ་པ་ཡིན་པ་དེའི་ཚེ་བསྒྲུབ་པར་བྱ་བ་མེད་ན་སྒྲུབ་པ་

མེད་པ་གྲུབ་པ་ཁོ་ནར་བལྟ་བར་བྱ་སྟེ། འདི་ལྟར་དེ་མེད་ཀྱང་ཡོད་ན་དེའི་ངོ་བོ་ག་ལས་ཡིན། དེ་ལ་ཅིའི་ཕྱིར་ལྡོག་པ་སྨོས། གང་གི་ཚེ་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་གདོན་མི་ཟ་བར་མེད་པར་གྲུབ་པ་ཡིན་པ་དེའི་ཚེ་གཏན་ཚིགས་གདོན་མི་ཟ་བར་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོའོ་ཞེས་བྱ་བ་

འདི་ཡང་སྒྲུབ་པ་ཡིན་ཏེ། འདི་ལྟར་གལ་ཏེ་གཏན་ཚིགས་བསྒྲུབ་པར་བྱ་བ་དང་རྗེས་སུ་མ་འབྲེལ་ན་ཅིའི་ཕྱིར་ཏེ་ལོག་ན་ངེས་པར་ལྡོག །དེ་ལ་ཅིའི་ཕྱིར་རྗེས་སུ་འགྲོ་བ་སྨོས། དེ་ལ་འདི་སྙམ་དུ་རྗེས་སུ་འགྲོ་བ་སྨོས་པ་ཁོ་ནས་ལྡོག་པ་སྒྲུབ་མོད་ཀྱི། འོན་ཀྱང་འདི་ནི་ངེས་པར་བྱ་བའི་ཆེད་ཡིན་པར་

เล่ม ๑๘๙ · หน้า 121b

འགྱུར་རོ་སྙམ་ནས། དེའི་ཕྱིར། ལྡོག་པའི་སྦྱོར་བ་ནི་ཇི་ལྟར་ན་མེད་པ་ཁོ་ན་ལ་མེད་པ་ཡིན་པར་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ལྡོག་པ་སྦྱོར་བ་ནི་ཅི་ནས་ཀྱང་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པ་ཡིན་པར་རྟོགས་པར་འགྱུར་བ་སྟེ། བསྒྲུབ་པར་བྱ་བ་ལས་གཞན་པ་ལ་

ཡང་མ་ཡིན་ལ། བསྒྲུབ་པར་བྱ་བ་དང་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་དེ་ལྟར་ངེས་པར་བསྟན་པའི་དོན་ཡིན་པར་བརྗོད་པ་འདི་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞན་པ་འགལ་བ་དག་ཀྱང་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་མཐུན་པའི་ཕྱོགས་མ་

ཡིན་པས་མི་མཐུན་པའི་ཕྱོགས་ཞེས་བྱ་བ་དེའི་ཚེ་གཞན་དང་འགལ་བ་དག་ལ་ཡང་མི་མཐུན་པའི་ཕྱོགས་ཡོད་པ་ཁོ་ནའོ། །འདི་ལྟར་གང་ཞིག་མཐུན་པའི་ཕྱོགས་ལས་གཞན་པ་དེ་ནི་གདོན་མི་ཟ་བར་མཐུན་པའི་ཕྱོགས་མ་ཡིན་ལ། གང་ཞིག་མཐུན་པའི་ཕྱོགས་དང་འགལ་བ་དེ་ཡང་མཐུན་

པའི་ཕྱོགས་མ་ཡིན་ནོ། །མཐུན་པའི་ཕྱོགས་ལས་གཞན་པ་ལ་མི་མཐུན་པའི་ཕྱོགས་ཉིད་དུ་ཡོངས་སུ་བཟུང་ན་གཏན་ཚིགས་ཆད་པར་ཐལ་བར་མི་འགྱུར་ཏེ། འདི་ལྟར་གཞན་ནི་འཇིག་རྟེན་ན་བརྗོད་པར་འདོད་པའི་ཆོས་ཀྱི་རྟེན་མ་ཡིན་པར་གྲགས་ཀྱི། ཆོས་གཞན་དང་ལྡན་པ་ནི་མ་ཡིན་ནོ། །འདི་

ལྟར་བྲམ་ཟེ་ལས་གཞན་པ་ཁྲིད་དེ་ཤོག་ཤིག་ཅེས་བྱས་ན་བྲམ་ཟེ་ཉིད་ཀྱི་རྟེན་མ་ཡིན་པ་རྒྱལ་རིགས་ཁྲིད་དེ་འོང་གི་མི་ཉིད་ལ་སོགས་པ་ཆོས་གཞན་དང་ལྡན་པའི་ཕྱིར་བྲམ་ཟེ་དེ་ཉིད་གཞན་ཡིན་པས་ཁྲིད་དེ་འོང་བ་ནི་མ་ཡིན་ནོ། །སྟོང་པ་དང་བདག་མེད་པ་ལ་སོགས་པ་ཡང་གཞན་ཡིན་པ་

ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་གཏན་ཚིགས་ཆད་པ་མ་ཡིན་ཏེ། འདི་ལྟར་དེ་དག་ལ་བྱས་པ་ཉིད་མི་འཇུག་སྟེ། འདི་ལྟར་ཆོས་རྣམས་ཀྱི་ཆོས་རྣམ་པར་མི་འཇོག་གོ། །མཐུན་པའི་ཕྱོགས་དང་འགལ་བ་མི་མཐུན་པའི་ཕྱོགས་ཉིད་ཡིན་ན་ཡང་གལ་ཏེ་འགལ་བ་འབའ་ཞིག་ལས་

རྣམ་པར་གཅོད་པར་བྱེད་ན་ནི་དེའི་ཚེ་མེ་ཡོད་པ་ལས་ནི་འདི་ན་དྲོ་བའི་རེག་པ་ཡོད་དོ་ཞེས་བྱ་བ་འདི་ལ་དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པ་ལས་རྣམ་པར་བཅད་པར་མི་འགྱུར་རོ། །གང་གི་ཚེ་གཞན་ཡང་མི་མཐུན་པའི་ཕྱོགས་ཡིན་པ་ཉིད་ཀྱི་དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པ་ལས་རྣམ་

เล่ม ๑๘๙ · หน้า 122a

པར་བཅད་པར་སྒྲུབ་པ་དེའི་ཚེ་ཉེས་པ་འགའ་ཡང་མེད་དོ། །དེ་ལྟར་ཚིག་གིས་ཆོས་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཕན་ཚུན་འཕེན་པར་བསྟན་ནས། དངོས་སུ་འབྲེལ་པ་སྒྲུབ་པར་བཞེད་ནས་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་འགྱུར་བ་ཡོད་པ་གདོན་མི་ཟ་བར་

འཇིག་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་ནི་ཇི་ལྟར་ཁོང་དུ་ཆུད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གང་གིས་ན་ཡོད་པ་སྐད་ཅིག་མ་ཉིད་ཡིན་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཏུ་འགྱུར་བ་དངོས་པོ་ཡོད་པ་ནི་གདོན་མི་ཟ་བར་འཇིག་པར་འགྱུར་རོ་ཞེས་བྱ་བ་འདི་ཇི་ལྟར་ཁོང་དུ་ཆུད། འདིར་ཕ་རོལ་

པོའི་བསམ་པ་ནི་ནམ་མཁའ་ལ་སོགས་པ་ནི་ཡོད་ཀྱང་རྟག་པ་ཁོ་ན་ཡིན་ནོ། །དངོས་པོ་མི་རྟག་པ་དག་ཀྱང་དུས་གཞན་གྱི་བར་དུ་གནས་ཏེ། འདི་ལྟར་དེ་དག་འཇིག་པའི་རྒྱུ་དང་ཕྲད་ནས་འཇིག་གི །ཇི་སྲིད་དུ་དེ་དང་མ་ཕྲད་པ་དེ་སྲིད་དུ་གནས་སོ། །དངོས་པོ་རྣམས་ཀྱི་འཇིག་པའི་རྒྱུ་སྒྲུབ་ཀྱང་མི་

དགོས་ཏེ། ཤིང་ལ་སོགས་པ་ལ་མེ་ལ་སོགས་པ་བབ་པས་འཇིག་པ་མཐོང་ངོ་། །མཐོང་བ་ཡང་བསྙོན་དུ་རིགས་པ་མ་ཡིན་ནོ་སྙམ་པ་འདི་ཡིན་ཏེ། ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། འཇིག་པའི་རྒྱུ་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འདི་ལྟར་འདི་དག་གི་འཇིག་པའི་རྒྱུ་

དཔྱད་ན་ཇི་ལྟར་ཡང་མི་འཐད་དོ། །འདིའི་དགོངས་པ་ཡང་ནམ་མཁའ་ལ་སོགས་པ་རྟག་པ་ཉིད་ཡིན་ན་ཡོད་པ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །ཤིང་ལ་སོགས་པ་མེ་ལ་སོགས་པས་འཇིག་གོ་ཞེས་བྱ་བ་འདི་ཡང་མངོན་སུམ་དུ་མ་གྲུབ་སྟེ། རེ་ཞིག་ཅི་ཤིང་ལ་སོགས་པ་མེ་ལ་སོགས་པས་

བཤིག་སྟེ། དེའི་ཕྱིར་མི་སྣང་བ་ཞིག་ཡིན་ནམ་འོན་ཏེ་རང་གི་དང་ཁོ་ན་ཞིག་ལ་རྒྱུའི་ཚོགས་པ་མཚན་ཉིད་མི་མཐུན་པ་དང་ཕྲད་པས་གཞན་དུ་བྱུང་སྟེ། དེའི་ཕྱིར་མི་སྣང་ཞེས་བྱ་བ་འདི་དཔྱད་པར་བྱའོ་སྙམ་པ་འདི་ཡིན་ནོ། །འཇིག་པའི་རྒྱུ་ནི་འོག་ནས་ཀྱང་དགག་པར་བྱའོ། །གལ་ཏེ་འཇིག་པའི་རྒྱུས་

དངོས་པོ་རྣམས་མི་འཇིག་ན་འོ་ན་དེ་དག་ཇི་ལྟར་འཇིག་ཅེ་ན། དེའི་ཕྱིར་དངོས་པོ་རྣམས་ནི་རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ནི་རང་གི་ངོ་བོ་ཁོ་ནས་འཇིག་པའི་ངང་ཚུལ་ཅན་ཡིན་ཏེ། དེས་ན་སྐད་ཅིག་ལས་ཕན་ཚུན་དུ་མི་གནས་ཀྱི། རང་གི་ངོ་བོ་གྲུབ་ཟིན་པ་འདི་དག་

เล่ม ๑๘๙ · หน้า 122b

ཕྱིས་ཐོ་བ་ལ་སོགས་པ་གཞན་གྱི་འཇིག་པ་ནི་མ་ཡིན་ནོ། །དམ་བཅས་པ་ཙམ་གྱིས་དོན་གྲུབ་པ་མ་མཐོང་བས་གཏན་ཚིགས་དེ་ལ་ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འཇིག་པའི་རྒྱུས་དངོས་པོ་འཇིག་པར་མི་ནུས་སོ། །འདི་ལྟར་འཇིག་པའི་རྒྱུས་དངོས་པོ་འཇིག་ན་གཞིག་པར་བྱ་བའི་དངོས་

པོ་དེ་ཉིད་བྱེད་དམ། འོན་ཏེ་དེ་ལས་གཞན་པ་གྱོ་མོ་ལ་སོགས་པའི་ངོ་བོ་ཞིག་བྱེད་དམ། འོན་ཏེ་དངོས་པོ་མེད་པ་ཞིག་བྱེད་ཅེས་བྱ་བ་བརྟག་པ་གསུམ་མོ། །བརྟག་པ་དང་པོ་གསལ་བའི་ཕྱིར། འཇིག་པའི་རྒྱུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འཇིག་པའི་རྒྱུས་གཞིག་པར་བྱ་བ་བུམ་

པ་ལ་སོགས་པའི་རང་གི་ངོ་བོ་བྱེད་པ་ནི་མ་ཡིན་ཏེ། ཇི་ལྟར་དེ་ནི་འཇི་བ་དང་དབྱུ་གུ་དང་འཁོར་ལོ་དང་སྐུད་པ་དང་ལག་ངར་དང་སོར་མོ་དང་ཆུ་ལ་སོགས་པ་རང་གི་རྒྱུ་དག་ཉིད་ལས་གྲུབ་ཟིན་པ་ཁོ་ན་ཡིན་ན། དེ་ལ་ཐོ་བ་ལ་སོགས་པས་གཞན་བྱ་ཅི་དགོས་ཏེ། དེ་དག་ནི་རྒྱུ་མ་ཡིན་པ་ཉིད་དོ། །བརྟག་པ་གཉིས་པ་

གསལ་བའི་ཕྱིར། ངོ་བོ་ཉིད་གཞན་ཞིག་བྱེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་འཇིག་པའི་རྒྱུས་བུམ་པ་ལ་མ་གཏོགས་པ་ངོ་བོ་ཉིད་གཞན་ཞིག་བྱེད་ན་དེ་ལྟ་ན་བུམ་པ་དེའི་སོ་ན་འདུག་པ་ཁོ་ན་ཡིན་ཏེ། དེ་ལ་འཇིག་པའི་རྒྱུས་ཅུང་ཟད་ཀྱང་མ་བྱས་སོ། །དེའི་ཕྱིར་མངོན་བཞིན་དུ་དམིགས་པར་

འགྱུར་རོ། །སོགས་པ་སྨོས་པ་ནི་དེ་བཞིན་དུ་སྦྲང་རྩི་དང་ཆུ་ལ་སོགས་པ་ཆུ་བ་དང་། རྐང་པ་གཅོད་པ་ལ་སོགས་པ་ཡང་བྱེད་པར་འགྱུར་བ་བསྡུ་བ་ཡིན་ནོ། །དེ་ལ་འདི་སྙམ་དུ་ངོ་བོ་ཉིད་གཞན་གྱི་གྱོ་མོ་ལ་སོགས་པའི་ངོ་བོ་བྱས་པ་གང་ཡིན་པ་དེས་བུམ་པ་བསྒྲིབས་ཏེ། དེས་ན་ཇི་སྐད་དུ་བཤད་པ་འདི་

མི་བྱེད་དོ་སྙམ་དུ་སེམས་ན། དེའི་ཕྱིར། ངོ་བོ་ཉིད་གཞན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་ཉིད་གཞན་ཡང་བུམ་པ་ལ་སྒྲིབ་པར་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། དེའི་སོ་ན་འདུག་ན་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བུམ་པའི་རང་གི་ངོ་བོ་རངས་པར་འདུག་ན་དེ་ལ་སྒྲིབ་པར་ཡང་མི་རུང་ངོ་། །

ཡང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་ཏེ། འཇིག་པ་མི་རུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་སྒྲིབ་པར་ཡང་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་སྒྲིབ་པ་ཞེས་བྱ་བ་ནི་དམིགས་པ་ལ་སོགས་པ་སྐྱེད་པར་རུང་བའི་ངོ་བོ་ཉིད་གཞན་དུ་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་སྒྲིབ་པ་ཉིད་མི་འཐད་དོ། །དེ་ལྟ་བུའི་

เล่ม ๑๘๙ · หน้า 123a

ངོ་བོ་ཉིད་གཞན་དུ་བྱེད་ན་ཡང་སྒྲིབ་པར་བྱེད་པས་བཤིག་པ་ཁོ་ནར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་མོད་ཅེ་ན་མ་ཡིན་ཏེ། དེ་ལ་བཤད་མ་ཐག་པའི་རྣམ་པར་རྟོག་པ་གསུམ་ལས་མི་འདའ་བའི་ཕྱིར་རོ། །བརྟག་པ་གསུམ་པ་དགག་པའི་ཕྱིར། འཇིག་པའི་རྒྱུས་དངོས་པོ་

མེད་པར་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པའི་རྒྱུས་བུམ་པ་མེད་པར་བྱེད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་པ་ཚུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མ་ཡིན་པའི་ངོ་བོ་མེད་པ་འབྲས་བུ་ཉིད་དུ་འདོད་ན་དེའི་ཚེ་མེད་པར་བྱེད་དོ་ཞེས་བྱ་བར་འདི་ལ་ཚིག་གི་དོན་ནི་དངོས་

པོ་ལས་གཞན་པ་ཞིག་བྱེད་དོ་ཞེས་བྱ་བ་འདིར་འགྱུར་རོ། །དེའི་ཕྱིར་མ་ཡིན་པ་འཇུག་པས་མེད་པ་འབྲས་བུ་ཉིད་དུ་ཁས་ལེན་ན་བྱེད་པ་གང་ཡིན་པ་དེ་ཅི་བུམ་པ་ལ་ཐ་དད་པ་ཞིག་གམ། འོན་ཏེ་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་རྣམ་པར་བརྟག་པ་གཉིས་ལས་མི་འདའ་སྟེ། དེ་ལ་ཡང་ཉེས་པ་བཤད་

ཟིན་ཏོ། །ཚུལ་ཞེས་བྱ་བའི་སྒྲ་ནི་འདིར་མ་ཡིན་པ་ཡིན་པར་རིག་པར་བྱའོ། །དེ་ལ་འདི་སྙམ་དུ་འོ་ན་མེད་པ་དགག་པ་ཡིན་པར་འགྱུར་རོ་སྙམ་ན་དེའི་ཕྱིར། དངོས་པོ་དགག་པའི་ངོ་བོ་ཉིད་གཅིག་ཡིན་ནའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མེད་པར་དགག་པ་ལ་བརྟེན་ན་དེའི་ཚེ་ཚིག་

གི་དོན་དངོས་པོ་མི་བྱེད་ཅེས་བྱ་བ་འདིར་འགྱུར་ཏེ། དངོས་པོ་མི་བྱེད་པ་ལ་རྒྱུ་ཉིད་མེད་པས་འཇིག་པའི་རྒྱུ་ཞེས་བྱ་བ་ཅི་ཡང་མ་གྲུབ་བོ། །དངོས་པོ་དགག་པའི་ངོ་བོ་ཞེས་བྱ་བའི་སྒྲ་ནི་འདིར་མེད་པར་དགག་པ་ལ་བྱ་བའོ། །དེ་ལྟར་ན་འཇིག་པའི་རྒྱུ་ལ་ནུས་པ་མེད་པར་བསྟན་པ་ཡིན་ནོ། །ད་ནི་

ནུས་པ་ཁས་བླངས་ནས་ཀྱང་འབྲས་བུ་མེད་པ་ཉིད་དུ་བསྟན་པའི་ཕྱིར། དོན་མེད་པའི་ཡང་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །ཡོངས་སུ་བརྟགས་ན་འཇིག་པའི་རྒྱུ་འདི་ནི་དོན་མེད་པ་ཡིན་ཏེ། འདི་ལྟར་འདི་ལ་དངོས་པོ་བསྟན་པའི་རང་བཞིན་ཞིག་ཡིན་པའམ་མི་བརྟེན་པའི་རང་བཞིན་ཞིག་ཡིན་པར་

འགྱུར་གྲང་ཞེས་བརྟག་པ་རྣམ་པ་གཉིས་སོ། །དེ་ལ་བརྟག་པ་དང་པོའི་དབང་དུ་བྱས་ནས་གལ་ཏེ་དངོས་པོ་རང་གི་ངོ་བོས་འཇིག་པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་རང་གི་ངོ་བོ་ཁོ་ནས་འཇིག་པ་ཡིན་ན་འཇིག་པའི་རྒྱུ་ཅི་ཞིག་དགོས། སྲོག་རྐེར་ཕྱིན་ཏེ་ཤི་

เล่ม ๑๘๙ · หน้า 123b

ལ་ཐུག་པ་ནི་གསོད་པར་བྱེད་པའི་འབད་པ་འབྲས་བུ་དང་བཅས་པ་མ་ཡིན་ནོ། །ཅིའི་ཕྱིར་འབྲས་བུ་མེད་སྙམ་ན། དེའི་ངོ་བོ་ཉིད་ཡིན་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་འཇིག་པའི་ངོ་བོ་ཡིན་པ་ཁོ་ནས་བདག་ཉིད་འཇིག་ན་རང་ཚིག་པ་དེ་ལ་མེ་ཅི་ཞིག་དགོས། དེ་ལ་འདི་སྙམ་དུ་འཇིག་

པའི་རྒྱུ་དག་གིས་འདི་འཇིག་པའི་ངོ་བོ་ཉིད་དུ་བྱེད་དོ་སྙམ་ན། གང་ཞིག་གང་གི་ངོ་བོ་ཉིད་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གང་གི་རང་གི་ངོ་བོ་གང་ཡིན་པ་དེ་ནི་རང་གི་རྒྱུ་དག་ཁོ་ན་ལས་སྐྱེ་བར་འགྱུར་གྱི། དང་པོ་དངོས་པོ་སྐྱེ་ལ་ཕྱིས་རང་གི་ངོ་བོ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་རྒྱུ་གཞན་

ལ་ལྟོས་པ་ནི་མ་ཡིན་ནོ། །འདིར་དཔེ་གསལ་བ་དང་གཤེར་བ་དང་དྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་དང་། གཤེར་བ་དང་། དྲོ་བ་དང་། སྲ་བ་ཞེས་བྱ་བར་བསྡུའོ། །གསལ་བ་ནི་སྒྲོན་མ་ལ་སོགས་པའོ། །གཤེར་བ་ནི་ཆུ་ལ་སོགས་པའོ། །དྲོ་བ་ནི་མེའོ། །སྲ་བ་ནི་ས་ལ་

སོགས་པའོ། །གསལ་བ་དང་གཤེར་བ་དང་དྲོ་བ་དང་སྲ་བ་དག་སྟེ། རྫས་དེ་དག་ཅེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་དག་དང་འདྲ་བ་ཡིན་པས་ན་དེ་དག་དང་འདྲ་བའོ། །དཔེ་བསྟན་པའི་ཕྱིར། གསལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་ལ་སོགས་པ་ཇི་སྐད་

དུ་བཤད་པ་གསལ་བ་དང་། གཤེར་བ་དང་། དྲོ་བ་དང་། སྲ་བ་ལ་སོགས་པ་ངོ་བོར་བྱུང་བ་རྣམས་ནི་ཡང་དེ་དག་གི་བདག་ཉིད་དུ་བྱ་བ་སྟེ། གསལ་བ་ལ་སོགས་པའི་རང་གི་ངོ་བོ་ཉིད་དུ་བྱ་བའི་ཕྱིར་རང་གི་རྒྱུ་ལ་མ་གཏོགས་པ་རྒྱུ་གཞན་ལ་ལྟ་ཅི་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་ལ་དེའི་

བདག་ཉིད་མེད་ན་བདག་ཉིད་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་གང་གི་ངོ་བོ་ཡིན་པར་འདོད་པ་དེ་གལ་ཏེ་དེའི་ངོ་བོར་འབྱུང་བ་ན་མི་འགྱུར་ན་དེའི་ཚེ་རང་གི་ངོ་བོ་མེད་པ་ཁོ་ནར་འགྱུར་རོ། །དཔེ་ལ་རབ་ཏུ་གྲུབ་པའི་དོན་དངོས་ལ་སྦྱར་བའི་ཕྱིར། དེ་དང་འདྲ་བར་གལ་ཏེ་མི་གནས་

པའི་ཆོས་ཅན་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གསལ་བ་ལ་སོགས་པ་རང་གི་རྒྱུ་དག་ལས་གསལ་བ་ལ་སོགས་པའི་བདག་ཉིད་དུ་འབྱུང་བ་དེ་བཞིན་དུ་གལ་ཏེ་མི་གནས་པའི་ཆོས་ཅན་ཞིག་ཡིན་ན་ནི་ངོ་བོ་ཉིད་ཀྱིས་ངོ་བོ་གྲུབ་པ་ཡང་མི་གནས་པའི་ཆོས་ཅན་ཉིད་དུ་བྱ་བའི་

เล่ม ๑๘๙ · หน้า 124a

ཕྱིར་རང་གི་རྒྱུ་ལ་མ་གཏོགས་པར་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་ལ་མི་གནས་པའི་ཆོས་ཡོད་པ་འདི་ནི་མི་གནས་པའི་ཆོས་ཅན་ཏེ་རང་བཞིན་མི་གནས་པ་མཇུག་ཐོགས་སུ་འཇིག་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཞེས་

བྱ་བ་འདི་ཡིན་ཏེ། རྒྱུ་གཞན་ལ་ལྟོས་པ་ལ་ནི་དེའི་ངོ་བོ་ཉིད་མ་ཡིན་པར་ཁྱབ་པོ། །དེ་དང་འགལ་བ་ནི་ངོ་བོ་ཉིད་ཡིན་པ་སྟེ། བ་མོའི་རེག་པ་ལ་ཁྱབ་པར་བྱེད་པ་དང་འགལ་བ་དྲོ་བའི་རེག་པ་བཞིན་ནོ། །གཞན་གྱི་འཁྲུལ་པ་གླེང་བའི་དོགས་པ་བསུ་བར། ས་བོན་ལ་སོགས་པ་བཞིན་དུ་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་གྲོལ་བའི་ཕྱིར། འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་སྐྱེད་པའི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་འབའ་ཞིག་གིས་རང་གི་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་གྱི་ཆུ་ལ་སོགས་པ་རྒྱུ་གཞན་

ལ་ལྟོས་སོ། །དེ་དང་འདྲ་བར་དངོས་པོ་ཡང་འཇིག་པའི་རང་བཞིན་ཡིན་མོད་ཀྱི། འཇིག་པར་བྱ་བའི་ཕྱིར་ཐོབ་ལ་སོགས་པ་རྒྱུ་གཞན་ལ་ལྟོས་སོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པའོ། །གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ། དེའི་ངོ་བོ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་བོན་ལ་སོགས་

པ་མྱུ་གུ་ལ་སོགས་པ་སྐྱེ་བའི་ངོ་བོ་ཉིད་ཀྱི་རྒྱུ་གང་ཡིན་པ་དེ་ནི་རང་གི་འབྲས་བུ་བསྐྱེད་པ་ཁོ་ན་སྟེ། གཞན་ལ་མི་ལྟོས་སོ། །སྐྱེ་བ་ལ་སོགས་པའི་གནས་སྐབས་ན་ལྟོས་པ་གང་ཡིན་པ་དེ་ནི་སྐྱེད་པའི་ངོ་བོ་ཉིད་དུ་མི་འདོད་པ་ཁོ་ན་ཡིན་པས་འཁྲུལ་པར་ག་ལས་འགྱུར། དེ་ལ་འདི་སྙམ་དུ་ངོ་བོ་ཉིད་

གཅིག་པ་ཡིན་ན། དེ་ཇི་ལྟར་རུང་སྙམ་དུ་སེམས་ན། དེ་ཉིད་ཀྱི་ཕྱིར་གནས་སྐབས་དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་སྐྱེད་པར་བྱེད་པ་ནི་འབྲས་བུ་སྐྱེད་པའི་ངོ་བོ་ཉིད་ཡིན་ལ། སྐྱེད་པར་བྱེད་པ་ནི་དེའི་ངོ་བོ་ཉིད་དུ་མི་འདོད་པ་དེ་ཉིད་ཀྱི་ཕྱིར་ས་བོན་ལ་སོགས་པའི་སྐྱེད་

པར་བྱེད་པ་དང་སྐྱེད་པར་བྱེད་པ་མ་ཡིན་པའི་གནས་སྐབས་དག་དངོས་པོ་ཐ་དད་པར་ངེས་པར་བྱ་སྟེ། ངོ་བོ་ཉིད་སྣ་ཚོགས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེད་པར་བྱེད་པ་ཉིད་དང་། སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་བྱེ་བྲག་ཡོད་པར་གྱུར་དུ་ཆུག་ན་ཡང་ངོ་བོ་ཉིད་ཐ་དད་པ་གོ་ཅིའི་

เล่ม ๑๘๙ · หน้า 124b

ཕྱིར་འགྱུར་ཞེ་ན། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་གཞན་དུ་འགྱུར་བ་ཉིད་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གནས་སྐབས་འདི་གཉིས་ངོ་བོ་ཉིད་ཐ་དད་པར་མ་གྱུར་ན་དེའི་ཚེ་དེའི་ངོ་བོ་ཉིད་གནས་སྐབས་ཐ་མ་བཞིན་དུ་སྔོན་གྱི་གནས་སྐབས་ན་ཡང་སྐྱེད་པར་བྱེད་པ་ཉིད་དུ་ཐལ་

བར་འགྱུར་རོ། །དེ་ལྟར་ཐ་དད་པ་ཡིན་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གནས་སྐབས་ཀྱི་བྱེ་བྲག་ཐ་མ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་སྐད་དུ་བཤད་པའི་རྣམ་པས་གནས་སྐབས་དེ་ཉིད་ངོ་བོ་ཉིད་ཐ་དད་པ་དེའི་ཕྱིར་དེ་ལ་གནས་སྐབས་ཀྱི་བྱེ་བྲག་ཐ་

མ་གང་ཡིན་པ་དེ་ཉིད་མྱུ་གུ་སྐྱེད་པའི་ངོ་བོ་ཉིད་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འོ་ན་ཅིའི་ཕྱིར་འབྲས་བུ་དོན་དུ་གཉེར་བ་རྣམས་སྔོན་གྱི་གནས་སྐབས་སུ་དེ་ཉེ་བར་ལེན་པར་བྱེད། ཇི་ལྟར་ན་ནི་རྒྱུ་ཞེས་ཐ་སྙད་འདོགས་ཤེ་ན། དེའི་ཕྱིར། སྔོན་གྱི་གནས་སྐབས་ན་ཡོད་པའི་བྱེ་

བྲག་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གང་དག་སྔོན་གྱི་གནས་སྐབས་ན་ཡོད་པ་དེ་དག་ནི་རྒྱུའི་རྒྱུ་དག་ཡིན་ནོ། །འདི་ལྟར་གནས་སྐབས་ཐ་མ་གང་ཡིན་པ་དེ་ནི་ཉེ་བའི་ཐ་མའི་གནས་སྐབས་ཀྱི་རྒྱུ་ཅན་ཡིན་ལ། ཉེ་བའི་ཐ་མའི་གནས་སྐབས་ནི་དེ་ལས་གཞན་པའི་གནས་སྐབས་

དག་ནི་རྒྱུ་ཅན་ཡིན་ཏེ། དེ་བཞིན་དུ་དེ་ནས་ཕྱུང་བའི་གནས་སྐབས་ནི་སྒྱེ་ན་འདུག་པའི་གནས་སྐབས་ཀྱི་རྒྱུ་ཅན་གྱི་བར་དུ་ཡིན་ནོ། །སྒྱེ་ན་འདུག་པའི་གནས་སྐབས་མེད་པར་ཡང་དེ་ནས་ཕྱུང་བའི་གནས་སྐབས་མེད་ལ། དེ་བཞིན་དུ་ཉེ་བའི་ཐ་མའི་གནས་སྐབས་མེད་པར་ཡང་གནས་སྐབས་ཐ་མ་མེད་པའི་བར་དུ་ཡིན་ཏེ་

དེ་ལྟར་ན་སྔོན་གྱི་གནས་སྐབས་ན་ཡོད་པའི་རྒྱུ་རྣམས་ལ་རྒྱུ་ཞེས་བྱ་བའི་ཐ་སྙད་འདོགས་ཤིང་འབྲས་བུ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་ཉེ་བར་ལེན་གྱི་དངོས་སུ་རྒྱུ་ཡིན་པའི་ཕྱིར་ནི་མ་ཡིན་པས་མ་ངེས་པ་ཡིན་ནོ། །རྒྱུའི་རྒྱུ་ནི་རྒྱུའི་རྒྱུ་དག་ཡིན་ནོ། །དེ་དག་གི་ངོ་བོ་ནི་དེ་དག་ཉིད་དེ། དེ་ལྟ་བས་ན་

ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཅིའི་ཕྱིར་སྐད་ཅིག་མ་ཐ་དད་པ་དེ་ལྟ་བུ་འདི་དངོས་པོའི་ངོ་བོ་གཅིག་པར་སྣང་ཞེ་ན། དེའི་ཕྱིར་དངོས་པོ་སྐད་ཅིག་མ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ནི་སྐད་ཅིག་ཏུ་འཇིག་པ་ཡིན་ལ། དེ་དག་ལ་ཡང་སྐད་ཅིག་

เล่ม ๑๘๙ · หน้า 125a

མ་གཞན་དང་གཞན་སྐྱེ་ན་དེ་དག་ལ་གཅིག་པ་ཉིད་ག་ལ་ཡོད། གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་ཐ་མ་དག་ནུས་པ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་རྣམས་ཀྱི་གནས་སྐབས་ཐ་མ་ཁོ་ན་ལ་མངོན་སུམ་དུ་ནུས་པ་ཉིད་དུ་འདོད་ན་ཅི་སྟེ་

འབྲས་བུ་སྐྱེད་པར་མི་བྱེད། འདིར་ཡང་ཕ་རོལ་པོ་ཅི་སྟེ་སོ་སོར་འབྲས་བུ་རེ་རེ་སྐྱེད་པར་མི་བྱེད་ཅེས་དེ་སྙམ་དུ་སེམས་ཤིང་སྤྱིར་རྒལ་ཞིང་རྟག་པར་བྱེད་དོ། །གྲུབ་པའི་མཐའ་སྨྲ་བས་ཀྱང་དེའི་ཁོང་ན་འཁྲུལ་པ་མི་མཁྱེན་པ་ལྟར་བརྫུས་ནས་ལན་དུ། སྐྱེད་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། གང་དག་ནུས་པ་དེ་དག་ནི་གདོན་མི་ཟ་བར་སྐྱེད་པར་བྱེད་དོ། །དེ་དག་གི་ཐ་མའི་གནས་སྐབས་འདི་ལ་གཞན་དུ་འགྱུར་བ་མེད་དོ། །མི་སྐྱེད་པ་ཙམ་ལ་འདིར་གཞན་དུ་འགྱུར་བའི་སྒྲར་བཤད་དོ། །ཅིའི་ཕྱིར་གདོན་མི་ཟ་བར་བསྐྱེད་ཅེ་ན། ངོ་བོ་ཉིད་བཟློག་པ་མེད་པའི་ཕྱིར་ཞེས་བྱ་བ་

སྨོས་ཏེ། འདི་ལྟར་འདི་དག་གི་འབྲས་བུ་བསྐྱེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནམ་ཡང་བཟློག་པར་མི་འགྱུར་ཏེ། བཟློག་པ་ནི་འདིར་བསྐྱེད་པར་མི་བྱེད་པ་ཉིད་ཡིན་ནོ། །གཞན་རང་གི་བསམ་པ་སྒྲོགས་པའི་དོགས་པ་བསུ་བར། གལ་ཏེ་ལྷན་ཅིག་བྱེད་པ་དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་

སྨོས་ཏེ། ལྷན་ཅིག་བྱེད་པ་ཉིད་དུ་མངོན་པར་འདོད་པའི་རྒྱུའི་ཁྱད་པར་ཐ་མའི་གནས་སྐབས་ན་ཡོད་པ་དེ་དག་ཐམས་ཅད་སོ་སོར་འབྲས་བུ་བསྐྱེད་པར་ནུས་པ་ཡིན་ཏེ། དེའི་ཕྱིར་དེ་ལ་གཞན་གྱི་ཉེ་བར་སྦྱོར་བ་ཅི་ཞིག་དགོས། གང་གིས་ན་ལྷན་ཅིག་ཁོ་ནར་འབྲས་བུ་གཅིག་སྐྱེད་པར་བྱེད་པ་སོ་སོར་

ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པའོ། །གྲུབ་པའི་མཐའ་སྨྲ་བས། དངོས་པོ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ལ་ནི་གང་གིས་ན་འདི་གཅིག་པུས་ཀྱང་འབྲས་བུ་བསྐྱེད་པར་བྱ་བར་ནུས་ན་བདག་ཅག་ལྷག་པས་ཅི་ཞིག་བྱ་ཞེས་དེ་སྙམ་དུ་བརྟགས་

ནས། གཞན་ལྡོག་པར་འགྱུར་ཞེས་བྱ་བ་དེ་ལྟ་བུར་རྟོགས་པར་འགྱུར་བ་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་ནི་འགའ་ཡང་མེད་དོ། །གང་དག་ལ་རྟོག་པ་སྔོན་དུ་གཏོང་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་དག་ནི་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་སྟེ། རྟོག་པ་ནི་དཔྱོད་པ་དང་སེམས་

เล่ม ๑๘๙ · หน้า 125b

པ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་མ་ཡིན་ན་འོ་ན་ཇི་ལྟར་རྟག་ཏུ་ལྷན་ཅིག་ཁོ་ནར་བྱེད་ཅེ་ན། དེའི་ཕྱིར་སེམས་པ་མེད་པར་བྱེད་པ་ཅན་ཞེས་བྱ་བ་སྨོས་ཏེ། གང་དག་ལ་སེམས་པ་མེད་པར་བྱེད་པ་ཡོད་པ་དེ་དག་ནི་སེམས་པ་མེད་པར་བྱེད་པ་ཅན། །

དག་སྟེ། བློ་སྔོན་དུ་མ་གཏོང་བར་བྱེད་པ་ཅན་དག་བྱ་བའི་ཐ་ཚིག་གོ། །གལ་ཏེ་བློ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་ཅིག་མ་ཡིན་ན་འོ་ན་ཅིའི་ཕྱིར་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་ཁོ་ན་བཞིན་དུ་གཅིག་ཏུ་འདུ་ཞེ་ན། དེའི་ཕྱིར་རང་གི་རྒྱུ་ཡོངས་སུ་གྱུར་པས་འདུ་བའི་ཆོས་ཅན་གང་ཡིན་ལ་

ཞེས་བྱ་བ་སྨོས་ཏེ། རང་གི་འདུ་བའི་རྒྱུ་ཡོངས་སུ་གྱུར་པ་ནི་རང་གི་རྒྱུར་ཡོངས་སུ་གྱུར་པའོ། །གང་དག་ལ་རང་གི་རྒྱུ་ཡོངས་སུ་གྱུར་པས་འདུ་བའི་ཆོས་ཡོད་པ་དེ་དག་ནི་རང་གི་རྒྱུ་ཡོངས་སུ་གྱུར་པས་འདུ་བའི་ཆོས་ཅན་དག་ཡིན་ནོ། །འདུ་བ་ནི་རུང་བའི་ཡུལ་དུ་ཚོགས་པ་སྟེ། ཉེ་བ་དང་

རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་དེ་དག་དེ་ལྟར་འགྱུར་ཞེ་ན། དེའི་ཕྱིར། དེའི་རང་བཞིན་ལས་དེ་ལྟ་བུར་འགྱུར་བ་ལ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བུའི་རང་བཞིན་ནི་དེའི་རང་བཞིན་ཏེ། དེ་ལྟ་བུ་ཞེས་བྱ་བ་ནི་རུང་བའི་ཡུལ་དུ་ཚོགས་ནས་བསྐྱེད་པའོ། །དེ་ལྟ་བུར་འགྱུར་བ་ཞེས་བྱ་བ་ནི་

ཚོགས་ཤིང་འབྲས་བུ་སྐྱེད་པར་བྱེད་པ་དག་གོ། །གང་གི་ཕྱིར་འདི་དག་རྟོག་པ་སྔོན་དུ་གཏོང་བར་བྱེད་པ་ཅན་དག་མ་ཡིན་གྱི། རང་གི་རྒྱུ་ཡོངས་སུ་གྱུར་པའི་དབང་པོ་ཁོ་ནས་གཅིག་ཏུ་འདུ་བར་གྱུར་པ་འབའ་ཞིག་ཏུ་ཟད་པ་དེའི་ཕྱིར། རུང་བའི་ཡུལ་དུ་ཚོགས་ནས་སྐྱེད་པར་བྱེད་པའི་རང་བཞིན་གྱི་དབང་

གིས་འདུས་པ་རྣམས་འབྲས་བུ་སྐྱེད་པར་བྱེད་པ་ལ་ཇི་སྟེ་རེ་རེ་ཁོ་ནས་སྐྱེད་པར་མི་བྱེད་ཅེས་ཀླན་ཀ་བཙལ་བར་འོས་པ་མ་ཡིན་ནོ། །ཡང་དེ་ལྟ་མ་ཡིན་པར་གཞན་གྱི་དོགས་པ་བསུ་བའི་ཕྱིར། གལ་ཏེ་ནུས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་ཡོངས་སུ་གྱུར་པའི་དབང་གིས་འདུས་པ་

རྣམས་མི་ལྡོག་ཏུ་ཟད་ན་ནུས་པ་དག་ཡིན་པ་གོ་ཅི་སྟེ་སོ་སོར་འབྲས་བུ་དག་གཞན་དང་གཞན་སྐྱེད་པར་མི་བྱེད་པར་འབྲས་བུ་གཅིག་གིས་ཡོངས་སུ་དགའ་སྟེ། འཁོད་ཅེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ། དེ་ཁོ་ན་ལ་ཞེས་བྱ་བ་ལ་སོགས་

เล่ม ๑๘๙ · หน้า 126a

པ་སྨོས་ཏེ། དེ་ཉིད་རྣམ་པར་གྲོལ་བའི་ཕྱིར། གཅིག་པུ་དེ་ཉིད་བསྐྱེད་པར་བྱ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་འབྲས་བུ་གཅིག་བསྐྱེད་པར་ནུས་ཀྱི་གཞན་ནི་མ་ཡིན་པ་དེའི་ཕྱིར་གཞན་དང་གཞན་སྐྱེད་པར་མི་བྱེད་དོ། །ཡང་གཞན་གྱི་ཚིག་གི་གོ་

སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་མིག་ལ་སོགས་པ་ལྷན་ཅིག་བྱེད་པ་ངོ་བོ་ཉིད་ཐ་དད་པ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་མིག་ལ་སོགས་པ་ངོ་བོ་ཉིད་ཐ་དད་པ་རྣམས་འབྲས་བུ་གཅིག་པ་བསྐྱེད་པ་དེའི་རྒྱུའི་བྱེ་བྲག་ལས་འབྲས་བུའི་བྱེ་བྲག་

ཏུ་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ། བདག་ཉིད་ཇི་ལྟ་བུའི་ངོ་བོ་ཉིད་ཐ་དད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ལྷན་ཅིག་བྱེད་པ་རྣམས་གང་གི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱེ་བྲག་གང་ཡིན་པ་དེ་དག་ཉིད་ཇི་ལྟ་བའི་

ངོ་བོ་ཉིད་ཀྱི་བྱེ་བྲག་དེས་འབྲས་བུ་ཁྱད་པར་དུ་བྱ་བ་ལ་ཉེ་བར་སྦྱར་བ་དེའི་ཕྱིར། དེའི་ཉེ་བར་སྦྱོར་བ་དག་གིས་བྱ་བའི་ཁྱད་པར་གང་དག་ཡིན་པ་དེ་དག་འཆོལ་བ་མེད་པའི་ཕྱིར་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བར་འགྱུར་བ་མེད་དོ། །དེའི་ཁྱད་པར་ནི་དེའི་ཁྱད་པར་ཏེ་ཞེས་བྱ་བ་ནི་འབྲས་བུ་ལ་བྱའོ། །

དེའི་ཁྱད་པར་ལ་ཉེ་བར་སྦྱོར་བ་ནི་དེའི་ཁྱད་པར་ལ་ཉེ་བར་སྦྱོར་བ་སྟེ། ཉེ་བར་སྦྱོར་བ་ནི་བྱེད་པའོ། །དེ་དག་གི་ཉེ་བར་སྦྱོར་བ་ནི་དེའི་ཉེ་བར་སྦྱོར་བ་དག་སྟེ། དེ་ཞེས་བྱ་བའི་སྒྲ་ནི་རྒྱུ་རྣམས་ལ་བྱའོ། །ཉེ་བར་སྦྱོར་ཞེས་བྱ་བའི་སྒྲ་ནི་ནུས་པ་དག་ཡིན་ཏེ། དེ་དག་ཉེ་བར་སྦྱོར་བ་དག་གིས་བྱ་བ་ནི་དེའི་ཉེ་བར་

སྦྱོར་བས་བྱ་བ་དག་གོ། །དེ་དག་ནི་དེའི་ཉེ་བར་སྦྱོར་བས་བྱ་བ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་འཆོལ་བ་མེད་པ་ལ་དེ་སྐད་ཅེས་བྱའོ། །དེ་ལ་དཔེ། དཔེར་ན་འཇིམ་པའི་གོང་བུ་དང་རྫ་མཁན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་ནི་འཇིམ་

པའི་གོང་བུ་ལ་སོགས་པ་ཁྱད་པར་དུ་བྱ་བ་ཁོ་ན་ལས་བྱེད་དོ། །འཇིམ་པའི་གོང་བུ་དང་རྫ་མཁན་དང་སྐུད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། སོགས་པ་སྨོས་པས་ནི་ཆུ་ལ་སོགས་པ་ཡོངས་སུ་བསྡུའོ། །འཇིམ་པའི་གོང་བུ་ལ་སོགས་པའི་བྱེད་པ་སོ་སོར་བསྟན་པའི་ཕྱིར། འཇིམ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด