གཏན་ཚིགས་ཀྱི་ཐིགས་པ་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཧེ་ཏུ་བིནྡུ་ཊཱི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๘๙ · หน้า 126b
པའི་གོང་དུ་ལས་ནི་འཇིམ་པའི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིམ་པའི་གོང་བུས་ནི་བུམ་པ་འཇིམ་པའི་ངོ་བོ་ཉིད་མ་ཡིན་པ་ཤིང་ལ་སོགས་པ་གང་དག་ཡིན་པ་དེ་དག་དང་མཚན་ཉིད་མི་མཐུན་པ་འཇིམ་པའི་ངོ་བོ་ཉིད་དུ་འདུག་པར་བྱེད་དོ། །རྫ་མཁན་གྱིས་ནི་འཇིམ་
ངོ་བོ་ཉིད་ཀྱིས་བུམ་པ་ཉིད་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པས་རིལ་བ་སྤྱི་བླུགས་ལ་སོགས་པ་ལས་ངོ་བོ་ཉིད་ཐ་དད་པར་བྱེད་དོ། །སྐུད་པས་ནི་འཇིམ་པའི་བདག་ཉིད་དང་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པ་ཅན་དེ་ཉིད་འཁོར་ལོ་ལས་རྣམ་པར་ཕྱེ་བའི་
ངོ་བོ་ཉིད་དུ་བྱེད་དོ། །འཇིམ་པ་དང་དབྱིབས་ཀྱི་བྱེ་བྲག་ཅེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། གང་ལ་བདག་ཉིད་དེ་དག་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་བྱེད་པའི་བྱེ་བྲག་གིས་ཡུལ་ཐ་དད་པ་ཉིད་དུ་བསྟན་ནས་མ་འཆོལ་བ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ན་རྫ་མཁན་ལས་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བྱེད་པའི་ཡུལ་ཐ་དད་པ་དེའི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ན་འཇིམ་པ་ཁོ་ནས་བུམ་པ་འཇིམ་པའི་ངོ་བོ་ཉིད་དུ་བྱེད་པའི་རྫ་མཁན་གྱིས་ནི་མ་ཡིན་ལ། རྫ་མཁན་ཁོ་ནས་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པར་བྱེད་ཀྱི་འཇིམ་པས་ནི་མ་ཡིན་
པས་མ་འཆོལ་བར་གྲུབ་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་འཇིམ་པ་དང་རྫ་མཁན་དག་གི་བྱེད་པའི་ཡུལ་ཐ་དད་པའི་ཕྱིར་བུམ་པ་ངོ་བོ་ཉིད་གཉིས་སུ་ཐལ་བར་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར། དེ་གཉིས་ཀྱི་ནུས་པའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིམ་པ་དང་རྫ་མཁན་དག་གི་
ནུས་པའི་ཁྱད་པར་གྱིས་ཡུལ་ཐ་དད་པའི་ཕྱིར་བུམ་པ་ངོ་བོ་ཉིད་གཉིས་སུ་ཐལ་བར་འགྱུར་རོ་སྙམ་དུ་སེམས་ན། འོན་ཀྱང་དེ་གཉིས་ཀྱང་བསྐྱེད་པའི་རྣམ་པ་བུམ་པའི་ཁྱད་པར་ནི་ངོ་བོ་ཉིད་ཐ་དད་པར་མི་འགྱུར་རོ། །ནུས་པའི་བྱེ་བྲག་ནི་འཇིམ་པའི་ཁྱད་པར་རོ། །དེའི་ཡུལ་ཐ་དད་པ་ནི་ཡུལ་
སྣ་ཚོགས་པ་ཉིད་དོ། །དེ་དག་གིས་བསྐྱེད་པ་ནི་དེས་བསྐྱེད་པ་སྟེ། འདི་ནི་དེས་བསྐྱེད་པ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་བྱེ་བྲག་ནི་དེས་བསྐྱེད་པའི་ཁྱད་པར་གྱི་བྱེ་བྲག་སྟེ། ཁྱད་པར་ཞེས་བྱ་བའི་སྒྲ་ནི་འདིར་རྣམ་པ་ལ་བྱའོ། །བྱེ་བྲག་ཅེས་བྱ་བའི་སྒྲ་
เล่ม ๑๘๙ · หน้า 127a
ནི་ཁྱད་པར་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཁྱད་པར་ཡང་ཡིན་ལ་བྱེ་བྲག་ཀྱང་ཡིན་པས་ཁྱད་པར་གྱི་བྱེ་བྲག་གོ། །ཅིའི་ཕྱིར་ངོ་བོ་ཉིད་ཐ་དད་པ་ཡིན་ཞེ་ན། འཇིམ་པ་དང་དབྱིབས་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིམ་པ་དང་དབྱིབས་ངོ་བོ་ཉིད་གཅིག་པ་ཉིད་དུ་མ་གྱུར་ན་དེའི་
ཚེ་འཇིམ་པ་དང་དབྱིབས་དག་ཕན་ཚུན་ངོ་བོ་ཉིད་ཐ་དད་པའི་ཕྱིར་འཇིམ་པ་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པར་མི་སྣང་བར་འགྱུར་ལ། དབྱིབས་ཀྱང་འཇིམ་པའི་ངོ་བོར་སྣང་བར་མི་འགྱུར་རོ། །གང་དག་ལ་ཕན་ཚུན་གྱི་བདག་ཉིད་ཡོད་པ་དེ་དག་ནི་ཕན་ཚུན་གྱི་བདག་ཉིད་ཅན་དག་གོ། །
དེའི་ངོ་བོ་ནི་ཕན་ཚུན་གྱི་བདག་ཉིད་ཅན་ཉིད་དོ། །ཕན་ཚུན་གྱི་བདག་ཉིད་ཅན་མ་ཡིན་པ་ནི་ཕན་ཚུན་གྱི་བདག་ཉིད་ཅན་མ་ཡིན་པ་ཉིད་དེ་རྒྱུར་གྱུར་པ་དེས་སོ། །འདིར་བྱེ་བྲག་པའི་ལུགས་ཀྱི་དོགས་པ་བསུ་བར། གལ་ཏེ་དབྱིབས་ཡོན་ཏན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱིབས་ཞེས་
བྱ་བའི་ཡོན་ཏན་ནི་རྫས་ལས་གཞན་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་རྫ་མཁན་དང་འཇིམ་པའི་གོང་བུ་དག་གི་ཉེ་བར་སྦྱོར་བའི་ཡུལ་གང་ཡིན་པ་དེ་ངོ་བོ་ཉིད་ཐ་དད་པ་ཁོ་ན་ཡིན་ཏེ། འདི་ལྟར་འཇིམ་པས་ནི་འཇིམ་པའི་རྫས་བྱེད་ལ། རྫ་མཁན་གྱིས་ནི་དབྱིབས་ཞེས་བྱ་བའི་ཡོན་ཏན་བྱེད་པས་ཡུལ་ཐ་
དད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། འདི་ལ་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། འཇིམ་པ་དང་དབྱིབས་དག་ཕན་ཚུན་གྱི་བདག་ཉིད་ཅན་མ་ཡིན་པ་ཉིད་ཀྱི་དེ་གཉིས་དབྱིབས་དང་འཇིམ་པའི་ངོ་བོ་དག་ཏུ་མི་སྣང་བར་ཐལ་བར་འགྱུར་རོ་
ཞེས་བྱ་བ་ཡིན་ནོ། །གཏན་ཚིགས་གཞན་བསྟན་པའི་ཕྱིར་གཞན་ཡང་། འཇིམ་པ་ལས་དབྱིབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དབྱིབས་དེ་འཇིམ་པ་ལས་གཞན་པ་ཞིག་ཡིན་ན་ཅི་སྟེ་རྫ་མཁན་གྱིས་ལོགས་ཤིག་མི་བྱེད། གང་དག་ཐ་དད་པ་དེ་དག་ནི་རེས་འགའ་ལོགས་
ཤིག་ཏུ་ཡང་བྱེད་དེ། དེ་དག་ལོགས་ཤིག་ཏུ་མི་བྱ་བ་གདོན་མི་ཟ་བ་ཅན་ནི་མ་ཡིན་ནོ། །དེ་ལ་བྱེ་བྲག་པའི་ལན་གྱི་དོགས་པ་བསུ་བར་གལ་ཏེ་ཡོན་ཏན་ནི་རྫས་ཀྱི་གཞན་གྱི་དབང་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོན་ཏན་ནི་དུས་ཐམས་ཅད་དུ་རྫས་ཀྱི་གཞན་གྱི་དབང་ཡིན་ནོ། །དེའི་
เล่ม ๑๘๙ · หน้า 127b
ཕྱིར་ན་ལོགས་ཤིག་ཏུ་བྱ་བར་མི་ནུས་ཏེ། འདི་ལྟར་ཡོན་ཏན་གྱི་མཚན་ཉིད་ནི་རྫས་ལ་བརྟེན་པ་ཉིད་དུ་བརྗོད་པ་ཡིན་ན་དེ་ཇི་ལྟར་རྫས་ལ་མི་ལྟོས་པར་ལོགས་ཤིག་ཏུ་བྱེད་པར་འགྱུར་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །བྱེ་བྲག་པ་ཁོ་ནས་སངས་རྒྱས་པའི་ཀླན་ཀའི་དོགས་པ་བསུ་
བར། གལ་ཏེ་རང་བཞིན་གྱི་རྫས་དེ་དབྱིབས་དེའི་རྟེན་གྱི་བདག་ཉིད་ཅན་ཡིན་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རང་བཞིན་ཁོ་ནས་བུམ་པ་ལ་སོགས་པའི་རྫས་དེ་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པའི་དབྱིབས་ཀྱི་རྟེན་གྱི་ངོ་བོ་ཉིད་གཅིག་ཡིན་པའམ།
དབྱིབས་དེ་ལྟ་བུའི་དེ་བུམ་པའི་རྫས་ལ་རག་ལས་པ་ཞིག་ཡིན་པ་དེའི་ཚེ་དེ་ལ་རྫ་མཁན་གྱི་བྱེད་པ་ལ་ལྟོས་ཅི་དགོས། རང་ཁོ་ནས་ཅིའི་ཕྱིར་མི་འགྱུར་སྙམ་པ་ནི་ཀླན་ཀ་པའི་བསམ་པ་ཡིན་ནོ། །དེ་ཡང་ཡིན་ལ་དབྱིབས་ཀྱང་ཡིན་པས་དབྱིབས་དེའོ། །དེའི་རྟེན་ནི་དབྱིབས་དེའི་རྟེན་ནོ། །
འདི་ལ་དབྱིབས་དེའི་རྟེན་གྱི་བདག་ཉིད་ཡོད་པས་འདི་ནི་དབྱིབས་དེའི་རྟེན་གྱི་བདག་ཉིད་ཅན་ནོ། །དེ་ཞེས་བྱ་བའི་སྒྲ་ནི་བུམ་པ་ལ་ཡོད་པའི་དབྱིབས་ཡོངས་སུ་བཟུང་ངོ་། །དེ་ལ་རག་ལུས་པ་ནི་དེ་ལ་རག་ལུས་པའོ། །འདི་ལ་དེ་ལ་རག་ལུས་པའི་བདག་ཉིད་ཡོད་པས་འདི་ནི་དེ་ལ་རག་ལུས་
པའི་བདག་ཉིད་ཅན་དེ། དེ་ཞེས་བྱ་བའི་སྒྲ་ནི་རྫས་དང་སྦྱར་རོ། །བྱེ་བྲག་པས་དེ་ལྟར་ཕ་རོལ་པོའི་ཀླན་ཀ་ལ་དོགས་པར་བྱས་ན་ལན་དུ་མ་ཡིན་ཏེ། དེ་ལས་ཕན་ཚུན་ཞེས་བྱ་བ་ལ་སྨོས་ཏེ། གང་གི་ཕྱིར་བུམ་པ་ཞེས་བྱ་བའི་རྫས་གང་ཡིན་པ་དང་། གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་
རྣམ་པའི་ཁྱད་པར་གང་ཡིན་པ་འདི་གཉི་ག་ཡང་རྫ་མཁན་ལས་ཕན་ཚུན་འབྲེལ་དུ་རུང་བ་ཉིད་ཐོབ་པ་དེའི་ཕྱིར་རྫ་མཁན་ལ་ལྟོས་ཏེ་འབྲེལ་པ་ནི་འདིར་རྟེན་དང་གནས་པའི་མཚན་ཉིད་ཡིན་པར་བསམ་པའོ། །རྫ་མཁན་ལ་མ་ལྟོས་ན་ཡང་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་དེ་ལྟ་མ་ཡིན་
ཏེ། དངོས་པོའི་ཆོས་ཉིད་ཁོ་ནས་སྔོན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཕན་ཚུན་འབྲེལ་དུ་རུང་བ་ཉིད་དུ་བྱ་བའི་ཕྱིར་རྫ་མཁན་ལ་མ་ལྟོས་ཏེ། དེའི་ཚེ་དངོས་པོའི་ཆོས་ཉིད་ཁོ་ནས་སྔོན་ཡང་འཇིམ་པའི་རྫས་སུ་གསུས་པ་དང་ཁོང་ཆེ་བ་ལ་སོགས་པའི་རྣམ་པའི་ཁྱད་པར་དང་
เล่ม ๑๘๙ · หน้า 128a
འབྲེལ་དུ་རུང་བ་ཉིད་གཅིག་ཡིན་ན་ནི་དེ་ལྟ་བུའི་དབྱིབས་དང་འབྲེལ་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བྱེ་བྲག་པའི་ཀླན་ཀའི་ལན་ཡིན་ནོ། །འདིར་གྲུབ་པའི་མཐའ་སྨྲ་བས། འདི་ལྟར་ཡིན་ན་ནི་འོ་ན་རྫས་འཇིམ་པའི་རུང་བ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་
ཕན་ཚུན་འབྲེལ་དུ་རུང་བ་ཉིད་དུ་བྱས་པའི་ཕྱིར་རྫ་མཁན་ལ་ལྟོས་ན། དེ་ལྟ་ན་ནི་འོ་ན་རྫས་འཇིམ་པའི་རུང་བ་ཉིད་དེ་ནི་རྫ་མཁན་ཁོ་ནས་བྱེད་དོ་ཞེས་བྱ་བར་འགྱུར་ཏེ། རྫས་འཇིམ་པ་དང་རུང་བ་ཉིད་ལ་འདི་གཉིས་ངོ་བོ་ཉིད་ཐ་དད་པ་ཡང་མ་ཡིན་ནོ། །གལ་ཏེ་འདི་གཉིས་ངོ་བོ་ཉིད་ཐ་དད་པར་གྱུར་
ན་ནི་དེའི་ཚེ་སྔ་མ་བཞིན་དུ་རུང་བ་ཉིད་རྫས་ལས་ལོགས་ཤིག་ཏུ་བྱེད་པར་ཐལ་བར་འགྱུར་རོ། །གལ་ཏེ་རུང་བ་ཉིད་ཀྱང་ཡོན་ཏན་ཡིན་པའི་ཕྱིར་ལོགས་ཤིག་པ་མ་ཡིན་པར་གྲུབ་བོ་ཞེས་སྨྲ་ན། དེའི་ཚེ་དེ་ཡང་དངོས་པོའི་ཆོས་ཉིད་ཁོ་ན་སྔོན་ཡང་འབྲེལ་པར་འགྱུར་དུ་འོང་བས་རྫས་དང་ལྷན་ཅིག་
འབྲེལ་དུ་རུང་བ་ཉིད་ལ་ཡང་རུང་བ་ཉིད་གཞན་ཞིག་རྫ་མཁན་ལས་འགྱུར་བར་འདོད་པར་བྱ་དགོས་ལ། དེ་ཡང་ལོགས་ཤིག་ཏུ་བྱེད་པར་ཐལ་བར་འགྱུར་བས་རྫས་ལས་ངོ་བོ་ཉིད་གཞན་མ་ཡིན་པར་འདོད་པར་བྱ་དགོས་ཏེ། དེ་ལ་ཡང་དེའི་ཤགས་ཀྱང་ཡང་དེ་ཁོ་ན་ཡིན་ལ། ལན་ཡང་དེ་ཁོ་ན་
ཡིན་པས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རྫས་འཇིམ་པ་དང་། རུང་བ་ཉིད་གདོན་མི་ཟ་བར་ངོ་བོ་ཉིད་ཐ་དད་པར་ཁས་བླང་བར་བྱ་དགོས་སོ། །དེ་ལྟ་ཡིན་ན་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། རེ་ཞིག་ངོ་བོ་ཉིད་གཅིག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་
ངོ་བོ་ཉིད་གཅིག་པ་ཉིད་ཡིན་ཡང་གཅིག་ལ་རྐྱེན་དུ་མས་ཁྱད་པར་ཉིད་དུ་ཁྱབ་པ་ཡིན་པ་དེའི་ཚེ་ཁོ་བོའི་ཕྱོགས་གྲུབ་པ་མ་ཡིན་ཏེ། དེའི་ཕྱིར་ཁོ་བོ་འཇིམ་པ་དང་དབྱིབས་དག་ངོ་བོ་ཉིད་གཅིག་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཧ་ཅང་འབད་དེ་ཅི་རུང་། གལ་ཏེ་རུང་བ་ཉིད་ལ་བརྟེན་ན་ཡང་འབྲས་བུ་
ངོ་བོ་ཉིད་གཅིག་པ་ལ་ཡང་རྐྱེན་དུ་མས་ཁྱད་པར་ཉིད་དུ་བྱ་བར་འགྲུབ་པས་རྫས་དང་ཡོན་ཏན་དུ་སྨྲ་བས་གསལ་བ་འདིར་ཅུང་ཟད་ཀྱང་མི་དགོས་ཏེ། དེ་ནི་གཞན་ནས་བསལ་བ་བྱས་ཟིན་པ་ཁོ་ནའོ་སྙམ་དུ་བསམས་པའོ། །དེ་ལྟར་འབྲས་བུ་གཅིག་ལ་རྒྱུ་རྣམ་གཉིས་ཉེ་བར་སྦྱར་བ་ཐ་དད་པ་ཉིད་
เล่ม ๑๘๙ · หน้า 128b
དུ་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེས་ན་དངོས་སུ་འབྲས་བུ་ངོ་བོ་ཉིད་གཅིག་ཡིན་ཡང་ལྷན་ཅིག་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྐྱེན་རྣམས་ཀྱི་བྱེད་པའི་ཡུལ་ཐ་དད་པར་བསྒྲུབ་པའི་རྒྱུ་དེས་ན་དངོས་སུ་འབྲས་བུ་ངོ་བོ་ཉིད་གཅིག་ཡིན་མོད་ཀྱི། འོན་ཀྱང་
ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱི་ཉེ་བར་སྦྱོར་བའི་ཡུལ་གཅིག་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ལྷན་ཅིག་བྱེད་པའི་ངང་ཚུལ་ཅན་དག་ནི་བྱེད་པ་དག་གོ། །འདི་དག་ཉེ་བར་སྦྱོར་བའི་ཡུལ་གཅིག་པ་ཡོད་པས་འདི་དག་ནི་ཉེ་བར་སྦྱོར་བའི་ཡུལ་གཅིག་པ་ཅན་ནོ། །མ་ཡིན་ནོ་ཞེས་བྱ་བ་ནི་དགག་
པའོ། །དངོས་སུ་ཞེས་བྱ་བ་ནི་དོན་དམ་པར་རྫས་སུ་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཕྱིའི་དངོས་པོ་དག་ལ་རྒྱུ་རྣམས་ཉེ་བར་སྦྱོར་བའི་ཡུལ་ཐ་དད་པར་བསྟན་ནས། ནང་གི་དག་དང་མཚུངས་པར་བསྟན་པའི་ཕྱིར། ཇི་ལྟར་འདིར་རྒྱུ་ཐ་དད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་དཔེ་
ལ་རྒྱུ་ཐ་དད་པ་རྣམས་ཁྱད་པར་ཐ་དད་པ་དག་ལ་ཉེ་བར་སྦྱོར་བའི་ཕྱིར་འབྲས་བུ་གཅིག་པ་དག་མ་ཡིན་པ་དེ་བཞིན་དུ་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ཞེས་བྱ་བ་དང་། རྣམ་པར་ཤེས་པ་སྐྱེད་པ་ལ་ཡང་འབྲས་བུ་ཐ་དད་པ་དག་ཏུ་བལྟ་བར་བྱའོ། །ཉེ་བར་སྦྱོར་བའི་ཡུལ་ཐ་དད་པ་དེ་ཉིད་
བསྟན་པའི་ཕྱིར། འདི་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ནི་རྣམ་པར་ཤེས་པ་རྟོག་པའི་ངོ་བོ་ཉིད་དུ་བྱེད་དོ། །མིག་གི་དབང་པོས་ནི་རྟོགས་པའི་ངོ་བོ་གཟུགས་འཛིན་དུ་རུང་བ་ཉིད་དུ་ངེས་པར་བྱེད་དོ། །ཡུལ་གྱིས་
ནི་བདག་གི་ངོ་བོ་དང་འདྲ་བར་བྱེད་དོ། །རྒྱུ་རྐྱེན་གྱིས་ནི་དགེ་བ་ལ་སོགས་པ་ཉིད་དུ་ངེས་པར་བྱེད་དོ། །གཟུགས་ལ་འཛིན་པར་རུང་བ་ཉིད་ནི་གཟུགས་འཛིན་དུ་རུང་བ་ཉིད་དོ། །དེར་སོ་སོར་ངེས་པ་ལ་དེ་སྐད་ཅེས་བྱའོ། །འདི་ལ་དེ་དང་འདྲ་བའི་ངོ་བོ་ཡོད་པས་འདི་ནི་དེ་དང་འདྲ་བའི་ངོ་བོ་ཅན་
ནོ། །དེའི་ངོ་བོ་ནི་དེ་དང་འདྲ་བའི་ངོ་བོ་ཅན་ཉིད་དོ། །དེ་ལྟར་ནང་གི་དག་ལ་རྒྱུ་རྣམས་ཀྱི་ཉེ་བར་སྦྱོར་བའི་ཡུལ་ཐ་དད་པར་བསྟན་ནས། མཇུག་བསྡུ་བའི་ཕྱིར། དངོས་སུ་འབྲས་བུ་ཐ་དད་པ་མ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་སུ་འབྲས་བུ་ཐ་དད་པ་མ་ཡིན་མོད་ཀྱི་
เล่ม ๑๘๙ · หน้า 129a
འོན་ཀྱང་རྒྱུའི་ངོ་བོ་ཉིད་ཐ་དད་པ་ལས། འབྲས་བུའི་ཁྱད་པར་ཐ་དད་པ་ཁོ་ན་དག་ཏུ་འགྱུར་རོ། །དེའི་ཕྱིར་རྒྱུ་ཐ་དད་པ་ཡིན་ཡང་དེས་བྱ་བའི་ཁྱད་པར་ཐ་མི་དད་པ་མ་ཡིན་པས་འབྲས་བུ་རྒྱུའི་རྗེས་སུ་བྱེད་པ་ཉིད་གྲུབ་བོ། །དེ་དག་གི་བྱ་བ་ནི་དེས་བྱ་བ་སྟེ། འདི་ནི་དེས་
བྱ་བ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་དེའི་བྱ་བའི་ཁྱད་པར་རོ། །དེ་འབྲས་བུ་རྣམས་རྒྱུའི་རྗེས་སུ་བྱེད་པ་ཉིད་དུ་བསྟན་ནས། རྒྱུ་ལ་རག་ལས་པའི་འབྲས་བུ་རྣམས་རྣམ་པར་གཞག་པ་བསྟན་པའི་ཕྱིར། རྒྱུའི་ནུས་པ་ཐ་དད་པ་དེ་དག་ཁོ་ན་ཞེས་བྱ་བ་སྨོས་ཏེ། རྒྱུའི་ནུས་པ་ཐ་དད་པ་བཤད་མ་ཐག་པ་གང་དག་
ཡིན་པ་དེ་དག་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་རྣམས་ཀྱི་ནུས་པ་དག་སྟེ། དེ་དག་ཐ་དད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། དེ་དག་ཐ་དད་པ་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དག་ལ་བྱའོ། །ཡང་དེ་དག་བསྟན་པའི་ཕྱིར། སྐད་ཅིག་པ་ཡིན་པའི་ཕྱིར། བདག་ཉིད་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་གིས་བདག་ཉིད་ཀྱི་སོ་སོའི་ཁྱད་པར་ཅན་གྱི་འབྲས་བུ་གང་ཡིན་པ་དེ་གདོན་མི་ཟ་བར་བསྐྱེད་པར་བྱ་བའི་ཕྱིར་བརྩོན་པ་དག་ནི་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་གི་ནུས་པ་ཆོད་པ་མེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། ཆོད་པ་མེད་པ་ཞེས་བྱ་བ་ནི་ཐོགས་པ་མེད་པ་སྟེ། གདོན་མི་ཟ་བར་
སྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ནུས་པ་ཆོད་པ་མེད་པ་དག་ཡིན་ཞེ་ན། སྐད་ཅིག་མའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྐད་ཅིག་པ་དག་ཡིན་པ་དེའི་ཕྱིར་དེ་དག་གི་ནུས་པ་དགག་པར་མི་ནུས་སོ། །དེ་ལྟ་བུ་དེ་དག་ཅི་ཡིན་ཞེ་ན། ཚོགས་པའི་འབྲས་བུའི་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དེ་དག་ནི་ཚོགས་པའི་འབྲས་བུ་གང་ཡིན་པ་དེའི་ངོ་བོ་ཉིད་རྣམ་པར་གཞག་པའི་རྒྱུ་དག་ཡིན་ཞེས་བྱའོ། །དེ་དག་ཇི་ལྟར་ངོ་བོ་ཉིད་རྣམ་པར་གཞག་པའི་རྒྱུ་དག་ཡིན་ཞེ་ན། འདི་ལྟར་དེ་ནི་དེ་མཐའ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་མཐའ་དག་ཁོ་ན་ལས་རྟོགས་
པའི་ངོ་བོ་ཉིད་དང་། གཟུགས་འཛིན་པར་སོ་སོར་ངས་པ་དང་། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཞེས་བྱ་བ་དེ་ལྟ་བུ་སོ་སོའི་ཁྱད་པར་ཅན་གྱི་རང་གི་ངོ་བོ་དེ་གཅིག་སྐྱེད་པ་དེའི་ཕྱིར་དེ་དག་ནི་རྣམ་པར་གཞག་པའི་རྒྱུ་ཡིན་ནོ། །འདི་སྐད་དུ། འདི་ནི་རྟོག་པའི་ངོ་བོ་འདི་ནི་ངེས་པའི་དོན་འཛིན་པའོ། །
เล่ม ๑๘๙ · หน้า 129b
འདི་ནི་ཡུལ་གྱི་རྣམ་པ་ཅན་ནོ་ཞེས་བྱ་བའི་རྣམ་པར་གཞག་པ་གང་ཡིན་པ་དེ་ན་ཇི་སྐད་བཤད་པའི་རྒྱུས་བྱས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་ལྟར་སྦྱར་བར་བྱ་སྟེ། འབྲས་བུའི་རྒྱུའི་རྗེས་སུ་བྱེད་པ་ཉིད་ཡིན་ལ་ནི་རག་ན། དེ་ལྟར་སྐྱེ་བའི་དེའི་རང་གི་ངོ་བོ་གནས་པའི་གཞི་གང་
ཡིན། འདི་ལྟར་འབྲས་བུའི་རྟེན་ནི་མ་མཐོང་ངོ་ཞེ་ན། དེའི་ཕྱིར། རྒྱུའི་ནུས་པ་ཐ་དད་པ་དེ་དག་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་གི་དོན་ནི་སྔ་མ་བཞིན་ནོ། །བསྡུས་པའི་དོན་ནི་བརྗོད་པར་བྱ་སྟེ། རྒྱུའི་ནུས་པ་ཁྱད་པར་བཤད་མ་ཐག་པ་གང་དག་ཡིན་པ་དེ་དག་ཁོ་ན་ཚོགས་པའི་འབྲས་
བུའི་ངོ་བོ་ཉིད་གནས་པའི་རྟེན་ཡིན་ནོ་ཞེས་བྱ་སྟེ་རྒྱུ་མ་གཏོགས་པ་རྟེན་གཞན་མེད་དོ་སྙམ་དུ་དགོངས་པའོ། །ལྷན་ཅིག་འབྱུང་བ་མ་ཡིན་པའི་རྒྱུ་ཇི་ལྟར་རྟེན་ཡིན་ཞེ་ན། དེའི་ཕྱིར། འདི་ལྟར་དེ་ནི་དེ་མཐའ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་མཐའ་དག་ཁོ་ན་ལས་དེ་ལྟ་བུ་དེ་སྐྱེས་
པ་དེའི་ཕྱིར་རྟེན་ཡིན་ནོ། །འདི་སྐད་དུ་སྐྱེད་པར་བྱེད་པ་ཁོ་ནས་རྟེན་ཅེས་བྱའོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་ནུས་པ་འགོག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་ནུས་པ་
ལ་འགོག་པ་མེད་པས་ན་ནུས་པ་འགོག་པ་མེད་པ་དག་གོ། །འགོག་པ་ནི་གགས་བྱེད་པ་དག་གོ། །འདི་དག་གི་འབྲས་བུ་མཇུག་ཐོགས་ཡིན་པས་འབྲས་བུ་མཇུག་ཐོགས་པ་དག་གོ། །འདི་དག་ཁྱད་པར་དུ་བོགས་དབྱུང་དུ་མེད་པས་ན་ཁྱད་པར་དུ་བོགས་དབྱུང་དུ་མེད་པ་དག་སྟེ། བོགས་དབྱུང་བ་ཞེས་
བྱ་བ་ནི་དགོས་པ་ལ་བྱའོ། །འབྲས་བུ་བསྐྱེད་པར་བྱ་བ་ལ་གང་དག་ནི་ནུས་པ་དགག་པར་ཡང་མི་ནུས་ལ། བོགས་འབྱིན་པར་བྱ་བར་ཡང་མི་ནུས་པ་དང་། གང་དག་གདོན་མི་ཟ་བར་མཇུག་ཐོགས་སུ་འབྲས་བུ་བསྐྱེད་པའི་རྐྱེན་དེ་དག་ལ་ཕན་ཚུན་ལྷན་ཅིག་བྱེད་པའི་དོན་ཅི་ཞིག་ཡིན། གང་གིས་ན་ལྷན་
ཅིག་བྱེད་པ་དག་ཅེས་བྱ་བ་སྐད་ཅིག་པ་ཉིད་ནི་འདིར་ཁྱད་པར་དུ་བོགས་དབྱུང་དུ་མེད་པ་ཉིད་དང་། ནུས་པ་འགོག་པ་མེད་པ་ཉིད་ཀྱི་རྒྱུ་ཡིན་ཏེ། འདི་ལྟར་གང་དག་སྐད་ཅིག་མ་གཅིག་ཅིག་གནས་པ་དེ་དག་ནི་བོགས་དབྱུང་བར་བྱ་བར་ཡང་མི་ནུས་ལ། ཡོད་པ་དགག་པར་ཡང་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར།
เล่ม ๑๘๙ · หน้า 130a
ལྷན་ཅིག་བྱེད་པ་ཉིད་ཕན་ཚུན་ཕན་འདོགས་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །ཕན་ཚུན་ནུས་པ་འགོག་པ་སེལ་བས་ལྷན་ཅིག་བྱེད་པ་ཞིག་ཏུ་འགྱུར་ན་ཡང་དེ་བཀག་པའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་ནི་དེའི་རྒྱུ་ཅན་ཡང་མ་ཡིན་ནོ། །འདིར་ནི་ལྷན་ཅིག་བྱེད་པ་ཕན་ཚུན་ཕན་འདོགས་པ་དག་
ཡིན་པར་བསམས་ནས་ཀླན་ཀ་བཙལ་བར་བསམ་པ་ཡིན་ནོ། །འདིར་གྲུབ་པའི་མཐའ་སྨྲ་བས། ལྷན་ཅིག་བྱེད་པ་ནི་ཐམས་ཅད་དུ་བོགས་འབྱིན་པ་བསྐྱེད་པ་འབའ་ཞིག་ཀྱང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་པ་ནི་ཐམས་ཅད་དུ་ཕན་ཚུན་ཕན་འདོགས་པ་འབའ་ཞིག་ལ་བྱ་བ་ཡང་མ་ཡིན་
ནོ། །འོ་ན་ཅི་ཞེ་ན། མང་པོ་དག་དོན་ཅི་ཡང་རུང་གཅིག་བྱེད་པ་ཡང་ལྷན་ཅིག་བྱེད་པ་ཉིད་དུ་འདོད་པ་ཁོ་ནའོ། །འདིའི་དགོངས་པ་ནི་འདུས་ནས་བྱེད་པ་རྣམས་ཀྱང་ལྷན་ཅིག་བྱེད་པ་དག་ཅེས་བྱའོ་སྙམ་པ་འདི་ཡིན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི་སྐད་ཅིག་མ་ཐམས་ཅད་དུའོ། །དཔེ་བསྟན་པའི་ཕྱིར། དཔེར་ན་རྒྱུ་ཚོགས་
ཐ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་རྒྱུའི་ཚོགས་ཐ་མ་ལས་འབྲས་བུ་སྐྱེ་བར་དོན་ཅི་བྱེད་པ་དེ་ཁོ་ན་ལ་མང་པོ་རྣམས་ལྷན་ཅིག་བྱེད་པ་ཉིད་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་ལ་ལྷན་ཅིག་བྱེད་པ་ཉིད་ནི་བཏགས་པ་ཡིན་ནོ་སྙམ་ན། དེའི་ཕྱིར་འདི་ཉིད་དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་
བྱེད་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ལ་ལྷན་ཅིག་བྱེད་པ་ཉིད་དངོས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་མ་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྒྱུའི་ཚོགས་ཐ་མ་དེ་ཁོ་ན་མངོན་སུམ་གྱི་རྒྱུ་ཡིན་ལ། རྒྱུ་ལ་ལྷན་ཅིག་བྱེད་པའི་ཐ་སྙད་འདོགས་ཀྱི་རྒྱུ་མ་ཡིན་པ་ལ་ནི་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་ལ་འདི་ཡང་ཡོ་ལ་
ཕན་ཚུན་ཕན་འདོགས་པ་ཉིད་ཀྱིས་ཀྱང་མཚན་ཉིད་ཀྱང་ཡོད་པར་གཅིག་ཅེ་ན། དེའི་ཕྱིར། སྐད་ཅིག་མ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ཐ་མ་ངོ་བོ་ཉིད་གཅིག་པུ་གང་ཡིན་པ་དེ་ལ་ནི་འདི་ལ་ངོ་བོ་ཉིད་ཀྱི་ཆ་འདི་ནི་བོགས་མ་དབྱུང་བ་ཡིན་ནོ། །འདི་ནི་ལྷན་ཅིག་བྱེད་པ་རྣམས་ཀྱི་བོགས་བསྐྱེད་པ་ཡིན་
ནོ་ཞེས་དེ་ལྟ་བུའི་དབྱེ་བ་འདི་བྱ་བར་མི་ནུས་སོ། །འདི་ལྟར་དབྱེ་བ་མེད་ན་ཁྱད་པར་དུ་བྱ་བར་མི་ནུས་སོ། །ཅིའི་ཕྱིར་ཁྱད་པར་དུ་བྱ་མི་ནུས་ཤེ་ན། དེའི་ཕྱིར། ཁྱད་པར་འབྱུང་བའི་མཚན་ཉིད་ནི། ངོ་བོ་ཉིད་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱད་པར་ནི་ངོ་བོ་ཉིད་གཞན་འབྱུང་བའི་མཚན་ཉིད་ཡིན་པ་དེའི་ཕྱིར་དབྱེ་བ་མེད་
เล่ม ๑๘๙ · หน้า 130b
ན་མི་སྲིད་དོ། །ངོ་བོ་ཉིད་གཅིག་པ་ཡིན་ན་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ངོ་བོ་ཉིད་གཞན་འབྱུང་བ་མེད་པར་ཁྱད་པར་འབྱུང་བ་མི་སྲིད་ན། འོ་ན་ངོ་བོ་ཉིད་གཞན་འབྱུང་དུ་ཟད་མོད་ཅེ་ན། དེའི་ཕྱིར། ངོ་བོ་ཉིད་གཞན་འབྱུང་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་ཉིད་གཞན་འབྱུང་བར་ཁས་ལེན་ན། དེའི་ཚེ་ཐ་མ་
ཉིད་ཉམས་པར་འགྱུར་རོ། །ཉམས་སུ་ཟད་མོད། ཉེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་མངོན་སུམ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མ་ཉིད་མ་ཡིན་ན་མངོན་སུམ་གྱི་རྒྱུ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེར་མི་འགྱུར་རོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ལྷན་ཅིག་བྱེད་པ་རྣམས་ལས་རྒྱུའི་ཁྱད་པར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཁྱད་པར་ནི་ངོ་བོ་ཉིད་དབྱེ་བ་མེད་ན་མེད་པ་ཡིན་ལ། ཐ་མ་ལ་ཡང་དབྱེ་བ་མེད་པ་དེའི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ལ་རྒྱུའི་ཁྱད་པར་འབྱུང་བ་མེད་དོ། །གལ་ཏེ་དེ་ལ་ལྷན་ཅིག་བྱེད་པ་རྣམས་ལས་ཁྱད་པར་འབྱུང་བ་མེད་ན། འོ་ན་ཅིའི་ཕྱིར་དེ་དག་འབྲས་བུ་སྐྱེད་པར་ནུས་ཤེ་ན། དེའི་ཕྱིར་
གང་དག་ལ་སྔོན་དང་ཕྱིས་དང་ཐ་དད་པའི་ངོ་བོ་མེད་པ་གང་གིས་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་རྐྱེན་ཐ་མ་ངོ་བོ་ཉིད་ཀྱི་ནུས་པ་སྐད་ཅིག་གི་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་ཐ་མ་ངོ་བོ་ཉིད་ཀྱིས་ནུས་པ་སྐད་ཅིག་ཙམ་ཐོགས་པ་དག་ལྷན་ཅིག་སྐྱེའི། སྐྱེས་ཟིན་པ་འདི་དག་ལ་གཞན་གྱི་ནུས་པར་བྱེད་
པ་ནི་མ་ཡིན་ནོ། །སྐྱེ་བའི་རྒྱུ་རྣམས་ལས་ནུས་པ་འབྱུང་མོད་ཀྱི། འོན་ཀྱང་གཞན་གྱི་ལུགས་ལ་ལྟོས་ནས་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། གཞན་གྱི་རྒྱུ་སྐྱེས་ཟིན་པ་ལྷན་ཅིག་བྱེད་པ་དག་ལས་ནུས་པར་འདོད་དོ། །གང་དག་ལ་སྔོན་ཡང་མེད་ཕྱིས་ཀྱང་མེད། ཐ་དད་པའི་ངོ་བོ་ཡང་མེད་པ་གང་དག་ལས་ཡུད་ཙམ་གྱི་
མཇུག་ཐོགས་ཁོ་ནར་འབྲས་བུ་འབྱུང་གིས་དུས་གཞན་དུ་མ་ཡིན་པ་སྐད་ཅིག་མར་གནས་པ་དེ་ལྟ་བུ་དེ་དག་སྐྱེ་སྟེ། དེ་ལྟ་བུ་དེ་དག་གི་ལྷན་ཅིག་བྱེད་པ་ཉིད་དོན་གཅིག་བྱེད་པའི་མཚན་ཉིད་ཡིན་གྱི། ཕན་ཚུན་ཕན་འདོགས་པའི་མཚན་ཉིད་མ་ཡིན་ནོ། །གཞན་གྱི་འདོད་པའི་དོགས་པ་བསུ་བར། གལ་ཏེ་ནུས་
པ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་ཚོགས་ཐ་མ་རེ་རེ་ནུས་པར་འདོད་པ་གང་ཡིན་པའི་ནུས་པ་དེ་ཉིད་གང་ལས་བྱུང་ཞེ་ན། གྲུབ་པའི་མཐའ་སྨྲ་བས། རང་གི་རྒྱུ་དག་ལས་སོ་ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་གང་དག་ཡིན་པ་དེ་དག་ལས་རྒྱུའི་ཁྱད་པར་དེ་འབྱུང་ངོ་། །ཕ་རོལ་པོའི་ཚོགས་ནས་བྱེད་པར་
เล่ม ๑๘๙ · หน้า 131a
འགོག་པ་ཁོ་ནའི་དོགས་པ་བསུ་བར། གལ་ཏེ་དེ་དག་གིས་ཞེས་པ་ལ་སོགས་པ་སྨོས་ཏེ། རྒྱུ་དེ་དག་གིས་ས་བོན་ལ་སོགས་པ་རྒྱུའི་ཁྱད་པར་ནུས་པའི་ངོ་བོ་འདི་ཆུ་ལ་སོགས་པ་རྐྱེན་གཞན་དང་ཉེ་བ་མེད་པ་ཁོ་ནར་ཅིའི་ཕྱིར་མི་སྐྱེད། ཅི་གཞན་དུ་ཡང་ནུས་སམ་ཞེ་ན། རེས་འགའ་གཞན་དུ་ཡང་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་ལ་ལར་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པ་མེད་པར་ཡང་རང་གི་རྒྱུ་དག་གིས་སྐྱེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། ལ་ལར་གཅིག་པུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཚེ་རེས་འགའ་ས་བོན་ལ་སོགས་པ་
ཆུ་ལ་སོགས་པ་རྒྱུ་གཞན་དང་བྲལ་བར་རང་གི་རྒྱུ་དག་གིས་སྐྱེད་པ་དེའི་ཚེ། ས་བོན་ལ་སོགས་པ་ལས་གང་ཡང་རུང་བ་གཅིག་གིས་ཀྱང་། ཡུལ་ལ་ལར་མྱུ་གུ་སྐྱེད་པར་འགྱུར་བས་ལྷན་ཅིག་བྱེད་པ་ཉིད་ནི་དོན་གཅིག་བྱེད་པའི་མཚན་ཉིད་ཡིན་པར་མི་བཏུབ་བོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་
ནོ། །འདིར་གྲུབ་པའི་མཐའ་སྨྲ་བས། འདུ་བྱེད་རྒྱུད་མ་གཞན་དང་གཞན་གྱི་རྐྱེན་དང་ལྡན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དང་གཞན་གྱི་རྐྱེན་དག་ནི་གཞན་དང་གཞན་གྱི་རྐྱེན་དག་སྟེ། དེ་དག་དང་ལྡན་པ་ལ་དེ་སྐད་ཅེས་བྱའོ། །སྐད་ཅིག་ནི་སྐད་ཅིག་རེ་རེའོ། །འདི་དག་ལ་ནུས་པ་ཐ་དད་པ་ཡོད་པས་ན་
ནུས་པ་ཐ་དད་པ་ཅན་དག་གོ། །འདུ་བྱེད་པས་ན་འདུ་བྱེད་དག་གོ། །རྒྱུད་མ་དག་ཅེས་བྱ་བ་ནི་རྒྱུན་དུ་གྱུར་པའོ། །འདུ་བྱེད་གང་དག་རྒྱུན་གྱི་རྗེས་སུ་འབྲང་ཞིང་གཞན་དང་གཞན་གྱི་རྐྱེན་དང་འབྲེལ་པས་སྐད་ཅིག་སྐད་ཅིག་ལ་ནུས་པ་ཐ་དད་པ་ཅན་གང་དག་ཡིན་པ་དེ་དག་ནི་ཁ་དོག་གམ། དབྱིབས་འགའ་
ཞིག་གིས་སམ། རྣམ་པ་གཞན་གང་ཡང་རུང་བ་འགའ་ཞིག་གིས་འདྲ་བར་ཤེས་མོད་ཀྱི། འོན་ཀྱང་དེ་དག་གི་ལ་ངོ་བོ་ཉིད་ཐ་དད་པ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །ངོ་བོ་ཉིད་ཐ་དད་པ་ཡིན་དུ་ཆུག་ན་ཡང་། དེས་ན་ཅི་ཞེ་ན། དེའི་ཕྱིར། དེས་ན་འགའ་ཞིག་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
རྐྱེན་ཐ་དད་པས་ངོ་བོ་ཉིད་ཐ་དད་པར་གྲུབ་ན་རྒྱུ་འགའ་ཞིག་ཁོ་ན་འབྲས་བུ་འགའ་ཞིག་གི་རྒྱུ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གང་གི་གང་ཞིག་ཅེ་ན། དེའི་ཕྱིར། དེ་ལ་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་ལྡན་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་
เล่ม ๑๘๙ · หน้า 131b
ཏེ། དེ་ལ་མིག་དང་གཟུགས་ལ་སོགས་པའི་ཚོགས་ཡུལ་རུང་བ་ན་རྣམ་པར་གནས་ཤིང་། མཆོད་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུར་འདོད་དོ། །མིག་ལ་སོགས་པ་ཕན་ཚུན་ཕྲད་པར་བྱེད་པའི་རྒྱུ་མཚན་གྱི་རྐྱེན་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་རྒྱུ་སྐྱེད་པར་ནུས་པ་ཡིན་ཏེ། དེ་
ལྟར་ན་རྒྱུན་གྱི་རྗེས་སུ་འབྲང་བའི་དངོས་པོ་རྣམས་ལ་རྒྱུ་དང་འབྲས་བུའི་ངོ་བོ་བྱེ་བྲག་ཏུ་རིག་པར་བྱའོ། །ཆོད་པ་ནི་མི་སྣང་བའོ། །དེ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་ཆོད་པ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་ཧ་ཅང་རིང་བ་དང་ཉེ་བ་ལ་སོགས་པ་བསྡུའོ། །ཡུལ་གང་ལ་དེ་དག་མེད་པ་ཡོད་པ་དེ་ནི་ཆོད་པ་
མེད་པ་ལ་སོགས་པ་དང་ལྡན་པའོ། །གཟུགས་དང་དབང་པོ་ནི་གཟུགས་དང་དབང་པོ་དག་གོ། །དེ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པའི་ཚོགས་གང་ཡིན་པ་དེ་ནི་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་སོ། །གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་གང་ལ་ཡུལ་ཆོད་པ་མེད་པ་ལ་
སོགས་པ་དང་ལྡན་པ་ཡོད་པ་དེ་ནི་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་ལྡན་པ་ཅན་ཏེ། འདི་ནི་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་ལྡན་པ་ཅན་ཡང་ཡིན་ལ། གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་ཀྱང་ཡིན་པས་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་
ལྡན་པ་ཅན་ཡིན་ནོ། །གཅིག་ལ་གཅིག་ཉེ་བར་འགྲོ་བ་ནི་ཕན་ཚུན་ཉེ་བར་འགྲོ་བ་སྟེ། ཉེ་བར་འགྲོ་བ་ནི་འདིར་ཕྲད་པའོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ནི་དེ་ལ་ཕན་འདོགས་པར་བྱེད་པ་གཞན་གང་ཡིན་པ་དེ་ཡང་བསྡུའོ། །ཕན་ཚུན་ཉེ་བར་འགྲོ་
བ་ལ་སོགས་པའི་རྟེན་རྐྱེན་གྱི་ཁྱད་པར་གང་ཡིན་པ་དེ་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་རྐྱེན་གྱི་ཁྱད་པར་ཏེ་རྟེན་ནི་རྒྱུའོ། །རྟེན་གྱི་ཁྱད་པར་ཞེས་བྱ་བ་འདི་ལ་ཁྱད་པར་ཞེས་བྱ་བའི་སྒྲས་ནི་མངོན་སུམ་དུ་སྐྱེད་པའི་རྐྱེན་ལས་ཐ་དད་པར་སྟོན་པར་བྱེད་དོ། །འདི་དག་གི་རྒྱུ་དང་འབྲས་བུའི་ངོ་བོ་
ཉིད་འདི་བྱེ་བྲག་ཏུ་ཡིན་དུ་ཆུག་ན་ཡང་། ཚོགས་ནས་བྱེད་པ་གོ་ཅིའི་ཕྱིར་སྙམ་པ་ལ། དེ་དག་ཀྱང་སྔོན་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པའི་རྒྱུ་གང་དག་ཡིན་པ་དང་། ནུས་པའི་རྒྱུ་གང་དག་ཡིན་པ་དེ་དག་ནི་མངོན་པར་འདོད་པའི་རྒྱུའི་གནས་སྐབས་ན་སྔོན་རོལ་ན་ཡང་མེད་ལ་དུས་
เล่ม ๑๘๙ · หน้า 132a
དུས་སུ་ཕྱིས་ཀྱང་མེད་ཐ་དད་པའི་ངོ་བོ་ཡང་མེད་དོ། །དེའི་ཕྱིར་ནུས་ཀྱང་ཅི་སྟེ་སྔོན་མེད་ཅིང་ཕྱིས་མེད་ལ་ཐ་དད་པའི་ངོ་བོ་མ་ཡིན་ཞེས་བྱ་བ་དེ་ལྟ་བུའི་ཉེས་པ་སྨྲས་པ་གང་དག་ཡིན་པ་སྔོན་དང་ཕྱིས་དང་ཐ་དད་པའི་ངོ་བོ་ཉེས་པ་དེ་དག་གི་དེ་ལ་མི་གོས། མི་འབག་མི་རེག་ཅེས་བྱ་བའི་ཐ་
ཚིག་གོ། །མཇུག་བསྡུས་ནས་ཉེས་པ་འཇུག་པ་ཡོངས་སུ་སྤངས་པའི་ཕྱིར། དེས་ན་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་དག་སྔོན་ཡང་མེད། །ཕྱིས་ཀྱང་མེད་ཐ་དད་པའི་ངོ་བོ་ཡང་མ་ཡིན་པའི་རྒྱུ་དེས་ན་རྒྱུ་འདི་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེ་ནི་རྣམ་པར་
ཤེས་པ་བསྐྱེད་པར་ནུས་པའི་རྒྱུའི་རྒྱུ་ཡིན་ལ། དེ་ཡང་སྐད་ཅིག་མ་ཡིན་པའི་ཕྱིར་ནམ་ཡང་གཞན་དུ་འགྱུར་བ་མེད་དོ། །ཅིའི་ཕྱིར། རེས་འགའ་གཞན་དུ་ཡང་འགྱུར་རོ། །དེའི་ཕྱིར། ལ་ལར་གཅིག་པུས་ཀྱང་བསྐྱེད་པར་འགྱུར་རོ་ཞེས་གང་སྨྲས་པ་དེ་གསལ་བ་ཡིན་ནོ། །རྒྱུ་དང་འབྲས་བུའི་ངོ་བོའི་ཁ་ན་མ་ཐོ་བ་མེད་པ་
འདི་ལྟ་བུ་འདི་གཞན་ལ་ཡང་བསྒྲེ་བའི་ཕྱིར། ཚུལ་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྒྱུ་དང་འབྲས་བུའི་ངོ་བོ་ལ་སོ་སོར་ངེས་པ་བཤད་པའི་ཚུལ་གང་ཡིན་པ་འདི་ནི་གཞན་ཐམས་ཅད་ལ་ཡང་བལྟ་བར་བྱའོ། །གཞན་གང་ལ་ཞེ་ན། དངོས་པོ་ནུས་པ་སྐད་ཅིག་མ་རེ་རེ་ལ་ངོ་བོ་ཉིད་ཀྱི་བྱེ་བྲག་གཞན་དང་གཞན་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོར་ངེས་པ་འདི་ནི་ནུས་པ་གང་དག་སྐད་ཅིག་མ་རེ་རེ་ལ་ངོ་བོ་ཉིད་ཀྱི་བྱེ་བྲག་གཞན་དང་གཞན་གྱི་རྗེས་སུ་འགྲོ་བ་དེ་དེ་ལ་བལྟ་བར་བྱའི་དངོས་པོ་གང་དག་བསྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་ལ་ནི་མ་ཡིན་ནོ། །གང་དག་ལ་ངོ་བོ་ཉིད་ཀྱི་བྱེ་བྲག་གི་རྗེས་སུ་འགྲོ་བའི་ངང་ཚུལ་ཅན་ཡོད་པ་དེ་
དག་ནི་ནུས་པ་ངོ་བོ་ཉིད་ཀྱི་བྱེ་བྲག་གི་རྗེས་སུ་འགྲོ་བ་ཅན་དག་སྟེ། དངོས་པོ་ཐ་དད་པས་ཐ་དད་པ་ཞེས་བྱ་བ་དེ་ལྟ་བུའི་ངང་ཚུལ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་ལ་བསྟན་པ་གཅིག་པུའི་ངོ་བོ་ཉིད་ཡོད་པ་དེ་དག་ནི་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་དག་གོ། །ཡང་ཅིའི་ཕྱིར་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་དག་ལ་
མ་ཡིན་ཞེ་ན། ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་གཞན་དུ་འགྱུར་བ་མེད་དོ། །དེའི་ཕྱིར་གལ་ཏེ་དངོས་པོ་བསྟན་པའི་འབྲས་བུ་སྐྱེད་ནུས་པའི་ངོ་བོ་ཉིད་གཅིག་ཡིན་ན་དེས་ན་འདི་བྱེད་པར་མི་འཐད་དེ། ཐམས་ཅད་དུ་བྱེད་པ་ཁོ་ནར་འགྱུར་རོ་སྙམ་དུ་དགོངས་པ་
เล่ม ๑๘๙ · หน้า 132b
ཡིན་ནོ། །འོན་ཏེ་མི་ནུས་པའི་ངོ་བོ་ཉིད་པ་ཅིག་ཡིན་ན་ནི་དེའི་ཚེ་ཡང་མེད་པར་མི་འཐད་དེ། ཐམས་ཅད་དུ་མི་བྱེད་པ་ཁོ་ནར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །རེས་འགའ་བྱེད་རེས་འགའ་ཞིག་མི་བྱེད་ཅེས་བྱ་བ་གང་ཡིན་པ་དེ་ལྟ་བུར་ནི་མི་འགྱུར་རོ། །དེ་དག་ནི་ནུས་པ་དང་མི་ནུས་པ་ཡང་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་ཞེས་
བསྡུའོ། །བྱེད་པ་དང་མི་བྱེད་པ་ནི་བྱེད་པ་དང་མི་བྱེད་པ་དག་སྟེ། དེ་དག་མི་རུང་བ་ལ་དེ་སྐད་ཅེས་བྱའོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་ལྷན་ཅིག་བྱེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནུས་ཀྱང་ལྷན་ཅིག་བྱེད་པ་གཞན་དག་དང་ལྷན་ཅིག་བྱེད་ཀྱི། འགའ་ཞིག་གིས་ནི་མ་ཡིན་ནོ། །
དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པར་ཐལ་བར་མེད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཅི་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འབའ་ཞིག་གི་འབྲས་བུ་བསྐྱེད་པར་ནུས་པའི་ངོ་བོ་ཉིད་མ་ཡིན་ནམ་ཅི་ན་གང་གིས་ན་ལྷན་ཅིག་བྱེད་པ་ལ་ལྟོས། ཕ་རོལ་པོས་ནུས་
སོ་ཞེས་བྱ་བ་སྨྲས་ཏེ། བརྟེན་པའི་དངོས་པོ་འདི་འབའ་ཞིག་གིས་ནུས་པ་ཁོ་ནའོ། །གྲུབ་པའི་མཐའ་སྨྲ་བས། ཅིའི་ཕྱིར་མི་བསྐྱེད་ཅེས་བྱ་བ་སྨོས་ཏེ། འབའ་ཞིག་གིས་ཀྱང་ནུས་ན་གོ་ཅིའི་ཕྱིར་མི་བསྐྱེད། དེ་ལ་འདི་སྙམ་དུ་འབའ་ཞིག་གིས་ནི་བསད་ཀྱང་མི་བསྐྱེད་དོ་སྙམ་དུ་སེམས་ན། དེའི་ཕྱིར། མི་བསྐྱེད་ན་ཇི་ལྟར་ནུས་
ཞེས་བྱ་བ་སྨོས་ཏེ། གང་ཞིག་ནམ་ཡང་འབའ་ཞིག་གིས་མི་བསྐྱེད་པ་དེ་ཇི་ལྟར་ནུས་པའི་སྲིད་པར་འགྱུར། གཞན་གྱི་ལུགས་ཀྱི་དོགས་པ་བསུ་བར། གལ་ཏེ་ཐག་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་གང་ཡིན་པ་དེས་ནི་གདོན་མི་ཟ་བར་བསྐྱེད་དགོས་སོ་ཞེས་བྱ་བའི་ངེས་པ་འདི་ནི་མེད་དོ། །འདི་
ལྟར་ཐག་པ་ལ་སོགས་པ་རས་ཡུག་ལ་སོགས་པར་བྱེད་ནུས་མོད་ཀྱི། ཐམས་ཅད་དུ་བྱེད་པ་ནི་མ་ཡིན་པ་ཉིད་དེ། འདིར་ཡང་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཐོ་འཚམས་པའི་ཕྱིར། རྩེ་བའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལྷ་རྣམས་དགའ་
བ་ནི་དྲང་པོའམ་བླུན་པོ་ཡིན་ཏེ། དེ་ནི་སྐྱིད་དེ་བར་བསྐྱེད་བསྐྱེད་པས་དགའ་བའི་རང་བཞིན་ཅན་ཡིན་ནོ། །རྩེ་བ་ནི་བྱིས་པའི་ཆོས་དེ་དེ་དང་འདྲ་བས་ནི་ཤེས་རབ་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །སྐྱིད་དེ་བར་བསྐྱེད་བསྐྱེད་པ་ཉིད་ཀྱིས་ནི་བསྟན་བཅོས་དག་ལ་མངོན་པར་བརྩོན་པ་མེད་པར་སྟོན་པར་བྱེད་དོ། །གང་ཞིག་བརྩོན་
เล่ม ๑๘๙ · หน้า 133a
པ་མེད་ཅིང་བློ་ངན་པ་དེ་མེད་ངོས་པོ་བྱས་ཀྱང་བརྗེད་ངས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཡང་དང་ཡང་བྱེད་དུ་འཇུག་གོ། །བྱས་ཞེས་བྱ་བ་ནི་ལན་བཏབ་ཟིན་ཏོ། །ཡང་དང་ཡང་བྱེད་དུ་འཇུག་ཅེས་བྱ་བ་ནི་ཡང་དང་ཡང་ལན་འདེབས་སུ་འཇུག་པའོ། །འདི་གང་དུ་ལན་བཏབ་ཟིན་ཅེ་ན། དེའི་ཕྱིར། འདི་
ལྟར་འདིས་ནི་ས་བོན་ལ་སོགས་པར་ཉེ་བར་དགོད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་གལ་ཏེ་ས་བོན་ལ་སོགས་པ་བཞིན་དུ་མ་ངེས་པ་ཡིན་ནོ་སྙམ་སྟེ་ཞེས་བྱ་བའི་སྐབས་དེར་དཔྱད་ཟིན་ཏོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ནུས་པའི་ངོ་བོ་ཉིད་ནི་མི་བསྐྱེད་པར་མི་རུང་ངོ་ཞེས་བཤད་པ་དེའི་ཕྱིར་ངོ་བོ་ཉིད་གཞན་དུ་འགྱུར་བ་མེད་པར་འབྲས་བུ་སྐྱེད་པའི་ཆོས་ཀྱི་དངོས་པོ་གང་ཡིན་པ་དེ་ནི་ཐ་མའི་གནས་སྐབས་བཞིན་དུ་སྔོན་ཡང་འབྲས་བུ་བསྐྱེད་པ་བཟློག་ཏུ་མི་རུང་ངོ་། །དེ་ལ་འདི་སྙམ་
དུ་འདི་སྔོན་ནི་ནུས་པ་མེད་པ་ཁོ་ན་ཡིན་ལ། འདིའི་ནུས་པ་ནི་ཐ་མའི་གནས་སྐབས་སུ་འབྱུང་ངོ་སྙམ་དུ་སེམས་ན། དེའི་ཕྱིར་ཐ་མའི་གནས་སྐབས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྔོན་ནུས་པ་མེད་པ་ལས་ཐ་མའི་གནས་སྐབས་སུ་ནུས་པ་འབྱུང་ངོ་ཞེས་བྱ་བར་འདོད་པ་དེའི་ཚེ་ཡང་ཅི་ནུས་པ་དེ་དངོས་
པོའི་བདག་ཉིད་དུ་གྱུར་པ་ཞིག་ཡིན་ནམ། འོན་ཏེ་གཞན་དུ་གྱུར་པ་ཞིག་ཡིན་ཞེས་བྱ་བ་བརྟག་པ་གཉིས་སོ། །གལ་ཏེ་བདག་ཉིད་དུ་གྱུར་པ་ཞིག་ཡིན་ན་ནི། དེའི་ཚེ་ནུས་པ་དངོས་པོའི་ངོ་བོ་ཉིད་ཐ་མའི་གནས་སྐབས་སུ་འབྱུང་བར་ཁས་ལེན་ན། སྔོན་མེད་པའི་དངོས་པོ་ཞིག་སྐྱེ་བ་ཁོ་ནར་ཁས་བླངས་པ་
ཡིན་ནོ། །འོན་ཏེ་ནུས་པའི་དངོས་པོའི་ངོ་བོ་ཉིད་མ་ཡིན་ན་ནི་དེའི་ཚེ་དེའི་ངོ་བོ་ཉིད་མ་ཡིན་ན་དངོས་པོ་དེ་བྱེད་པ་པོ་མ་ཡིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ནུས་པ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་གཞན་ཞིག་ལས་
འབྲས་བུ་འབྱུང་བ་ཞེས་བྱ་བར་ཤེས་ཀྱི་དངོས་པོ་ལས་ནི་མ་ཡིན་ནོ། །དེ་ལྟར་ནུས་པ་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་རྣམ་པར་བརྟག་པ་བསལ་ནས། གཏན་ཚིགས་གཞན་བསྟན་པའི་ཕྱིར་གཞན་ཡང་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་དངོས་པོ་བརྟན་པའི་རང་བཞིན་ཅན་གང་ཡིན་པ་དེ་གང་གི་
เล่ม ๑๘๙ · หน้า 133b
ཚེ་ཐ་མའི་གནས་སྐབས་ན་ལྷན་ཅིག་བྱེད་པ་མཐའ་དག་དང་ལྡན་པ་དེའི་ཚེ་ཉིད་ན་ཅིའི་ཕྱིར་འབྲས་བུ་བསྐྱེད། འདི་ལ་ལྷན་ཅིག་བྱེད་པ་མཐའ་དག་ཡོད་པས་འདི་ནི་ལྷན་ཅིག་བྱེད་པ་མཐའ་དག་དང་ལྡན་པའོ། །ཕ་རོལ་པོས་བསྐྱེད་པ་མཐོང་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འབྲས་
བུ་བསྐྱེད་པ་མཐོང་བ་དེའི་ཕྱིར་སྐྱེད་དོ་ཞེས་སྨྲའོ། །གྲུབ་པའི་མཐའ་སྨྲ་བས་ཅོ་འདྲི་བའི་ཕྱིར། མཐུ་ཆེན་པོ་ཅན་གྱི་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་པོ་ཅན་གྱི་ཁྱོད་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་ནུས་པ་ཆེན་པོ་ཅན་ཡིན་ནོ། །ཅིའི་ཕྱིར་མཐོང་བ་འདི་ནི་ནུས་པ་ཆེན་པོ་ཅན་ཡིན་
ཞེ་ན། འདི་ལྟར་མཐོང་བ་འདི་ནི་དངོས་པོ་འབྲས་བུ་བསྐྱེད་པའི་ངོ་བོ་ཉིད་དང་བྲལ་བ་དག་ཀྱང་རང་གི་ངོ་བོ་ཙམ་གྱི་བྱ་བ་རྣམ་པ་སྣ་ཚོགས་པ་རྣམས་ལ་སྦྱོར་བ་ཡིན་པའི་ཕྱིར་རོ། །འདིར་ཁོ་བོ་ལ་གནོད་པ་ནི་ཅི་ཡང་མེད་མོད་ཀྱི། འོན་ཀྱང་རྒྱུ་ཞིག་ལ་རྒྱུ་འགའ་ཞིག་ལྟར་ཁྱོད་ཆེད་དུ་མ་བཏང་པའམ་
ཡོངས་པའི་མཐོང་བའི་ལམ་ལས་འདས་པར་གྱུར་ན། ཀྱེ་མ་དེའི་ཚེ་རྒྱུ་དེ་སྐྱེད་པར་མི་བྱེད་པའི་ཆོས་ཅན་ཡིན་ཏེ། རྒྱུད་རྣམ་པར་འཆད་པ་ཅན་དུ་འགྱུར་བས་བསམ་པ་འདི་ནི་ཁོ་བོའི་སེམས་ལ་ཉམ་ངའོ། །འདི་ལ་ནུས་པ་ཆེན་པོ་ཡོད་པས་འདི་ལ་མཐུ་ཆེན་པོ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་
ངོ་བོ་ཉིད་མ་ཡིན་པ་དག་ཅེས་བྱ་བ་ནི་བསྐྱེད་པའི་ངོ་བོ་ཉིད་མ་ཡིན་པ་དག་ཅེས་བྱ་བའི་ཐ་ཚིག་གོ། །ཀྱང་ཞེས་བྱ་བའི་སྒྲ་ནི་སྲིད་པ་སྟེ། དེ་ལྟ་བུ་དག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ངོ་བོ་ཙམ་གྱིས་ཞེས་བྱ་བ་ནི་མཐོང་བ་ཙམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཀྱེ་མ་ཞེས་བྱ་བ་ནི་བརྩེ་བའོ། །བསྐྱེད་པ་ནི་རབ་ཏུ་བསྐྱེད་པའོ། །
ཆོས་དེ་འདི་ལ་ཡོད་པས་འདི་ནི་སྐྱེད་པའི་ཆོས་ཅན་ནོ། །སྐྱེད་པའི་ཆོས་ཅན་མ་ཡིན་པ་ནི་མི་སྐྱེད་པའི་ཆོས་ཅན་ནོ། །འདི་ལ་རྒྱུ་མེད་པ་ཡོད་པས་འདི་ནི་རྒྱུ་མེད་པ་ཅན་ནོ། །གདུང་བ་ནི་ཆགས་པ་དང་ཉམ་ང་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་པོ་ཁོ་བོ་ནི་དེའི་ངོ་བོ་མ་ཡིན་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ནི་འབྲས་བུ་སྐྱེད་པའི་
ངོ་བོ་ཉིད་མ་ཡིན་པ་དག་བདག་གིས་མཐོང་བས་འབྲས་བུ་བསྐྱེད་དོ་ཞེས་ནི་མི་སྨྲའོ། །འོན་ཀྱང་དེ་དག་ནི་ངོ་བོ་ཉིད་ཀྱི་འབྲས་བུ་སྐྱེད་པའི་ཆོས་ཅན་ཡིན་ལ། དེ་ལྟ་བུ་དེ་དག་བདག་གིས་མཐོང་ན། འདི་དག་ནི་སྐྱེད་པ་པོ་ཡིན་ནོ་ཞེས་བྱ་བར་ཤེས་པར་ཟད་དོ། །དེ་སྐྱེད་པ་ནི་དེ་བསྐྱེད་པའོ། །ཆོས་དེ་གང་དག་ལ་ཡོད་པ་
เล่ม ๑๘๙ · หน้า 134a
དེ་དག་ནི་སྐྱེད་པའི་ཆོས་ཅན་དག་སྟེ། དེ་ཞེས་བྱ་བའི་སྒྲ་ནི་འབྲས་བུ་དང་སྦྱར་རོ། །གྲུབ་པའི་མཐའ་སྨྲ་བས། དམ་པ་ལྟར་ཅོ་འདྲི་བའི་ཕྱིར། འདི་ཡང་ཡོད་བདེན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་བདེན་ན་ཁྱོད་ཀྱང་འདི་སྐད་དུ་གང་གིས་ན་རྟག་པར་འདོད་པའི་རྒྱུ་དེ་དག་
འབྲས་བུ་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པ་དེ་ནི་དེ་ལས་གཞན་པའི་རྐྱེན་མཐའ་དག་དང་ལྡན་པའི་རྒྱུ་དེ་རྣམས་འབྲས་བུ་མི་བསྐྱེད་པར་བཏང་སྙོམས་སུ་འཁོད་དོ་ཞེས་སྨྲ་བ། བཏང་སྙོམས་སུ་འཁོད་པ་ནི་གྱི་ན་འདུག་པ་བསྟེན་པའོ། །ཁྱོད་ཀྱིས་དེ་སྐད་བརྗོད་པས་ཕན་པ་མང་པོ་མཚར་བཏགས་མོད་ཀྱི།
འོན་ཀྱང་ཅི་དེ་དག་གི་མི་སྡོད་པར་སྐྱེད་པའི་ཞེས་བྱ་བ་ལ་སོགས་པ་འདི་ཙམ་ཞིག་ནི་དྲི་བར་བྱ་དགོས་ཏེ། རྟག་པར་འདོད་པའི་རྒྱུ་དེ་དག་གི་མི་སྡོད་པར་སྐྱེད་པའི་ཆོས་ཅན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཐ་མའི་གནས་སྐབས་དེ་ཁོ་ནའི་ཚེ་འབྱུང་ངམ། འོན་ཏེ་སྔོན་ཡང་ཡོད། འདི་ལ་མི་སྡོད་པར་སྐྱེད་པའི་
ཆོས་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། བཤོལ་བ་མེད་པར་བསྐྱེད་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་པོས་ཁས་བླངས་པའི་ཕྱིར། ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་འདྲ་བའི་ངོ་བོ་ཉིད་དེ་ནི་སྔོན་ཡང་ཡོད་དོ། །འདིར་གཏན་ཚིགས་སུ་མ་ཉམས་མ་བྱུང་བ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གང་གི་ཕྱིར་དངོས་པོ་གང་དག་ལ་ཉམས་པ་ཡང་ཅུང་ཟད་ཀྱང་མེད། འབྱུང་བ་ཡང་མེད་པ་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་དེ་དག་ལ་ནི་ནམས་ཀྱང་ངོ་བོ་ཉིད་འགའ་ཡང་མེད་དོ་ཞེས་བྱ་བ་འདི་འགལ་བ་དེའི་ཕྱིར་སྔོན་ཡང་ཡོད་པ་ཞེས་བྱའོ། །ཉམས་པ་དང་བྱུང་བ་ནི་ཉམས་
པ་དང་འབྱུང་བའོ། །དེ་དགག་པ་ནི་མ་ཉམས་པ་མ་བྱུང་བ་ཞེས་བྱའོ། །གང་དག་ལ་མ་ཉམས་མ་བྱུང་བ་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཡོད་པ་དེ་དག་ནི་མ་ཉམས་མ་བྱུང་བ་བརྟན་པ་གཅིག་པུའི་ངོ་བོ་ཉིད་ཅན་རྣམས་སོ། །མི་རྟག་པ་རྣམས་ལ་ཡང་སྐད་ཅིག་མ་གཅིག་ལ་ཉམས་པ་དང་
བྱུང་བ་ཉིད་མེད་པས། བརྟན་པ་ཞེས་བྱ་བ་སྨོས་ཏེ། རྒྱུན་གྱིས་ཀྱང་བརྟན་པ་ཉིད་དུ་རྟོགས་པས་དེའི་ཕྱིར་གཅིག་པུ་ཞེས་བྱ་བ་སྨོས་སོ། །གྲུབ་པའི་མཐའ་སྨྲ་བས་དེ་ནི་ཅི་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྡོད་པར་སྐྱེད་པའི་ངོ་བོ་ཉིད་སྔོན་ཡང་ཡོད་ལ་སྐྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་
เล่ม ๑๘๙ · หน้า 134b
ཁྱོད་ཀྱི་ཚིག་འདི་ནི་མ་ཡང་ཡིན་ལ། མོ་གཤམ་ཡང་ཡིན་ནོ་ཞེས་བྱ་བ་འདི་དང་འདྲའོ། །དེ་ལ་འདི་སྙམ་དུ་འདི་ནི་དེ་དང་འདྲ་བ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། མི་སྡོད་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དེ་དང་འདྲ་བ་མ་ཡིན་
ན་དེའི་ཚེ་མི་སྡོད་པར་སྐྱེད་པར་ཞེས་བྱ་བ་འདིའི་དོན་ཅི་ཡིན་པ་དང་མི་སྐྱེད་དོ་ཞེས་བྱ་བ་འདིའི་དོན་ཡང་ཅི་ཡིན་པར་བརྗོད་དགོས་སོ། །ཕ་རོལ་པོའི་གཞུང་གི་དོགས་པ་བསུ་བར། གལ་ཏེ་དེའི་ངོ་བོ་ཉིད་ནི་ལྷན་ཅིག་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སྡོད་པར་འབྲས་བུ་སྐྱེད་པ་ནི་ལྷན་
ཅིག་བྱེད་པའི་རྐྱེན་དང་ལྷན་ཅིག་པ་ཡིན་པར་འདོད་ཀྱི། དེ་དང་བྲལ་བ་ནི་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས། འོ་ན་ན་ནི་འབའ་ཞིག་ཀྱང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་ངོ་བོ་ཉིད་ལྷན་ཅིག་པ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ། །འོ་ན་ནི། ཀྱེ་མ་འབའ་ཞིག་
ཀྱང་གཞན་ལ་ལྷན་ཅིག་པ་ཡང་གཞན་ནོ་ཞེས་བྱ་བར་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐ་དད་པའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ནི་ཐམས་ཅད་དུ་ངོ་བོ་ཉིད་སྣ་ཚོགས་པའི་མཚན་ཉིད་ཡིན་ནོ། །ཡང་ཚུལ་གཞན་གྱིས་དུས་ཐམས་ཅད་དུ་འབྲས་བུ་སྐྱེད་པར་
ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ལྷན་ཅིག་པ་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ལྷན་ཅིག་བྱེད་པ་དང་ལྷན་ཅིག་པ་ཡིན་ན་ཡང་རང་གི་ངོ་བོ་ཁོ་ནས་བྱེད་ཀྱི། གཞན་གྱི་ངོ་བོས་ནི་མ་ཡིན་ལ། དངོས་པོའི་ངོ་བོ་ནི་སྔོན་ཡང་དེ་ཁོ་ནར་ཟད་དོ། །དེའི་ཕྱིར་ཇི་ལྟར་
རེས་འགའ་སྐྱེད་པ་དང་འབྲལ་བར་འགྱུར་རོ། །ངོ་བོ་ཉིད་དེ་ལྟ་བུ་དང་ལྡན་པ་ནི་དུས་ཐམས་ཅད་དུ་འབྲས་བུ་སྐྱེད་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཕ་རོལ་པོས་མཚུངས་པ་ཉིད་དུ་བསྒྲུབ་པའི་ཕྱིར། གང་གི་དངོས་པོ་སྐད་ཅིག་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དངོས་པོ་སྐད་ཅིག་མ་ཡིན་པར་སྨྲ་བའི་ལྟར་ན་ཡང་། ཇི་སྟེ་འབའ་ཞིག་གིས་མི་སྐྱེད། གྲུབ་པའི་མཐའ་སྨྲ་བས། གལ་ཏེ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབའ་ཞིག་ཡིན་པར་གྱུར་ན་འབའ་ཞིག་གིས་ཀྱང་འབྲས་བུ་སྐྱེད་པར་འགྱུར་རོ། །ཕ་རོལ་པོས་ཅི་སྟེ་མ་ཡིན།
เล่ม ๑๘๙ · หน้า 135a
ཅིའི་ཕྱིར་འབའ་ཞིག་མ་ཡིན་པ་བརྗོད་དགོས་སོ། །གྲུབ་པའི་མཐའ་སྨྲ་བས། སྐད་ཅིག་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདིའི་ལྷན་ཅིག་བྱེད་པ་དང་ལྷན་ཅིག་པའི་རང་གི་ངོ་བོ་སྐད་ཅིག་མ་གང་ཡིན་པ་དེ་ཉིད་འཁོར་བ་ཐོག་མ་མེད་པ་ནས། འདིའི་
རང་གི་ངོ་བོའི་སྐད་ཅིག་མ་དང་པོ་ཡིན་ནོ། །དེའི་ཕྱིར། རང་གི་ངོ་བོ་སྐད་ཅིག་མར་ངེས་པ་ཡིན། ཇི་ལྟར་འབའ་ཞིག་ཏུ་འགྱུར། དེ་ལ་འདི་སྙམ་དུ་དངོས་པོ་སྐད་ཅིག་མ་གཅིག་ལ་འབྱུང་བ་ཅན་འབྲས་བུ་སྐྱེད་དོ་ཞེས་བྱ་བ་འདི་ཡང་བསྒྲུབ་དགོས་སོ་སྙམ་དུ་སེམས་ན། དེའི་ཕྱིར། ཇི་
ལྟ་བུ་ཞིག་སྐྱེད་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་གཅིག་ཏུ་གནས་པ་ཇི་ལྟར་འབྲས་བུ་སྐྱེད་པ་དེ་ལྟར་གོང་དུ་དེ་དག་ཀྱང་སྔོན་ཡང་མེད་ཕྱིས་ཀྱང་མེད། ཐ་དད་པའི་ངོ་བོ་ཡང་མ་ཡིན་པས་ཞེས་བྱ་བའི་བར་སྐབས་དེར་བཤད་ཟིན་པ་ཉིད་དོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ་
དངོས་པོ་ནུས་པ་དང་ལྡན་པ་ཆོད་པ་མེད་པར་འབྲས་བུ་སྐྱེད་པ་སྐད་ཅིག་མ་གཅིག་ལ་འབྱུང་བའི་ཆོས་ཅན་དེ་ཇི་ལྟར་སྔོན་ནམ་ཕྱིས་སམ་ཐ་དད་པར་འགྱུར། འདི་ལ་སྐད་ཅིག་མ་གཅིག་ཁོ་ན་ལས་བྱུང་བའི་ངང་ཚུལ་ཡོད་པས་སྐད་ཅིག་མ་གཅིག་ལ་འབྱུང་བ་ཅན་ནོ། །གླེགས་བམ་
ལ་ལ་ལས་ནི་སྐད་ཅིག་མ་དེ་ལ་འབྱུང་བ་ཅན་ཞེས་འབྱུང་སྟེ། དེ་ནི་འདི་སྐད་དེ་འདི་ལ་མངོན་པར་འདོད་པའི་སྐད་ཅིག་མ་དེ་ཁོ་ན་ལ་འབྱུང་བའི་ངང་ཚུལ་ཡོད་པས་སྐད་ཅིག་མ་དེ་ལ་འབྱུང་བ་ཅན་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །སྔོན་དང་ཕྱིས་དང་སོ་སོ་ནི་འདིར་གཞན་དུ་འགྱུར་
བའི་སྒྲར་བཤད་དོ། །དེ་ལ་འདི་སྙམ་དུ་ས་བོན་ལ་སོགས་པ་ཚོགས་པར་མ་གྱུར་པ་རྣམས་སྔོན་ཡོད་པ་དང་ཚོགས་པ་ལས་བཀར་ཏེ་སོ་སོ་དང་ཕྱིས་ཡོད་པ་ཞེས་བྱ་བ་གཞན་དུ་འགྱུར་བ་མཐོང་བ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར། གང་ཞིག་འགྱུར་བ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཚོགས་པར་མ་གྱུར་པ་གང་ཡིན་པ་དང་ཚོགས་པ་ལས་བཀར་ཏེ། སོར་སོར་བྱེད་པ་གང་ཡིན་པ་དེ་ནི་མི་ཐོགས་པར་སྐྱེད་པའི་ཆོས་ཅན་དེ་ཉིད་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་སྐད་ཅིག་མ་ཅི་སྟེ་འབའ་ཞིག་མི་སྐྱེད་ཅི་སྟེ་འབའ་ཞིག་མ་ཡིན་ཞེས་ཐལ་བར་འགྱུར་བ་སྨྲས་པ་གང་ཡིན་པ་
เล่ม ๑๘๙ · หน้า 135b
དེ་བསལ་བར་རིག་པར་བྱའོ། །འདིར་གཏན་ཚིགས་སུ། བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོའི་ངོ་བོ་ཉིད་ཀྱང་གཞན་ཁོ་ན་ཡིན་གྱི། བྱེད་པ་པོ་མ་ཡིན་པའི་ངོ་བོ་ཉིད་ཀྱང་གཞན་ཡིན་ལ། རྒྱུ་ཡང་བྱེད་པ་པོའི་ཡང་གཞན་ཁོ་ན་ཡིན་ལ།
བྱེད་པ་པོ་མ་ཡིན་པའི་ཡང་གཞན་ཁོ་ན་ཡིན་ནོ། །དེ་ལ་བྱེད་པ་པོ་ནི་སྐད་ཅིག་མ་ཐ་མ་པ་གང་ཡིན་པའོ། །བྱེད་པ་པོ་མ་ཡིན་པ་ནི་ཉེ་བའི་ཐ་མ་པའི་སྐད་ཅིག་མ་ལ་སོགས་པ་གང་ཡིན་པའོ། །དེ་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཉི་ག་ལ་བརྟེན་ཡང་ཐ་དད་པ་བརྗོད་པར་འདོད་པ་མེད་
པར་གཅིག་པ་ཉིད་དུ་བཤད་ལ། དེ་བཞིན་དུ་དེ་གཉིས་ཀྱི་རྒྱུ་གང་ཡིན་པ་དེ་ཡང་སྔ་མ་བཞིན་གཅིག་པ་ཉིད་དུ་བཤད་དོ། །ངོ་བོ་ཉིད་དང་དེའི་རྒྱུ་ནི་ངོ་བོ་ཉིད་དང་དེའི་རྒྱུ་དག་སྟེ། བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་དག་གི་ངོ་བོ་ཉིད་དག་ཀྱང་འགལ་བའི་ཕྱིར་ལ། བྱེད་པ་པོ་དང་བྱེད་པ་པོ་མ་
ཡིན་པ་དག་གི་རྒྱུ་དག་ཀྱང་འགལ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་བྱེད་པ་པོའི་ངོ་བོ་ཉིད་ཐ་མ་གང་ཡིན་པ་དེ་ནི་དེའི་ངོ་བོ་ཉིད་ཁོ་ནས་མཇུག་ཐོགས་སུ་འབྲས་བུ་སྐྱེད་པར་བྱེད་ལ། བྱེད་པ་པོ་མ་ཡིན་པའི་ངོ་བོ་ཉིད་ཉེ་བའི་ཐ་མ་ལ་སོགས་པ་གང་ཡིན་པ་དེ་ཡང་དེ་ཉིད་ཀྱི་ཕྱིར་
སྐད་ཅིག་མ་ཐ་མ་བཞིན་དུ་མི་སྡོད་པར་བྱ་བ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟ་བུ་དེ་ཉིད་ཆོས་ཅན་གཅིག་ལ་འགལ་བས། ཅི་སྟེ་འབའ་ཞིག་གིས་མི་སྐྱེད་ཅེས་བྱ་བའི་ཐལ་བ་འདི་བསལ་བ་ཡིན་ནོ། །དེ་བཞིན་དུ་དེའི་རྒྱུ་དག་ཀྱང་བྱེད་པ་པོ་སྐྱེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བྱེད་པ་
པོ་སྐྱེད་པར་བྱེད་ལ། བྱེད་པ་པོ་མ་ཡིན་པ་སྐྱེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་ཅིག་ཤོས་སྐྱེད་པའི་ཕྱིར། དེའི་ཕྱིར་དེ་ལྟ་བུ་དག་ཆོས་ཅན་གཅིག་ལ་འགལ་བས་ཅི་སྟེ་འབའ་ཞིག་མ་ཡིན་ཞེས་བྱ་བའི་ཐལ་བ་འདི་ཡང་བསལ་ཏོ་ཞེས་བཤད་པ་ཡིན་ནོ། །གཞན་གྱི་འདོད་པའི་
དོགས་པ་བསུ་བར། གང་ཞིག་དེའི་ངོ་བོ་ཉིད་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་ལ་ཞིག་འདི་སྙམ་དུ་དངོས་པོ་རྟག་པར་འདོད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་མི་སྡོད་པར་སྐྱེད་པའི་ཆོས་ཅན་ཁོ་ན་ཡིན་པས། དེ་ནི་ནམ་ཡང་ལྷན་ཅིག་པ་ཉིད་ལ་མི་ལྟོས་སོ། །འབྲས་
เล่ม ๑๘๙ · หน้า 136a
བུ་གང་ཡིན་པ་དེ་ནི་རྐྱེན་གཞན་དག་ལ་ལྟོས་པས་དེ་ལས་གཞན་པ་དང་ལྷན་ཅིག་པ་དག་ཁོ་ན་ལས་སྐྱེའི། རྟག་པ་འབའ་ཞིག་ཁོ་ན་ལས་ནི་མ་ཡིན་ནོ་སྙམ་དུ་སེམས་ན་སྟེ། འདི་ལ་མི་སྡོད་པར་བཤོལ་བ་མེད་པར་སྐྱེད་པའི་ཆོས་ཡོད་པས་འདི་ནི་མི་སྡོད་པར་
སྐྱེད་པའི་ཆོས་ཅན་ནོ། །ལྷན་ཅིག་པའི་ངོ་བོ་ནི་ལྷན་ཅིག་པ་ཉིད་དོ། །གྲུབ་པའི་མཐའ་སྨྲ་བས། དེ་ལྟར་ན་ཡང་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་སྨྲ་བ་དེའི་ལྟར་ན་ཡང་ཇི་ལྟར་རྟག་པར་འདོད་པའི་དངོས་པོ་དེ་འབའ་ཞིག་གིས་ཀྱང་འབྲས་བུ་གདོན་མི་ཟ་བར་སྐྱེ་
ལ། འབྲས་བུ་ཡང་མངོན་པར་འདོད་པའི་རྒྱུ་དེ་ལས་མི་སྐྱེ། གང་ཞིག་མི་སྡོད་པར་སྐྱེད་པའི་ཆོས་ཅན་ཡིན་པ་དེས་ནི་གདོན་མི་ཟ་བར་འབྲས་བུ་བསྐྱེད་དགོས་སོ། །གལ་ཏེ་གདོན་མི་ཟ་བར་འབྲས་བུ་སྐྱེད་པ་མ་ཡིན་ན་ནི། ཇི་ལྟར་མི་སྡོད་པར་སྐྱེད་པའི་ངོ་བོ་ཉིད་ཅེས་བྱ་སྟེ།
གནས་སྐབས་དེ་ནི་འགལ་ལོ། །གཞན་གྱི་འདོད་པའི་དོགས་པ་བསུ་བར། གལ་ཏེ་འབའ་ཞིག་གིས་སྐྱེད་པ་ཁོ་ན་ནི་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གདོན་མི་ཟ་བར་འབའ་ཞིག་གིས་སྐྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ཁོ་བོ་ཁས་མི་ལེན་ཏོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས།
དེ་ནི་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབའ་ཞིག་གིས་གདོན་མི་ཟ་བར་མི་སྐྱེད་ན་ཇི་ལྟར་ན་བཤོལ་བ་མེད་པར་སྐྱེད་པའི་ངོ་བོ་ཉིད་ཡིན། མི་སྡོད་པར་སྐྱེད་པའི་ངོ་བོ་ཉིད་དོ་ཞེས་སྨྲས་པ་གདོན་མི་ཟ་བར་སྐྱེད་དོ་ཞེས་དེ་སྐད་དུ་ཡོངས་སུ་བསྟན་པ་མ་ཡིན་པ།
འདི་ལྟར་གདོན་མི་ཟ་བར་སྐྱེད་པ། སྐྱེད་པ་ཁོ་ན་བཤོལ་བ་མེད་པར་སྐྱེད་པ། མི་སྡོད་པར་སྐྱེད་པའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་དག་ཡིན་ནོ། །དེ་ལ་འདི་སྙམ་དུ་དེ་འབའ་ཞིག་གིས་ཀྱང་ནུས་ན་ཡིད་མི་རྟོན་པར་གཞན་ལ་ལྟོས་པ་གང་ཡིན་པ་འདི་ནི་འབྲས་
བུ་ཁོ་ནའི་ཉེས་པ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། འདི་འབའ་ཞིག་གིས་ཀྱང་ནུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མངོན་པར་འདོད་པའི་དངོས་པོ་འབའ་ཞིག་གིས་ཀྱང་ནུས་པའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་འབྲས་བུ་གཞན་ལ་ལྟོས་ནས་ཡང་ཅི་སྟེ་བཏང་སྙོམས་སུ་འཇོག །ཅི་སྟེ་
เล่ม ๑๘๙ · หน้า 136b
བཏང་སྙོམས་སུ་མི་འཇོག་པ་ཡིན་ཡང་ཅི་ཞིག་བྱར་ཡོད་ཅེ་ན། དེའི་ཕྱིར། གཞན་ལ་མི་འཆོལ་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་འོ་དོད་འབོད་ཀྱང་མི་འཆོལ་བར་འབྲས་བུ་ནན་གྱིས་སྐྱེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེ་ལྟ་ན་འདིས་བདག་ཉིད་
ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲས་བུ་གཞན་ལ་ལྟོས་ན་ཡང་ནན་གྱིས་འབའ་ཞིག་གིས་སྐྱེད་ན་དེ་ལྟ་ན་དེས་རང་གི་ནུས་པ་བསལ་བར་བྱས་པ་ཡིན་གྱི། དེ་ལྟ་མ་ཡིན་ཏེ། མཐུ་མེད་པ་ལྟ་བུའམ། བརྙས་པ་ལྟ་བུ་ཞིག་ཏུ་གྱུར་ན་ཇི་ལྟར་ནུས་པར་འགྱུར། དེ་ལྟར་ན་
མི་སྡོད་སྐྱེད་པར་བྱེད་པ་ནི་གདོན་མི་ཟ་བར་འབྲས་བུ་སྐྱེད་པར་བསྟན་པ་ཡིན་ནོ། །དེ་ནི་ཕན་ཚུན་འགལ་བར་བསྟན་པའི་ཕྱིར། འབྲས་བུ་གཞན་ལ་ལྟོས་སོ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་རྐྱེན་གཞན་ལ་ལྟོས་སོ་ཞེས་སྨྲས་པས་ནི་རྟག་པར་འདོད་པ་དེ་འབའ་
ཞིག་ལས་མི་སྐྱེ་བར་སྨྲས་པ་ཡིན་ལ། རྟག་པར་འདོད་པའི་དངོས་པོ་དེ་འབའ་ཞིག་གིས་ཀྱང་ནུས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་སྨྲས་པས་ནི་དེ་ལས་སྐྱེ་བར་སྨྲས་པ་ཡིན་ན། སྐྱེ་བ་དང་མི་སྐྱེ་བ་འདི་དག་དངོས་པོ་གཅིག་ལ་ཇི་ལྟར་སྲིད་པར་འགྱུར། ཕ་རོལ་པོ་ལས་མཇུག་བསྡུ་བ་
སྔོན་དུ་འགྲོ་བའི་ཅོ་འདྲི་བར་བྱ་བའི་ཕྱིར། དེ་ལྟ་བས་ན་ཕྲག་དོག་གི་ཟུག་རྔུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་གཅིག་ལ་སྐྱེ་བ་དང་མི་སྐྱེ་བ་དག་འགལ་བ་མ་ཡིན་ཡང་སྨྲ་བ་དེའི་ཕྱིར། ཕྲག་དོག་གི་ཟུག་རྔུས་གནད་དུ་དྲག་རབ་ཏུ་བརྒྱབ་པ་ཅན་འདི་འཆལ་ཞིང་
འཁང་པར་ཟད་པས་བཏང་སྙོམས་སུ་དོར་བར་རིགས་སོ། །ཁ་ནང་དུ་བལྟས་པའི་སྡུག་བསྔལ་གྱི་རྒྱུ་མཚན་ཡིན་པའི་ཕྱིར། ཕྲག་དོག་ཉིད་ཟུག་རྔུ་སྟེ། འདི་ལ་གནང་དུ་བརྒྱབ་པ་ཡོད་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འཆལ་ཞེས་བྱ་བ་ནི་ཅལ་ཅོལ་དང་འཁྲུགས་པ་དང་
ལྟག་འོག་མ་འབྲེལ་པ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱུས་མའི་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གཅིག་སྐྱེས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་གཅིག་སྐྱེད་པའི་མཚན་ཉིད་དུ་བཤད་པ་གང་ཡིན་པ་དེ་ནི་དངོས་
เล่ม ๑๘๙ · หน้า 137a
པོ་སྐད་ཅིག་པ་རྣམས་ཁོ་ནའི་ཡིན་པར་རིག་པར་བྱའི། གང་དག་སོ་སོ་ན་ཡོད་པ་ཅན་སྐད་ཅིག་པ་མ་ཡིན་པ་རྣམས་ཀྱི་ནི་མ་ཡིན་ནོ། གང་དག་ལ་སོ་སོ་ན་ཡོད་པ་སྲིད་པ་དེ་དག་ནི་སོ་སོ་ན་ཡོད་པ་སྲིད་པ་ཅན་རྣམས་སོ། །ཡང་ཅིའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་འདི་སྐད་
ཅིག་པ་མ་ཡིན་པ་རྣམས་ཀྱི་ཡང་ཡིན་པར་མི་འདོད་ཅེ་ན། དེའི་ཕྱིར། སོ་སོར་སྐྱེད་སྲིད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་སོ་སོར་ཡང་སྐྱེད་པ་སྲིད་པ་དེ་དག་ནི་ལྷན་ཅིག་བྱེད་པ་ཉིད་དུ་ངེས་པར་ག་ལ་རུང་སྟེ། ལྷན་ཅིག་ཁོ་ནར་བྱེད་པ་ནི་ལྷན་ཅིག་བྱེད་པ་ཉིད་དུ་ཁོ་
ན་ཡིན་ནོ། །དེ་ལྟར་ན་རེ་ཞིག་ལྷན་ཅིག་བྱེད་པ་ཉིད་ནི་དོན་གཅིག་པའི་མཚན་ཉིད་དུ་བསྟན་པ་ཡིན་ནོ། །ཕན་ཚུན་ལས་ཁྱད་པར་འབྱུང་བའི་མཚན་ཉིད་བསྟན་པའི་ཕྱིར། གང་དུ་རྒྱུན་གྱིས་ཕན་འདོགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་རྒྱུན་གྱི་སྒོ་ནས་ཕན་
འདོགས་པ་ལ་ལྟོས་པའི་དངོས་པོ་རྣམས་རྒྱུ་ཡིན་པ་དེར་ནི་རྒྱུན་ལ་བརྟེན་ནས་ཁྱད་པར་འབྱུང་བའི་མཚན་ཉིད་རྐྱེན་རྣམས་ཀྱི་ལྷན་ཅིག་བྱེད་པ་རྣམ་པར་གཞག་གི་རྫས་ནི་མ་ཡིན་ནོ། །འདིར་དཔེར་བཤད་པ་ནི། དཔེར་ན་འབྲས་ཐུག་པོ་ཆེ་དག་ལས་འབྲས་ཆན་འབྱུང་བ་ལ་མེ་དང་
ཆུ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ལས་རྒྱུན་ལ་བརྟེན་ནས་འབྲས་ཐུག་པོ་ཆེ་རྣམས་ཀྱི་ཁྱད་པར་འབྱུང་གི །རྫས་ལ་བརྟེན་ནས་ནི་མ་ཡིན་པ་ལྟ་བུ་དང་། དཔེར་ན་ས་བོན་ལས་མྱུ་གུ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྲས་ཐུག་པོ་ཆེ་དང་ས་བོན་ལ་སོགས་པ་
ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འབྲས་ཆན་དང་མྱུ་གུ་ལ་སོགས་པ་ལ་དེ་སྐད་ཅེས་བཤད་དེ། དེ་དག་སྐྱེ་བ་ལ་དེ་སྐད་ཅེས་བཤད་དོ། །འདིར་གཏན་ཚིགས་སུ། རྫས་སྐད་ཅིག་མ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་གྲུབ་པ་སྐད་ཅིག་མ་གཅིག་ཏུ་གནས་པ་ལ་
ནི་ཁྱད་པར་དུ་བྱ་བར་མི་ནུས་ཏེ། ཁྱད་པར་བྱ་བའི་དུས་སུ་མི་སྡོད་པའི་ཕྱིར་རོ། །འདིར་རྒྱུན་གྱི་སྒོ་ནས་ཕན་འདོགས་སོ་ཞེས་བྱ་བ་འདི་ག་ལས་ཤེ་ན། དེའི་ཕྱིར། འབྲས་ཐུག་པོ་ཆེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲས་ཐུག་པོ་ཆེ་རྣམས་དང་མེ་དང་
เล่ม ๑๘๙ · หน้า 137b
ཆུ་དང་ཟངས་བུ་ལ་སོགས་པ་རིམ་གྱིས་ངོ་བོ་ཉིད་ཁྱད་པར་དུ་གྱུར་པ་ཞིག་མི་སྐྱེད་པར་གྱུར་པ་དེའི་ཚེ། ཚེ་རབས་བརྒྱས་ཀྱང་འབྲས་ཆན་དུ་མི་འགྲུབ་ལ། གལ་ཏེ་ཡང་ས་དང་ཆུ་དང་རླུང་ལ་སོགས་པས་རིམ་གྱིས་ས་བོན་ཁྱད་པར་དུ་མི་བྱེད་ན། དེའི་ཚེ་ས་བོན་ལོ་བརྒྱར་བཏབ་ཀྱང་མྱུ་
གུར་མི་འགྱུར་རོ། །དེ་བཞིན་དུ་གལ་ཏེ་གང་ཞིག་སྣང་བ་ནས་མུན་ཁུང་དུ་ཞུགས་པ་དེའི་དབང་པོ་ལ་རང་གི་ཕན་འདོགས་པ་དག་གིས་ཕན་མི་འདོགས་ན་དེའི་མིག་གཉིས་ཀྱིས་བསྒྲིམས་ཏེ་བོར་ཡང་ནམ་ཡང་དོན་རྟོགས་པར་མི་འགྱུར་རོ། །ཕྱི་དང་ནང་གི་བྱེ་བྲག་གིས་དཔེ་གཉིས་
ཡིན་ནོ། །དེ་ལ་འདི་སྙམ་སུ་ཇི་ལྟར་སྐད་ཅིག་མ་གཞན་དག་ལ་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ལས་ཁྱད་པར་འབྱུང་བ་དེ་བཞིན་དུ་མི་སྡོད་པར་སྐྱེད་པ་རྣམས་ལ་ཡང་ཅི་སྟེ་མི་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར། ཐོགས་པ་མེད་པར་བསྐྱེད་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། དབང་པོ་ལ་སོགས་པ་བཤོལ་བ་མེད་པར་བསྐྱེད་པ་གང་དག་ཡིན་པ་དེ་དག་ནི་ཕན་ཚུན་ལས་ཁྱད་པར་མི་སྐྱེ་སྟེ། གོང་དུ་སྐད་ཅིག་མ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་དེའི་ཚེ་ཁྱད་པར་འབྱུང་བར་ཁས་མི་ལེན་ན། འོ་ན་ཇི་ལྟར་དེ་དག་ཤེས་པའི་རྒྱུ་ཡིན་ཞེ་ན།
དེའི་ཕྱིར། དེར་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྐྱེན་བདག་ཉིད་ཇི་ལྟ་བའི་རྐྱེན་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་དུ་གྱུར་པ་གང་གི་བདག་ཉིད་ཀྱི་རྐྱེན་གང་དག་ཡིན་པ་རྣམས་ཀྱིས་ཏེ་གང་གི་ཕྱིར་དེ་ལྟ་བུ་དག་གིས་དབང་པོ་ལ་
སོགས་པ་རུང་བའི་ཡུལ་ལ་སོགས་པར་གནས་པ་ཅན་སྐྱེས་པ་དེ་དག་རང་གི་ངོ་བོ་གྲུབ་པ་ཙམ་གྱིས་ཤེས་པའི་རྒྱུའི་དངོས་པོར་འགྱུར་བ་དེའི་ཕྱིར་དེར་ལྷན་ཅིག་བྱེད་པ་ཉིད་ནི་དོན་གཅིག་བྱེད་པ་ཁོ་ན་ཡིན་གྱི། ཁྱད་པར་འབྱུང་བ་ནི་མ་ཡིན་ནོ། །ཕན་ཚུན་ཉེ་བར་འགྲོ་བ་ནི་གཅིག་ལ་གཅིག་ཕྲད་
པ་སྟེ། རུང་བའི་ཡུལ་ལ་སོགས་པར་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །སྩོགས་པ་སྨོས་པས་ནི་མ་ཆོད་པ་ལ་སོགས་པ་ཡོངས་སུ་བསྡུའོ། །ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་དེ་ལ་དེ་སྐད་ཅེས་བྱ་སྟེ། རྟེན་ནི་འདིར་རྒྱུའོ། །དེ་རྣམས་ཀྱི་སྐྱེས་པ་ཞེས་བྱ་བ་ནི་རྒྱུའི་གསུམ་
เล่ม ๑๘๙ · หน้า 138a
པ་སྟེ། དེ་དག་རྒྱུར་བྱས་ནས་སྐྱེས་པ་གང་དག་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་ལ་རུང་བའི་ཡུལ་ལ་སོགས་པར་གནས་པ་དེ་དག་ནི། རུང་བའི་ཡུལ་ལ་སོགས་པར་གནས་པ་ཅན་ནོ། །སྩོགས་པ་སྨོས་པས་ནི་ཡུལ་ཆོད་པ་མེད་པ་ལ་སོགས་པ་ཡོངས་སུ་
བསྡུའོ། །གནས་པ་ཞེས་བྱ་བའི་སྒྲ་ནི། འདིར་འཇུག་པ་ཡིན་པར་བཤད་དོ། །ལྷན་ཅིག་ངོ་བོ་ཉིད་གྲུབ་པ་ནི་རང་གི་ངོ་བོ་ཙམ་མོ། །ཡང་ཁྱད་པར་འབྱུང་བའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཇི་ལྟར་རྣམ་པར་གཞག་ཅེ་ན། གང་དུ་ཁྱད་པར་སྐྱེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གང་དུ་ལ་ལར་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ནས་ཁྱད་པར་བྱེད་པ་རྐྱེན་ཉིད་དུ་འགྱུར་བ་དེར་ནི་རྒྱུན་ལ་བདག་ཉིད་ཁྱད་པར་དུ་གྱུར་པ་ཐོབ་པར་བྱ་བའི་ཕྱིར། ལྷན་ཅིག་བྱེད་པའི་རྐྱེན་གཞན་དག་ལ་ལྟོས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ལས་མངོན་པར་འདོད་པའི་འབྲས་བུ་
བསྐྱེད་པར་བྱ་བའི་ཕྱིར། སྐད་ཅིག་མ་བརྒྱུད་པས་ངོ་བོ་ཉིད་གཞན་མཐུན་པ་དང་ཆོས་མཐུན་པ་དང་། ཆེས་ཆེར་མཐུན་པ་འཐོབ་བོ་ཞེས་བྱ་སྟེ། དཔེར་ན་སྐད་ཅིག་མ་ཐ་མ་ལྟ་བུའོ། །དེ་ལྟར་ན་ཐམས་ཅད་དུ་སྐད་ཅིག་མ་གཅིག་གི་དབང་དུ་བྱས་ནས་དོན་གཅིག་བྱེད་པའི་མཚན་ཉིད་ནི།
ལྷན་ཅིག་པ་ཉིད་ཡིན་པར་རིག་པར་བྱའོ། །ཡང་ཇི་ལྟར་ན་ངོ་བོ་ཉིད་གཞན་ཐོབ་པ་དག་མངོན་པར་འདོད་པའི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཞེ་ན། དེའི་ཕྱིར། དེ་ལ་རྒྱུ་དང་རྐྱེན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྒྱུའི་རྒྱུན་དེ་ལ་ཉེ་བར་ལེན་པ་ཞེས་བྱ་བའི་རྒྱུ་གང་དག་
ཡིན་པ་དང་། ལྷན་ཅིག་བྱེད་པའི་རྐྱེན་གང་དག་ཡིན་པ་དེ་དག་གི་ཉེ་བར་འགྲོ་བའི་སྐད་ཅིག་མ་དང་པོ་གང་ཡིན་པ་དེ་འཇིག་པའི་རྒྱུ་མེད་པ་རང་གི་ངང་གིས་ལོག་པ་ཡིན་ན། རྒྱུ་དང་རྐྱེན་དེ་དག་ཁོ་ན་ལས་སྐད་ཅིག་མ་གཉིས་པ་མངོན་པར་འདོད་པའི་འབྲས་བུ་སྐྱེ་བ་ཉེ་བ་འབྱུང་ངོ་། །
གཉིས་པ་ལས་གསུམ་པ་ཆེས་ཉེ་བ་འབྱུང་ངོ་། །གསུམ་པ་ལས་བཞི་པ་ཆེས་ཆེར་ཉེ་བ་འབྱུང་བས་དེ་ལྟར་ན་རིམ་གྱིས་གང་གི་མཇུག་ཐོགས་སུ་འབྲས་བུ་འབྱུང་བར་འགྱུར་བས་ཁྱད་པར་དུ་གྱུར་པ་དང་ལྡན་པ་རྒྱུའི་ཚོགས་ཐ་མའི་བར་དུ་འབྱུང་སྟེ། འདི་ནི་འབྲས་བུ་འབྱུང་བའི་རིམ་
เล่ม ๑๘๙ · หน้า 138b
པ་ཡིན་ནོ། །དེ་ལྟར་ན་ལྷན་ཅིག་བྱེད་པ་དག་ལས་སྐད་ཅིག་མ་བརྒྱུད་པས་ངོ་བོ་ཉིད་གཞན་འབྱུང་བའི་མཚན་ཉིད་ཁྱད་པར་དུ་གྱུར་པ་ཐོབ་ནས་རྒྱུའི་སྐད་ཅིག་མ་ཐ་མ་ལས་འབྲས་བུ་སྐྱེའོ་ཞེས་བྱ་བར་གནས་སོ། །འདིར་ཕ་རོལ་པོས་ཀླན་ཀ་བཙལ་བའི་ཕྱིར། ལྷན་ཅིག་བྱེད་པ་
ལས་ཁྱད་པར་ཡང་དག་པར་བྱུང་བའི་རྒྱུ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ལྷན་ཅིག་བྱེད་པ་དག་ལས་ཁྱད་པར་ཐོབ་པའི་རྒྱུ་གང་ཡིན་པ་དེ་ལྟ་བུ་ཁོ་ན་ལས་འབྲས་བུ་སྐྱེ་བར་འདོད་ན་དེའི་ཚེ་ཁྱད་པར་དེ་ཉིད་སྐྱེ་བར་མི་འགྱུར་ཏེ། འདི་ལྟར་ཁྱད་པར་ཡང་ངོ་བོ་ཉིད་
གཞན་སྐྱེ་བའི་མཚན་ཉིད་ཀྱི་འབྲས་བུ་ཁོ་ན་ཡིན་ལ། དེ་བསྐྱེད་པར་བྱ་བ་ལ་ཡང་ལྷན་ཅིག་བྱེད་པ་རྣམས་ཁྱད་པར་དུ་གྱུར་པ་མེད་དོ་སྙམ་དུ་བསམས་པའོ། །དེ་ལ་འདི་སྙམ་དུ་ལྷན་ཅིག་བྱེད་པ་ཁྱད་པར་དུ་གྱུར་པ་མེད་པ་དག་ཁོ་ན་ལས་ཁྱད་པར་སྐྱེའོ་སྙམ་དུ་སེམས་ན། དེའི་
ཕྱིར། ཁྱད་པར་ཅན་མ་ཡིན་པ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ལྷན་ཅིག་བྱེད་པ་ཁྱད་པར་དུ་གྱུར་པ་མ་ཐོབ་པ་དག་ལས་ཁྱད་པར་སྐྱེ་བར་ཁས་ལེན་ན། དེའི་ཚེ་འབྲས་བུ་ཡང་བསྐྱེད་པར་ཁས་བླང་དགོས་ཏེ། བསྒྲུབ་པར་བྱ་བ་ཉིད་དུ་འདྲ་བའི་ཕྱིར་རོ་སྙམ་དུ་
བསམས་པའོ། །དེའི་ཕྱིར་ཕན་ཚུན་ནས་ཁྱད་པར་འབྱུང་བ་ལ་མི་ལྟོས་པ་ཁོ་ནར་ལྷན་ཅིག་བྱེད་པ་རྣམས་ཀྱི་འབྲས་བུ་སྐྱེད་པར་འགྱུར་རོ། །དེ་ལྟ་ཡིན་ན་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། དེའི་ཕྱིར། དེས་ན་སྐད་ཅིག་མ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རྒྱུ་གང་གིས་ན་
ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ནས་ཁྱད་པར་འབྱུང་བ་ལ་མི་ལྟོས་ལ། འོན་ཀྱང་འབྲས་བུ་སྐྱེད་པ་དེས་ན་སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་དེ་དང་འདྲ་བར་འགྱུར་ཏེ། དེ་དག་ཀྱང་ལྷན་ཅིག་བྱེད་པ་རྣམས་ལ་མི་ལྟོས་པར་འབྲས་བུ་སྐྱེད་པར་འགྱུར་བ་དེ་དག་ལས་ཁྱད་པར་དུ་
འགྱུར་བ་འབྱུང་བར་རེ་བ་ནི་མེད་དོ། །དེ་ལ་འདི་སྙམ་དུ་ཚོགས་པ་དང་པོའི་ཁྱད་པར་དུ་གྱུར་པ་ཡང་ལྷན་ཅིག་བྱེད་པ་རྣམས་ལས་སྐྱེ་བར་འདོད་དོ་སྙམ་དུ་སེམས་ན། དེའི་ཕྱིར། འོན་ཏེ་ཁྱད་པར་འབྱུང་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཁྱད་པར་དང་པོ་བསྐྱེད་པ་
เล่ม ๑๘๙ · หน้า 139a
ལ་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ནས་ཁྱད་པར་དུ་གྱུར་པ་སྐྱེད་ན་དེའི་ཚེ་དེ་ཁྱད་པར་གྱུར་པ་བསྐྱེད་པ་ལ་ཡང་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ཁྱད་པར་དུ་གྱུར་པ་སྐྱེད་པ་ལ་ལྟོས་པར་འགྱུར་ལ། དེ་བཞིན་དུ་གཉིས་པའི་གསུམ་པའི་ཞེས་བྱ་བ་ཐུག་པ་མེད་
དོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། གལ་ཏེ་ཚོགས་པ་དང་པོ་སོ་སོ་རང་རང་གི་ལྷན་ཅིག་བྱེད་པ་རྣམ་པར་ཕྱེ་བའི་གནས་སྐབས་པ་དག་གིས་ཁྱད་པར་དུ་གྱུར་པ་བསྐྱེད་ལ་སྐད་ཅིག་མ་གཉིས་པ་ལ་ཁྱད་པར་དུ་གྱུར་པ་ཐོབ་ནས་སྐྱེད་པར་བྱེད་དོ་ཞེས་བྱ་བར་ཁས་ལེན་ལ།
དེའི་ཚེ་དེའི་ཁྱད་པར་དུ་གྱུར་པ་སྐྱེད་པ་ལ་ཡང་ལྷན་ཅིག་བྱེད་པའི་རྐྱེན་རྣམ་པར་ཕྱེ་བའི་གནས་སྐབས་ན་འབྱུང་བ་དེ་དག་སོ་སོར་རང་གི་ལྷན་ཅིག་བྱེད་པ་དག་ལས་ཁྱད་པར་དུ་གྱུར་པ་རེ་བར་འགྱུར་ལ། དེ་དག་ཀྱང་རང་གི་དག་ལས་དེ་ལས་གཞན་པ་དག་ཀྱང་རང་གི་དག་ལས་ཤེས་ཏེ། དེ་
ལྟ་ན་ཐུག་པ་མེད་པར་འགྱུར་ལ། ཐུག་པ་མེད་པ་ནི་གང་དུ་ཡང་རིག་པ་དང་ལྡན་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འདིར་ནི་རྣམ་པར་ཕྱེ་བའི་གནས་སྐབས་ན་འབྱུང་བ་དག་སོ་སོ་རང་རང་གི་ལྷན་ཅིག་བྱེད་པ་དག་གིས་ཕན་པ་བྱེད་པའི་སྒོ་ནས་ཐུག་པ་མེད་པར་ཀླན་ཀ་བཙལ་བར་བྱའི།
སྐད་ཅིག་མ་དང་པོ་ལ་གནས་པའི་ལྷན་ཅིག་བྱེད་པ་རྣམས་ཀྱིས་ཕན་བྱེད་པ་ལ་ཐུག་པ་མེད་པར་འགྱུར་བ་ནི་མ་ཡིན་ཏེ། དེ་དག་སྐད་ཅིག་མ་གཅིག་ཅིག་གནས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་རྒྱུ་བརྒྱུད་པ་ཐོག་མ་མེད་པའི་ཕྱིར། དེ་ལྟ་བུའི་ཐུག་པ་མེད་པ་གནོད་པར་བྱེད་པ་མ་ཡིན་ནོ་
སྙམ་དུ་སེམས་ན། དེའི་ཕྱིར། ལྷན་ཅིག་བྱེད་པ་རྣམས་ནི། གང་གིས་ན་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་བྱེད་པ་རྣམས་ནི་རྒྱུ་གང་གིས་ན་འདི་དག་ཕན་ཚུན་ནས་བྱས་པའི་ཁྱད་པར་དང་རྟག་ཏུ་རྗེས་སུ་འབྲེལ་པར་འགྱུར་བ་ཕན་ཚུན་ནས་འབྲས་བུ་སྐྱེ་བ་དང་མཐུན་པའི་ཁྱད་པར་བསྐྱེད་
པར་རུང་བར་དུས་ཐམས་ཅད་དུ་གནས་པ་མ་ཡིན་ནོ། །འབྲས་བུ་སྐྱེ་བ་ནི་འབྲས་བུ་འབྱུང་བའོ། །འདི་ནི་དེ་དང་མཐུན་པ་ཡང་ཡིན་ལ། ཁྱད་པར་ཡང་ཡིན་པས་འབྲས་བུ་སྐྱེ་བ་དང་མཐུན་པའི་ཁྱད་པར་རོ། །གང་དག་ལ་དེ་སྐྱེད་པར་རུང་བར་གནས་པ་ཡོད་པ་དེ་དག་ནི་འབྲས་བུ་སྐྱེས་
เล่ม ๑๘๙ · หน้า 139b
པ་དང་མཐུན་པའི་ཁྱད་པར་བསྐྱེད་པར་རུང་བ་གནས་པ་ཅན་ནོ། །ཅིའི་ཕྱིར་ལྷན་ཅིག་བྱེད་པ་དག་དེ་ལྟ་བུ་མ་ཡིན་ཞེ་ན། དེའི་ཕྱིར། དེ་མེད་པ་དང་ཡོད་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ལྷན་ཅིག་བྱེད་པ་གང་དག་ཡོད་དེ་ཉེ་ན་ནི་འབྲས་བུ་གསལ་བ་མཐོང་བའི་ཕྱིར་ལ། མེད་དེ་
བྲལ་ན་ནི་འབྲས་བུ་བྲལ་བ་མཐོང་བའི་ཕྱིར་རོ། །འདི་སྐད་དུ་གལ་ཏེ་ལྷན་ཅིག་བྱེད་པ་རྣམས་དུས་ཐམས་ཅད་དུ་ཕན་ཚུན་ནས་འབྲས་བུ་སྐྱེ་བ་དང་མཐུན་པའི་ཁྱད་པར་བསྐྱེད་པར་རུང་བ་གནས་པ་དག་ཡིན་ན་ཅིའི་ཕྱིར་རེས་འགའ་ནི་འབྲས་བུ་སྐྱེ་ལ། རེས་འགའ་ནི་བྲལ་བར་འགྱུར་ཞེས་
སྨྲས་པ་ཡིན་ནོ། །གལ་ཏེ་ལྷན་ཅིག་བྱེད་པ་དུས་ཐམས་ཅད་དུ་དེ་ལྟ་བུ་མ་ཡིན་དུ་ཆུག་ན་ཡང་དེས་ན་ཅི་ཞེ་ན། དེའི་ཕྱིར། དེས་ན་ཁྱད་པར་དང་པོ་ཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ལྷན་ཅིག་བྱེད་པ་རྣམས་རྟག་ཏུ་དེ་ལྟ་མ་ཡིན་པའི་རྒྱུ་དེས་ན། ཁྱད་པར་དང་པོ་
ཚོགས་པའི་འོག་སྐད་ཅིག་མ་གཉིས་པ་ལ་སྐྱེ་བ་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པ་དག་གིས་ཕན་མ་བཏགས་པ་ཡིན་པར་མི་འཐད་པར་འགྱུར་རོ། །དེ་མེད་པ་ཡིན་ན་ནི་སྐད་ཅིག་མ་གཉིས་པའི་ཁྱད་པར་ཡང་མེད་ལ། དེ་བཞིན་དུ་ཐ་མ་དང་ཉེ་བའི་སྐད་ཅིག་མའི་ཁྱད་པར་གྱི་བར་དུ་མེད་
པའི་ཕྱིར། ཇི་ལྟར་སྐད་ཅིག་མ་ཐ་མ་པ་ནུས་པ་སྐྱེ་བར་འགྱུར། དེ་ཡང་མེད་ན་ནི་ཇི་ལྟར་ཚོགས་པ་དག་ལས་མངོན་པར་འདོད་པའི་འབྲས་བུ་སྐྱེ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ཟུར་གྱིས་མཐོ་བཙམས་པའི་ཕྱིར། ཁོ་བོ་ནི་ཡང་དང་ཡང་དུ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་དང་ཡང་བརྗོད་ན་ཡང་འཇིག་རྟེན་གྱིས་རིག་པ་གོ་བ་ལྟ་ན་ལན་བརྒྱར་ཡང་སྨྲའི། ལན་གཅིག་གམ་གཉིས་སྨྲ་བརྗོད་ལྟ་ཞིག་སུ་ཞིག་འདྲ་སྟེ། ཕ་རོལ་གྱི་དོན་ལ་ཞུགས་པ་ཁོ་བོ་ནི་དེ་ལྟ་བུ་ལ་བརྗོད་པ་ལ་ནམ་ཡང་སྐྱོ་བ་མེད་དོ། །ཀྱེ་གལ་ཏེ་
སྐྱོ་བ་མེད་ན། འོ་ན་སྨྲོས་ཤིག་ཅེ་ན། ལྷན་ཅིག་བྱེད་པ་རྣམས་ནི་གང་གིས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ན་དེ་དག་ཕན་ཚུན་ནས་ཕན་འདོགས་པ་མེད་པའི་ཕྱིར། ཁྱད་པར་དང་པོ་བསྐྱེད་པར་བྱ་བ་ལ་ལྷན་ཅིག་བྱེད་པ་དག་ཉིད་དུ་མི་འགྱུར་བ་ཕན་ཚུན་ནས་ཁྱད་པར་བསྐྱེད་པའི་
เล่ม ๑๘๙ · หน้า 140a
མཚན་ཉིད་ཁོ་ན་ནི་ལྷན་ཅིག་བྱེད་པ་ཉིད་མ་ཡིན་ནོ། །འོན་ཀྱང་འབྲས་བུ་གཅིག་སྒྲུབ་པར་བྱེད་པ་ཉིད་ཀྱང་ལྷན་ཅིག་བྱེད་པ་ཉིད་ཡིན་ཏེ། འདི་ལྟར་ཚོགས་པའི་སྐད་ཅིག་མ་དང་པོ་ལ་འབྱུང་བའི་ལྷན་ཅིག་བྱེད་པ་དེ་དག་ཐམས་ཅད་ནི་འདུས་ནས་སྐད་ཅིག་མ་
གཉིས་པ་ལ་ཁྱད་པར་ཞེས་བྱ་བའི་འབྲས་བུ་བསྐྱེད་དེ། དེའི་ཕྱིར་འདི་དག་གི་ལྷན་ཅིག་བྱེད་པ་ཉིད་ནི་དེའི་རྒྱུ་ཅན་ཡིན་པར་འགྱུར་རོ། །གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་ཕན་ཚུན་ནས་ཁྱད་པར་མེད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དོན་གཅིག་
བྱེད་པ་ལྷན་ཅིག་བྱེད་པའི་མཚན་ཉིད་དུ་འདོད་པ་གང་ཡིན་པ་དེ་ཡང་ཕན་ཚུན་ནས་ཁྱད་པར་མེད་པའི་ལྷན་ཅིག་བྱེད་པ་རྣམས་ལ་མེད་དོ། །གལ་ཏེ་ཡོད་ན་ཉེས་པ་ཅིར་འགྱུར་ཞེ་ན། དེའི་ཕྱིར། འོན་ཏེ་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་ཁྱད་པར་མེད་པ་རྣམས་ལ་ཡང་དོན་
གཅིག་བྱེད་པ་ཡོད་པར་གྱུར་ན། དེའི་ཚེ་སོ་སོ་ལ་ཡང་འགྱུར་ཏེ། སོ་སོར་ཁྱད་པར་གྱི་མཚན་ཉིད་ཀྱི་འབྲས་བུ་དེ་སྐྱེད་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། དེ་ལྟ་ན་ནི་ཁྱད་པར་དེ་ལས་འབྱུང་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གང་གི་ཚེ་སོ་སོར་ཡང་ཁྱད་པར་སྐྱེད་པ་དེ་ལྟར་ཡིན་པ་དེའི་ཚེ་ཁྱད་པར་དང་པོའི་བརྒྱུད་པ་ལས་འབྱུང་བའི་འབྲས་བུ་ཡང་འབའ་ཞིག་ལས་འབྱུང་བར་འགྱུར་རོ། །འདི་ནི་དེ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པས་ཁྱད་པར་དེའོ། །འདི་ལ་དེ་ལས་འབྱུང་བའི་ངང་ཚུལ་ཡོད་པས་འདི་
ནི་ཁྱད་པར་དེ་ལས་འབྱུང་བ་ཅན་ནོ། །འདི་སྐད་དུ་གལ་ཏེ་སོ་སོར་བྱེ་བྲག་སྐྱེད་ན། མྱུ་གུ་ལ་སོགས་པ་མངོན་པར་འདོད་པའི་འབྲས་བུ་ཡང་ཅི་སྟེ་མི་སྐྱེད་ཅེས་བྱ་བ་ནི་ཕྱོགས་སྔ་མའི་བསམས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། སྔར་བཤད་པ་དྲན་པར་བྱ་བའི་ཕྱིར། ཐམས་
ཅད་བཤད་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྐྱེན་ཚོགས་པ་གཞན་དང་གཞན་དག་གིས་ཇི་ལྟར་རྒྱུའི་རྒྱུན་ལ་སྐད་ཅིག་སྐད་ཅིག་ལ་ཁྱད་པར་སྐྱེ་བར་འགྱུར་བ་དེ་ལྟར་གོང་དུ་བཤད་ཟིན་ཏོ། །སྐད་ཅིག་རེ་རེ་རྐྱེན་གཞན་དང་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་གཞུང་ཟློས་པར་
เล่ม ๑๘๙ · หน้า 140b
བྱེད་པ་སྟེ། འདི་ནི་འདུ་བྱེད་རྒྱུད་མ་གཞན་དང་གཞན་གྱི་རྐྱེན་དང་ལྡན་པ་སྐད་ཅིག་མ་རེ་རེ་ལ་ནུས་པ་ཐ་དད་པ་དག་ཅེས་བྱ་བ་ནས་བཟུང་སྟེ། འགའ་ཞིག་ཁོ་ན་འགའ་ཞིག་གི་རྒྱུ་ཡིན་ནོ་ཞེས་བྱ་བའི་བར་གྱི་གཞུང་འདིས་ལན་བཏབ་ཟིན་ཏོ། །འདིས་ནི་འདི་སྐད་དུ། ཚོགས་པའི་སྐད་ཅིག་མ་
དང་པོ་ལ་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ནས་ཁྱད་པར་འབྱུང་བ་མེད་མོད་ཀྱི། འོན་ཀྱང་རང་རང་གི་རྒྱུ་དག་གིས་ཁྱད་པར་ཅན་ཁོ་ནར་བསྐྱེད་པ་ཡིན་ཏེ། དེའི་ཕྱིར། ཁྱད་པར་མེད་པ་རྣམས་ལ་དེ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ན་
རྣམ་པར་ཤེས་པ་སྐྱེ་བར་རུང་བའི་ཡུལ་ན་རྣམ་པར་གནས་པ་རྣམས་དང་། ཆོད་པ་མེད་པ་རྣམས་དང་། ཚོགས་པའི་རྐྱེན་རྣམས་མངོན་པར་འདོད་པའི་འབྲས་བུ་སྐྱེད་པ་ཡིན་པ་དེ་ལྟར་ཡང་ཅི་རིགས་པར་ཡང་བཤད་ཟིན་ཏོ། །འདི་དག་ལ་རྣམ་པར་ཤེས་པ་སྐྱེ་བར་རུང་བའི་ཡུལ་ཡོད་
པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་དག་གི་ངོ་བོ་ནི་ཡུལ་རུང་བ་ཅན་ཉིད་དོ། །དེ་ལ་སོགས་པ་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་གནས་སྐབས་ཀྱི་བྱེ་བྲག་གང་དག་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྐྱེན་གང་དག་ལ་ཡུལ་རུང་བ་ཅན་ཉིད་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་
ཡོད་པ་དེ་དག་ནི་ཡུལ་རུང་བ་ཅན་ཉིད་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་དག་སྟེ། འདི་ཡང་དེ་ལ་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་ཡུལ་ཆོད་པ་མེད་པ་ལ་སོགས་པ་དང་ལྡན་པ་ཅན་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་བཤད་ཟིན་
ཏོ། །འདིས་ཀྱང་ཇི་ལྟར་ཕན་ཚུན་ནས་ཁྱད་པར་དུ་གྱུར་པ་མ་སྐྱེས་པ་དག་ལས་ཁྱད་པར་འབྱུང་བ་དེ་བཞིན་དུ་འབྲས་བུ་ཡང་འགྱུར་ཏེ་ཞེས་སྨྲས་པ་གང་ཡིན་པ་དེ་བསལ་བ་ཡིན་ཏེ། འདི་ལྟར་འབྲས་བུ་ནི་ཕན་ཚུན་ཕན་བཏགས་པའི་ལྷན་ཅིག་བྱེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ལ། ཁྱད་པར་
དང་པོ་ནི་དེ་ལྟ་བུ་མ་ཡིན་ནོ། །འབྲས་བུ་བསྐྱེད་པའི་རྐྱེན་དེ་དག་ཀྱང་གང་ལས་སྐྱེས་པ་དེ་ཡང་དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་རྐྱེན་གྱི་ཁྱད་པར་གང་ཡིན་པ་དེ་ནི་དེའི་རྒྱུ་བསྐྱེད་པར་ནུས་པ་ཡིན་ནོ་ཞེས་བྱ་བའི་བར་སྐབས་འདིར་བཤད་ཟིན་ཏོ། །སོ་སོར་འབྲས་བུ་བསྐྱེད་པར་
เล่ม ๑๘๙ · หน้า 141a
ནུས་པ་ཡིན་ཡང་ཇི་ལྟར་འབའ་ཞིག་དག་གིས་མི་སྐྱེད་པ་དེ་ཡང་བཤད་ཟིན་ཏེ། དེ་ནི་བྱེད་པ་པོའི་ཁྱད་པར་སོ་སོ་ན་ཡོད་པ་མེད་པའི་ཕྱིར་ཞེས་བྱ་བ་འདིས་ཕྱོགས་གཅིག་བཟླས་པ་དྲན་པར་བྱེད་དེ། གོང་དུ་དེ་དག་ཀྱང་སྔོན་ཡང་མེད་ཕྱིས་ཀྱང་མེད་སོ་སོ་ན་
ཡང་མེད་པས་ནུས་ཀྱང་སྔོན་དང་ཕྱིས་དང་སོ་སོ་ན་ཡོད་པ་ལས་འབྱུང་བའི་ཉེས་པ་དག་གིས་མི་གོས་སོ་ཞེས་བྱ་བའི་བར་སྐབས་འདིར་བཤད་ཟིན་ཏོ། །དེའི་ཕྱིར་ཁྱད་པར་དེ་ལས་འབྱུང་བ་ཅན་གྱི་འབྲས་བུ་ཡང་འབའ་ཞིག་ལས་འབྱུང་བར་འགྱུར་རོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་
ཏེ། སྐད་ཅིག་མ་དེ་ལྟ་བུ་ནི་འབྱུང་བའམ་འབྱུང་བར་ཡང་མི་འགྱུར་ལ། འདིའི་སྐད་ཅིག་བྱེད་པ་རྣམས་སོ་སོར་བྱ་བར་ཡང་མི་ནུས་སོ། །དེ་ལ་འདི་སྙམ་དུ་འབྲས་བུ་ཅུང་ཟད་ཅིག་ནི་ལྷན་ཅིག་བྱེད་པ་ཕན་ཚུན་ཕན་བཏགས་པའི་རང་གི་ངོ་བོ་དག་གིས་བསྐྱེད་དོ། །ཅུང་ཟད་ཅིག་ནི་
མ་ཡིན་ནོ་ཞེས་བྱ་བའི་འདོད་རྒྱལ་འདི་ག་ལས་སྙམ་དུ་སེམས་ན། དེའི་ཕྱིར། འབྲས་བུ་རྣམ་པ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་རྣམ་པ་གཉིས་ལ་འབྲས་བུ་ནི་ལྷན་ཅིག་བྱེད་པ་དག་གིས་བསྐྱེད་པའི་ཁྱད་པར་བརྒྱུད་པ་ལས་འབྱུང་བ་ཞེས་བྱ་བ་དེ་ལྟ་བུའི་ཆོས་ཅན་
ཡིན་ཏེ། དཔེར་ན་མྱུ་གུ་ལ་སོགས་པ་ལྟ་བུའོ། །ལ་ལ་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལ་མི་ལྡོག་པར་ཡུད་ཙམ་ཁོ་ནས་སྐྱེ་བ་ཡིན་ཏེ། དཔེར་ན་མི་སྡོད་པར་སྐྱེད་པའི་དབང་པོ་རྣམ་པར་ཤེས་པ་ལ་སོགས་པ་ལྟ་བུའོ། །ལྷན་ཅིག་བྱེད་པ་དག་གིས་བསྐྱེད་པ་ཞེས་བྱ་བར་
ཚིག་རྣམ་པར་སྦྱར་ཏེ། དེ་དག་ནི་ལྷན་ཅིག་བྱེད་པས་བསྐྱེད་པ་ཡང་ཡིན་ལ། ཁྱད་པར་ཡང་ཡིན་པས་ཞེས་བསྡུའོ། །དེ་དག་བརྒྱུད་པ་ལ་དེ་སྐད་ཅེས་བྱ་སྟེ། འདི་ལ་དེ་ལས་འབྱུང་བའི་ཆོས་ཡོད་པས་འདི་ནི་ལྷན་ཅིག་བྱེད་པས་བསྐྱེད་པའི་བརྒྱུད་པའི་ཁྱད་པར་ལས་འབྱུང་
བའི་ཆོས་ཅན་ནོ། །མི་སྡོད་པར་སྐྱེད་པའི་དབང་པོའི་རྣམ་པར་ཤེས་པ་ནི་སྡོད་པ་མེད་པར་བསྐྱེད་པའི་རྣམ་པར་ཤེས་པ་སྟེ། མི་སྡོད་པ་སྨོས་པ་ནི་སྣང་བ་ནས་མུན་ཁུང་དུ་ཞུགས་པའི་ཕན་བཏགས་པའི་དབང་པོའི་རྣམ་པར་ཤེས་པ་བསལ་བར་བྱ་བའི་ཕྱིར་རོ། །དབང་པོ་ནི་འདིར་ཡིད་ལ་
เล่ม ๑๘๙ · หน้า 141b
བྱེད་པ་ལ་སོགས་པ་མཚོན་པ་ཡིན་པར་བལྟ་བར་བྱའོ། །ཡང་ཅིའི་ཕྱིར་འབྲས་བུ་དེ་རྣམ་པ་གཉིས་ཡིན་ཞེ་ན། དེའི་ཕྱིར། འབྲས་བུ་དང་རྒྱུའི་ངོ་བོ་ཉིད་ཐ་དད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཁོ་ན་ལ། ལ་ལ་ནི་རྒྱུ་དང་རྐྱེན་ཚོགས་པ་ཙམ་ཁོ་ན་ལས་མི་སྐྱེའི། འོན་ཀྱང་ཚོགས་
པ་ལས་ཀྱང་ཡོངས་སུ་གྱུར་པ་དག་ལས་སྐྱེ་ལ། ཡང་ལ་ལ་ནི་རང་གི་ཉེ་བར་ལེན་པ་ཚོགས་པ་ཙམ་ལས་ཏེ། མི་སྡོད་པར་སྐྱེད་པའི་རྒྱུའི་ཚོགས་པ་ལས་སྐྱེ་བ་གང་ཡིན་པ་དེ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ། །རྒྱུ་རྣམས་ཀྱང་ཁ་ཅིག་ནི་ཡོངས་སུ་འགྱུར་བར་ཉེ་བར་འགྲོ་བ་ན་འབྲས་བུ་ཉེ་
བར་སྐྱེད་པར་བྱེད་ཀྱི། ཚོགས་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་དག་ནི་བརྒྱུད་པས་རྒྱུ་ཞེས་བྱ་བའི་ཐ་སྙད་ལ་བརྟེན་ལ། ཡང་ཁ་ཅིག་ནི་ཕན་ཚུན་ཚོགས་པ་ཙམ་གྱིས་འབྲས་བུ་སྐྱེད་པར་བྱེད་པ་དག་ཡིན་ཏེ། དེ་དག་ནི་རྒྱུ་དངོས་སུ་ཐ་སྙད་གདགས་པ་གང་ཡིན་པ་དེ་ལྟ་བུའི་ངོ་བོ་ཉིད་དག་
ཀྱང་ཡོད་དོ། །འདི་ཉིད་ཀྱི་རྒྱུ་དང་འབྲས་བུ་དག་ངོ་བོ་ཉིད་ཐ་དད་པ་རྣམས་ཀྱི་ཐུག་པ་མེད་པ་ཡོངས་སུ་སྤངས་པའི་ཕྱིར། དེ་ལ་ལྷན་ཅིག་བྱེད་པ་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ལྷན་ཅིག་བྱེད་པ་དག་ལས་རྒྱུན་གྱི་སྒོ་ནས་ཕན་འདོགས་པ་ལ་བརྟེན་ནས། མངོན་
པར་འདོད་པའི་འབྲས་བུའི་རྒྱུ་སྐྱེ་བ་དེའི་ཚེ་ལྷན་ཅིག་བྱེད་པ་དག་གིས་བྱས་པའི་ཁྱད་པར་དང་པོ་གང་ཡིན་པ་དེ་ནི་ལྷན་ཅིག་བྱེད་པ་དག་གིས་བྱས་པའི་ཁྱད་པར་དག་ལས་མི་སྐྱེའོ། །འདིར་ཆོས་མི་མཐུན་པ་ཅན་ཉིད་ཀྱི་དཔེ་ནི། འབྲས་བུ་མཇུག་ཐོགས་ཅན་ལྟ་བུའོ་ཞེས་བྱ་བ་ཡིན་
ཏེ། ཇི་ལྟར་རྒྱུའི་ཆོས་འབྲས་བུ་མཇུག་ཐོགས་ཅན་ལྷན་ཅིག་བྱེད་པ་དག་ལས་རྒྱུན་གྱི་ཁྱད་པར་འབྱུང་བ་ལ་བརྟེན་ནས་འབྲས་བུ་བསྐྱེད་པ་ལྟར་འདི་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱའོ། །རྣམ་པ་གཅིག་ཏུ་ན་འདི་ཆོས་མཐུན་པ་ཅན་ཉིད་ཀྱི་དཔེ་ཁོ་ན་ཡིན་ཏེ། ཇི་ལྟར་རྒྱུའི་ཚོགས་འབྲས་བུ་
བུ་མཇུག་ཐོགས་པ་སྐད་ཅིག་མ་དེ་ལ་བྱུང་བའི་ལྷན་ཅིག་བྱེད་པ་དག་གིས་ཕན་མ་བཏགས་པའི་ངོ་བོ་ཁོ་ནས་འབྲས་བུ་སྐྱེད་པ་དེ་བཞིན་དུ་ཁྱད་པར་དང་པོ་ཡང་ཕན་ཚུན་ཕན་མ་བཏགས་པའི་ངོ་བོ་ཉིད་ཀྱི་ལྷན་ཅིག་བྱེད་པ་དག་ལས་སྐྱེའོ། །རྒྱུན་གྱིས་ཕན་འདོགས་པ་ལ་ལྟོས་པ་ནི་རྒྱུན་གྱིས་ཕན་
เล่ม ๑๘๙ · หน้า 142a
འདོགས་པ་ལ་ལྟོས་པའོ། །འབྲས་བུའི་རྒྱུ་ནི་འབྲས་བུའི་རྒྱུའོ། །དེ་སྐྱེ་བ་ནི་འབྲས་བུའི་རྒྱུ་སྐྱེ་བའོ། །དེ་ནི་རྒྱུན་གྱིས་ཕན་འདོགས་པ་ལ་ལྟོས་པ་ཡང་ཡིན་ལ། འབྲས་བུའི་རྒྱུ་སྐྱེ་བ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལ་ལྷན་ཅིག་བྱེད་པ་དག་གིས་
བྱས་པའི་ཁྱད་པར་དག་ལས་སྐྱེ་བ་ཡོད་པས་འདི་ནི་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ལས་སྐྱེ་བ་ཅན་ནོ། །གང་ལས་འབྲས་བུ་མཇུག་ཐོགས་ཡོད་པ་དེ་ནི་འབྲས་བུ་མཇུག་ཐོགས་ཅན་ཏེ། དེ་དང་འདྲ་བར་འཇུག་པས་ན་དེ་ལྟ་བུའོ། །ཡང་དེ་ལས་གཞན་པའི་སྒྲུབ་པ་གང་ཡིན་
ཞེ་ན། དེའི་ཕྱིར། དེ་ཕན་ཆད་ཀྱི་ཁྱད་པར་གང་དག་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དང་པོ་ཕན་ཆད་ཀྱི་ཁྱད་པར་གང་དག་ཡིན་པ་དེ་དག་ནི་ལྷན་ཅིག་བྱེད་པ་དག་གིས་བྱས་པའི་ཁྱད་པར་དག་ལས་སྐྱེ་སྟེ། འདི་དག་ལ་དེ་ལྟ་བུ་ལས་སྐྱེ་བ་ཡོད་པས་ཞེས་ཚིག་
རྣམ་པར་སྦྱར་རོ། །འདི་ནི་ས་ལ་སོགས་པ་སྐད་ཅིག་མ་བརྒྱུད་དེ་འབྱུང་བ་ཐམས་ཅད་སོ་སོར་བློས་གཅིག་པ་ཉིད་དུ་བཟུང་བ་རྣམས་ཕན་ཚུན་ཕན་འདོགས་པར་ཤེས་པར་བྱ་སྟེ། འདི་ལྟར་ས་བོན་སྐད་ཅིག་མ་བརྒྱུད་དེ་འབྱུང་བ་ལ་བློས་གཅིག་པ་ཉིད་དུ་ཡོངས་སུ་བཟུང་ནས། སྐད་
ཅིག་མ་ཕྱི་མ་དག་ལས་དང་ཆུ་ལ་སོགས་པ་ལ་ཕན་འདོགས་པར་བྱེད་པ་ཡིན་པར་བལྟ་བར་བྱ་ལ། དེ་བཞིན་དུ་ས་དང་ཆུ་ལ་སོགས་པ་ཡང་སོ་སོའི་སྐད་ཅིག་མ་ཕྱི་མ་ཕྱི་མ་དག་ལ། དེ་ལས་གཞན་པ་དག་ལས་ཕན་འདོགས་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །ཡང་ཅིའི་ཕྱིར་ཁྱད་པར་
དང་པོ་ཡང་གཞན་དུ་སྐྱེ་ལ། དེ་ལས་གཞན་པ་དག་ཀྱང་གཞན་དུ་སྐྱེ་ཞེ་ན། དེའི་ཕྱིར། དེ་དང་དེ་དག་ནི་དེའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་དང་པོ་ནི་ཕན་མ་བཏགས་པའི་ལྷན་ཅིག་བྱེད་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་ལ་དེ་ལས་གཞན་པའི་ཁྱད་
པར་དག་ཕན་ཚུན་ཕན་གདགས་པའི་ལྷན་ཅིག་བྱེད་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་དག་ཡིན་ནོ། །རང་བཞིན་ནི་ངོ་བོ་ཉིད་དེ། དེ་དང་དེ་དག་ལ་རང་བཞིན་དེ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཕྱིར་གོང་དུ་ཐུག་པ་མེད་པར་བརྗོད་པ་གང་ཡིན་པ་དེ་ཡང་འདི་ཁོ་ནས་བཀག་
เล่ม ๑๘๙ · หน้า 142b
པར་བལྟ་བར་བྱའོ། །དེ་ལ་འདི་སྙམ་དུ་ཇི་ལྟར་ཁྱད་པར་དང་པོ་ཁྱད་པར་དུ་གྱུར་པ་མ་སྐྱེས་པའི་ལྷན་ཅིག་བྱེད་པ་དག་གིས་སྐྱེད་པ་དེ་བཞིན་དུ། སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་ཁྱད་པར་དུ་གྱུར་པ་མ་བསྐྱེད་པ་ཁོ་ནར་འབྲས་བུ་བསྐྱེད་པ་ལ་འགྱུར་རོ་སྙམ་ན། དེའི་ཕྱིར། གལ་ཏེ་
ཁྱད་པར་དང་པོའི་རྒྱུ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱད་པར་དང་པོ་བཞིན་དུ་དངོས་པོ་སྐད་ཅིག་མ་ཡིན་ལ་ལྷན་ཅིག་བྱེད་པ་རྣམས་ཀྱི་ཁྱད་པར་དུ་གྱུར་པ་མ་བསྐྱེད་པས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེ་ན། སྐྱེད་པ་ནི་རག་སྟེ། འགོག་པར་བྱེད་པ་སུ་
ཞིག་ཡོད་དེ། དངོས་པོ་སྐད་ཅིག་མ་མ་ཡིན་པའི་ངོ་བོ་དེ་ཅིའི་ཕྱིར། མི་སྡོད་པར་སྐྱེད་པའི་ཆོས་ཅན་ཞིག་གམ། འོན་ཏེ་མ་ཡིན་ཞེས་འདྲི་བ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་མི་སྡོད་པར་སྐྱེད་པའི་ཆོས་ཅན་ཡིན་ན་ནི། དེའི་ཚེ་སོ་སོར་བྱེད་པ་སྲིད་པས་རྟག་པར་འདོད་པ་དེ་
འབའ་ཞིག་གིས་ཀྱང་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་དེ་སྐད་དུ་བཤད་ཟིན་པ་ཁོ་ནའོ། །རྣམ་པར་བརྟག་པ་གཉིས་པ་ལ་ཉེས་པ། དེའི་ངོ་བོ་ཉིད་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མི་སྡོད་པར་སྐྱེད་པའི་ངོ་བོ་ཉིད་མ་ཡིན་ན་ནི། དེའི་ཚེ་འདི་ལྷན་ཅིག་
བྱེད་པ་དང་། ལྷན་ཅིག་ཀྱང་བྱེད་པ་པོ་མ་ཡིན་པ་ཉིད་དོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན། སྐད་ཅིག་མ་མ་ཡིན་པའི་རྒྱུ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པར་བརྟག་པ་གཉི་ག་ལ་ཡང་ཉེས་པ་ཡོད་པ་དེའི་ཕྱིར། རྒྱུ་གང་དག་སྐད་
ཅིག་མ་མ་ཡིན་པ་དེ་དག་ནི་འགའ་ཡང་དོན་གཅིག་བྱེད་པས་ལྷན་ཅིག་བྱེད་པ་ཉིད་དུ་ངེས་པ་མེད་དོ། །འོ་ན་ཁྱད་པར་འབྱུང་བའི་མཚན་ཉིད་ཡིན་པར་འགྱུར་རོ་སྙམ་ན། དེའི་ཕྱིར། རྒྱུན་གྱིས་ཕན་འདོགས་པ་ཡང་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་པ་
ཉིད་རྒྱུན་གྱིས་ཕན་འདོགས་པའི་སྒོ་ནས་ཁྱད་པར་འབྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཡང་རྟག་པ་རྣམས་ལ་མི་འཐད་དེ། དེ་ལྟ་བས་ན་དེ་དག་གི་ལྷན་ཅིག་བྱེད་པ་འགའ་ཡང་མེད་དོ། །ཅིའི་ཕྱིར་འབའ་ཞིག་གིས་ཀྱང་བསྐྱེད་པར་འགྱུར་བས་ཉེས་པ་དེ་སོ་ན་འདུག་པ་ཉིད་དོ། །
เล่ม ๑๘๙ · หน้า 143a
ཡང་ཅིའི་ཕྱིར་དངོས་པོ་རྟག་པ་ཡང་གདོན་མི་ཟ་བར་ལྷན་ཅིག་བྱེད་པ་དག་ལས་ཁྱད་པར་བསྐྱེད་དོ་ཞེ་ན། དངོས་པོའི་རྒྱུན་ཚོགས་པ་ལ་གནས་པ་ཅན་ནོ། །ཕལ་ཆེར་ཞེས་བྱ་བ་ལ་སོགས་སྨོས་ཏེ། དངོས་པོའི་རྒྱུ་ལུས་ཅན་ནི་ཕལ་ཆེར་ལྷན་ཅིག་བྱེད་པའི་
རྐྱེན་དག་གིས་ཁྱད་པར་བསྐྱེད་པས་འབྲས་བུ་སྐྱེས་པ་མཐོང་སྟེ། དཔེར་ན་ས་བོན་ལ་སོགས་པའི་རྒྱུན་ལྟ་བུའོ། །དེ་བཞིན་དུ་གལ་ཏེ་རྒྱུ་རྟག་པར་སྨྲ་བའི་ཡང་དངོས་པོ་རྟག་པར་འདོད་པ་རྐྱེན་གཞན་དག་ལ་ལྟོས་ནས་འབྲས་བུ་བསྐྱེད་ན་དེའི་ཚེ་གདོན་མི་ཟ་བར་དེའི་སྐྱེད་པར་བྱེད་པའི་ངོ་བོ་
ཉིད་གཞན་ཞིག་འབྱུང་སྟེ། ཕན་གདགས་པར་བྱ་བ་ཡིན་དང་ལྟོས་པའི་ཆོས་ཅན་ཞེས་བྱའོ། །ཚོགས་པ་ནི་ཆ་ཤས་འདུས་པའོ། །འདི་ལ་ཚོགས་པ་ལ་གནས་པའི་ངང་ཚུལ་ཡོད་པས། འདི་ནི་ཚོགས་པ་ལ་གནས་པ་ཅན་ནོ། །འབྲས་བུ་ལ་ལྟོས་པ་ཞེས་བྱ་བ་ནི། ཕན་གདགས་
པར་བྱ་བ་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་དངོས་པོ་རྟག་པ་ལ་ལྷན་ཅིག་བྱེད་པ་དག་ལས་སྐྱེད་པར་བྱེད་པའི་ངོ་བོ་ཉིད་གཞན་སྐྱེ་བར་ཀླན་ཀ་བཙལ་ཞེ་ན། སྐྱེད་པར་བྱེད་པའི་ངོ་བོ་ཉིད་སྔོན་ཡང་ཡོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྟག་པ་ལ་སྐྱེད་པར་བྱེད་པའི་
ངོ་བོ་ཉིད་སྔོན་ཡང་ཡོད་ན་ནི། དེའི་ཚེ་མི་སྐྱེད་པ་མི་རུང་སྟེ། སྔོན་ཡང་བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ལྷན་ཅིག་བྱེད་པའི་ཞར་ལ་བརྒྱུད་དེ་འོངས་པ་ཡོངས་སུ་རྫོགས་པར་བྱས་ནས། དཀྱུས་མའི་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གང་གི་བདག་ཉིད་གང་
ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ས་བོན་ལ་སོགས་པས་མ་ངེས་སོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྤངས་པ་དེའི་ཕྱིར། དངོས་པོ་གང་གི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་ཡོད་པ་ཙམ་ཁོ་ནས་དེ་ལྟ་བུར་འགྱུར་གྱི། དང་པོ་ཡོད་པར་གྱུར་ནས་ཕྱིས་དེ་ལྟ་བུའི་
ངོ་བོ་ཉིད་འགྲུབ་པར་བྱ་བའི་ཕྱིར། གཞན་གྱི་བྱེད་པ་ལ་ལྟོས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གལ་ཏེ། དངོས་པོ་ངོ་བོ་ཉིད་ཁོ་ནས་མི་གནས་པའི་རང་གི་ངོ་བོ་ཞིག་ཡིན་ན་ནི། དེ་ལ་འཇིག་པའི་རྒྱུ་དག་ཅུང་ཟད་ཀྱང་མི་དགོས་སོ། །འོན་ཏེ་འདིར་རང་བཞིན་
เล่ม ๑๘๙ · หน้า 143b
བརྟན་པ་ཅན་དུ་ཁས་ལེན་ན། དེའི་ཚེ་དངོས་པོ་གནས་པའི་ཆོས་ཅན་ལ་ཡང་ངོ་བོ་ཉིད་གཞན་དུ་བྱ་བར་མི་ནུས་པས་འཇིག་པའི་རྒྱུ་དག་ཤིན་ཏུ་མི་དགོས་ཏེ་རྡོ་རྗེ་ལ་ཤིང་སྲིན་གྱིས་ཅུང་ཟད་བྱ་བར་མི་ནུས་སོ། །འདི་ལ་མི་གནས་པའི་ཆོས་ཡོད་པས་འདི་ནི་མི་གནས་པའི་ཆོས་ཅན་ཏེ།
གཡོ་བའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལ་གནས་པའི་ཆོས་ཡོད་པས་འདི་ནི་གནས་པའི་ཆོས་ཅན་ཏེ། རང་བཞིན་བརྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདི་སྙམ་དུ་གནས་པའི་ཆོས་ཅན་ཡང་ངོ་བོ་ཉིད་གཞན་དུ་འགྱུར་བ་ཁོ་ནའོ་སྙམ་དུ་སེམས་ན། ཅིའི་ཕྱིར། འོན་ཏེ་
གཞན་ཉིད་དུ་འགྱུར་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་ཉིད་དུ་འགྱུར་ན། དེ་ལྟར་ཡིན་ན་ནི་རང་བཞིན་རྟག་པ་ཁོ་ནར་མི་འགྱུར་རོ། །དེའི་ཕྱིར་ཆོས་འགལ་བ་གཉིས་འབྲེལ་པ་མི་རུང་བའི་ཕྱིར། དེ་ཉིད་རྟག་པ་སྔ་མ་སྟེ། མི་གནས་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པར་ཟད་དེ།
བརྟག་པ་དེ་ལ་ཡང་ལན་བཏབ་ཟིན་ཏོ། །དེ་ལ་འདི་སྙམ་དུ་གཞན་དུ་འགྱུར་བ་ཉིད་ཀྱང་དེ་ཁོ་ནའི་ངོ་བོ་ཉིད་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། ཕ་རོལ་ལས་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཕ་རོལ་འཇིག་པའི་རྒྱུར་འདོད་པ་ལས་
གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་གཞན་ཁོ་ན་ཡིན་ལ། གང་ཞིག་གཞན་ཡིན་པ་དེ་ཇི་ལྟར་དེའི་ངོ་བོ་ཉིད་ཡིན་ནོ་ཞེས་ཐ་སྙད་འདོགས་པར་འགྱུར། ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དངོས་པོ་ཐ་དད་པ་ནི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་
ཐ་དད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཡིན་པས། འདིར་གལ་ཏེ་ངོ་བོ་ཉིད་ཐ་དད་པ་ཡིན་ན། ཇི་ལྟར་དངོས་པོ་ཐ་དད་པར་མི་འགྱུར། དེ་ལ་འདི་སྙམ་དུ་ཕ་རོལ་ལས་གཞན་དུ་འགྱུར་བ་གང་ཡིན་པ་ངོ་བོ་ཉིད་གཞན་ཡིན་དུ་ཟད་མོད། དེ་ལྟ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན།
དེ་ལྟ་ན་དངོས་པོ་སྔ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཕ་རོལ་ལས་གཞན་དུ་འགྱུར་བ་གང་ཡིན་པ་དེ་ནི་གཞན་ཁོ་ན་ཡིན་ལ། དེ་ལྟ་ཡིན་ན་དངོས་པོ་རང་བཞིན་བརྟན་པ་ཅན་སྔ་མ་གང་ཡིན་པ་དེ་ནི་ཉམས་པ་མེད་པའི་ཆོས་ཉིད་ལ་གནས་པས་དེ་སུས་ཀྱང་གཞན་དུ་
เล่ม ๑๘๙ · หน้า 144a
འགྱུར་བ་བྱས་པ་མེད་པའི་ཕྱིར། འཇིག་པའི་རྒྱུ་རྣམས་དོན་མེད་པ་དེའི་སོ་ན་འདུག་པ་ཡིན་ནོ། །ཟངས་ལ་སོགས་པ་རྣམ་པར་གནས་པའི་རང་གི་ངོ་བོ་རྣམས་ཁོ་ན་མེ་ལ་སོགས་པ་ལས་སྙི་བ་ཉིད་ལ་སོགས་པའི་ངོ་བོ་ཉིད་གཞན་འབྱུང་བར་མཐོང་བ་མ་ཡིན་ནམ་ཞེ་
ན། དེའི་ཕྱིར། འདིས་ནི་ཟངས་ལ་སོགས་པའི་སྲ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་རོལ་ལས་གཞན་དུ་འགྱུར་བ་ངོ་བོ་ཉིད་གཞན་ཡིན་ནོ་ཞེས་སྨོས་པ་འདིས་ནི་ཟངས་ཀྱི་སྲ་བ་མེ་དང་ཉེ་ན་སྙི་བའི་ངོ་བོ་ཉིད་གཞན་དུ་འགྱུར་བ་གསལ་བར་རིག་པར་བྱའོ། །སོགས་
པ་སྨོས་པ་ནི། ཆུའི་སྙི་བ་ལྷགས་པ་ཉེ་ན་སྲ་བའི་ངོ་བོ་ཉིད་གཞན་དུ་འགྱུར་བ་གསལ་བ་ཡིན་པར་རིག་པར་བྱའོ། །ཇི་ལྟར་གསལ་ཞེ་ན། དེའི་ཕྱིར། དེ་ལ་ཡང་སྔ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཟངས་ལ་སོགས་པ་དེ་ལ་ཡང་སྲ་བ་ལ་སོགས་པའི་ངོ་བོ་ཉིད་སྔ་མ་གང་ཡིན་པ་དེ་རང་གི་
ངང་གིས་འཇིག་པ་ཅན་ཡིན་པའི་ཕྱིར་ཞེ་ན། མེ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུ་དང་། ཟངས་ལ་སོགས་པའི་སྐད་ཅིག་མ་རང་གི་ཉེ་བར་ལེན་པའི་རྒྱུ་ལས་སྙི་བ་ལ་སོགས་པའི་ངོ་བོ་ཉིད་གཞན་ཁོ་ན་ཞིག་འབྱུང་གི །གནས་པ་སྔ་མ་ཁོ་ནའི་ངོ་བོ་ཉིད། གཞན་དུ་འགྱུར་བ་ནི་
མ་ཡིན་ནོ། །ཡང་ཕ་རོལ་པོས་བརྒལ་བར་བྱ་བའི་ཕྱིར། དེ་ནི་རང་གི་གནས་པའི་ཆོས་ཅན་ཁོ་ན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེ་ནི་རང་གི་ངོ་བོ་གནས་པའི་ཆོས་ཅན་ཁོ་ན་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་འཇིག་པའི་རྒྱུ་ཉེ་བར་མ་གྱུར་པ་དེ་སྲིད་དུ་གནས་སོ། །དེ་
ལྟ་བུ་དེ་ནི་གཞན་གྱིས་འཇིག་པར་འགྱུར་ལ། རྒྱུ་དེ་ཡང་ངོ་བོ་ཉིད་གཞན་མེད་ཀྱི། འོན་ཀྱང་དངོས་པོ་འཕོ་བ་ཁོ་ན་འཇིག་པ་ཞེས་བྱ་བས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། ལན་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲས་པ། དག་པའི་
ལན་འདི་ནི་རྣམ་པར་བརྟག་པ་གཉིས་ལས་མི་འདའོ། རྣམ་པར་བརྟག་པ་གཉིས་པོ་དེ་ཉིད་བསྟན་པའི་ཕྱིར། ཅི་དངོས་པོ་ངོ་བོ་ཉིད་ཀྱིས་རྟག་པ་ཞིག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་ཅི་དངོས་པོ་ངོ་བོ་ཉིད་ཀྱིས་རྟག་པ་ཞིག་གམ། འོན་ཏེ་མ་ཡིན། ཅིར་འགྱུར་ཞེ་ན། བརྟག་
เล่ม ๑๘๙ · หน้า 144b
པར་བྱ་བ་ལ་སྔར་རྟག་པར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུར་བརྟག་པར་བྱས་པ་ལ། གལ་ཏེ་སྔར་རྟག་པར་གྱུར་ནས། ཕྱིས་འཇིག་པའི་རྒྱུ་དང་ཉེ་ན་མི་རྟག་པར་འགྱུར་རོ་ཞེས་སྨྲས་ན། དེའི་ཚེ། རྟག་པར་འདོད་པ་སྔ་མ་ཐམས་ཅད་དུ་རྟག་པ་དང་མི་རྟག་
པ་ཐ་དད་པ་ཅན་གྱི་དངོས་པོ་གཉིས་སུ་ཡང་རབ་ཏུ་སྨྲ་ལ། རང་གིས་འཇིག་པ་དང་མི་འཇིག་པར་ཡང་རབ་ཏུ་སྨྲས་པ་ཡིན་ནོ། །འདི་ལ་རྟག་པ་དང་མི་རྟག་པའི་ངོ་བོ་ཉིད་ཐ་དད་པ་དག་ཡོད་པས་འདི་ནི་རྟག་པ་དང་མི་རྟག་པའི་ངོ་བོ་ཉིད་ཐ་དད་པ་ཅན་གྱི་དངོས་པོ་གཉིས་སོ། །འདི་
ལྟར་རང་གི་གནས་པའི་ཆོས་ཅན་གཞན་ལས་དངོས་པོ་འཕོ་བའི་ངོ་བོ་འཇིག་པ་ཡིན་པར་འདོད་ལ། དེ་ཡང་དེ་ལས་གཞན་མ་ཡིན་པ་དེའི་ཚེ་ངོ་བོ་ཉིད་གཉིས་སུ་ཁས་བླངས་པར་འགྱུར་རོ། །ཇི་ལྟར་རང་གི་འཇིག་པ་དང་མི་འཇིག་པ་ཡིན་ཞེ་ན། བཤད་པ། གལ་ཏེ་ངོ་བོ་ཉིད་
སྔ་མ་བདག་ཉིད་ཀྱིས་འཇིག་པ་ཡིན་ན། དེའི་ཚེ་འདིའི་འཇིག་པའི་ངོ་བོ་ཉིད་ཁོ་ནས་རང་འཇིག་པར་སྨྲས་པ་ཡིན་ནོ། །དེ་ལྟ་ན་ཡང་འཇིག་པའི་རྒྱུ་དོན་མེད་པ་ཡིན་ནོ། །འཇིག་པའི་རྒྱུས་བསྐྱེད་པའི་ངོ་བོ་ཉིད་ཕྱི་མ་གང་ཡིན་པ་དེ་ཡང་འཇིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། བདག་
ཉིད་འཇིག་པས་འཇིག་པའི་རྒྱུ་དོན་མེད་པ་ཡིན་ནོ། །འོན་ཏེ་ངོ་བོ་ཉིད་སྔ་མ་འཇིག་པའི་ངང་ཅན་མ་ཡིན་ན་དེའི་ཚེ་ཡང་བདག་ཉིད་ཀྱིས་མི་འཇིག་པར་སྨྲས་པ་ཡིན་ནོ། །མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་སྔ་མ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་པའི་རྣམ་པས་
ན་རྟག་པར་འདོད་པ་སྔ་མ་ལ་གཉི་ག་ལྟར་ཡང་འཇིག་པའི་རྒྱུ་ནུས་པ་མེད་དོ་ཞེས་བྱ་བར་གནས་སོ། །ཕ་རོལ་པོས་གཅིག་ལ་རྟག་པ་དང་། མི་རྟག་པའི་ངོ་བོ་ཉིད་གཉིས་ཀྱིས་ཉེས་པ་ཡོངས་སུ་སྤང་བའི་ཕྱིར། སྔར་རྟག་པར་འགྱུར་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་
པར་འདོད་པའི་དངོས་པོ་སྔར་རྟག་པར་འགྱུར་ནས། ཕྱིས་མི་རྟག་པར་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་འདི་ནི་ཕྱིས་ཀྱང་རྟག་པ་ཁོ་ནའོ། །འདིར་གཏན་ཚིགས་སུ་ངོ་བོ་ཉིད་གཅིག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདིའི་ངོ་བོ་ཉིད་གཅིག་ཡིན་པ་དེའི་ཕྱིར་འདི་ཕྱིས་མི་
เล่ม ๑๘๙ · หน้า 145a
རྟག་པ་ཉིད་ག་ལ་ཡིན་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། འོ་ན་དངོས་པོ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་འདི་རང་གི་ངོ་བོ་འཇིག་པ་དང་མ་འབྲེལ་མི་འགྱུར་ན། འོ་ན་འཇིག་པ་ཞེས་ཇི་སྐད་དུ་བྱ། མི་འགྱུར་བའི་
རང་གི་ངོ་བོ་ནི་ཐམས་ཅད་དུ་ཞིག་པ་ཉིད་དུ་རྟག་པར་རིག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར། དེའི་ངོ་བོ་ཉིད་དང་འཇིག་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པའི་ངོ་བོ་ཉིད་དང་འཇིག་པ་འདི་གཉིས་ནི་ཕན་ཚུན་གྱི་ངོ་བོ་ཉིད་མཚན་ཉིད་མི་འདྲ་བའི་ཕྱིར་ཏེ། འཇིག་
པ་དང་མི་འཇིག་པའི་ངོ་བོ་ཉིད་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་གཉིས་ལ་ཕན་ཚུན་གྱི་ངོ་བོ་ཡོད་པས་འདི་དག་ནི་ཕན་ཚུན་གྱི་ངོ་བོ་ཅན་ནོ། །ཕན་ཚུན་གྱི་ངོ་བོ་ཅན་མ་ཡིན་པ་ནི་ཕན་ཚུན་གྱི་ངོ་བོ་ཅན་མ་ཡིན་པའོ། །དེའི་
ངོ་བོ་ནི་དེ་ཉིད་དེའི་ཕྱིར་རོ། །མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་འདི་ལ་འཇིག་པ་ཡོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ནམ་ཡང་རུང་སྟེ་རྟག་པ་ཉིད་དུ་འདོད་པ་འདི་འཇིག་པར་འདོད་ན། དེའི་ཚེ་འདི་འཇིག་པའི་ངོ་བོ་ཉིད་ཁོ་ནར་འགྱུར་
དགོས་སོ། །དེ་ལྟ་མ་ཡིན་ན་འཇིག་པར་མི་རུང་སྟེ། དེ་ལྟ་ན་ཡང་འཇིག་པའི་རྒྱུ་དོན་མེད་པ་ཁོ་ནའོ་ཞེས་སྔར་བཤད་ཟིན་ཏོ། །མཇུག་བསྡུ་བའི་ཕྱིར། དེས་ན་དངོས་པོ་ངོ་བོ་ཉིད་ཀྱིས་འཇིག་པ་ཡིན་ཡང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ། སྤྲོས་པའི་ཚུལ་དེས་ན།
གལ་ཏེ་དངོས་པོ་འཇིག་པའི་ངང་ཅན་ཡིན་ཡང་རུང་། འོན་ཏེ་འཇིག་པའི་ངང་ཅན་མ་ཡིན་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་འཇིག་པའི་རྒྱུ་དགོས་པ་འགའ་ཡང་མེད་དོ། །དཀྱུས་མའི་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དངོས་པོ་འཇིག་པ་ལ་ལྟོས་པ་མེད་པས་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་སྐད་དུ་བཤད་པའི་རྣམ་པས་འཇིག་པའི་རྒྱུ་རྣམ་པ་ཐམས་ཅད་དུ་མི་འཐད་པ་དེའི་ཕྱིར། དངོས་པོ་ནི་འཇིག་པར་བྱ་བ་ལ་ཆུང་ཟད་ཀྱང་ལྟོས་པ་མེད་དོ། །དེའི་ཕྱིར་འཇིག་པར་ངེས་པར་གྲུབ་བོ། །འདིར་སྦྱོར་བ་ནི་གང་དག་གང་ཞིག་
เล่ม ๑๘๙ · หน้า 145b
ཡོད་པ་དེའི་ཕྱིར། ལྟོས་པ་མེད་པ་དེ་དག་ནི་དེ་ཡོད་པར་ངེས་པ་དག་ཡིན་ཏེ། དཔེར་ན་འབྲས་བུ་བསྐྱེད་པར་བྱ་བ་ལ་རྒྱུའི་ཚོགས་ཐ་མ་ལྟ་བུའོ། །དངོས་པོ་ཡང་འཇིག་པར་བྱ་བ་ལ་ལྟོས་པ་མེད་པ་ཡིན་ཏེ། དེ་ལྟ་བས་ན་དེ་ཡོད་པར་ངེས་པ་ཡིན་ནོ། །དེས་ཅི་ཞིག་གྲུབ་པར་འགྱུར་ཞེ་ན།
གང་ཡོད་པ་དེ་ནི་འཇིག་པ་ཡང་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡོད་པར་གྲུབ་ན་དངོས་པོ་གང་ལ་ལ་ཡོད་པ་དེ་ནི་གདོན་མི་ཟ་བར་འཇིག་པ་ཡིན་ལ་འཇིག་པའི་ངོ་བོ་ཉིད་ལོག་ན་ཐམས་ཅད་དུ་ཡོད་པ་ཉིད་ལྡོག་པས་དེ་ལྟར་ན་རྗེས་སུ་འགྲོ་བ་དང་། ལྡོག་པ་དག་གྲུབ་པ་ཡིན་ནོ། །
འདིར་ཕ་རོལ་པོས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་གྲུབ་པར་ཀླན་ཀ་བཙལ་བའི་ཕྱིར། གལ་ཏེ་ངོ་བོ་ཉིད་ཀྱིས་འཇིག་པ་ཉིད་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོད་པ་ཁ་ཅིག་འཇིག་པའི་རྒྱུ་མི་རུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་འཇིག་པའི་ངང་ཅན་ཡིན་དུ་ཆུག་ན་
ཡང་ཡོད་པ་ཐམས་ཅད་འཇིག་པའི་ངང་ཅན་དུ་འགྱུར་དགོས་སོ་ཞེས་བྱ་བ་འདི་གོ་ག་ལས། དེའི་ཕྱིར་ལ་ལར་ཡོད་ཀྱང་འཇིག་པའི་ངོ་བོ་ཉིད་མ་ཡིན་པར་འགྱུར་རོ། །ཡང་དོགས་པའི་རྒྱུ་ཅི་ཞིག་ཡིན་སྙམ་ན། ཐམས་ཅད་ཀྱི་ངོ་བོ་ཉིད་ཐམས་ཅད་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དངོས་པོ་ཐམས་ཅད་རང་གི་ངོ་བོ་གཅིག་པ་ནི་མ་ཡིན་ནོ། །དཔེར་ན་ཡོད་པ་ཉིད་དུ་འདྲ་ཡང་། ཁ་ཅིག་ནི་ཐོགས་པ་དང་བཅས་པ་ཡིན་ལ། ཁ་ཅིག་ནི་ཐོགས་པ་མེད་པ་ཡིན་ནོ། །བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། དེ་དང་འདྲ་བར་ཡོད་
པ་ཉིད་དུ་མཚུངས་ཀྱང་། ཁ་ཅིག་ནི་འཇིག་པའི་བདག་ཉིད་དུ་འགྱུར་ལ། ཁ་ཅིག་ནི་མི་འཇིག་པའི་བདག་ཉིད་དུ་འགྱུར་རོ། །དེའི་ཕྱིར་མ་ཁྱབ་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་གྲུབ་བོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པའོ། །གྲུབ་པའི་མཐའ་སྨྲ་བས། གནོད་
པ་ཅན་གྱི་ཚད་མ་བསྟན་པའི་ཕྱིར། མ་ཡིན་ཏེ། སྐད་ཅིག་མ་ཉིད་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་འཇིག་པའི་ངོ་བོ་ཉིད་དུ་མི་འདོད་པ་དེ་ནི་ཡོད་པ་ཉིད་དུ་མི་རུང་ངོ་། །དེའི་ཕྱིར་ཡོད་པ་ཡང་ཡིན་ལ། རྟག་པར་ཡང་འགྱུར་རོ་ཞེས་བྱ་བའི་འཁྲུལ་པར་ག་
เล่ม ๑๘๙ · หน้า 146a
ལ་འགྱུར། ཅིའི་ཕྱིར་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་ཞེ་ན། དེའི་ཕྱིར། དངོས་པོའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་དོན་བྱེད་ནུས་པ་དེ་ནི་དངོས་པོ་ཞེས་བྱའོ། །འོ་ན་དངོས་པོ་མེད་པའི་མཚན་ཉིད་ཅི་ཡིན་ཞེ་ན། ནུས་པ་
ཐམས་ཅད་དང་བྲལ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་དུ་ཡང་ནུས་པ་མེད་པ་དེ་ནི་དངོས་པོ་མེད་པ་ཞེས་བྱའོ། །དེ་ལ་འདི་སྙམ་དུ་སྐད་ཅིག་མ་མ་ཡིན་པ་ཡང་དོན་བྱེད་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། སྐད་ཅིག་མ་མ་ཡིན་པ་ནི་འགའ་ཡང་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་མ་ཡིན་པ་གང་ཡིན་པ་དེ་ནི་གང་དུ་ཡང་ནུས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། རིམ་དང་ཅིག་ཅར་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་དང་ཅིག་ཅར་མ་གཏོགས་པ་དུས་གཞན་མེད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་ནི། རིམ་གྱིས་
དོན་བྱེད་པར་ཡང་མི་འཐད་དེ། འདི་ལྟར་ལྷན་ཅིག་བྱེད་པ་ལ་ལྟོས་ནས་རིམ་གྱིས་དོན་བྱེད་པ་ཡིན་ན། རྟག་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་དོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་འདིས་ཅུང་ཟད་བྱ་བ་གང་ཡིན་པ་དེ་ཐམས་ཅད་ཅིག་ཅར་བྱེད་པར་འགྱུར་གྱི། རིམ་གྱིས་ནི་མ་ཡིན་ནོ།
ཅིག་ཅར་ཡང་མི་འཐད་དེ། འདི་ལྟར་བྱ་བ་ཐམས་ཅད་ཅིག་ཅར་བྱས་ནས་ཀྱང་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ཡང་བྱེད་པར་འགྱུར་ཏེ། སྐད་ཅིག་མ་གཉིས་པ་ལ་སོགས་པར་འདིའི་བྱ་བ་བྱེད་པའི་ངོ་བོ་ཉིད་ལྡོག་པ་ནི་མེད་དོ། །ལྷན་ཅིག་བྱེད་པ་ལ་མི་ལྟོས་པའི་ཕྱིར། སྐད་ཅིག་
མ་གཉིས་པ་ལ་སོགས་པ་ལ་བྱ་བ་བྱ་དགོས་པ་དེ་ཐམས་ཅད་ཀྱང་སྔོན་ཁོ་ན་བྱེད་པར་འགྱུར་ཏེ། དེ་ལྟར་ན་ཐུག་པ་མེད་པའི་འཁོར་ལོ་ལ་ཞོན་པའི་རྟག་པ་ཉོན་མོངས་བདག་ཉིད་ཀྱང་ཁྱབ་པར་འགྱུར་ལ། འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་འཁྲུལ་པ་ཡོངས་སུ་སྤངས་ནས།
མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་གང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་པས་ཁྱབ་པ་གྲུབ་བོ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ཇི་ལྟར་ཡང་འཁྲུལ་པ་མེད་པ་དེའི་ཕྱིར་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་ནི། སྐད་ཅིག་མ་ཁོ་ན་ཡིན་པས་ཁྱབ་པ་གྲུབ་བོ། །
เล่ม ๑๘๙ · หน้า 146b
རང་བཞིན་གྱི་གཏན་ཚིགས་ཀྱི་སྐབས་རྫོགས་སོ།། །།འབྲས་བུའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས། དོན་གཞན་ཤེས་པར་བྱ་བ་ལ་འབྲས་བུ་གཏན་ཚིགས་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་དོན་གཞན་རྟོགས་པར་འདོད་པ་དེའི་ཚེ་འབྲས་བུ་ཁོ་ན་གཏན་ཚིགས་སུ་བརྗོད་
པར་བྱའོ། །དོན་གཞན་ཞེས་བྱ་བ་ནི་བསྒྲུབ་པ་ལ་མ་གཏོགས་པའི་དངོས་པོ་གཞན་ལ་སྟེ། དངོས་པོ་གཞན་ཐ་དད་པ་གཞན་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱི་གཏན་ཚིགས་ནི་ཕན་ཚུན་ཟློག་པའི་བྱེ་བྲག་པས་བརྟགས་པའི་ཆོས་གཞན་ཤེས་པས་བྱེད་པ་ཡིན་པར་འདོད་
ལ། འབྲས་བུའི་གཏན་ཚིགས་ནི་དངོས་པོ་གཞན་ཤེས་པར་བྱེད་པ་ཡིན་པས་ཁྱབ་པར་ཡོད་དོ། །ཡང་ཅིའི་ཕྱིར་དོན་གཞན་རྟོགས་པར་བྱ་བ་ལ་འབྲས་བུ་ཁོ་ན་གཏན་ཚིགས་ཡིན་པར་འདོད་ཀྱི། གཞན་ཡང་མ་ཡིན་ཞེ་ན། དེའི་ཕྱིར་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་
ཏེ། རྒྱུ་ཞེས་བྱ་བ་བསྒྲུབ་པར་བྱ་བ་དོན་གཞན་གང་ཡིན་པ་དེ་དང་འབྲས་བུ་ཁོ་ནར་ལྷན་ཅིག་འཁྲུལ་པ་མེད་ཀྱི་གཞན་ནི་མ་ཡིན་ཏེ། དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པས་འབྲས་བུ་ཁོ་ན་དང་འབྲེལ་པའི་ཕྱིར་རོ། །འདི་ལྟར་དེའི་བདག་ཉིད་དང་། དེ་ལས་བྱུང་བའི་མཚན་ཉིད་
ཀྱི་འབྲེལ་པ་ལ། དེ་ལ་དེའི་བདག་ཉིད་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་འབྲེལ་པ་ཡིན་ལ། དེ་ལས་བྱུང་བའི་འབྲས་བུའི་གཏན་ཚིགས་ཀྱི་འབྲེལ་པ་ཡིན་ནོ། །དེའི་ཕྱིར་གཞན་དང་མ་འབྲེལ་པ་ཉིད་ཀྱི་མི་འཁྲུལ་པ་མེད་དོ། །གཞན་གྱི་འདོད་པའི་དོགས་པ་བསུ་བར། གལ་ཏེ་རྒྱུ་
དང་འབྲས་བུའི་དངོས་པོ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པས་བརྟགས་ཤེས་པར་བྱེད་པ་ཉིད་དུ་འདོད་ན། དེའི་ཚེ་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བ་དང་། ཤེས་པར་བྱེད་པའི་དངོས་པོར་
ཐལ་བར་འགྱུར་ཏེ། མེའི་སྤྱིའི་ཆོས་བཞིན་དུ་ཁྱད་པར་གྱི་ཆོས་རྣམས་ཀྱང་ཤེས་པར་བྱ་བ་ཡིན་པར་འགྱུར་ལ། དུ་བའི་ཡང་ཁྱད་པར་གྱི་ཆོས་བཞིན་དུ་སྤྱིའི་ཆོས་རྣམས་ཀྱང་ཤེས་པར་བྱེད་པ་ཡིན་པར་འགྱུར་རོ། །མེའི་སྤྱིའི་ཆོས་མེ་ཉིད་དང་རྫས་ཉིད་དང་ཡོད་པ་ཉིད་དང་ཤེས་
เล่ม ๑๘๙ · หน้า 147a
བྱ་ཉིད་ལ་སོགས་པ་ནི་ཤེས་པར་བྱ་བ་ཡིན་པར་འདོད་ཀྱི། ཁྱད་པར་གྱི་ཆོས་རྩྭའི་དང་ལོ་མའི་ལ་སོགས་པ་ནི་མ་ཡིན་ནོ། །དུ་བའི་ཡང་ཁྱད་པར་གྱི་ཆོས་དུ་བ་ཉིད་དང་སྔོ་བ་ཉིད་དང་། འཁྱིལ་པ་ཉིད་ལ་སོགས་པ་ཤེས་པར་བྱེད་པ་ཡིན་པར་འདོད་ཀྱི། སྤྱིའི་ཆོས་
རྫས་ཉིད་དང་། ཡོད་པ་ཉིད་དང་ཤེས་བྱ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོར་འགྱུར་ཞེ་ན། དེའི་ཕྱིར། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་
དུ་བ་དང་མེས་རྣམ་པ་ཐམས་ཅད་དུ། སྤྱི་དང་ཁྱད་པར་གྱི་ཆོས་དག་གིས་བསྐྱེད་པར་བྱ་བ་ཡིན་ལ། མེ་ཡང་དུ་བ་རྣམ་པ་ཐམས་ཅད་དུ་སྤྱི་དང་ཁྱད་པར་གྱི་ཆོས་དག་གིས་སྐྱེད་པར་བྱེད་པ་ཡིན་པ་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བ་དང་། ཤེས་པར་བྱེད་པའི་དངོས་པོར་
འགྱུར་རོ་ཞེས་བྱ་བ་ནི། ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། མ་ཡིན་ཏེ། དེ་མེད་པར་ཡང་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་མེད་ཀྱང་རྫས་ཉིད་ལ་སོགས་པ་འབྱུང་ལ། མེའི་ཁྱད་པར་མེད་ཀྱང་དུ་བ་ཙམ་འབྱུང་ངོ་། །དེའི་ཕྱིར། མེ་ཁོ་ན་
ལས་རྫས་ཉིད་ལ་སོགས་པ་འབྱུང་ལ། མེའི་ཁྱད་པར་ཁོ་ན་ལས་དུ་བ་ཙམ་དུ་འབྱུང་ངོ་ཞེས་བྱ་བ་དེ་ལྟ་བུའི་ངེས་པ་མེད་པའི་ཕྱིར། དེ་སྐད་སྨྲས་པའི་ཉེས་པར་ཐལ་བ་མེད་དེ། འདི་ལྟར་མེ་ལས་དུ་བ་ཞེས་བྱ་བའི་རྫས་འབྱུང་གི །ཆུ་ཞེས་བྱ་བ་ནི་མ་ཡིན་ལ། རྩྭའི་མེ་ལས་དུ་བ་འགའ་
ཁོ་ན་ཞིག་འབྱུང་གི །ཐམས་ཅད་ནི་མ་ཡིན་ནོ། །མཇུག་བསྡུ་བའི་སྒོ་ནས། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གིས་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་དཔྱད་པའི་ཕྱིར། དེ་ལྟ་བས་ན་རྒྱུའི་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྣམ་པ་ཐམས་
ཅད་དུ་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་ཡིན་པ་ནི་མེད་པ་དེའི་ཕྱིར་རྒྱུ་ལས་རྣམ་པར་གནས་པའི་ཆོས་ཇི་སྙེད་ཅིག་མེད་པར་འབྲས་བུ་མི་འབྱུང་བ་དེ་སྙེད་ཅིག་ན་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བ་
เล่ม ๑๘๙ · หน้า 147b
སྨོས་ཏེ། དེ་དག་ཁོ་ནའི་འབྲས་བུ་འདི་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ངེས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་སྤྱིའི་ཆོས་རྣམས་ཁོ་ནའི་འབྲས་བུ་དུ་བ་ཡིན་ནོ་ཞེས་ངེས་པར་བརྗོད་པ་ཡིན་ནོ། །དེ་ལྟར་རེ་ཞིག་བསྒྲུབ་པར་བྱ་བར་གཏོགས་པའི་ཆ་དཔྱད་པ་ཡིན་ནོ། །བསྒྲུབ་པར་
གཏོགས་པའི་ཆ་དཔྱད་པར་བྱ་བའི་ཕྱིར་གང་དག་དེ་དག་མེད་ན་མི་འབྱུང་བའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡང་དེའི་ཆོས། གང་དག་རྒྱུར་གཏོགས་པའི་ཆོས་དག་མེད་ན་མི་འབྱུང་བའི་ཆོས་དེ་དག་ཉིད་ཀྱིས་ཤེས་པར་བྱེད་པ་ཡིན་པར་རིག་པར་བྱའོ། །འདི་
སྐད་དུ། འབྲས་བུར་གཏོགས་པའི་ཁྱད་པར་གྱི་ཆོས་རྣམས་རྒྱུར་གཏོགས་པའི་སྤྱིའི་ཆོས་རྣམས་མེད་ན་མི་འབྱུང་སྟེ། དེ་ལྟ་བས་ན་དེ་དག་ཉིད་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོ་ཡིན་ནོ། །ཡང་གཞན་གྱི་ཚིག་གི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་ཆ་ཤས་
ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུར་གཏོགས་པའི་སྤྱིའི་ཆོས་ཁོ་ན་དག་མེད་པར་འབྲས་བུར་གཏོགས་པའི་ཁྱད་པར་གྱི་ཆོས་རྣམས་མི་འབྱུང་བ་ཡིན་ན། དེ་ལྟ་ན་ནི་འོ་ན་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དུ་གྱུར་ཏོ། །འདི་ལྟར་མེའི་ཁྱད་པར་གྱི་
ཆོས་རྣམས་ཀྱང་སྐྱེད་པར་བྱེད་པ་མ་ཡིན་ལ། དུ་བའི་ཡང་སྤྱིའི་ཆོས་རྣམས་བསྐྱེད་པར་བྱ་བ་མ་ཡིན་པར་ཐལ་བར་འགྱུར་ཏེ། བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་ནི་འདོད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་
སྨྲ་བས། མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བདག་ཉིད་ཐམས་ཅད་ཁོ་ནས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་ཡིན་གྱི། ཆས་ནི་མ་ཡིན་ནོ། །ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོ་ནི། ཤེས་པ་ལ་
ལྟོས་པ་ཡིན་གྱི། དངོས་པོ་འཇུག་པ་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་ལྟར་གལ་ཏེ་མེའི་ཁྱད་པར་གྱི་དུ་བའི་ཁྱད་པར་བསྐྱེད་པ་གང་ཡིན་པ་དེ་བཟུང་བར་ནུས་ན། དེའི་ཚེ་མེའི་ཁྱད་པར་ཤེས་པར་བྱ་བ་ཉིད་དུ་འདོད་པ་ཉིད་དེ། འདི་ལྟར་ཡང་ཨ་ཀ་རུའི་དུ་བ་མཐོང་བ་ལས་ཨ་
เล่ม ๑๘๙ · หน้า 148a
ཀ་རུའི་མེ་རྗེས་སུ་དཔག་པ་མཐོང་ངོ་། །གལ་ཏེ་སྤྱིའི་རྫས་ཉིད་ལ་སོགས་པ། རྟགས་ཀྱི་ཁྱད་པར་དུ་བས་ཁྱད་པར་དུ་བྱས་པ་དེ་ལྟ་བུ་དེ་དག་ཀྱང་བཟུང་ནུས་ན། དེའི་ཚེ་དེ་དག་ལས་ཀྱང་མེ་རྟོགས་པར་འགྱུར་བས་འདོད་པ་ཁོ་ན་སྟེ། གང་ཞིག་དུ་བ་ལ་ཡོད་པའི་རྫས་ཡིན་པའི་ཕྱིར། འདི་ན་
མེ་ཡོད་དོ་ཞེས་སྨྲ་ན་དེའི་རྗེས་སུ་དཔག་པ་ཡིན་པར་འགྱུར་རོ། །མེའི་ཁྱད་པར་དེས་བསྐྱེད་པར་བྱ་བ་ནི། དེས་བསྐྱེད་པར་བྱ་བའོ། །འདི་ནི་དེས་བསྐྱེད་པར་བྱ་བ་ཡང་ཡིན་ལ། ཁྱད་པར་ཡང་ཡིན་པས་དེས་བསྐྱེད་པར་བྱ་བའི་ཁྱད་པར་ཏེ། དུ་བ་ལ་ཡོད་པའི་ཁྱད་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་འཛིན་པ་ནི་དེས་
བསྐྱེད་པར་བྱ་བའི་ཁྱད་པར་འཛིན་པའོ། །རྟགས་ཀྱི་ཁྱད་པར་ནི། རྟགས་ཁྱད་པར་ཅན་ཏེ། སྤྱི་གང་དག་ལ་དེའི་ཁྱད་པར་བྱེ་བྲག་ཡོད་པ་དེ་དག་ནི་རྟགས་ཀྱི་ཁྱད་པར་གྱི་བྱེ་བྲག་ཅན་ནོ། །གལ་ཏེ་དེས་བསྐྱེད་པའི་ཁྱད་པར་འཛིན་པ་དང་རྟགས་ཀྱི་ཁྱད་པར་གྱི་བྱེ་བྲག་ཅན་གྱི་སྤྱི་འཛིན་ན་རྗེས་སུ་དཔག་པར་འདོད་དོ། །
འོ་ན་གང་གི་ཚེ་མི་འདོད་ཅེ་ན། ཁྱད་པར་ཅན་མ་ཡིན་པའི་སྤྱི་བརྗོད་པར་འདོད་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཁྱད་པར་ཅན་མ་ཡིན་པའི་དུ་བ་བརྗོད་པར་འདོད་པ་དང་། ཁྱད་པར་ཅན་མ་ཡིན་པའི་རྫས་ཉིད་ལ་སོགས་པ་སྤྱི་དག་བརྗོད་པར་འདོད་པ་དེའི་ཚེ། འཁྲུལ་པའི་ཕྱིར་རྗེས་སུ་དཔག་པར་མི་
འདོད་དོ། །འདི་ལྟར་མེའི་ཁྱད་པར་མེད་པར་ཡང་ཁྱད་པར་ཅན་མ་ཡིན་པའི་དུ་བ་འབྱུང་ལ། མེ་མེད་པར་ཡང་ཁྱད་པར་ཅན་མ་ཡིན་པའི་རྫས་ཉིད་ལ་སོགས་པ་འབྱུང་ངོ་། །དེ་ལྟ་བས་ན་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ནི། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པར་རྣམ་པར་གནས་སོ། །འདིར་ཕ་རོལ་པོས་
འཁྲུལ་པ་གླེང་བའི་གོ་སྐབས་ཀྱི་དོགས་པ་བསུ་བར། གལ་ཏེ་འགའ་ཞིག་རེས་འགའ་འགའ་ཞིག་ལས་བྱུང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དུ་བ་འགའ་ཞིག་དུས་རེས་འགའ་མེ་འགའ་ཞིག་ལས་བྱུང་དུ་ཆུག་ན་ཡང་། དུ་བ་ཐམས་ཅད་མེ་ལ་རག་ལས་ཏེ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་
ངེས་པ་འདི་གོ་ག་ལས། ངེས་པ་མ་གྲུབ་ན། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཁོ་ན་མི་འགྲུབ་བོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། མ་ཡིན་ཏེ། དེ་ལས་འབྱུང་བ་མ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དུ་བ་མེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་
เล่ม ๑๘๙ · หน้า 148b
མ་ཡིན་པར་གྱུར་ན། དེའི་ཚེ་ལན་འགའ་ཡང་མེ་དེ་ལས་འབྱུང་བར་མི་འགྱུར་ཏེ། བརྗོད་ཀྱང་དེ་ལས་འབྱུང་བར་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལ་མེ་དེ་ལས་འབྱུང་བའི་ངོ་བོ་ཉིད་ཡོད་པས་འདི་ནི་དེ་ལས་འབྱུང་བ་ཅན་ནོ། །དེ་ལས་འབྱུང་བ་ཅན་མ་ཡིན་པས་དེ་ལས་འབྱུང་བ་ཅན་
མ་ཡིན་པ་སྟེ། དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དུ་བ་མེས་བསྐྱེད་པར་བྱ་བ་ཡིན་པས་མེ་ལས་འབྱུང་སྟེ། དེས་ན་དེ་སྐད་དུ་བརྗོད་དམ་ཞེ་ན། དེའི་ཕྱིར། ཕན་ཚུན་ལྟོས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་དག་གི་བསྐྱེད་པར་བྱ་བ་དང་སྐྱེད་
པར་བྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཕན་ཚུན་ལྟོས་པ་ཡིན་ནོ། །འདི་ལྟར་དུ་བ་ཡང་མེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཀྱི་འབྲས་བུ་ཡིན་ལ། མེ་ཡང་དུ་བ་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཀྱི་རྒྱུར་འདོད་དོ། །ཕན་ཚུན་ལ་ལྟོས་པ་ནི་ཕན་ཚུན་ལྟོས་པའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ནི། བསྐྱེད་
པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གོ། །དེ་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་ཀྱང་ཡིན་ལ། ངོ་བོ་ཉིད་དག་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །གང་དག་ལ་དེ་དག་གི་མཚན་ཉིད་ཡོད་པ་དེ་དག་ནི། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅན་གྱི་རྒྱུ་དང་འབྲས་
བུ་དག་གོ། །གལ་ཏེ་འདི་གཉིས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཕན་ཚུན་ལྟོས་པ་ཡིན་དུ་ཆུག་ན་ཡང་། དེས་ན་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། དེ་ལ་གལ་ཏེ་དུ་བ་མེ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་དེ་ལྟར་གནས་པ་དེ་ལ་གལ་ཏེ་
དུ་བ་མེ་ལ་སོགས་པའི་ཚོགས་པ་སྤངས་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་གཞན་ལས་ཀྱང་འབྱུང་ན་ནི། དེའི་ཚེ་དུ་བ་མེ་ལ་སོགས་པའི་ཚོགས་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པས། ལན་འགའ་ཡང་དེ་ལས་འབྱུང་བར་མི་འགྱུར་ཏེ། དཔེར་ན་པདྨ་བཞིན་ནོ། །འདི་ལྟར་
མེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མེ་ལས་འབྱུང་བ་བཤད་ཀྱི། དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་གང་གིས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པ་དེ་ནི་ལན་འགའ་ཡང་དེ་ལས་མི་འབྱུང་སྟེ། དཔེར་ན་མེ་ལས་པདྨ་
เล่ม ๑๘๙ · หน้า 149a
ལྟ་བུའོ། །ཁྱོད་ཀྱི་ལུགས་ཀྱིས་ཀྱང་། དུ་བ་ནི་མེ་མ་ཡིན་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་མ་ཡིན་པ་འདི་ཡང་ཚོགས་པའི་དབང་གིས་འབྱུང་ངོ་སྙམ་དུ་སེམས་ན།
ཚོགས་པས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལ་སོགས་པའི་ཚོགས་པ་དེས་ཀྱང་དུ་བ་དེ་ལྟ་བུ་དེ་བསྐྱེད་པར་མི་འགྱུར་རོ། །ཅིའི་ཕྱིར། དེ་བསྐྱེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དུ་བ་བསྐྱེད་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་དུ་བ་གཞན་ལས་ཀྱང་འབྱུང་བ་དེའི་ཚེ་མེ་
ལ་སོགས་པའི་ཚོགས་པ་དུ་བ་སྐྱེད་པའི་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་དུ་བ་སྐྱེད་པར་འགྱུར། འདིར་དཔེར་ན། ཚོགས་པ་གཞན་བཞིན་ཏེ། ཇི་ལྟར་ཆུ་ལ་སོགས་པས་དུ་བ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་འདིས་ཀྱང་སྐྱེད་པར་མི་བྱེད་དོ། །དེ་ལ་འདི་སྙམ་དུ། དུ་བ་ནི་མེས་བསྐྱེད་པར་བྱ་བའི་
ངོ་བོ་ཉིད་ཀྱང་ཡིན་ལ། གཞན་གྱིས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཀྱང་ཡིན་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར། དུ་བ་ནི་དེ་དང་དེ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་ནི་མེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཀྱང་ཡིན་ལ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པའོ། །བསྐྱེད་པར་བྱ་བའི་
ངོ་བོ་ཉིད་ཀྱང་ཡིན་པར་འགྱུར་བར་འོས་པ་མ་ཡིན་ནོ། །དེ་དང་དེ་མ་ཡིན་པ་ནི་དེ་དང་དེ་མ་ཡིན་པ་དག་གོ། །དེ་དང་དེ་མ་ཡིན་པ་དག་གིས་བསྐྱེད་པར་བྱ་བ་ནི། དེ་དང་དེ་མ་ཡིན་པས་བསྐྱེད་པར་བྱ་བ་སྟེ། དེ་ཞེས་བྱ་བ་ནི་མེ་ལ་སོགས་པ་རྒྱུའོ། །དེ་མ་ཡིན་པ་ཞེས་བྱ་བ་ནི་བརྒྱ་བྱིན་གྱི་སྤྱི་བོ་ལ་
སོགས་པས་སོ། །ཅིའི་ཕྱིར། རིག་པ་མ་ཡིན་ཞེ་ན། ངོ་བོ་ཉིད་གཅིག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དུ་བ་ནི་ངོ་བོ་ཉིད་གཅིག་པ་ཡིན་ན། དེ་ཇི་ལྟར་དེ་དང་དེ་མ་ཡིན་པས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་དུ་འགྱུར་གལ་ཏེ་དེ་དང་དེ་མ་ཡིན་པས་བསྐྱེད་པར་བྱ་བའི་ཕྱིར་ངོ་བོ་ཉིད་གཅིག་པ་ཡིན་
པར་གྱུར་ན་ཉེས་བ་ཅི་ཡོད་ཅེ་ན། དུ་བ་དང་དུ་བ་མ་ཡིན་པར་བསྐྱེད་པའི་ངོ་བོ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་སྐྱེད་པའི་ངོ་བོ་ཉིད་ལས་འབྱུང་ན་ནི། དུ་བའི་ངོ་བོ་ཉིད་དུ་འགྱུར་ལ། དུ་བ་མ་ཡིན་པར་བསྐྱེད་པའི་ངོ་བོ་ཉིད་ལས་བྱུང་ན་ནི། དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་
เล่ม ๑๘๙ · หน้า 149b
འགྱུར་རོ། །དེའི་ཕྱིར་དུ་བ་དང་དུ་བ་མ་ཡིན་པའི་ངོ་བོས་དུ་བ་འགལ་བའི་ངོ་བོ་ཉིད་ཅན་དུ་གྱུར་ཏོ། །གལ་ཏེ་དུ་བ་དང་དུ་བ་མ་ཡིན་པར་བསྐྱེད་པའི་ངོ་བོ་ཉིད་ལས་སྐྱེས་པ་ཡིན་དུ་ཆུག་ཀྱང་། འོན་ཀྱང་དུ་བ་དང་དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་གོ་ཅིའི་ཕྱིར་འགྱུར་ཞེ་ན། འབྲས་བུའི་ངོ་བོ་ཉིད་
རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། རྒྱུའི་ངོ་བོ་ཉིད་ཀྱིས་བྱས་པ་ཡིན་ནོ། །དེའི་ཕྱིར་དུ་བ་དང་དུ་བ་མ་ཡིན་པ་བསྐྱེད་པའི་ངོ་བོ་ཉིད་ལས་འབྱུང་ན། ཇི་ལྟར་དུ་བ་དང་དུ་བ་མ་ཡིན་པའི་ངོ་བོ་ཉིད་དུ་མི་འགྱུར། དེ་ལ་འདི་སྙམ་དུ་
འབྲས་བུ་རྣམས་ཀྱི་ངོ་བོ་ཉིད་ནི་རྒྱུའི་ངོ་བོ་ཉིད་ཀྱིས་བྱས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར། རྒྱུ་ལ་མི་ལྟོས་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲས་བུའི་ངོ་བོ་ཉིད་རྒྱུའི་ངོ་བོ་ཉིད་ལ་མི་ལྟོས་ན། དེའི་ཚེ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་
པ་ཅན་ཉིད་ཡིན་ན་ནི། ཡུལ་དང་དུས་དང་རྣམ་པ་སོ་སོར་ངེས་པར་མི་འགྱུར་རོ། །མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་དུ་བ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མེ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། གང་ཞིག་དུ་བ་སྐྱེད་པར་བྱེད་
པ་དེ་ནི་མེ་ལ་སོགས་པའི་ཚོགས་པའི་ཁྱད་པར་ཡིན་ལ། དུ་བ་ཡང་མེ་ལ་སོགས་པའི་ཁྱད་པར་ལས་བྱུང་བ་གང་ཡིན་པ་དེ་ཁོ་ན་ཡིན་པར་བལྟའོ། །འདི་ལྟར་འཇིག་རྟེན་ན་གང་ཞིག་ཚ་བར་བྱེད་པ་དང་འཚེད་པར་བྱེད་པ་དང་། དུ་བ་སྐྱེད་པར་བྱེད་པ་དེ་ནི་མེ་ཡིན་པར་གྲགས་ལ།
གང་ཞིག་མེས་བསྐྱེད་ཅིང་མིག་དག་ནས་མཆི་མ་འཛག་པར་བྱེད་པ་དང་། ནག་པོར་བྱེད་པ་དང་། གྲེ་བ་ལ་གནོད་པར་བྱེད་པ་ནི་དུ་བ་ཡིན་པར་གྲགས་སོ། །དེ་ལྟར་མེ་དང་དུ་བ་དག་ཕན་ཚུན་ལྟོས་པའི་ངོ་བོ་ཉིད་དུ་བསྟན་ནས། ཀླན་ཀ་སྔ་མ་ཡོངས་སུ་སྤང་བའི་ཕྱིར། དེ་ལྟར་ན་རྒྱུ་དང་
འབྲས་བུ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་རྒྱུ་དང་འབྲས་བུ་དག་གི་ངོ་བོ་ཉིད་ངེས་པ་དེའི་ཕྱིར། རིགས་མི་མཐུན་པ་ལས་འབྱུང་བ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་རིགས་མི་མཐུན་པ་ལས་འབྱུང་བར་མ་གྱུར་དུ་ཆུག་ན་ཡང་། དེས་ན་དངོས་སུ་
เล่ม ๑๘๙ · หน้า 150a
ཅི་ཞིག་གྲུབ་ཅེ་ན། དེའི་ཕྱིར། དེ་ལྟ་བས་ན་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རིགས་མི་མཐུན་པ་ལས་འབྱུང་བ་བཀག་པ་དེའི་ཕྱིར་འབྲས་བུས་རྒྱུ་འཁྲུལ་པ་མེད་དོ་ཞེས་བྱ་བར་གནས་སོ། །དེ་ལྟ་ཡིན་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེས་རྒྱུ་
དང་འབྲས་བུའི་དངོས་པོ་གྲུབ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་སྤྲོས་ཏེ་བཤད་པ་དེས་རྒྱུ་དང་འབྲས་བུའི་དངོས་པོ་འཁྲུལ་པ་མེད་པར་གྲུབ་ན། ཤེས་པར་བྱ་བ་དང་། ཤེས་པར་བྱེད་པ་བསམ་པ་ལ་དུ་བ་ལ་སོགས་པ་འབྲས་བུ་ལ་མེ་ལ་སོགས་པ་རྒྱུས་ཁྱབ་པ་གྲུབ་པ་ཡིན་ནོ། །
འདིར་གཞན་གྱི་འཁྲུལ་པ་ཀུན་དུ་བསྟན་པའི་ཕྱིར། རིགས་མི་མཐུན་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཡོངས་སུ་མཐོང་བ་ལ་མ་གཏོགས་པ་རྒྱུ་རིགས་མི་མཐུན་པ་ལས་ཀྱང་། འབྲས་བུ་ཅུང་ཟད་འབྱུང་བ་མཐོང་སྟེ། དེའི་ཕྱིར་འཁྲུལ་པ་སྲིད་ན། ཇི་ལྟར་འབྲས་བུ་
ལ་རྒྱུས་ཁྱབ་པ་གྲུབ་པར་འགྱུར། འཁྲུལ་པ་དེ་ཉིད་བསྟན་པའི་ཕྱིར། དཔེར་ན་བ་ལང་གི་ལྕི་བ་ལ་སོགས་པ་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཤ་ལུ་ཀ་རང་གི་ས་བོན་ལས་རབ་ཏུ་སྐྱེ་བ་ཡང་བ་ལང་གི་ལྕི་བ་ལ་སོགས་པ་ལས་སྐྱེ་བ་མཐོང་ངོ་། །སོགས་པ་ཞེས་བྱ་བའི་སྒྲས་ནི། རྭ་ལས་
འདམ་བུ་དང་བ་ལང་གི་སྤུ་དང་། ལུག་གི་བལ་དག་ལས་རྩྭ་དཱུར་བ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་བསྡུའོ། །གྲུབ་པའི་མཐའ་སྨྲ་བས། རིགས་མི་མཐུན་པ་ལས་འབྱུང་བ་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བ་ལང་གི་ལྕི་བ་ལ་སོགས་པ་ལས་ཤ་ལུ་ཀ་ལ་སོགས་པ་འབྱུང་བ་ནི། རིགས་མི་མཐུན་པ་
ལས་འབྱུང་བ་མ་ཡིན་ནོ། །གང་གི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པའི་རྣམ་པ་དེ་ལྟ་བུ་ཁོ་ན་ཤ་ལུ་ཀ་ལ་སོགས་པ་དང་པོར་འབྱུང་བ་དེ་འདྲ་བ་རྣམས་ཀྱི་དང་པོའི་རྒྱུ་མཚན་ཉིད་ཡིན་པ་དེའི་ཕྱིར་བ་ལང་གི་ལྕི་བ་ལ་སོགས་པ་རྒྱུ་རིགས་མི་མཐུན་པ་ཉིད་ཀྱི་ཐ་དད་པ་མ་ཡིན་ནོ། །ཅི་སྟེ་ཐམས་
ཅད་དུ་རྭ་ལས་འདམ་བུ་མི་འབྱུང་ཞེ་ན། དེའི་ཕྱིར་རྒྱུན་གྱིས་འབྱུང་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདམ་བུ་དང་པོ་ཉིད་དུ་འབྱུང་བའི་རྒྱུ་ནི་རྭ་ཁོ་ན་ཡིན་ནོ། །དེ་ལྟར་བྱུང་བ་ཕྱིས་རྒྱུན་ཆགས་པར་འབྱུང་བ་ནི་རྭ་ལས་བྱུང་བ་མ་ཡིན་ནོ། །འདི་སྐད་དུ། འདམ་བུ་རྣམས་ཀྱི་དང་པོའི་རྒྱུ་མཚན་
เล่ม ๑๘๙ · หน้า 150b
ནི་རྣམ་པ་ཐམས་ཅད་དུ་རྭ་ཁོ་ན་ཡིན་ལ། ཕྱིས་ན་དེ་དག་རིགས་མཐུན་པ་སྔ་མ་སྔ་མ་དག་ལས་ཕྱི་མ་ཕྱི་མ་འབྱུང་སྟེ། དཔེར་ན་དུ་བ་དང་པོ་ནི་མེ་ལས་ཉེ་བར་འབྱུང་ལ། དེའི་འོག་རོལ་གྱི་དུས་སུ་འབྱུང་བ་སྐད་ཅིག་མ་རྣམས་ནི། རིགས་མཐུན་པའི་སྐད་ཅིག་མའི་རྒྱུ་མཚན་ཅན་མ་ཡིན་པ་ལྟ་
བུའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་རེ་ཞིག་རྒྱུ་རིགས་མི་མཐུན་པ་ཉིད་བཀག་པ་ཡིན་ནོ། །ད་ནི་རིགས་མི་མཐུན་པ་ཉིད་ཁས་བླངས་ནས་འཁྲུལ་པ་ཡོངས་སུ་སྤང་བའི་ཕྱིར། ཡང་ན་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེས་པ་ཅན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་གི་ལྕི་བ་
དང་ཅིག་ཤོས་ལས་སྐྱེས་པའི་ཤ་ལུ་ཀ་དག་རྣམ་པ་འདྲ་མོད་ཀྱི། འོན་ཀྱང་དེ་གཉིས་ཀྱི་ངོ་བོ་ཉིད་རོ་དང་། ནུས་པ་དག་རྣམ་པར་སྨིན་པ་ཐ་དད་པ་ཡོད་པ་ཁོ་ནའོ། །གང་དག་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེ་བ་ཡོད་པ་དེ་དག་ནི་བ་ལང་གི་ལྕི་བ་དང་ཅིག་ཤོས་ལས་སྐྱེ་བ་ཅན་དག་གོ། །ཅིག་ཤོས་ཞེས་བྱ་
བའི་སྒྲས་ནི། རང་གི་ས་བོན་ཡོངས་སུ་བཟུང་ངོ་། །རྣམ་པ་འདྲ་བ་རྣམས་ངོ་བོ་ཉིད་ཀྱང་འདྲ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དངོས་པོ་རྣམས་ཀྱི་རྣམ་པར་མཚུངས་པ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་མཚུངས་པ་དག་གིས་ཐམས་ཅད་ངོ་བོ་ཉིད་མཚུངས་པར་འགྱུར་རོ་ཞེས་བྱ་བའི་ངེས་པ་
གང་ཡིན་པ་འདི་ནི་མེད་དོ། །དེ་ཉིད་ཀྱི་རྒྱུ་ཞེས་བྱ་བ་ནི་ངོ་བོ་ཉིད་གཅིག་པའི་རྒྱུའོ། །ཅིའི་ཕྱིར་རྒྱུ་མ་ཡིན་ཞེ་ན། རྣམ་པ་ཐ་དད་པ་མ་ཡིན་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་པོ་ཁ་ཅིག་རྣམ་པ་མཚུངས་ཀྱང་ཁྱད་པར་འགའ་ཞིག་གིས་རིགས་ཐ་དད་པ་མཐོང་ངོ་། །འདི་ལྟར་ལ་
ལ་ལ་ནི་མེ་ཏོག་ལས་ཐ་དད་པར་མཐོང་སྟེ། ཤུར་པ་ཀ་མེ་ཏོག་སྔོན་པོ་དང་། ཅིག་ཤོས་ཅན་དག་ལྟ་བུའོ། །ལ་ལ་ལ་ནི་འབྲས་བུ་ལས་ཏེ་ཀར་ཀོ་ཏ་འབྲས་བུ་མེད་པ་དང་ཅིག་ཤོས་ལྟ་བུའོ། །ལ་ལ་ལ་ནི་རོ་ལས་ཏེ་ནགས་ཀྱི་དང་ཅིག་ཤོས་ཀྱི་རྒྱལ་མོ་ག་གོན་དག་ལྟ་བུའོ། །ལ་ལ་ལ་ནི་དྲི་ལས་ཏེ་ཤིང་
ལྗོན་པ་དང་ཅིག་ཤོས་ལས་སྐྱེ་བའི་ཙམ་པ་ཀ་དག་ལྟ་བུའོ། །ལ་ལ་ལ་ནི་མཐུ་ལས་ཏེ་རེག་པ་དང་སྤྱད་པས་འཁྲུ་བའི་ཨ་རུ་ར་དག་ལྟ་བུའོ། །ཡང་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེ་བ་དག་ངོ་བོ་ཉིད་གཅིག་པ་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟ་མ་ཡིན་ཏེ། ཚོགས་པ་མཚན་ཉིད་མི་འདྲ་བ་ལས་
เล่ม ๑๘๙ · หน้า 151a
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུའི་ཚོགས་མཚན་ཉིད་མི་འདྲ་བ་ལས་ཀྱང་འབྲས་བུའི་མཚན་ཉིད་མི་འདྲ་བ་མ་ཡིན་པ་ཁས་ལེན་ན། དེའི་ཚེ་རྒྱུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་ལས་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་མི་འགྲུབ་བོ། །དེའི་ཕྱིར་ཁམས་
གསུམ་གྱི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ། །གལ་ཏེ་རྒྱུ་མཚན་ཉིད་མི་འདྲ་བ་ལས་འབྲས་བུ་མཚན་ཉིད་མི་འདྲ་བ་མ་ཡིན་པ་འབྱུང་ན་རྒྱུའི་ཐ་དད་པ་ལས་འབྲས་བུའི་ཐ་དད་པར་མི་འགྱུར་དུ་ཆུག་ན་ཡང་། མཚན་ཉིད་མི་འདྲ་བ་མ་ཡིན་པ་ལས་འབྱུང་བ་གོ་ཅིའི་ཕྱིར་
ཐ་དད་པར་མ་ཡིན་པར་མི་འགྱུར་ཞེ་ན། དེའི་ཕྱིར། འདི་ལྟར་ཐ་དད་པ་ལས་ཐ་དད་པ་མ་ཡིན་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྒྱུ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་མི་འགྲུབ་པ་དེའི་ཚེ་རྒྱུ་ཐ་དད་པ་མ་ཡིན་པ་ལས་ཀྱང་། འབྲས་བུ་ཐ་དད་པ་མ་ཡིན་པ་མི་འགྲུབ་བོ། །ཡང་ཐ་དད་པ་
དང་ཐ་དད་པ་མ་ཡིན་པ་དེ་དག་རྒྱུ་མེད་པ་ཅན་ཡིན་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། དེ་ལ་མ་གཏོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཁོ་ནར་ཟད་ཀྱི། དེ་ལ་མ་གཏོགས་པའི་དངོས་པོ་གཞན་ནི་མེད་དོ། །གལ་ཏེ་དེ་གཉིས་རྒྱུ་མེད་པ་ཅན་ཡིན་
ན། དེའི་ཚེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཅན་དུ་འགྱུར་རོ། །རྒྱུ་མེད་པ་ཅན་ཉིད་གཅིག་ཡིན་ན་ནི་དངོས་པོ་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་རོ། །འདིར་གཏན་ཚིགས་སུ། ལྟོས་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་བསྟན་པའི་ཕྱིར། དངོས་པོ་རྣམས་ནི་ལྟོས་པའི་ཕྱིར་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་རེས་འགའ་བ་གང་ཡིན་པ་འདི་ནི་ལྟོས་པར་བྱས་པ་ཡིན་ཏེ། འདི་ལྟར་དེ་དག་ཅུང་ཟད་ཅིག་ལ་ལྟོས་ན། དུས་གཞན་དུ་ཤོལ་བར་འགྱུར་རོ། །རེས་འགའ་ཡོད་པ་ནི་རེས་འགའ་བ་དག་སྟེ། རེས་འགའ་བ་སྨོས་པ་ནི་ཉེ་བར་མཚོན་པར་ཟད་པས་ཡུལ་དང་ངོ་
བོ་ཉིད་སོ་སོར་ངེས་པ་ཡང་བལྟ་བར་བྱའོ། །འདི་སྐད་དུ་ཇི་ལྟར་རྒྱུ་ཡོད་ན་འབྲས་བུ་ཡོད་ལ། རྒྱུ་མེད་ན་མེད་པ་དེ་བཞིན་དུ་རྒྱུ་ཐ་དད་པས། འབྲས་བུ་ཐ་དད་ལ་ཐ་དད་པ་མ་ཡིན་ན་ཐ་དད་པ་མ་ཡིན་པར་གདོན་མི་ཟ་བར་ཁས་བླང་དགོས་སོ། །གཏན་ཚིགས་གཞན་བསྒྲུབ་པར་བྱ་བ་དག་ལ་སྒྲུབ་པ་ཉེ་བར་སྦྱོར་
เล่ม ๑๘๙ · หน้า 151b
བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་ཅན་ཉིད་ཡིན་ནོ། །བསྒྲུབ་པར་བྱ་བ་དག་ལ་སྒྲུབ་པ་རྣམས་ཀྱི་སྦྱོར་བ་སོ་སོར་ངེས་པ། ནས་ཀྱི་མྱུ་གུ་ལ་ནས་ཁོ་ན། སཱ་ལུའི་མྱུ་གུ་རྣམས་ཁོ་ན་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེར་ཡང་མི་འགྱུར། ཅིའི་ཕྱིར་མི་འགྱུར་ཞེ་ན། རྒྱུའི་ནུས་པ་སོ་སོར་ངེས་ན་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་རྣམས་ཀྱི་ནུས་པ་སོ་སོར་ངེས་པ་དག་ཡིན་ན་དེའི་ཚེ། འགའ་ཞིག་འགའ་སྒྲུབ་པར་བྱེད་པ་གཟུང་བར་རིགས་ཀྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་གཞན་མ་ཡིན་ཞེ་ན། དེ་ཁོ་ན་དེ་ལ་ནུས་པའི་ཕྱིར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ནས་ཀྱི་ས་བོན་
ཁོ་ན་ནས་ཀྱི་མྱུ་གུ་ལ་ནུས་ཀྱི། སཱ་ལུའི་ས་བོན་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་དེའི་ཚོགས་པ་ཞེས་བྱ་བའི་རྒྱུ་ཁོ་ན་དེ་ལ་ནུས་ཀྱི། གཞན་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར། དེ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སཱ་ལུ་དང་ནས་ཀྱི་ས་བོན་དེ་དག་ནི་སཱ་ལུ་དང་ནས་ཀྱི་མྱུ་གུ་སྐྱེད་པར་བྱེད་པ་ཉིད་ཀྱིས་
ཐ་དད་པར་རྣམ་པར་གནས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་གལ་ཏེ་མཚན་ཉིད་མི་འདྲ་བ་ལས་ཀྱང་སྐྱེ་བར་འགྱུར་ན་འགྱུར་དུ་ཟད་མོད། ཉེས་པ་ཅི་ཡོད་ཅེ་ན། དེ་བསྐྱེད་པའི་ངོ་བོ་ཉིད་དང་མཚན་ཉིད་མི་འདྲ་བ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དུ་བ་སྐྱེད་པའི་ངོ་བོ་ཉིད་དང་མཚན་ཉིད་མི་
མཐུན་པ། བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་དུ་བ་འབྱུང་བ་ཁས་ལེན་ན། དེའི་ཚེ་མེ་ཁོ་ན་དུ་བ་སྐྱེད་པར་ནུས་སོ་ཞེས་བྱ་བའི་ནུས་པ་འདིར་མི་འགྱུར་རོ། །ངེས་པ་མེད་ན་ནི། དུ་བ་གང་ཡང་རུང་བ་ལས་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་ན་ནི་དངོས་པོ་ཐམས་ཅད་གང་ཡང་རུང་བ་ལས་སྐྱེ་བར་འགྱུར་རོ། །དེ་
ལ་འདི་སྙམ་དུ་གཞན་ཡང་དེ་སྐྱེད་པར་ནུས་སུ་ཟད་མོད། ཁོ་བོ་ལ་གནོད་པ་ཅི་ཡོད་སྙམ་ན། དེའི་ཕྱིར། དེ་སྐྱེད་པར་ནུས་པར་མཚུངས་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ལ་ཡང་དུ་བ་སྐྱེད་པར་ནུས་པ་ཡོད་ན་ནི། །དེའི་ཚེ་དེ་ཡང་མེ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལེགས་
པར་རྣམ་པར་ཕྱེ་བའི་འབྲས་བུས་ནི། རྒྱུ་འཁྲུལ་པ་མེད་པས་ཁྱབ་པ་གྲུབ་བོ། །ཁ་ཅིག་ན་རེ། དུ་བ་ལས་ཀྱང་དུ་བ་འབྱུང་བ་ལས་འཁྲུལ་པའི་ཉེས་པ་དེའི་སོ་ན་འདུག་གོ་ཞེས་ཟེར་བ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ནི་དུ་བ་འདིའི་སྐད་ཅིག་མ་དང་པོ་ནི་འདིའོ་ཕྱི་མ་ནི་འདིའོ་
เล่ม ๑๘๙ · หน้า 152a
ཞེས་བྱ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་སྐད་ཅིག་མ་རྣམ་པར་དབྱེ་བ་ནི་མི་ཤེས་སོ། །མི་ཤེས་པས་སྐད་ཅིག་མ་ཐམས་ཅད་གཅིག་པ་ཉིད་དུ་འཛིན་ལ། གཅིག་པ་ཉིད་དུ་བཟུང་ནས་དུ་བ་ཐམས་ཅད་མེ་ལས་རབ་ཏུ་འབྱུང་བར་ཤེས་ཏེ། རྗེས་སུ་དཔག་པ་དང་། རྗེས་སུ་དཔག་པར་བྱ་
བའི་ཐ་སྙད་ཀྱང་ཇི་ལྟར་གྲགས་པ་ཡིན་པར་ཟད་མོད་ཀྱི། དངོས་པོ་ཇི་ལྟ་བ་བཞིན་ནི་མ་ཡིན་ནོ། །འོན་ཏེ་མཁས་པ་བློ་གྲོས་ཅན་འགའ་ཞིག་གིས་སྐད་ཅིག་མའི་རྣམ་པར་དབྱེ་བ་ཤེས་པར་གྱུར་ན། དེས་ཀྱང་ཡོངས་སུ་སྣང་བའི་དུ་བའི་རྒྱུན་དང་པོ་མེ་ལས་རབ་ཏུ་འབྱུང་བ་ཁོ་ནའོ་ཞེས་ཤེས་པས། འདི་ལྟར་
འདི་ན་དུ་བའི་སྐད་ཅིག་མ་སྣང་བ་གང་ཡིན་པ་འདི་ནི་མེ་ལས་བརྒྱུད་དེ་བྱུང་བ་ཡིན་ནོ་སྙམ་དུ་རྗེས་སུ་དཔོག་པར་བྱེད་པ་ལ། མེ་ཡང་མངོན་སུམ་དང་བརྒྱུད་པས་དུ་བ་ཐམས་ཅད་ཀྱི་རྒྱུར་འདོད་དེ། གལ་ཏེ་མེ་དེ་མེད་པར་གྱུར་ན་དུ་བའི་སྐད་ཅིག་མའི་རྒྱུན་འཇུག་པ་རྣམས་འབྱུང་བར་མི་འགྱུར་རོ། །དེ་ལྟར་རེ་
ཞིག་རྗེས་སུ་དཔག་པ་རྣམ་པར་གཞག་པ་ཡིན་ནོ། །དངོས་པོའི་སྒོ་ནས་ཀྱང་འཁྲུལ་པ་མེད་པ་ཁོ་ན་སྟེ། ཇི་ལྟར་མེའི་རྒྱུ་མཚན་ཅན་གྱི་སྐད་ཅིག་མ་དང་པོ་གང་ཡིན་པ་དེ་ནི་གཞན་ལས་མི་འབྱུང་ལ་དུས་ཕྱིས་འབྱུང་བ་ཅན་གང་དག་ཡིན་པ་དེ་དག་ཀྱང་ནམ་ཡང་མེ་ལས་མངོན་སུམ་དུ་མི་འབྱུང་ངོ་། །དེ་
ལྟར་ན་རེ་ཞིག་ནི་འབྲས་བུའི་གཏན་ཚིགས་འཁྲུལ་པ་མེད་པར་བསྟན་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱི་སྐབས་རྫོགས་སོ།། །།མི་དམིགས་པའི་དབང་དུ་བྱས་ནས། །དམིགས་པའི་རིག་བྱར་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ཞིག་དམིགས་པའི་རིག་བྱར་གྱུར་པ་ཡིན་
ན། དེ་མི་དམིགས་པ་ནི་དངོས་པོ་མེད་པའམ། དངོས་པོ་མེད་པར་ཐ་སྙད་གདགས་པ་བསྒྲུབ་པར་བྱ་བའི་གཏན་ཚིགས་ཏེ། འམ་ཞེས་བྱ་བའི་སྒྲ་ནི་གང་དུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཐ་དད་པ་དེར་ནི་དངོས་པོ་མེད་པའི་གཏན་ཚིགས་ཡིན་ལ། གང་དུ་ཐ་དད་པ་མ་ཡིན་པ་དེར་ནི་མེད་པར་ཐ་
སྙད་གདགས་པའི་གཏན་ཚིགས་ཡིན་ནོ་ཞེས་རྣམ་པར་རྟོག་པ་ཤེས་པར་བྱ་བའི་ཕྱིར་རོ། །དམིགས་པ་ནི་དམིགས་པར་བྱེད་པ་སྟེ། ཡོངས་སུ་གཅོད་པ་དང་། ཤེས་པར་བྱེད་པའི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པའི་རིག་བྱ་ནི་དམིགས་པའི་རིག་བྱའོ། །ཤེས་པར་བྱ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด