དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๒ · หน้า 28b
ཉམས་སུ་མྱོང་བའི་རྒྱུ་ཁྱད་པར་ཅན་གྱི་སྦྲང་བུ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་ཉིད་སྒྲ་གཞན་གྱིས་གཏན་ཚིགས་ཉིད་དུ་བསྟན་པའི་ཕྱིར། གཏན་ཚིགས་དང་དམ་བཅའ་བ་དག་ཁྱད་པར་མེད་དོ། །གང་གི་ཚེ་བབས་པ་ཞེས་བྱ་བའི་ཁྱད་པར་མི་ལེན་གྱི་སྐྱེ་བ་ཐོབ་པའི་ཕྱིར་ཞེས་བྱ་བ་སྤྱིར་གཏན་ཚིགས་
སུ་བརྗོད་པ་དེའི་ཚེ་དམ་བཅའ་བའི་ཕྱོགས་གཅིག་པ་མ་ཡིན་ནོ་ཞེས་བྱ་བར་འདོད་ན་འདི་ལ་བབས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་བུ་གཞན་གྱིས་བྱས་པའི་ཚོར་བས་འཁྲུལ་པར་འགྱུར་དུ་འོང་བའི་ཕྱིར་གདོན་མི་ཟ་བར་ཁྱད་པར་བྱ་དགོས་སོ། །ཅི་སྟེ་རྒྱུ་དང་འབྲས་བུའི་ཐ་སྙད་བརྗོད་པ་དེ་
ལ་བསྒྲུབ་པ་དེ་ལྟར་ཡིན་ན་གཏན་ཚིགས་ཚུལ་གསུམ་པར་འགྱུར་ཏེ། རྒྱུ་དང་འབྲས་བུར་རབ་ཏུ་གྲགས་པའི་མེ་དང་དུ་བ་ལ་སོགས་པ་དཔེ་ཉིད་དུ་ཡོད་པའི་ཕྱིར་རོ། །མིག་ནི་གཟུགས་འཛིན་བྱ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། ཆོས་ཅན་རང་བཞིན་མིག་ལ་ནི། །ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་ནི་སྒྲུབ་བྱེད་ཉིད་མི་རིགས་ཞེས་བྱ་བར་གཅོད་དོ། །མ་གྲུབ་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་འཁྲུལ་པ་དང་འགལ་བ་དག་བཟུང་ངོ་། །ཡོད་པ་བསྒྲུབ་པར་བྱ་བ་ཡིན་ན་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་གསུམ་ལས་མི་འདའ་སྟེ། འདི་ལྟར་
ཡོད་པའི་ཆོས་གཞན་གཏན་ཚིགས་ཡིན་ནམ་མ་གྲུབ་ལ། གཉི་གའི་ཆོས་ཡིན་ན་མ་ངེས་པ་ཡིན་ཞིང་། མེད་པའི་ཆོས་ཡིན་ན་འགལ་བ་ཉིད་ཡིན་ཏེ། ཇི་སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །གཉི་ག་ལ་བརྟེན་འཁྲུལ་པ་དང་། །མེད་པའི་ཆོས་ནི་འགལ་ཡིན་ན། །ཇི་ལྟར་ཡོད་
དེ་བསྒྲུབ་བྱ་ཡིན། །ཞེས་བཤད་པ་བཞིན་ནོ། །ཅི་སྟེ་ཆོས་ཅན་མིག་ལ་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་ཡང་ནུས་པ་དང་ཡོད་པ་ལ་སོགས་པ་རྣམ་གྲངས་ཡིན་པའི་ཕྱིར། དེ་བསྒྲུབ་པ་ན་ཡོད་པ་བསྒྲུབ་པར་ཐལ་བར་འགྱུར་རོ། །ཐ་དད་ན་ཡང་དེ་ནི་
དབང་པོ་ལས་འདས་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གཟུགས་འཛིན་པའི་ཕྱིར་ཞེས་བྱ་བ་འདི་ཡང་ཕྱོགས་ཆོས་མེད་པའི་ཕྱིར་མ་གྲུབ་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་ཁྱེད་ཅག་ལ་ཡང་མིག་ལ་སོགས་པ་འགྲུབ་པར་འགྱུར་ཞེ་ན། འོན་
เล่ม ๑๙๒ · หน้า 29a
ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེས་འགའ་ཞེས་བྱ་བ་ནི་མིག་བཙུམས་པའི་གནས་སྐབས་ནའོ། །ཁོ་བོ་ཅག་གི་དངོས་སུ་མིག་ལ་སོགས་པ་འདི་ལྟ་བུ་ཞིག་གོ་ཞེས་གྲུབ་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་ཤེས་པ་གཟུགས་ལ་སོགས་པ་འགའ་ཞིག་ལ་རྗེས་སུ་འགྲོ་བ་དང་
ལྡོག་པའི་རྗེས་སུ་བྱེད་པར་མཐོང་བ་དེ་ནི་རྒྱུ་གཞན་ལ་ལྟོས་པ་དང་དེ་ཙམ་གྱིས་མི་འབྱུང་བར་བསྒྲུབ་པར་བྱ་བ་ཡིན་པས་ཤེས་པ་དེ་ཉིད་ཆོས་ཅན་ཡིན་པའི་ཕྱིར་མ་གྲུབ་པ་ལ་སོགས་པའི་སྐྱོན་མེད་དོ། །རྒྱུ་གཞན་གང་ཡིན་པ་དེ་ཡང་མིག་ཅེས་ཐ་སྙད་འདོགས་ལ། གྲུབ་པའི་མཐའ་ལ་བརྟེན་ན་ནི་ཐ་
སྙད་ཐ་དད་དོ། །འདི་སྙམ་དུ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྣམ་པར་ཤེས་པའི་ཆོས་ཅན་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་གཏན་ཚིགས་ཚུལ་གཉིས་པ་ཉིད་དོ་སྙམ་དུ་སེམས་ན། དེ་ལ་དཔེ་ནི་རང་རྒྱུ་ལས། །ཞེས་བྱ་བ་སྨོས་ཏེ། རང་གི་རྒྱུ་ལས་ངེས་པ་སྟེ་རང་གི་རྒྱུ་དང་འབྲེལ་པར་འབྱུང་བ་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུར་གྱུར་པའི་རང་གི་རྒྱུ་ལ་རག་ལས་པའི་སྐྱེ་བ་ཅན་མྱུ་གུ་ལ་སོགས་པ་རེས་འགའ་པ་དཔེ་ཉིད་དུ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ཡང་འདི་ལྟར་བྱ་སྟེ། གང་དག་གང་ཉེན་ཡང་རེས་འགའ་བ་ཡིན་པ་དེ་དག་ནི་དེ་ཙམ་གྱིས་འབྱུང་བ་མ་ཡིན་
པ་དང་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ཏེ། དཔེར་ན་ནས་ལ་སོགས་པ་ཡོད་ན་ཡང་ས་བོན་ཉེ་བ་དང་མི་ཉེ་བ་དག་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་མྱུ་གུ་ལ་སོགས་པ་བཞིན་ནོ། །གཟུགས་ལ་སོགས་པ་ཡོད་ན་ཡང་བཙུམས་པ་དང་མ་བཙུམས་པའི་གནས་སྐབས་ན་
མིག་གི་རྣམ་པར་ཤེས་པ་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་དགག་པ་ལ་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །བསྒྲུབ་པ་ལ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན། བདག་དང་བུམ་པ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ལ་བུམ་པ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། འདིར་
ཡང་གྲུབ་པ་ལ་བསྒྲུབ་པ་ཉིད་ཡིན་ཏེ། བུམ་པ་ལ་སོགས་པ་རྣམ་པ་འགའ་ཞིག་གིས་མེད་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །འོན་ཏེ་མ་གྲུབ་ན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཡང་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པོ་ཞེས་ཇི་ལྟར་ཡོད་པའི་བདག་ཉིད་དུ་བསྒྲུབ་པའི་
เล่ม ๑๙๒ · หน้า 29b
གཏན་ཚིགས་ལ་སྨས་པ་སུན་འབྱིན་པ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །མི་མཐུན་པའི་ཕྱོགས་མེད་པའི་ཕྱིར། ཆོས་མི་མཐུན་པའི་དཔེ་མེད་དོ་ཞེས་གང་སྨྲས་པ། འདི་ལ་ཡང་ཆོས་མི་མཐུན་པའི་དཔེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ངོ་བོ་གང་གིས་བུམ་པ་ལ་སོགས་པ་དམིགས་པའི་
ངོ་བོ་དེས་དེ་དག་ཡོད་པའི་བདག་ཉིད་དུ་འདོད་པ་དེའི་ཚེ་དེ་དག་གི་རང་བཞིན་ཆོས་མི་མཐུན་པའི་དཔེ་ཉིད་དུ་འགྱུར་ཏེ། རང་བཞིན་དེ་ལ་མི་དམིགས་པའི་གཏན་ཚིགས་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་ཇི་ལྟར་ཡང་ཞེས་བྱ་བའི་སྦྱོར་བ་འདི་ལ་ཡང་འདོད་པ་གྲུབ་པ་ལ་སོགས་པ་མཚུངས་སོ། །བདག་
མེད་དག་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་དག་ལའོ། །དེ་བཞིན་ཞེས་བྱ་བ་ནི་རང་བཞིན་ཆོས་མི་མཐུན་པ་སྲིད་པས་སོ། །ཆོས་མི་མཐུན་ལ་འཐོབ་ཅེས་བྱ་བ་ནི་ཆོས་མི་མཐུན་པ་སྟེ་བསྒྲུབ་བྱ་ལྡོག་པའི་མཚན་ཉིད་ལ་བསྒྲུབ་བྱ་མེད་པས་ཀྱང་ཁྱབ་པོ། །ཁྱོད་ཀྱི་ཕ་འདི་ཁྱིམ་འདི་ན་ཞེས་བྱ་བ་ལ་
སོགས་པ་ལ། ཕའི་སྐད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཕ་དང་འབྲེལ་པ་སྟེ་ཡུལ་ཕྱོགས་གཞན་འགའ་ཞིག་ཏུ་ཉམས་སུ་མྱོང་བ་ན་གཏན་ཚིགས་མ་གྲུབ་པར་འགྱུར་རོ། །གང་དུ་ཞེས་བྱ་བ་ལ་སོགས་པས་ཚུལ་གསུམ་པ་དེ་ཉིད་སྟོན་པ་ཡིན་ཏེ། སྒྲ་ཕྱི་རོལ་གྱི་དོན་ལ་
ལྟོས་ནས་གཞན་དུ་མི་འཐད་པ་ཉིད་མ་གྲུབ་པའི་ཕྱིར་དེ་ལ་རྟགས་ཉིད་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །ཇི་སྟེ་བློ་ལ་གནས་པའི་དོན་ལ་ལྟོས་ནས་ཡིན་ན། དེའི་ཚེ་དུ་བ་བཞིན་དུ་ཚུལ་གསུམ་པ་ཉིད་ཡོད་པ་ཁོ་ན་སྟེ། གང་གི་ཕྱིར་བརྗོད་པར་འདོད་པ་མངོན་དུ་མ་གྱུར་
ན་སྒྲ་མི་སྦྱོར་བའི་ཕྱིར། དེའི་འབྲས་བུ་ཡིན་པས་དུ་བ་དང་མེ་བཞིན་དུ་གོ་བར་བྱེད་པ་འདོད་ཀྱི། རྗོད་པར་བྱེད་པའི་ངོ་བོས་ནི་མ་ཡིན་ནོ། །སྒྲོན་མ་ནི་དུ་བ་བཞིན་དུ་རྟགས་ཀྱི་སྒོ་ནས་ཤེས་པར་བྱེད་མི་འདོད་དོ། །འོ་ན་ཅི་ཞེ་ན། བུམ་པ་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་བསྐྱེད་པར་རུང་
བར་སྐྱེད་པར་ཤེས་པར་བྱེད་པ་གྲགས་ཀྱི་རྟགས་ཉིད་ནི་མ་ཡིན་པའི་ཕྱིར་རྟགས་སུ་མ་གྱུར་པ་དེའི་ཕྱོགས་ཀྱི་ཆོས་ལ་སོགས་པ་བསམ་པར་མི་རིགས་ཏེ། གཞན་དུ་ན་མིག་ལ་སོགས་པ་རྣམས་ལ་ཡང་བརྩད་པར་བྱ་བར་འགྱུར་རོ། །གཞན་དུ་མི་འཐད་ཅེས་བྱ་བ་ལ་སོགས་པ་ནི་སྐབས་ཀྱི་དོན་
เล่ม ๑๙๒ · หน้า 30a
མཇུག་སྡུད་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་མེད་ན་མི་འབྱུང་བ་ཡིན་ན་ཡང་སྒྲ་ལ་དེ་མི་རྟག་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་གདོན་མི་ཟ་བར་ཐམས་ཅད་དུ་ཕྱོགས་ཀྱི་ཆོས་ལ་བརྟེན་པར་བྱ་བ་ཡིན་ནོ། །དེའི་ཕྱོགས་ཀྱི་ཆོས་
ལ་བརྟེན་པའི་ཕྱིར། ཚུལ་གཅིག་པ་ཉིད་དུ་བསྟན་པ་རྣམས་ནི་ཚུལ་གཉིས་པ་ཉིད་དུ་གདོན་མི་ཟ་ལ། ཚུལ་གཉིས་པ་ཉིད་དུ་བརྗོད་པ་རྣམས་ནི་ཚུལ་གསུམ་པ་ཉིད་ཡིན་ཏེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་དེ་ཉིད་ལས་ཏེ། དེའི་ཕྱིར་གཏན་ཚིགས་མཚན་ཉིད་གཅིག་པ་ཅན་ནི་དོན་མེད་པ་ཡིན་
ནོ། །གཞན་དུ་མི་འཐད་པ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ལ་སོགས་པ་འཕེན་པ་ཡིན་ཏེ། དེའི་ཕྱིར་དེ་དག་གི་མཚན་ཉིད་རང་དབང་དུ་ལོགས་ཤིག་ཏུ་མེད་དོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་སྟེ། གང་གི་ཕྱིར། སྒྲ་དང་མར་མེ་སོགས་དངོས་ལ། །གཞན་དུ་མི་འཐད་པ་ཉིད་ཀྱིས། །ཕྱོགས་
ཀྱི་ཆོས་ནི་མེད་ན་ཡང་། །ཤེས་པར་བྱེད་པ་ཉིད་དུའང་མཐོང་། །ཞེས་ཕྱོགས་ཀྱི་ཆོས་མེད་པར་ཡང་གཞན་དུ་མི་འཐད་པ་ཉིད་ཡོད་པར་རང་ཉིད་ཀྱིས་སྨྲས་པ་ཡིན་ནོ། །མིག་གིས་གཟུང་བར་བྱ་བ་ཉིད་མི་རྟག་པ་ཉིད་ལས་གཞན་དུ་མི་འཐད་པ་ཉིད་ཡིན་ན་ཡང་འདི་ལ་ཕྱོགས་ཀྱི་ཆོས་མེད་
པའི་ཕྱིར་མ་ངེས་པ་ཉིད་དོ། །གང་ཡང་། དེའི་བུ་ཡིན་ཕྱིར་དེ་སྔོ་བསངས། །སྣང་བའི་སྔོ་བསངས་ཅིག་ཤོས་བཞིན། །དེ་ལྟར་ཚུལ་གསུམ་ལྡན་ནའང་འདི། །ངེས་པར་འཇུག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ། དེའི་བུ་ཉིད་སོགས་གཏན་ཚིགས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བུ་
ཡང་ཡིན་ལ་སྔོ་བསངས་ཡང་མ་ཡིན་པ་ཞེས་བྱ་བ་འདི་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར། མི་མཐུན་པའི་ཕྱིར་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་འདི་མཚན་ཉིད་གསུམ་པ་མ་ཡིན་པའི་ཕྱིར་དཔེ་མ་གྲུབ་པ་ཡིན་ནོ། །འདི་སྙམ་དུ་འགལ་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་རྒྱུ་ཐ་དད་པ་ཡིན་
ན་ཡང་འབྲས་བུ་ཐ་དད་པར་འགྱུར་ན་རྒྱུ་མེད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་དེའི་བུ་ཡིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགེ་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་དང་། གྲང་བ་དང་དྲོ་བའི་ཟས་ལ་སོགས་པའི་གནས་སྐབས་ཐ་དད་པ་ལས་གཞན་དུ་གྱུར་པ་སྟེ་དཀར་ཤམ་ལ་
เล่ม ๑๙๒ · หน้า 30b
སོགས་པ་ཉིད་སྲིད་པའི་ཕྱིར་འགལ་བ་ག་ལས་ཡིན་ཏེ། རྒྱུ་ཐ་དད་པར་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་དེའི་བུ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བྱས་པ་ཉིད་བཞིན་དུ་རང་བཞིན་གྱི་གཏན་ཚིགས་མ་ཡིན་ཏེ། བྱས་པ་དེ་ནི་མི་རྟག་པ་ཉིད་སྤངས་ནས་གཞན་དུ་མེད་པ་བཞིན་དུ་དེའི་བུ་ལ་རང་བཞིན་
གཞན་མེད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འགའ་ཞིག་ལ་ལྟོས་ནས་དེའི་བུ་ཞེས་ཐ་སྙད་དུ་བྱས་ཀྱི་སྔོ་བསངས་ཉིད་ནི་མ་ཡིན་ནོ། །འབྲས་བུའི་གཏན་ཚིགས་ཀྱང་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །མི་དམིགས་པ་ཡང་མ་ཡིན་
ཏེ། གྲུབ་པ་ཡུལ་ཡིན་པའི་ཕྱིར་རོ། །འགལ་བ་མེད་པའི་ཕྱིར་སྔོ་བསངས་ལས་གཞན་པའི་ཁ་དོག་མེད་པ་མ་གྲུབ་པོ། །དེ་དག་ལས་མ་གཏོགས་པའི་རྟགས་ཀྱང་ཡོད་པ་མ་ཡིན་ཏེ། གཞན་དུ་འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་པར་ཡང་གོ་བར་བྱེད་པ་མ་ཡིན་ཏེ་ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་གཏན་ཚིགས་མ་ཡིན་ལ་མཚན་ཉིད་གསུམ་པ་ཡང་མ་ཡིན་པའི་ཕྱིར་ག་ལས་འཁྲུལ་པ་ཡིན། སྣང་བ་མ་མཐོང་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་སོ། །འོན་ཏེ་མ་འཁྲུལ་པ་ཉིད་ཅེས་བྱ་བ་ལ་སོགས་པས་མཚན་ཉིད་
མ་ཁྱབ་པའི་སྐྱོན་འཆད་དེ། དཔེར་ན་ཟླ་བ་ཤར་བ་ལས་ཀུ་མུ་ཏ་ཁ་བྱེ་བ་དང་རྒྱ་མཚོ་འཕེལ་བར་རྗེས་སུ་དཔོག་པ་དང་། སོགས་པ་སྨོས་པས་ཉི་མ་འཆར་བ་ལས་པདྨ་ཁ་བྱེ་བའོ། །ཉི་མ་ཤར་བ་ལས་རི་ལ་སོགས་པའི་ཕ་རོལ་ཕྱོགས་སུ་གྲིབ་མ་རྗེས་སུ་དཔོག་པ་དང་། དེ་བཞིན་དུ་མུན་
པར་རིང་མོ་ནས་མགལ་དུམ་ཡོག་པ་ཚིག་པའི་དུམ་བུ་མཐོང་ནས་དུ་བ་རྟོགས་པ་དང་། དེ་བཞིན་དུ་རྒྱུ་སྐར་སྨིན་དྲུག་ཤར་བ་ལ་རྒྱུ་སྐར་སྣར་མ་ཉེ་བར་རྟོགས་པར་བྱེད་དེ། འདི་ལྟར་ཐ་སྐར་ནས་བརྩམས་ནས་འདོན་པའི་རིམ་པ་ཇི་ལྟ་བ་བཞིན་དུ་རྒྱུ་སྐར་རྣམས་འཆར་རོ་ཞེས་གྲགས་སོ། །འདི་ཐམས་
ཅད་གཏན་ཚིགས་གསུམ་གྱི་ཁོངས་སུ་མ་འདུས་པའི་ཕྱིར་ཏེ། ཅིའི་ཕྱིར། དེ་དག་ལས་ནི་མ་གཏོགས་པ། །འཁྲུལ་པ་མེད་པ་ཡོད་མ་ཡིན། །ཞེས་ཅི་སྟེ་རྗོད་པར་བྱེད་ཅེ་ན། འདིར་ལན་བཤད་པ་ནི། དེ་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་གང་གི་ཕྱིར་ཁ་བྱེ་བ་ལ་སོགས་པ་དེ་དག་སྟེ་ཀུ་
เล่ม ๑๙๒ · หน้า 31a
མུ་ཏ་ཁ་བྱེ་བ་ལ་སོགས་པ་དེ་དག་བྱུང་བ་ནི་སྐྱེས་པའོ། །ཅི་ལྟ་བུའི་ཁྱད་པར་ཅན་ཡིན་ཞེ་ན། དེ་དང་དུས་གཅིག་སྟེ། ཟླ་བ་འཆར་བ་དང་ཉི་མ་དང་མགལ་དུམ་དེ་དག་དང་དུས་གཅིག་པའོ། །རྒྱུའི་ཆོས་དེ་འདྲ་བའི་གཏན་ཚིགས་ཀྱིས་ཡུལ་རྗེས་སུ་དཔོག་པར་འདོད་དོ། །འདི་སྐད་
དུ་བསྟན་པ་ཡིན་ཏེ། ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་དང་དུས་མཉམ་དུ་སྐྱེས་པའི་ཟླ་བ་འཆར་བ་ལ་སོགས་པའི་རྒྱུ་གང་ཡིན་པ་དེ་ཁོ་ན་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྒྱུར་འགྱུར་བའི་ཕྱིར། ཟླ་བ་འཆར་བ་ལ་སོགས་པ་དེ་དག་དེ་ལྟ་བུར་གྱུར་པའི་རང་གི་རྒྱུ་རྗེས་སུ་དཔོག་པར་
བྱེད་པ་ན་ཤུགས་ཀྱིས་དུས་མཉམ་དུ་འབྱུང་བའི་ཀུ་མུ་ཏ་ཁ་བྱེ་བ་ལ་སོགས་པ་ཡང་རྗེས་སུ་དཔོག་པར་བྱེད་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུ་ནི་འབྲས་བུའི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་རིགས་པར་བྱ་སྟེ། གལ་ཏེ་
འབྲེལ་པ་མེད་པས་ཀྱང་དེ་ལྟར་གོ་བར་བྱེད་པ་ཡིན་ན་དེའི་ཚེ་གང་ཅི་ཡང་རུང་བ་གོ་བར་བྱེད་པར་འགྱུར་ཏེ་འབྲེལ་བ་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལ་ཡང་འབྲེལ་པར་བརྗོད་ལ། དེ་ཡང་ཇི་སྐད་དུ་བཤད་པའི་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཁོ་ནའོ། །
འོ་ན་སྨིན་དྲུག་འཆར་བ་སྣར་མ་ཉེ་བ་དང་འབྲེལ་པ་ཅི་ཡོད་ཅེ་ན། སྐར་མ་སྨིན་དྲུག་འཆར་བའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཐོར་བྱེད་ནི་རླུང་ངོ་། །འདིར་ཡང་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རྒྱུའི་ཆོས་རྗེས་སུ་དཔག་པས་དཔོག་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། ཚོགས་
པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་རོས་རྟོགས་སོ། །རྒྱུ་ཆོས་རྗེས་སུ་དཔག་པས་ཏེ། །དུ་བས་བུད་ཤིང་འགྱུར་པ་བཞིན། །ཞེས་བཤད་པ་ལྟ་བུའོ། །ཡང་གཟུགས་བརྙན་ལས་གཟུགས་རྟོགས་པ་གང་ཡིན་པ་དེ་གང་གི་ཡང་ཁོངས་སུ་མ་འདུས་ཏེ། གཟུགས་
བརྙན་ནི་དངོས་པོ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་ཉིད་མ་ཁྱབ་པ་ཅན་ཡིན་ནོ་སྙམ་དུ་དོགས་པ་ལ། གཟུགས་བརྙན་ཞེས་བྱ་བའི་རྟགས་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ན་ལྷན་ཅིག་ཅེས་བྱ་བ་ལ་སོགས་པས་རྩོད་པར་བྱེད་པའི་བསམ་པ་དོགས་པར་བྱེད་
เล่ม ๑๙๒ · หน้า 31b
པ་ཡིན་ཏེ། གཏན་ཚིགས་དངོས་པོ་མེད་པ་ཉིད་ཡིན་ཏེ། གཅིག་ན་ལྷན་ཅིག་གཉིས་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཕྱོགས་གང་ཁོ་ནར་མེ་ལོང་གི་གཟུགས་མཐོང་བ་དེ་ཁོ་ནར་གཟུགས་བརྙན་ཡང་ཡིན་ཏེ། ཐོགས་པ་དང་བཅས་པའི་ཕྱིར་ཕྱོགས་གཅིག་ཏུ་གཟུགས་གཉིས་ལྷན་
ཅིག་འབྱུང་བའི་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་ཉིད་ཡིན་ན་གཅིག་ན་གཟུགས་གཉིས་ལྷན་ཅིག་ཡོད་པར་མི་འགྱུར་བ་ཞིག་ན་ཡོད་པ་ཡང་མ་ཡིན་ཏེ། དེ་བས་ན་འདི་ནི་འཁྲུལ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན། གཅིག་ན་ལྷན་ཅིག་གཉིས་ཡོད་ཕྱིར། །ཞེས་བྱ་བ་ལ་
གཉིས་གང་ཞེ་ན། མེ་ལོང་གི་ངོས་དང་ཟླ་བའི་གཟུགས་བརྙན་ནོ། །མེ་ལོང་གི་ངོས་ནི་ཡུལ་གཞན་ཁོ་ན་ཡིན་ལ། ནང་ན་གནས་པའི་ཟླ་བའི་གཟུགས་བརྙན་ནི་གཞན་ཁོ་ནར་མཐོང་སྟེ། ཁྲོན་པའི་ཆུ་བཞིན་ནོ། །དེར་སྐྱེས་པ་ཡང་ཅིའི་ཕྱིར་གཞན་དུ་དམིགས་པར་འགྱུར་ཏེ། དེའི་ཕྱིར་
གཟུགས་བརྙན་ཞེས་བྱ་བ་དངོས་པོར་གྱུར་པ་ཅུང་ཟད་ཀྱང་མེད་ལ། ཆོས་རྣམས་ཀྱི་ནུས་པའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། གང་ཞིག་དེ་ལྟར་མཐོང་བ་དེ་ནི་ཚོགས་པ་དེའི་མཐུ་དེ་འདྲ་བ་ཡིན་ནོ། །གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་
ཤེས་པ་ཉིད་དེ་ལྟ་བུར་གྱུར་པའི་འབྲས་བུའི་རྟགས་སུ་མངོན་པར་འདོད་ཀྱི། གཟུགས་བརྙན་ཞེས་བྱ་བའི་ཕྱིའི་དངོས་པོ་ནི་མ་ཡིན་ནོ། །ཡང་ཚུལ་གསུམ་པའི་རྟགས་བརྗོད་པ་གཞན་གྱི་དོན་ཡིན་ནོ། །ཇི་ལྟར་རྗོད་པར་བྱེད། གང་གི་ཕྱིར་གཞན་དག་གིས་ཕྱོགས་དང་ཉེ་བར་སྦྱོར་བ་དང་
མཇུག་བསྡུ་བ་ཡང་གཞན་གྱི་རྗེས་སུ་དཔག་པར་བསྒྲུབ་པ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། གཞན་གྱིས་དམ་བཅའ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲུབ་བྱེད་ཡན་ལག་མ་གྱུར་པ། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། སྒྲུབ་བྱེད་ནི་གྲུབ་པ་སྟེ་
གཞལ་བྱ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡན་ལག་ཏུ་གྱུར་པའི་རྒྱུ་སྟེ་དེ་བཀག་པ་ནི་སྒྲུབ་བྱེད་ཡན་ལག་ཏུ་མ་གྱུར་པའོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་ཡན་ལག་ཏུ་མ་གྱུར་པའི་ཕྱིར་ཉེ་བར་སྦྱོར་བ་མ་ཡིན་ཏེ། སྦྱར་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་སྦྱོར་
เล่ม ๑๙๒ · หน้า 32a
བ་མིན་པ་རྒྱུར་གྱུར་པ་མ་ཡིན་པར་འཆད་ན་དམ་བཅའ་བའི་དོན་གྱི་ཕྱོགས་ཀྱིས་གཅིག་ཏུ་འགྱུར་རོ། །ཇི་ལྟར་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ཞེ་ན། འབྲེལ་པ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་པ་མེད་པ་སྟོན་པ་ནི་བསྒྲུབ་པར་བྱ་བ་ཉིད་བརྗོད་པའི་
ཕྱིར་རོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རེ་ཞིག་དངོས་སུ་སྦྱོར་བ་མ་ཡིན་ལ། གཏན་ཚིགས་བརྗོད་པ་བཞིན་དུ་ནུས་པ་སྟོན་པའི་ཕྱིར་བརྒྱུད་པས་ཀྱང་མ་ཡིན་ཏེ། ཇི་སྐད་དུ། ཕྱོགས་ཀྱི་ཚིག་དེ་སྨྲ་བ་ཡིས། །བསམ་པ་རིག་པར་
བྱེད་པ་ལ། །ཚད་མ་དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་རྗེས་སུ་སྒྲུབ་བྱེད་མིན། །བསྒྲུབ་པར་བྱ་བ་བརྗོད་པ་ཡིས། །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །ཅེས་བཤད་པ་བཞིན་ནོ། །ཁ་ཅིག་ཡན་ལག་ཏུ་མ་གྱུར་ཀྱང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཆོས་དག་གིས་ཡུལ་ཉེ་བར་བསྟན་
པའི་དོན་དུ་དཔེ་བརྗོད་པ་བཞིན་དུ་དམ་བཅའ་བ་རབ་ཏུ་སྦྱར་བ་ཡིན་ཏེ། གང་ཕྱིར་ལྷག་མ་ཚུལ་གཉིས་པོ། །དཔེ་ཡིས་བསྟན་པར་བྱ་བ་ཡིན། །ཞེས་བཤད་པའི་ཕྱིར། དཔེའི་ཚིག་ལོགས་ཤིག་ཏུ་ཡན་ལག་ཏུ་གྱུར་པ་མ་ཡིན་ཡང་ཕྱོགས་ཀྱི་ཆོས་མ་གཏོགས་པ་ལྷག་མ་ཚུལ་གཉིས་བསྟན་
པར་བྱ་བའི་དོན་དུ་སྦྱར་བར་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་ལ། ཇི་ལྟར་དཔེའི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུང་བསྒོ་བ་ནི། འདི་ལྟར་གྱིས་ཤིག །སྒྲ་མི་རྟག་པ་སྒྲུབས་ཤིག་པའོ། །སོགས་པའི་སྒྲས་གཞན་གསོལ་བ་འདེབས་པའི་ཚིག་གཟུང་ངོ་། །དེ་ལྟ་བུར་གྱུར་པའི་ཚིག་
ཀྱང་སྦྱོར་བ་བསྟན་པའི་དོན་དུ་བསྟན་པར་བྱ་བར་འགྱུར་རོ། །འདི་དག་མེད་པར་ཡང་སྐབས་མ་ཡིན་པ་སྒྲུབ་པར་བྱེད་པ་འཇུག་པ་མི་སྲིད་དོ་ཞེས་བྱ་བའོ། །འབྲས་བུ་མེད་ཅེས་བྱ་བ་ནི་དེ་དག་མེད་པར་ཡང་བསྒྲུབ་པར་བྱ་བ་རྟོགས་པའི་ཕྱིར་ཏེ། འདི་ལྟར་གང་དང་གང་བྱས་པ་ཡིན་པ་དེ་ཐམས་ཅད་ནི་
མི་རྟག་པ་ཡིན་ལ། སྒྲ་ཡང་བྱས་པས་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པ་ན་དམ་བཅའ་བ་བརྗོད་པ་མེད་པར་ཡང་སྒྲ་མི་རྟག་གོ་ཞེས་རྟོགས་པར་འགྱུར་རོ། །འོ་ན་ཇི་ལྟར་མཐུན་པའི་ཕྱོགས་ལ་སོགས་པ་རྣམ་པར་འཇོག་སྟེ། འདི་ལྟར་མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དོན་
เล่ม ๑๙๒ · หน้า 32b
མཐུན་པའོ་ཞེས་བྱ་བ་དང་། ཤུགས་ཀྱིས་དེ་མེད་པ་མི་མཐུན་པའི་ཕྱོགས་བརྗོད་དེ། དམ་བཅའ་བ་མ་བསྟན་ན་ཚུལ་གསུམ་ཡོད་ཀྱང་དེ་འཕེན་པའི་རྒྱུ་མཚན་དེ་མཐུན་པའི་ཕྱོགས་ལ་བརྟེན་པའི་རྒྱུ་མེད་དོ་ཞེས་བྱ་བ་ཐམས་ཅད་བརྡས་ནས་འཐོར་བར་བྱེད་པར་འགྱུར་རོ། །སྒྲུབ་པར་བྱེད་པ་ཞེས་
བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གནག་རྫི་ལ་སོགས་པ་མཐུན་པའི་ཕྱོགས་ལ་སོགས་པའི་ཐ་སྙད་ལ་མི་མཁས་པ་རྣམས་ཀྱང་། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་ལ་འདི་ན་ཡང་དུ་བ་ཡོད་པས་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་བཟུང་སྟེ།
མཐུན་པའི་ཕྱོགས་ལ་སོགས་པའི་ཐ་སྙད་མེད་པར་ཡང་མེ་རྟོག་པ་ཁོ་ནའོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པའི་དུས་ན་མཐུན་པའི་ཕྱོགས་ལ་སོགས་པའི་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །འོ་ན་མཐུན་པའི་ཕྱོགས་ལ་སོགས་པའི་ཐ་སྙད་གང་ན་ཡོད་ཅེ་ན། བསྟན་བཅོས་ཞེས་བྱ་བ་
སྨོས་ཏེ། ཡང་ན་སྒྲུབ་པར་བྱེད་པ་བརྗོད་པའི་དུས་ན་ཡང་དེའི་རྣམ་པར་གཞག་པ་བྱེད་པ་འགལ་བ་མེད་པ་ཡིན་ནོ་ཞེས་སྟོན་པ་ནི་ཡང་ན་སྐབས་ཀྱི་དོན་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་སྒྲུབ་པར་བྱེད་པ་བརྗོད་པའི་དུས་ན་དམ་བཅའ་བ་སྦྱོར་བ་མེད་པ་དེ་ལྟ་ན་ཡང་བསྒྲུབ་པར་བྱ་བའི་
ཆོས་ཅན་ལ་བརྟེན་ནས་སྐབས་སུ་བབ་པའི་དོན་བསྒྲུབ་བྱ་རྣམ་པར་འཇོག་པ་མི་འགལ་བ་ཉིད་དོ། །སྒྲུབ་པར་བྱེད་པའི་དུས་ན་སྐབས་སུ་བབ་པ་ཉིད་ཀྱི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་གཞན་གྱི་སྡེ་དམ་བཅའ་བ་སྦྱོར་བར་སྨྲ་བ་རྣམས་ཀྱིས་རྒོལ་བས་
སྒྲུབ་པར་བྱེད་པ་སྐབས་མིན་ཏེ། སྐབས་སུ་མ་བབ་པ་ཉིད་སྨྲ་བ་མ་ཡིན་ནོ། །ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་སྐབས་སུ་བབ་པ་ཡིན་ཏེ། དེ་ལྟ་ན་ཡང་སྐབས་སུ་བབ་པའི་ཆོས་ཅན་ལ་བརྟེན་ནས་རྣམ་པར་གཞག་པ་དེ་བྱེད་པ་ན་ཇི་ལྟར་བྱ་བ་ཡིན་ཞེ་ན། ཤེས་པར་འདོད་
པའི་ཞེས་བྱ་བ་སྨོས་ཏེ་གོ་བར་ཟད་དོ། །དཔེར་བརྗོད་པ་ལ་ལྟོས་ནས་དེ་ལྟར་ཞེས་ཉེ་བར་སྡུད་པའམ་དེ་ལྟ་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ཉེ་བར་སྦྱོར་བ་ནི་ཉེ་བར་བརྗོད་པའི་མཚན་ཉིད་དོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་ཉེ་བར་སྦྱོར་བ་བརྗོད་པ་ནི་སྒྲུབ་པར་བྱེད་པ་མ་
เล่ม ๑๙๒ · หน้า 33a
ཡིན་ནོ། །བརྗོད་ཟིན་པའི་གཏན་ཚིགས་ཀྱི་དོན་གསལ་བར་བྱེད་པའི་ཕྱིར། གཏན་ཚིགས་བརྗོད་པ་གཉིས་པ་བཞིན་ནོ་ཞེས་ཚད་མ་མཛད་པ་ལ། དངོས་པོ་རྣམ་པར་འབྱེད་པ་ལ་སོགས་པ་དག་གཏན་ཚིགས་མ་གྲུབ་པར་བྱ་བའི་དོན་དུ་དམ་བཅའ་བའི་མཇུག་ཐོགས་སུ་
འབྱུང་བ་གཏན་ཚིགས་བརྗོད་པས་ཕྱོགས་ཀྱི་ཆོས་ཉིད་གསལ་བར་བྱེད་པ་ཡིན་ཏེ། རྒྱུ་ཙམ་བརྗོད་པའི་ཕྱིར་རོ། །སྒྲ་མི་རྟག་པ་ཡིན་ཏེ། བྱས་པའི་ཕྱིར་ཏེ། བྱས་པ་ཉིད་དེ་ཡང་ཅི་སྒྲ་ལ་ཡོད་དམ་མེད་སྙམ་པ་ལ། དེ་ཡོད་པ་ཉིད་དུ་ཉེ་བར་སྦྱོར་བ་ལས་རྟོག་པ་ཡིན་ནོ། །ཡང་ན་གཟུགས་བརྙན་གྱི་
དོན་དུ་ཉེ་བར་སྦྱོར་བ་ཡིན་ཏེ། ཐོག་མར་གཏན་ཚིགས་བརྗོད་པས་བྱ་བ་ཉིད་ཁྱད་པར་མེད་པར་སྒྲ་ལ་བསྟན་ལ་དཔེ་ལ་བསྟན་པའི་བྱས་པ་དེ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་ནི་ཉེ་བར་སྦྱོར་བས་བཟླས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་ཡང་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བས་འདྲ་བར་བསྟན་པ་ཡིན་
ནོ། །དེ་ལྟ་བས་ན་ཁྱད་པར་བསལ་བར་བྱ་བའི་ཕྱིར་ཟློས་པ་མ་ཡིན་ནོ་ཞེས་ཟེར་རོ། །འདིར་བཤད་པ་ནི། དམ་བཅའ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཡོད་པ་བསྒྲུབ་པར་བྱ་དོན་དུ། །ཞེས་བྱ་བ་ནི་གཏན་ཚིགས་བསྒྲུབ་བྱའི་ཆོས་ཅན་ལ་ཞེས་བྱ་བ་ལྷག་མའོ། །འདི་ལ་དོན་ནི་འདི་
ཡིན་ཏེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་དམ་བཅའ་བའི་སྦྱོར་བ་བཀག་པའི་ཕྱིར། དེའི་དེ་མ་ཐག་ཏུ་འབྱུང་བའི་བྱས་པ་ཉིད་ལ་སོགས་པའི་རྒྱུ་མཚན་བརྗོད་པ་མེད་པ་ཁོ་ནའོ། །དེ་བས་ན་རྒྱུ་མཚན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཉེ་བར་སྦྱར་བ་བརྗོད་པར་མི་བྱ་བ་ཉིད་དོ། །ཡང་
ཕྱོགས་ཀྱི་ཆོས་གསལ་བར་བྱ་བའི་ཕྱིར་ཉེ་བར་སྦྱར་བ་རྗོད་པར་བྱེད་པ་དེའི་ཚེ་རྒྱུ་མཚན་བརྗོད་པའི་འབྲས་བུ་གཞན་བརྗོད་པར་བྱ་དགོས་སོ། །དེ་ལ་འདི་སྙམ་དུ་རྒྱུ་མཚན་ཉིད་དུ་རྟོགས་པ་འབྲས་བུ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་མ་ཡིན་ཏེ། རེ་ཞིག་དེ་ཉིད་རྟོགས་པས་ཅི་ཞིག་བྱ།
གང་གི་ཕྱིར་གཞན་དུ་ཡང་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་བ་ཁོ་ན་ཞེས་བསྟན་ཟིན་ཏོ། །དེ་ལྟ་བས་ན་ཕྱོགས་ཀྱི་ཆོས་བསྟན་པ་ལས་མ་གཏོགས་པར་གཏན་ཚིགས་བརྗོད་པའི་འབྲས་བུ་གཞན་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་དང་པོར་གཏན་ཚིགས་བརྗོད་པ་དེ་ཉིད་ཀྱི་ཕྱོགས་ཀྱི་
เล่ม ๑๙๒ · หน้า 33b
ཆོས་ཉིད་བསྟན་པ་ཡིན་ལ་དེ་བསྟན་པར་བྱ་བའི་ཕྱིར། ཉེ་བར་སྦྱར་བ་ལེན་པར་བྱེད་པ་ན་ཟློས་པ་ཉིད་དུ་བསལ་བར་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ག་ལས་ཡིན། གཟུགས་བརྙན་ཡང་དོན་མེད་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་ཙམ་སྟེ་གཏན་ཚིགས་
བརྗོད་པས་སྔར་བསྟན་ཞིང་དེ་ལ་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་བསྟན་པ་ན་བརྗོད་པར་འདོད་པའི་དོན་གྲུབ་པའི་ཕྱིར་བརྗོད་པ་ན་ཟློས་པར་འགྱུར་བའི་ཕྱིར་འདི་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་ག་ལས་ཡིན། དེ་ལ་གཏན་ཚིགས་བསྟན་ནས་དམ་བཅའ་བ་ཡང་བརྗོད་པ་ནི་མཇུག་སྡུད་པའོ་
ཞེས་བྱ་བ་ནི་མཇུག་སྡུད་པའི་མཚན་ཉིད་དོ། །གཏན་ཚིགས་བསྟན་ནས་ཞེས་བྱ་བ་ནི། དེའི་ཕྱིར་མི་རྟག་ཅེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་ཀྱི་ནུས་པ་དཔེར་བརྗོད་པ་གྲུབ་པར་བསྟན་ནས། དམ་བཅའ་བའི་དོན་ཡང་རྗོད་པར་བྱེད་པ་གང་ཡིན་པ་དེ་
ནི་མཇུག་སྡུད་པ་སྟེ། དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དོན་གཅིག་པ་ཉིད་དུ་འདིས་ཤེས་པར་བྱེད་འབྲེལ་པར་བྱེད་པས་ན་མཇུག་སྡུད་དོ། །དེ་ལ་རེ་ཞིག་དམ་བཅའ་བ་སྦྱོར་བ་ཉིད་མེད་ན། གལ་ཏེ་དེ་རྗེས་སུ་བརྗོད་པའི་བདག་ཉིད་ཀྱི་མཇུག་སྡུད་པ་ཡིན་པས་
དེའི་ཕྱིར་མཇུག་སྡུད་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་མཇུག་སྡུད་པ་ཟློས་པ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེས་སྨྲས་པ་དེ་ལ། འདོད་བྱེད་པ་ལ་སོགས་པ་ན་རེ་འདིར་ཟློས་པ་མ་ཡིན་ཏེ།
གང་གི་ཕྱིར་དམ་བཅའ་བ་ནི་བསྒྲུབ་བྱ་སྟོན་པ་ཡིན་ལ། མཇུག་སྡུད་པ་ནི་གྲུབ་པ་སྟོན་པ་ཡིན་ནོ། །ཡང་གི་སྒྲ་ནི་འདྲ་བ་ལ་ཡིན་ཏེ། དེས་ན་དམ་བཅའ་བ་དང་འདྲ་བ་བརྗོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མཇུག་སྡུད་པ་མེད་པར་ནི་གྲུབ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་མེད་ན་
དེ་ལས་གཞན་པའི་ཡན་ལག་རྣམས་བརྗོད་ན་ཡང་ཅི་སྒྲ་མི་སྙན་པ་ཡིན་ནམ་སྙམ་པའི་དོགས་པ་མི་ལྡོག་གོ། །དེའི་ཕྱིར་དོགས་པ་དེ་ཟློག་པའི་ཕྱིར་མཇུག་སྡུད་པ་ལོགས་ཤིག་ཏུ་བརྗོད་པར་བྱའོ་ཞེས་ཟེར་རོ། །དེས་ན་འདིར་ཚུལ་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་
เล่ม ๑๙๒ · หน้า 34a
མི་རྟག་པ་ཉིད་དུ་བསྟན་པ་མེད་ན་མི་འབྱུང་བའི་བྱས་པ་ཉིད་ཆོས་ཅན་སྒྲ་ལས་ངེས་པ་ན་འདིར་བཟློག་པའི་དགོས་པ་ག་ལས་ཡིན། མེ་འབར་བའི་ཚོགས་ཡོངས་སུ་གནས་པར་ངེས་པའི་བདག་ཉིད་ཀྱི་ས་ཕྱོགས་ན་སེམས་རང་བཞིན་དུ་གནས་པ་གྲང་བ་ཡོད་པར་
དོགས་པར་བྱ་བར་རིགས་པ་མ་ཡིན་པ་མ་ཡིན་ལ་དེ་ཡང་རིགས་པ་མེད་པར་ཚིག་ཙམ་གྱིས་མཇུག་སྡུད་པ་ལས་ལྡོག་པ་ཡང་མ་ཡིན་ནོ། །རྣ་མ་ཕུག་པ་ན་རེ། སིལ་བུར་གྱུར་པའི་ཚིག་རྣམས་ཀྱིས། །དོན་གཅིག་སྟོན་པ་མ་ཡིན་ཏེ། །དེའི་ཕྱིར་འབྲེལ་པ་གྲུབ་དོན་དུ། །མཇུག་སྡུད་
ལོགས་ཤིག་བརྗོད་པར་བྱ། །ཞེས་ཟེར་ཏེ། འདི་ལ་འབྲེལ་པ་ཅན་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་བསྒྲུབ་བྱ་དང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་སྟོན་པ་ན། དོན་གྱི་སྒོ་ནས་འབྲེལ་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་གཏན་
ཚིགས་དག་གིས་དོན་གཅིག་ཤུགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་སྟོན་པ་ཡིན་ནོ། །གལ་ཏེ་ཚིག་རྣམས་སིལ་བུ་ཡིན་པ་དེ་ལྟ་ན་ཡང་འབྲེལ་པ་ཉིད་ཀྱི་དོན་གཅིག་ལ་ཉེ་བར་སྡུད་པའི་ཕྱིར་འབྲེལ་པ་གྲུབ་པར་བྱ་བའི་དོན་དུ་མཇུག་སྡུད་པ་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །ཁ་ཅིག་ཅེས་བྱ་བ་ནི་
གཞོན་ནུ་མ་ལེན་པ་ལ་སོགས་པའོ། །དེ་དག་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ་ཁྱད་པར་དུ་མཐོང་བ་དང་སྤྱིར་མཐོང་བའོ་ཞེས་རྗོད་པར་བྱེད་དོ། །དེ་ལ་ཁྱད་པར་དུ་མཐོང་བ་གང་ཞེ་ན། གང་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་འདི་ཡིན་ཏེ། ཐོག་མར་ཆོས་ཀྱི་བྱེ་
བྲག་འགའ་ཞིག་ཏུ་མེ་དང་དུ་བའི་ཁྱད་པར་དག་མངོན་སུམ་གྱིས་བཟུང་ནས་དུས་གཞན་དུ་ཐག་རིང་པོར་སོང་ནས་གང་གི་ཚེ་ཡང་དང་ཡང་དུ་དུ་བའི་ཁྱད་པར་དེ་ཉིད་མཐོང་ནས། སྔར་ཡོངས་སུ་བཟུང་བའི་ཕྱིར་མེ་དེ་ཉིད་རྗེས་སུ་དཔོག་པར་བྱེད་པ་དེ་ནི་ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་ཡིན་
ཏེ། སྔར་མངོན་སུམ་གྱིས་གཟུང་བའི་ཁྱད་པར་ཡུལ་ཡིན་པའི་ཕྱིར་རོ། །བཟུང་ཟིན་པ་ནི་འཛིན་པའི་ཕྱིར་ཚད་མ་མ་ཡིན་པའང་མ་ཡིན་ཏེ། གང་གི་ཕྱིར་ཇི་མེ་དེ་ཡོད་དམ་ཤི་ཞེས་ཐེ་ཚོམ་ཟློག་པར་བྱེད་པ་བླ་ལྷག་ཡོད་པའི་ཕྱིར་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡང་ཡན་ལག་གི་
เล่ม ๑๙๒ · หน้า 34b
དོན་བརྗོད་པར་བྱ་སྟེ། འབྲེལ་པ་མངོན་སུམ་གྱིས་མཐོང་ནས་ཞེས་བྱ་བ་ལ་འབྲེལ་པ་གང་ཡིན་ཞེ་ན། འདིར་བརྗོད་པ་ཁྱོད་རྗེས་སུ་དཔག་པའི་མཚན་ཉིད་སྨྲས་པ། རྗེས་སུ་དཔག་པ་ནི་འབྲེལ་པ་ཞེས་ཕྱོགས་གཅིག་མཐོང་བ་ལས་གཞན་ཕྱོགས་གཅིག་ཉེ་བ་མ་ཡིན་པར་ཤེས་པའོ། །དེ་
ནི་རྣམ་པ་གཉིས་ཏེ། འབྲེལ་པ་མངོན་སུམ་གྱིས་མཐོང་བ་དང་འབྲེལ་པ་སྤྱིར་མཐོང་བའོ། །འབྲེལ་པ་མངོན་སུམ་གྱིས་མཐོང་བ་ནི་དཔེར་ན་དུ་བའི་རྣམ་པར་མཐོང་བ་ལས་མེའི་རྣམ་པར་ཤེས་པ་ལྟ་བུའོ། །འབྲེལ་པ་སྤྱིར་མཐོང་བ་ཡང་དཔེར་ན་ལྷ་སྦྱིན་འགྲོ་བ་སྔོན་དུ་སོང་བ་ཅན་ཡུལ་
གཞན་དུ་ཕྱིན་པར་དམིགས་ནས་ཉི་མ་འགྲོ་བ་དྲན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་གཞོན་ནུ་མ་ལེན་འབྲེལ་པ་མངོན་སུམ་གྱིས་མཐོང་བ་རྗེས་སུ་དཔག་པ་ནི་འཆད་པར་འདོད་ནས། འབྲེལ་པ་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་མངོན་སུམ་མཐོང་བའི་རྗེས་སུ་དཔག་
པ་འདི་ལྟ་བུ་ཡིན་ནོ་ཞེས་འབྲེལ་ཏེ། གང་གི་ཕྱིར་སྔ་མ་འདས་མ་ཐག་པའི་ཚིགས་སུ་བཅད་པར་དེ་ལྟ་བས་ན་དེ་ལྟར་སྨྲའོ་ཞེས་བྱ་བ་སྐབས་ཡིན་པའི་ཕྱིར་རོ། །གང་དག་ཅེས་བྱ་བ་ནི་མེ་དང་དུ་བའི་ཁྱད་པར་ཡུལ་དུ་གྱུར་པ་གང་དག་སྟེ། སྐྱེས་བུ་མེ་དང་དུ་བ་དེ་དག་བ་ལང་གི་ལྕི་བའི་
བུད་ཤིང་ལས་བྱུང་བའི་ཕྱིར། བ་ལང་གི་ལྕི་བའི་བུད་ཤིང་གི་ཁྱད་པར་གྱི་བློར་བྱས་ཏེ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་མེ་དང་དུ་བ་འདི་དག་ནི་རི་ལ་སོགས་པའི་ཡུལ་གྱི་ཁྱད་པར་ན་གནས་པའི་ཕྱིར། རི་ལ་སོགས་པའི་ཁྱད་པར་གྱི་བློར་བྱས་པ་ཡིན་ནོ། །མེ་དང་དུ་བ་གང་དག་ལ་བ་
ལང་གི་ལྕི་བའི་བུད་ཤིང་ཡོད་པ་དེ་དག་ནི་ལྕི་བའི་བུད་ཤིང་ཅན་ནོ། །ཡུལ་དེ་གང་དག་ལ་ཡོད་པ་དེ་དག་ནི་ཡུལ་ལོ། །དེ་དག་ནི་བ་ལང་གི་ལྕི་བའི་བུད་ཤིང་ཅན་ཡང་ཡིན་ལ་དེའི་ཡུལ་ཅན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་ཉིད་ཁྱད་པར་ཏེ། གང་དག་ལ་དེ་དག་ལ་
སོགས་པ་སརྫ་ར་ས་ས་ལ་དང་། ས་ལ་ཀེ་ལ་སོགས་པ་ཀྱེ་ཁྱེ་ལ་སོགས་པའི་ཁྱད་པར་རྣམས་སོ། །དེའི་ཡུལ་ཅན་གྱི་ཁྱད་པར་བ་ལང་གི་ལྕི་བ་བུད་ཤིང་ལ་སོགས་པ་དེ་དག་སྟེ། དེ་བློ་ཞེས་བདུན་པ་སྦྱོར་བའི་རྣམ་པར་དབྱེ་བས་བསྡུ་བ་ཡིན་ནོ། །རྟོག་པ་པོ་གང་གིས་དེ་ལྟ་བུར་གྱུར་
เล่ม ๑๙๒ · หน้า 35a
པའི་མངོན་སུམ་དུ་བློས་བྱས་པ་སྟེ། བསྐྱེད་པ་དེ་ནི་ཡུལ་དེ་ན་གནས་པའི་དུ་བའི་རྟགས་དེ་ཉིད་ཀྱིས་གང་གི་ཚེ་མེ་དེ་ཉིད་དུས་གཞན་དུ་རྟོགས་ཞེས་འབྲེལ་ཏེ། དེའི་ཚེ་རྟོགས་པ་དེ་མངོན་སུམ་གྱི་བདག་ཉིད་ལས་ཚད་མ་ཉིད་ཡིན་ཏེ། ཚད་མ་གཞན་ཉིད་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ཡང་ན་སྔ་མའི་རྟོག་པའི་རྒྱུའི་ཕྱིར་མེ་དེ་ཉིད་རྟོགས་སོ་ཞེས་འབྲེལ་ཏེ། ཅི་མེ་དེ་ཡོད་དམ་འོན་ཏེ་ཤི་ཞེས་བྱ་བ་དེ་ལྟ་བུའི་ཐེ་ཚོམ་གང་ལ་ཡོད་པའི་དངོས་པོ་དེ་ནི་དེ་ལྟ་བུ་ཡིན་ཏེ། དེ་ནི་དེ་ཡང་ཡིན་ལ་དངོས་པོ་ཡང་ཡིན་པའི་ཕྱིར་དེ་ལྟ་བུ་དེ་རྟོགས་པ་ཡིན་ནོ་ཞེས་ཚིག་རྣམ་པར་
སྦྱར་རོ། །ཇི་སྐད་དུ་བཤད་པའི་འབྲེལ་པ་མངོན་སུམ་གྱིས་མཐོང་བའི་རྗེས་སུ་དཔག་པ་འདི་ནི་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་འབིགས་བྱེད་ན་གནས་པ་སྨྲའོ། །སྤྱིར་མཐོང་བ་བཤད་པ་ནི་མེ་དང་དུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིའི་འབྲེལ་པ་ནི་
བཤད་པ་བྱེད་པས་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལ་ཡུལ་གཞན་དུ་ཕྱིན་པས་ཉི་མ་འགྲོ་བར་དྲན་པ་དཔེར་བརྗོད་པ་དེ་ལ་ཀླན་ཀ་འདི་ཡོད་དེ། འོན་ཏེ་གང་གི་ཕྱིར་མེ་གཞན་ལ་དུ་བ་གཞན་གྱིས་སྤྱིའི་ཆོས་ལ་བརྟེན་ནས་རྗེས་སུ་དཔོག་པར་བྱེད་པ་དེའི་ཚེ་མེ་དང་དུ་བ་དག་ལས་སྤྱིར་མཐོང་བའི་
རྗེས་སུ་དཔག་པ་ཡིན་ན། ཅིའི་ཕྱིར་བཤད་པ་བྱེད་པས་མེ་དང་དུ་བ་བློ་ལ་གསལ་བ་ཉིད་ཀྱིས་ཉེ་བ་དོར་ནས་ཉི་མ་ཁོ་ན་སྤྱིར་མཐོང་བའི་དཔེར་བརྗོད་ཅེས་བྱ་བའི་ཀླན་ཀ་འདི་དོགས་པ་བསུ་ནས་ཀུ་མཱ་ལ་རི་ལས་བཤད་པ་བྱེད་པའི་དོགས་པ་བརྗོད་པའི་ཕྱིར། མེ་དང་དུ་བ་གཞན་ཞེས་བྱ་བ་སྨོས་
ཏེ། སྤྱི་ཡིས་འཇལ་བ་སྟེ། སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལ་མེ་དང་དུ་བ་ཉིད་ཀྱིས་དཔེར་བརྗོད་པར་བྱ་བ་ལ། བཤད་པ་བྱེད་པས་ཉི་མ་དཔེར་བརྗོད་པ་བྱས་པ་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་ཉི་མའི་འགྲོ་བ་མངོན་སུམ་མ་ཡིན་པའི་ཕྱིར། གཅིག་ཏུ་སྟེ་མཐའ་གཅིག་ཏུ་ཉི་
མའི་འགྲོ་བ་ལ་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ཁོ་ན་ཡིན་གྱིས་ཁྱད་པར་དུ་མཐོང་བ་ནི་མ་ཡིན་ནོ་སྙམ་དུ་བསམས་ནས། ཡུལ་མ་འདྲེས་པ་བསྟན་པའི་དོན་དུ་ཉི་མ་ཉིད་དཔེར་རྗོད་པ་ཉིད་དུ་སྨྲས་ཀྱི། དུ་བ་དང་མེ་དག་ལ་སྤྱིར་མཐོང་བའི་རྗེས་སུ་དཔག་པ་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་
เล่ม ๑๙๒ · หน้า 35b
འདི་ལ་ཞེས་བྱ་བ་ལ་སོགས་པས་སྐྱོན་བཤད་དོ། །ཁྱབ་པ་ཞེས་བྱ་བ་ནི་དུ་བ་དང་མེ་ལ་སོགས་པ་དངོས་པོ་མཐའ་དག་ལ་ཁྱབ་པའོ། །སྐད་ཅིག་མ་ཉིད་ཡིན་ན་ཡང་རྒྱུན་གཅིག་ཡིན་པའི་ཕྱིར་གཅིག་ཉིད་ཡིན་ནོ་ཞེ་ན། བཏགས་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་བཏགས་པའི་གཅིག་ཉིད་ཡིན་
ཏེ། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་ཉུང་ཟད་ཀྱང་གནས་པ་མེད་དོ། །དེ་ལྟ་ཡིན་དང་ཡུལ་དེ་ན་གནས་པ་དེ་ཉིད་ཀྱིས་ཞེས་བྱ་བ་འདི་མི་རིགས་ལ་བཏགས་པ་དངོས་པོ་ཉིད་ཀྱང་མ་ཡིན་ཏེ། དེའི་ཕྱིར་ཐེ་ཚོམ་ཟ་བ་ཡོད་པའི་དངོས་པོ་རྟོགས་པའི་ཕྱིར་ཞེས་བྱ་བ་འབྲེལ་པ་མེད་
པ་ཡིན་ནོ། །ཅི་སྟེ་ཡང་རྟོག་པས་སྒྲོ་བཏགས་པའི་གཅིག་ཉིད་ལ་བརྟེན་ནས་ཁྱད་པར་དུ་མཐོང་བར་བརྗོད་ཀྱི་ཡང་དག་པ་ནི་མ་ཡིན་ནོ་སྙམ་ན། ཁྱེད་ཀྱི་ཚད་མས་ཡུལ་མེད་པར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་གལ་ཏེ་ཡང་བསལ་བ་ནི་འཇིག་ལ། རིགས་ནི་མི་འཇིག་
པར་འདོད་དེ། དེ་ལྟར་ཡང་དག་པའི་གཅིག་ཉིད་དུ་འགྱུར་གྱི་ཡུལ་མེད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་ན། གསལ་བའི་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བྱ་ཉིད་ནི་རིགས་སོ། །གལ་ཏེ་ཞེས་བྱ་བ་ནི་ཁས་ལེན་ནའོ། །རིགས་དང་གསལ་བ་དག་གཞན་གྱིས་གཅིག་ཉིད་
དུ་འདོད་པའི་ཕྱིར་གསལ་བ་ཞིག་པ་རིགས་པ་གནས་པར་ག་ལ་འགྱུར། དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་གཅིག་ཏུ་དེ་དག་ཐ་དད་པར་ཁས་བླང་བར་བྱ་དགོས་པར་འགྱུར་རོ། །ཡོད་ན་ཞེས་བྱ་བ་འདི་ནི་ཁས་བླངས་ནས་བརྗོད་པ་ཉིད་ཡིན་ཏེ། རེ་ཞིག་གཅིག་གི་ཚེ་རིགས་
རྒྱས་པར་བཀག་པའི་ཕྱིར་དེ་ཡོད་པ་ཉིད་དུ་ག་ལ་འགྱུར། ཡོད་ན་ཡང་དེ་བདེན་ན་དེ་ཡང་སྐད་ཅིག་མ་ཉིད་དུ་འགྱུར་ཏེ། ཁྱབ་པར་བྱེད་པའི་སྐད་ཅིག་མ་འཇིག་པ་བསྒྲུབས་ཟིན་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་རྗེས་སུ་དཔག་པའི་ཡོངས་སུ་བཅད་དེ། སླར་ཡང་རྟགས་དེ་
ཉིད་ལས་མེ་དེ་ཉིད་ཡོངས་སུ་གཅོད་པ་དེའི་ཚེ་ཡང་གང་གིས་མངོན་སུམ་གྱིས་མཐོང་བ་ཞེས་བྱ་བ་ཁྱད་པར་དུ་འདོད་པ་ཁྱད་པར་དུ་མཐོང་བ་ཅིའི་ཕྱིར་མི་འདོད། རྟོགས་ཟིན་པའི་དོན་རྟོགས་པ་པོ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དེ་ནི་མངོན་སུམ་གྱིས་མཐོང་བ་ལ་ཡང་མཚུངས་སོ། །
เล่ม ๑๙๒ · หน้า 36a
བར་དུ་འཇུག་པའི་ཐེ་ཚོམ་ལྡོག་པར་བྱེད་པའི་མངོན་སུམ་གྱིས་མཐོང་བ་ལས་བླ་ལྷག་པ་ཡོད་དོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པས་མཐོང་བ་ལས་བླ་ལྷག་པར་ཡོད་པར་མཚུངས་ཏེ། དེ་ལྟ་བས་ན་ཐམས་ཅད་དུ་སྤྱིར་མཐོང་བ་ཉིད་ཡིན་གྱི། སྐད་ཅིག་གིས་འཇིག་
པའི་དངོས་པོ་རྣམས་ལ་རྗེས་སུ་དཔག་པ་ཁྱད་པར་མཐོང་བ་ཞེས་བྱ་བ་ཅུང་ཟད་མེད་དོ། །ལྟ་བ་ངན་པ་ཁ་ཅིག་ཅེས་བྱ་བ་ནི་ཕུར་བུ་པ་ལ་སོགས་པའོ། །རྗོད་པར་བྱེད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཚུལ་གྱིས་སོ། །འདིས་ནི་རང་གི་ཚིག་དང་འགལ་བ་
བཤད་པ་ཡིན་ཏེ། འདི་ལྟར་ཚིག་གི་རྟགས་ལས་བརྗོད་པར་འདོད་པ་རྟོག་པར་བྱེད་དོ་སྙམ་དུ་བསམས་ནས། གཞན་ལ་རང་གི་བསམ་པ་རིག་པར་བྱ་བའི་ཕྱིར་ཐ་སྙད་དུ་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྟན་པ་དང་། དེ་ཚད་མ་མ་ཡིན་ནོ་ཞེས་སྨྲ་བ་ན་དེ་ཉིད་འགེགས་པའི་ཕྱིར་ཕན་ཚུན་འགལ་
བ་ཡིན་ནོ། །འདིའི་སུན་འབྱིན་པ་ཕྱིས་གསལ་བར་བྱེད་པར་འགྱུར་རོ། །དེ་ལ་རེ་ཞིག་ཚུ་རོལ་མཛེས་པ་ཚད་མ་འགོད་པ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ཏེ། ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ལོག་པའི་ཤེས་པ་བཞིན་ནོ། །མིག་ལ་སོགས་པ་ནི་
གཞན་གྱི་དོན་བྱེད་དེ་བསགས་པ་ཡིན་པའི་ཕྱིར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་བྱ་བ་འདི་འདོད་པ་ལ་གནོད་པ་བྱེད་པའི་ཚུལ་གསུམ་པ་ཡིན་པའི་ཕྱིར་རོ། །ལོག་པའི་ཤེས་པ་བཞིན་དུ་འདིའི་བསྐྱེད་པར་བྱ་བ་སྟེ་ཚུལ་གསུམ་པའི་རྟགས་ལས་བྱུང་བ་ཡིན་ནོ། །འདིར་ཚུལ་
གསུམ་པ་ཉིད་ཀྱང་རྗེས་སུ་དཔག་པའི་རྒྱུ་མ་ཡིན་ཏེ། རྗེས་སུ་དཔག་པ་མ་ཡིན་པ་ཡོད་པའི་ཕྱིར་ཚུལ་གཉིས་པ་བཞིན་ནོ། །གཞན་ཡང་ཐམས་ཅད་དུ་སྒྲུབ་པར་བྱེད་པ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། བརྗོད་པར་འདོད་པའི་བསྒྲུབ་བྱའི་ཆོས་ནི་ཆོས་ཅན་གྱི་ཁྱད་པར་མ་ཡིན་ཏེ།
འདིའི་ཚོགས་པའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་བཞིན་ནོ། །འདི་ནི་རྗེས་སུ་དཔག་པ་ཐམས་ཅད་རྗེས་སུ་དཔག་པ་མ་ཡིན་པར་བསྒྲུབས་པ་ཡིན་ནོ། །ཐམས་ཅད་རྗེས་སུ་དཔག་པ་ཁྱད་པར་དང་འགལ་བ་ཡང་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་
เล่ม ๑๙๒ · หน้า 36b
བཞིན་ནོ་ཞེས་བྱ་བའི་སྦྱོར་བ་ལ། ཁ་ཅིག་ཁྱད་པར་དང་འགལ་བ་སྟོན་པར་བྱེད་དོ། ཇི་ལྟར་གཏན་ཚིགས་འདི་མི་རྟག་པ་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའི་ཡོན་ཏན་མ་ཡིན་པ་ཉིད་ཀྱང་ངོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཐམས་ཅད་དུ་འགལ་བ་མི་འཁྲུལ་པ་ཅན་ཡང་སྲིད་པ་ཡིན་ཏེ།
དཔེར་ན་སྒྲ་མི་རྟག་པ་སྟེ། བྱས་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བའི་སྦྱོར་བ་ལ། ཁ་ཅིག་སྒྲ་ནི་རྟག་སྟེ་མཉན་པར་བྱ་བ་ཡིན་པའི་ཕྱིར་སྒྲ་ཉིད་བཞིན་ནོ་ཞེས་བྱ་བས་འགལ་བ་མི་འཁྲུལ་པ་ཅན་དུ་འཆད་དོ། །དེ་ལྟ་བུ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་འགྲེལ་བཤད་ལས་དཔེར་བརྗོད་པར་སྤྲོས་
པར་བལྟ་བར་བྱའོ། །དེ་བཞིན་དུ་རྗེ་སེང་གེས་སྨྲས་པ། ཡུལ་དང་དུས་དང་གནས་སྐབས་ཀྱི་བྱེ་བྲག་གིས་དངོས་པོ་རྣམས་ཀྱི་ནུས་པ་ལ་ཐ་དད་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་དཔག་པའི་ཁོང་དུ་འདུ་བར་ངེས་པར་བྱ་མི་ནུས་ཏེ། ལྷ་སྦྱིན་ནི་ཁུར་ཁུར་བར་ནུས་པ་མ་ཡིན་ཏེ། ལྷ་སྦྱིན་ཡིན་
པའི་ཕྱིར་བྱིས་པའི་གནས་སྐབས་ཀྱི་ལྷ་སྦྱིན་བཞིན་ནོ་ཞེས་དེ་ལྟར་རྗེས་སུ་དཔག་པ་ལས་ངེས་པར་ནུས་པ་མ་ཡིན་ནོ། །འདིར་གནས་སྐབས་ཀྱི་བྱེ་བྲག་གིས་ནུས་པའི་བྱེ་བྲག་སྲིད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་ཡུལ་གྱི་བྱེ་བྲག་གིས་སྐྱུ་རུ་ར་དང་ཡུང་བ་ལ་སོགས་པ་རྣམས་ཀྱི་
རོ་དང་ནུས་པ་དང་སྨིན་པར་བྱེད་པའི་བྱེ་བྲག་མཐོང་སྟེ། གནས་སྐབས་དེ་ལ་སྐྱུ་རུ་རའི་འབྲས་བུ་ཐམས་ཅད་བསྐ་བ་ཡིན་ཏེ། ཟོས་པའི་སྐྱུ་རུ་ར་བཞིན་ནོ་ཞེས་ནི་བྱ་བར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་དུས་ཀྱི་བྱེ་བྲག་གིས་ཁྲོན་པའི་ཆུ་ལ་སོགས་པ་རྣམས་གྲང་བ་དང་དྲོ་བའི་བྱེ་བྲག་ཡོད་དེ།
དེ་ལ་ཆུ་ཐམས་ཅད་གྲང་བ་ཡིན་ནོ་ཞེས་ངེས་པར་བྱ་བར་མི་ནུས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཡུལ་དང་དུས་དང་གནས་སྐབས་ཀྱི། །ཞེས་བྱ་བ་ནི་ཐ་དད་ཅེས་བྱ་བ་ལྟོས་ནས་དྲུག་པའོ། །དངོས་རྣམས་ཞེས་བྱ་བ་གྲུབ་པ་ལ་ལྟོས་སོ། །དེ་བཞིན་དུ་མེ་ནི་རྩྭ་ལ་སོགས་པའི་ངེས་པར་
སྲེག་པར་ནུས་པ་ཡིན་ལ། འདི་སྤྲིན་ལ་ནུས་པ་ཉམས་ཏེ། དེ་ལ་འདི་ལྟར་སྤྲིན་ནི་མེས་བསྲེག་པར་བྱ་བ་ཡིན་ཏེ། སའི་རང་བཞིན་ཡིན་པའི་ཕྱིར་རྩྭ་ལ་སོགས་པ་བཞིན་ནོ། །རྗེས་སུ་དཔག་པར་བྱ་བར་མི་ནུས་སོ། །དེ་བཞིན་དུ་གཞན་གྱི་དོན་དུ་རྟོགས་པའི་དོན་ཡང་ཆེས་མཁས་པ་གཞན་དག་
เล่ม ๑๙๒ · หน้า 37a
གིས་རྣམ་པ་གཞན་དུ་རྟོགས་པའི་ཕྱིར་མཐར་ཐུག་པ་མེད་དོ། །ཡང་གཞན་གྱིས་སྨྲས་པ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་སྨྲ་བ་པོ་ལ་ལྟོས་ནས་རྗེས་སུ་བརྗོད་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ལ། ཉན་པ་པོ་ལ་ལྟོས་ནས་ནི་རང་གི་དོན་ཉིད་ཡིན་པར་ཏེ། ཐོས་པའི་
སྒོ་ནས་དོན་དེ་རྟོག་པར་འགྱུར་བའམ། མཐོང་བའི་སྒོ་ནས་ཞེས་བྱ་བ་འདི་ལ་ཁྱད་པར་ཅི་ཡོད་ཇི་ལྟར་ལྟ་བའི་དབང་པོའི་བྱ་བ་ཡོད་ན་གཞན་གྱི་དོན་གྱི་ཐ་སྙད་དུ་མི་འགྱུར་བ་དེ་བཞིན་དུ་ཉན་པའི་དབང་པོའི་བྱ་བ་ཡོད་ན་ཡང་མི་འགྱུར་རོ། །འདིས་ལྟ་བར་བྱེད་པས་ནི་ལྟ་བ་ནི་མིག་གི་དབང་པོའོ། །
རིག་པ་ནི་ཤེས་པའོ། །དེ་བཞིན་དུ་ཚིག་ཉན་པ་པོ་ལ་ལྟོས་ནས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་མ་ཡིན་ཏེ། ཉན་པ་པོའི་རྒྱུད་ལ་འཇུག་པའི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རམ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་དབང་པོའི་བཞིན་ནོ་ཞེས་བྱ་བའོ། །ཉན་པ་པོ་རྒྱུད་ཀྱིས་ཤེས་པར་བྱེད་པ་ཉིད་ཅེས་ཟླས་
ཕྱེ་ནས་གཏན་ཚིགས་གཉིས་བསྟན་ཏོ། །དཔེར་ན་དབང་པོའི་ཇི་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟོན་པའོ། །འདིར་ནི་སྦྱོར་བ་གཞན་ཡིན་ཏེ། ཉན་པ་པོ་ལ་ལྟོས་ནས་ཚིག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་མ་ཡིན་ཏེ། རྗེས་སུ་དཔག་པར་བྱ་བ་དངོས་སུ་དཔག་པའི་ཕྱིར་མེད་ན་མི་འབྱུང་བའི་འབྲེལ་པ་
ཤེས་པ་བཞིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་དངོས་སུ་དཔག་པར་གསལ་བའི་ཕྱིར་རོ། །གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་བསལ་བ་དེའི་ཕྱིར་ཉན་པ་པོ་ལ་ལྟོས་ནས་ཚིག་ཚད་མ་མ་ཡིན་ཏེ། མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ནོ། །མེད་ན་མི་འབྱུང་བའི་བསྒྲུབ་
བྱས་སྒྲུབ་པར་བྱེད་པའི་འབྲེལ་པ་དེ་ཉིད་དམ། མེད་ན་མི་འབྱུང་བའི་འབྲེལ་པ་བསྒྲུབ་པར་བྱ་བས་རྟགས་གང་ཞིག་གིས་ཤེས་པ་དེ་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་གཞན་གྱི་བྱེད་པ་ལ་ལྟོས་ནས་འདི་གཞན་གྱི་དོན་དུ་བརྗོད་པ་ཡིན་ནོ། །དེ་ཡང་མི་རིགས་ཏེ། རང་གི་དོན་ཡང་གཞན་གྱི་དོན་
ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གཞན་ཉིད་ནི་ལྟོས་པ་ཡིན་པའི་ཕྱིར་ཕ་རོལ་དང་ཚུ་རོལ་བཞིན་ནོ། །རྟགས་ཀྱི་ཚུལ་གསུམ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་སྦྱོར་བ་དང་པོ་ལ་ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་
เล่ม ๑๙๒ · หน้า 37b
འགལ་བ་ཉིད་དུ་འཆད་དོ། །མཚན་ཉིད་མི་སླུ་ཞེས་བྱ་བ་ནི་མཚན་ཉིད་འདིས་མཚོན་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་ནི་བརྒྱུད་ནས་དངོས་པོ་དང་འབྲེལ་པ་ཉིད་དེ། དེའི་ཕྱིར་མི་སླུ་བར་བྱེད་པ་ཡིན་ཏེ། མངོན་སུམ་བཞིན་ནོ། །ཇི་སྐད་
དུ། དེ་ལྟར་རྟགས་ཅན་རྟགས་བློ་དང་། །བརྒྱུད་པ་ཡིས་ནི་དངོས་པོ་དང་། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་བཤད་པ་བཞིན་ནོ། །དེའི་མཚན་ཉིད་ཅེས་བྱ་བ་ནི་མི་སླུ་བའི་མཚན་ཉིད་དེ། ཚད་མ་སླུ་བ་མེད་ཙམ་གྱི། །ཤེས་པ་ཞེས་བཤད་པ་བཞིན་ནོ། །དེ་
ཚད་མར་སྨྲ་བས་མངོན་སུམ་ལས་ཀྱང་ཚད་མ་རྣམ་པར་གཞག་པའི་རྒྱུ་མཚན་མི་སླུ་བར་ལས་གཞན་བསྟན་པར་མི་ནུས་ལ། དེ་ཡང་ཚུལ་གསུམ་གྱི་རྟགས་ཀྱིས་བསྐྱེད་པ་ལ་ཡང་ཡོད་པའི་ཕྱིར། ཅིའི་ཕྱིར་ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་དེ་ཉིད་ལས་མི་སླུ་བའི་རྒྱུ་ཚད་མ་ཉིད་
འགེགས་པར་བྱེད་དེ། འདིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དོན་གྱིས་འགལ་བར་བསྟན་ཏེ། འདི་ལྟར་གང་དུ་ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་དེ་མི་སླུ་བ་ཉིད་ཡིན་པ་དེར་ནི་ཚད་མ་ཡིན་པ་ཉིད་ཡིན་ཏེ། ཚད་མ་དང་ཚད་མ་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ།
གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པའི་ཕྱིར་ཤུགས་ཀྱིས་གཏན་ཚིགས་འགལ་བར་བསྟན་ཏོ། །འདོད་ལ་གནོད་པ་ཞེས་བྱ་བ་ལ་སོགས་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་བཤད་དོ། །གང་གི་ཕྱིར་རྒོལ་བའི་འདོད་པ་ལས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་དེ་ཡང་ཚད་མ་ཉིད་མ་ཡིན་ནོ། །
འདི་ལྟར་གལ་ཏེ་བསྒྲུབ་བྱ་གཞན་ལ་ལྟོས་ནས་ཐམས་ཅད་ཚད་མ་ཡིན་པ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ན་མངོན་སུམ་ལ་ཡང་ཐལ་བར་འགྱུར་རོ། །ཕྱོགས་སྔ་མ་ལ་ལྟོས་ནས་དེ་ལོག་པའི་ཤེས་པར་བརྗོད་ཀྱི་དངོས་པོ་གནས་པས་ནི་མ་ཡིན་ནོ། །སྔ་མ་ནི་དང་པོ་སྨྲས་པའི་ཕྱོགས་
ནི་ཕྱོགས་སྔ་མ་སྟེ། དེ་ལ་ལྟོས་ནས་ཞེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །གང་དག་མིག་ལ་སོགས་པ་བོགས་དབྱུང་དུ་མེད་པ་གཅིག་གི་དོན་བྱེད་པ་ཉིད་དུ་འདོད་དེ། དེའི་བསམ་པ་ལ་ལྟོས་ནས་ལོག་པའི་ཤེས་པར་བརྗོད་ཀྱི། མིག་ལ་སོགས་པ་རྣམས་མི་རྟག་པ་དང་དུ་བའི་རྣམ་
เล่ม ๑๙๒ · หน้า 38a
པར་ཤེས་པ་ལ་སོགས་པའི་རྒྱུ་ཉིད་དུ་གྲུབ་པའི་ཕྱིར་འགལ་བ་ཞེས་བྱ་སྟེ། ཚུལ་གསུམ་པའི་རྟགས་སྔོན་དུ་འགྲོ་བ་ཅན་ལ། ཚད་མ་ཡིན་པ་འགའ་ཡང་མེད་པའི་ཕྱིར་ལ། ཚད་མ་ནི་འདོད་པ་ལ་གནོད་པ་བྱེད་པའི་ཤེས་པ་འདི་ཉིད་ལ་ཡོད་པའི་ཕྱིར་རོ། །འོན་ཏེ་
འཇིག་རྟེན་རྒྱང་པན་པ་ལ་གནོད་པ་འགལ་བ་ཞེས་བྱ་བ་ལ། དཔེ་མ་གྲུབ་པ་ཉིད་མ་ཡིན་ནམ། གཞན་དག་ནི་འདོད་པ་ལ་གནོད་པ་སྐྱེད་པའི་ཚད་མར་འདོད་པ་ནི་མ་ཡིན་ནོ། །གང་ཡང་རུང་བ་ལ་གནོད་པ་མ་གྲུབ་པ་དང་སུན་འབྱིན་པ་མ་ཡིན་ཏེ། རྒོལ་བ་གཉིས་ཀ་ལ་ངེས་པ་གང་ཡིན་
པ་དེ་ཉིད་སྒྲུབ་པ་དང་སུན་འབྱིན་པ་ཡིན་ནོ་ཞེས་བྱ་བའི་རིག་པས་སོ་ཞེ་ན། བརྗོད་པ་གལ་ཏེ་ཡང་འདིར་གཞན་གྱི་ཚིག་ཚད་མ་ཉིད་དུ་འདོད་པ་དེ་ལྟ་ན་ཡང་མི་སླུ་བ་ཉིད་ནི་བསྙོན་པར་མི་ནུས་པའི་ཕྱིར་འདོད་པ་ཉིད་ཡིན་ལ། དེ་འདོད་པས་ཤུགས་ཀྱིས་དེ་ཚད་མ་ཡང་དངོས་པོ་གནས་པས་ཁས་བླང་
བར་བྱ་དགོས་སོ། །དངོས་པོའི་སྟོབས་ཀྱིས་ཞུགས་པས་འགལ་བར་བརྗོད་ཀྱི། གཞན་གྱི་ཁས་བླངས་པའི་ངོར་བྱས་ནས་ནི་མ་ཡིན་ནོ། །ཡང་ན་གཏན་ཚིགས་འགལ་བ་སྟོན་པར་བྱེད་པའི་ཕྱིར་འགལ་བ་ཡིན་ནོ། །དེ་འགལ་བའི་གཏན་ཚིགས་ནི་གང་མི་སླུ་བ་དེ་ནི་ཚད་མ་ཡིན་ཏེ། མངོན་
སུམ་བཞིན་ནོ། །ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་ཤེས་པ་ཡང་མི་སླུ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་བཞིན་མེད་པ་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མ་གྲུབ་པ་ཡང་མ་ཡིན་ལ། མངོན་སུམ་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་
ཕྱིར་མ་ངེས་པ་ཡང་མ་ཡིན་ནོ། །བསྒྲུབ་བྱ་མེད་པ་ཉིད་ཅེས་བྱ་བ་འདི་ལ་བསྒྲུབ་བྱ་ཡོད་པ་མ་ཡིན་པས་བསྒྲུབ་བྱ་མེད་པའོ། །དེའི་དངོས་པོ་ནི་བསྒྲུབ་བྱ་མེད་པའི་ཕྱིར། དེ་བསྒྲུབ་བྱ་མ་ཚང་བ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་ཞེས་བྱ་བ་ནི། རྟགས་ཀྱི་ཚུལ་གསུམ་ཚུལ་གཉིས་བཞིན། །
ཞེས་བྱ་བ་ལ་སོགས་པ་ལ་གཏན་ཚིགས་མ་གྲུབ་པ་ཉིད་ཅེས་བྱ་བའི་རྗེས་སུ་དཔག་པ་མ་ཡིན་པ་འགའ་ཡང་མེད་པའི་ཕྱིར་རོ། །རྣམ་པ་འདི་གཉིས་ཀྱིས་ཞེས་བྱ་བ་ནི་དེའི་ཚུལ་གསུམ་པའི་རྟགས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །རྗེས་སུ་དཔག་པ་དང་འགལ་བ་ཞེས་བྱ་བ་ལ་སོགས་
เล่ม ๑๙๒ · หน้า 38b
པ་ལ་ལན་བཤད་པ་ནི། དེ་བདག་དེ་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པའོ། །དེ་འདྲ་བ་ཞེས་བྱ་བ་ནི་དེའི་བདག་ཉིད་དང་འགལ་བ་དེ་ལས་བྱུང་བའི་འབྲེལ་པ་ལའོ། །བདག་དང་རྒྱུ་དག་ཅེས་བྱ་བ་ནི་གོ་རིམས་བཞིན་དུ་རང་བཞིན་དང་རྒྱུ་དང་མེད་པར་དེ་རྟགས་སུ་མི་འགྱུར་རོ། །
རང་བཞིན་མེད་པ་ཉིད་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །བརྗོད་པར་འདོད་པའི་བསྒྲུབ་པར་བྱ་བའི་ཆོས་ནི་ཆོས་ཅན་གྱི་ཁྱད་པར་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ་གལ་ཏེ་བསྒྲུབ་བྱའི་ཆོས་ཆོས་ཅན་གྱི་ཁྱད་པར་མ་ཡིན་པ་དེའི་ཚེ་ཚོགས་པ་ཉིད་མེད་པའི་ཕྱིར་ཏེ། དེ་ལྟ་ཡིན་དང་
ཚོགས་པའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་འགྱུར་རོ། །གང་ཡང་ཐམས་ཅད་དུ་རྗེས་སུ་དཔག་པའི་ཡུལ་ནི་འགལ་བ་ཡིན་ནོ་ཞེས་སྨྲས་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་ལས་བཟློག་པའི་ཕྱིར་འགལ་བར་འདོད་ཀྱི་ཁྱད་པར་བསྒྲུབ་
པར་འདོད་པ་ནི་མ་ཡིན་ནོ། །དངོས་པོ་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ནི་འགལ་བ་མི་འཁྲུལ་པ་ཅན་སྲིད་པའི་ཡང་མ་ཡིན་ཏེ། ཆོས་ཅན་འགལ་བར་བྱ་བ་ཕན་ཚུན་འགལ་བའི་ཆོས་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དང་དུས་དང་གནས་སྐབས་ཀྱི། །
ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། མཚན་ཉིད་ལ་ནི་གོམས་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་གཏན་ལ་ཕབ་པའི་རྟགས་ནི་གོ་བར་བྱེད་པར་འདོད་ཀྱི་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ། རླངས་པ་ལ་སོགས་པའི་ངོ་བོར་ཐེ་ཚོམ་ཟ་བའི་དུ་བ་མེད་ཅེས་ངེས་པར་བྱེད་པ་ནི་མ་
ཡིན་ནོ། །རྟགས་ངེས་པ་ཉིད་ཇི་ལྟར་ཞེ་ན། གོམས་པ་ལས་སོ། །ཇི་ལྟར་ནོར་བུའི་གཟུགས་ལ་སོགས་པ་ལ་རིགས་པ་བཞིན་ཏེ། འདི་ལྟར་གོམས་པ་ནི་དུ་བ་ལ་སོགས་པ་དེའི་མཚན་ཉིད་དུ་རླངས་པ་ལ་སོགས་པ་དག་ལས་རྣམ་པར་འབྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་རྣམ་
པར་ཕྱེ་ནས་འཇུག་པ་དག་ནི་མེ་ཐོབ་པར་འགྱུར་བ་ཉིད་དོ། །དེ་ལྟ་བས་ན་གང་གི་ཕྱིར་ཤིན་ཏུ་རྣམ་པར་ཕྱེ་བའི་རྟགས་པའི་འཁྲུལ་པ་མེད་དོ། །དེས་ན་གནས་སྐབས་ལ་སོགས་པ་བྱེ་བྲག་གིས་ཐ་དད་པ་རྣམས་ཀྱིས་འགྲུབ་པ་རྙེད་པར་དཀའ་བ་མ་ཡིན་ནོ། །ཤིན་ཏུ་རྣམ་པར་ཕྱེ་བའི་རྟགས་ལས་
เล่ม ๑๙๒ · หน้า 39a
ངེས་པའི་དོན་ནི་གཞན་དུ་བྱ་བར་མི་ནུས་ལ། ཤིན་ཏུ་རྣམ་པར་གཏན་ལ་ཕབ་པའི་དུ་བས་དཔག་པའི་མེ་ནི་རྣམ་པ་གཞན་གྱི་ངོ་བོས་བྱ་བར་ནུས་པ་མ་ཡིན་ཏེ། གཅིག་ལ་རང་བཞིན་འགལ་བ་གཉིས་མི་རུང་བའི་ཕྱིར་རོ། །གང་ཡང་ལྷ་སྦྱིན་ནི་ཁུར་ཁུར་བར་ནུས་པ་མ་
ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་དང་། གང་ཡང་སྤྲིན་ནི་མེས་ཚིག་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་པ་དེ་ནི་རྟགས་ཉིད་ནི་མ་ཡིན་ཏེ། དེ་ལ་ཚུལ་གསུམ་ཉིད་མེད་པའི་ཕྱིར་རོ། །མ་མཐོང་བ་ཙམ་གྱིས་ནི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་བྱ་བ་མི་ནུས་ཏེ། མི་མཐུན་པའི་
ཕྱོགས་ལས་མ་མཐོང་བ་ཙམ་གྱིས་ལྡོག་པ་ཉིད་ཀྱང་མིན་ཞེས་གང་བཤད་པ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་ངེས་པ་ལས་མེད་ན་མི་འབྱུང་བ་ངེས་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་ངེས་པ་སྟེ། །
མ་མཐོང་ལས་མིན་མཐོང་ལས་མིན། །ཞེས་གང་བཤད་པ་ཡིན་ནོ། །འདི་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་ཡང་ཡོད་པ་མ་ཡིན་ནོ། །འདི་སྙམ་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་རྟག་པའི་འཁྲུལ་པ་མེད་དོ་ཞེས་བྱ་བ་འདི་ཉིད་ག་ལས། འདི་ལ་རིགས་པ་ཡོད་པ་ནི་མ་ཡིན་ནོ་སྙམ་དུ་
སེམས་ན། རྒྱུ་དང་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ནི་རྣམ་པ་གཉིས་ཉིད་དེ། འདི་ལྟ་སྟེ་རང་བཞིན་དང་འབྲས་བུའོ། །མི་དམིགས་པ་ནི་རང་བཞིན་གྱི་ཁོངས་སུ་འདུས་སོ། །འདི་ནས་བརྩམས་ཏེ། དེ་ཡང་གང་གིས་འཁྲུལ་པར་གྱུར་པའི་རང་བཞིན་དང་རྒྱུ་ཞེས་བྱ་
བའི་རྟགས་ཅན་མེད་པར་རྟགས་དེ་དག་སྲིད་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་མི་སྲིད་ན་ཞེ་ན། སྨྲས་པ། ཐ་དད་པ་དང་རྒྱུ་མཚན་མེད་པར་འགྱུར་ཏེ། ཐ་དད་པ་དང་རྒྱུ་མཚན་མེད་པ་དེ་དག་ཐོབ་སྟེ། རང་བཞིན་གྱི་གཏན་ཚིགས་ཐ་དད་པ་སྟེ། རང་བཞིན་མ་ཡིན་པར་འགྱུར་ལ། འབྲས་བུའི་
གཏན་ཚིགས་ནི་རྒྱུ་མཚན་མེད་པ་སྟེ། རྒྱུ་མེད་པ་ཉིད་དུ་འགྱུར་རོ། །རང་བཞིན་དང་འབྲས་བུ་ལས་མ་གཏོགས་པའི་རྟགས་གཞན་ནི་མི་འདོད་དེ། གཞན་དུ་འབྲེལ་པ་མེད་པས་མེད་ན་མི་འབྱུང་བས་མི་རུང་བའི་ཕྱིར་རོ། །དེ་དག་མེད་ན་ཞེས་བྱ་བ་ནི་རང་བཞིན་དང་འབྲས་བུ་དག་སྟེ། འདི་ནི་གཉིས་
เล่ม ๑๙๒ · หน้า 39b
ཀྱི་ཚིག་གི་མཐའ་ཅན་ཡིན་ནོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ་ཞེས་གང་སྨྲས་པ་དེ་ལ། ཚུལ་གསུམ་པའི་རྟགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་གཞན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རམ། གང་ཡིན་པ་དེ་ནི་ཉན་པ་པོ་ལ་ལྟོས་ནས་
ཡིན་ཏེ། དེས་ན་སྨྲ་བ་པོ་ལ་ལྟོས་ནས་འབྱུང་བའི་སྐྱོན་སྐྱོན་དུ་མི་འགྱུར་རོ། །ཉན་པ་པོ་ལ་ལྟོས་ནས་ཀྱང་། ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པའི་ཕྱིར། ཉེ་བར་བཏགས་ནས་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རམ། བརྡ་ལ་རྗེས་སུ་དཔག་པ་ཉིད་དུ་བཤད་དེ།
ནུས་པ་སྟོན་པར་བྱེད་པ་ཉིད་ལ་རྗེས་སུ་དཔག་པའི་མིང་སྦྱོར་བའི་ཕྱིར་རོ། །དེས་ན་དབང་པོ་དང་། མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། ཧ་ཅང་ཐལ་བར་མི་འགྱུར་རོ། །དེ་དག་ལ་
ནུས་པ་སྟོན་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཐོང་བའི་རྩ་བ་ཅན་གྱི་རིག་པ་འདི་ལས་འདི་ཉིད་ཁྱད་པར་ཡིན་ཏེ། འདི་ལྟར་མཐོང་བའི་ཤེས་པས་དངོས་པོ་དུ་བ་ལ་སོགས་པའི་རྟགས་རྟོགས་ཀྱི། ཉན་པའི་ཤེས་པས་ནི་མ་ཡིན་ནོ། །དེས་དངོས་སུ་སྒྲ་ཉིད་འཛིན་གྱི་སྒྲ་ནི་དུ་བ་
བཞིན་དུ་ཕྱི་རོལ་གྱི་དོན་ལ་ལྟོས་ནས་གཞན་མ་ཡིན་ཏེ། བརྗོད་པར་འདོད་པ་དང་འབྲེལ་པ་ནི་ཕྱི་རོལ་དང་འབྲེལ་པར་མ་གྲུབ་པའི་ཕྱིར་རོ། །དེ་ནི་དུ་བ་ལ་སོགས་པའི་རྟགས་སྟོན་པར་བྱེད་པ་ཉིད་ཀྱིས་བརྡའི་དབང་གིས་དེ་ལྟར་ངེས་པའི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་ལྟོས་ནས་
གཞན་གྱི་དོན་བཞིན་བརྗོད་པ་འབའ་ཞིག་ཏུ་ཟད་ཀྱི། བརྗོད་པར་འདོད་པ་གོ་བར་བྱ་བ་ནི་ཉན་པ་པོ་ལ་ལྟོས་ནས་རང་གི་དོན་ཉིད་ཡིན་ཏེ། འདི་ལྟར་དེའི་འབྲས་བུ་ཡིན་པའི་ཕྱིར་དུ་བ་བཞིན་དུ་བརྗོད་པར་འདོད་པ་གོ་བར་བྱེད་པ་འདོད་ཀྱི། རྗོད་པར་བྱེད་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་ལས་ཤེས་པའི་
དོན་རྟོགས་པའི་ཕྱིར་རོ། །བརྗོད་པ་དོན་མེད་དེ་ཞེས་བྱ་བ་ནི། རྗེས་སུ་དཔག་པ་ཚད་མ་ཡིན། །བྱ་བ་འདིའོ། །འདི་ལྟར་རྟོགས་པར་བྱ་བ་འགའ་ཞིག་ཁྱོད་ཀྱི་ཚིག་ལས་བརྗོད་པར་འདོད་པ་མ་ཡིན་ཏེ། འདིས་ནི་རང་གི་ཚིག་དང་འགལ་བ་བཤད་པ་འདི་ཡང་སྔར་བཤད་པ་ཉིད་ཡིན་ནོ། །དབང་པོས་
เล่ม ๑๙๒ · หน้า 40a
སྨྲས་པ། འཇིག་རྟེན་ལ་རབ་ཏུ་གྲགས་པའི་རྗེས་སུ་དཔག་པ་ནི་ཚུ་རོལ་མཛེས་པ་རྣམས་ཀྱིས་ཀྱང་འདོད་པ་ཉིད་ཡིན་ལ། ཁ་ཅིག་འཇིག་རྟེན་པའི་ལམ་ནས་འདས་ནས་རྗེས་སུ་དཔག་པ་སྨྲ་བ་གང་ཡིན་པ་དེ་འགེགས་པ་ཡིན་ནོ་ཞེས་བྱ་བ་འདིས་དོགས་པ་བསུ་ནས། སུན་དབྱུང་
བའི་ཕྱིར་འཇིག་རྟེན་པའི་རྟགས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གཞན་མ་ཡིན་ཞེས་བྱ་བ་ནི་གཏན་ཚིགས་ལ་སོགས་རྟོགས་ཞེས་བྱ་བ་དང་འབྲེལ་ཏོ། །འབྲས་བུ་ལ་སོགས་པའི་སྒྲས་རང་བཞིན་བཟུང་ལ། དེ་བཞིན་དུ་གཏན་ཚིགས་ལ་སོགས་པ་འདིར་ཡང་རང་བཞིན་བཟུང་བ་ཁོ་ནའོ། །
མང་པོའི་ཚིག་ནི་གསལ་བ་ཐ་དད་པས་སོ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའི་རྟགས་གང་ཁོ་ན་ལས་འཇིག་རྟེན་དོན་རྟོགས་པར་འགྱུར་བ་དེ་ཉིད་ཁོ་བོ་ཅག་གིས་རྟགས་སུ་བརྗོད་དེ། དེ་ཁས་བླངས་པ་ན་གང་ཞིག་རྗེས་སུ་དཔག་པ་ཉིད་འགེགས་པར་འགྱུར་བ་ཅི་ཞིག་དོར་བར་འགྱུར།
ཅི་སྟེ་ཡང་ཁོ་བོ་ཅག་རྗེས་སུ་དཔག་པ་ཅུང་ཟད་ཅིག་འདོད་པ་ནི་མ་ཡིན་ཏེ། འོན་ཀྱང་གཞན་གྱིས་དེ་ཚད་མ་ཉིད་དུ་འདོད་པ་དེ་ཁས་བླངས་པའི་ཕྱིར་ཁོ་བོའི་དོན་མེད་པར་མི་འགྱུར་རོ་སྙམ་ན་འདིར་སྨྲས་པ། ཚད་མ་མིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་གྱི་དོན་ཚད་མར་ཁས་བླངས་སོ་ཞེས་བྱ་
བའི་ངེས་པ་འདི་ག་ལས་འབྱུང་། གཞན་གྱིས་ཁས་བླངས་པ་མངོན་སུམ་མ་ཡིན་ལ། གང་གིས་ངེས་པར་འགྱུར་བ་ཁྱེད་ལ་ཚད་མ་གཞན་ཡང་ཡོད་པ་མ་ཡིན་ནོ། །ངེས་པ་ཡིན་པ་དེ་ལྟ་ན་ཡང་ཚད་མ་མ་ཡིན་པ་གཞན་གྱིས་ཁས་བླངས་པ་དེ་ཅིའི་ཕྱིར་གཞན་རྟོགས་པར་བྱེད་དེ། འདི་ཞེན་
པ་ཉིད་ནི་མ་ཡིན་ནོ། །ཅི་སྟེ་ཡང་དགྲའི་ལག་པ་ནས་རལ་གྲི་ཕྲོགས་ཏེ་དེ་ཉིད་ཀྱིས་དགྲ་བོ་དེ་གསོད་པ་དེ་བཞིན་དུ་གཞན་གྱིས་ཚད་མ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་ཉིད་བཟུང་ནས་གཞན་སེལ་བར་བྱེད་དོ་སྙམ་དུ་དོགས་པ་བསུ་ནས། ཚད་མ་མིན་པས་བྱས་པ་ཡི། །ཞེས་བྱ་བ་སྨོས་ཏེ།
འདི་སྐད་བསྟན་པ་ཡིན་ཏེ། གལ་ཏེ་རྨོངས་པས་གཞན་གྱི་ཚད་མ་མ་ཡིན་པ་ཉིད་ཚད་མར་བྱས་ནས་བཟུང་བའི་ཚད་མ་མ་ཡིན་པ་དེ་ལས་ཇི་ལྟར་གཞན་གྱི་ཡང་དག་པའི་ཤེས་པ་སྐྱེད་པར་ནུས་ཏེ། ཚད་མ་ནི་ཡང་དག་པའི་ཤེས་པ་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །རྨོངས་པའི་རལ་གྲིའོ་སྙམ་ནས།
เล่ม ๑๙๒ · หน้า 40b
བཟུང་བའི་གཅོད་བྱེད་གང་ཡང་རུང་བས་གཞན་གཅོད་པར་ནུས་པ་མ་ཡིན་པའི་ཕྱིར་དཔེ་མཚུངས་པ་མ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་འགྲེལ་བཤད་ལས་རྣ་མ་ཕུག་པས། འོན་ཏེ་ཚད་མ་མ་ཡིན་པས་ཅིའི་ཕྱིར་གཞན་རྟོགས་པར་བྱེད་དེ། དེ་གཉི་ག་ལ་གྲུབ་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་
བྱ་བ་འདི་ནི་མི་རིགས་ཏེ། གང་གི་ཕྱིར་ཚིག་གི་བདག་ཉིད་ཀྱི་རྗེས་སུ་དཔག་པས་སྨྲ་བ་པོ་དག་ལ་ཚད་མ་ཡིན་ལ། ཡང་སྨྲ་བ་པོ་དེས་གཞན་རྟོགས་པར་བྱེད་པ་ཡང་མ་ཡིན་ཏེ། འབྲས་བུ་ནི་གཞན་དོན་རྟོགས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་གདོན་མི་ཟ་བར་གཉི་ག་ལ་གྲུབ་པར་དོགས་པ་
མེད་དོ་ཞེས་ཟེར་བའི་དོགས་པ། ཚིག་གིས་བདག་ཉིད་རྗེས་སུ་དཔག །ཅེས་བྱ་བ་ལ་སོགས་པས་དོགས་པ་བསུའོ། །དེ་ཡིས་ཞེས་བྱ་བ་ནི་ཚིག་གི་བདག་ཉིད་ཀྱིས་སོ། །འདི་ནི་ཞེས་བྱ་བ་ནི་སྨྲ་བ་པོའོ། །མི་ཤེས་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ་ཚིག་ནི་སྨྲ་བ་པོ་ལ་ལྟོས་ནས་
ནུས་པ་སྟོན་པ་མ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མི་ཤེས་པའི་དོན་བསལ་བར་མི་བྱེད་པ་ལས་སོ། །འདི་ལ་ནུས་པ་སྟོན་པ་ཉིད་ཀྱང་ཡོད་དེ། ཁྱོད་ཀྱིས་རྗེས་སུ་དཔག་པ་ནི་ནུས་པ་སྟོན་པ་མ་ཡིན་པས་འདི་ནི་མཚུངས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཉི་
ག་ལ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་རིགས་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཐམས་ཅད་དུ་ཚད་མ་ཉིད་དུ་རིགས་ཏེ་མངོན་སུམ་བཞིན་ནོ་ཞེས་བྱ་བ་ནི་རིགས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་རྗེས་སུ་དཔག་པ་བརྟག་པ་སྟེ་ཉི་ཤུ་གསུམ་པའོ།། །།
ད་ནི་ཚད་མ་གཉིས་ཀྱིས་ངེས་པར་བསྒྲུབ་པའི་དོན་དུ་གྲངས་ལས་ལོག་པར་རྟོག་པ་བསལ་བ་ནི། ཅི་སྟེ་ཞེས་བྱ་བ་ལ་སོགས་པའོ། །འདིས་ནི་ཚད་མའི་མཚན་ཉིད་མ་ཁྱབ་པའི་སྐྱོན་དང་། ཚད་མ་གཉིས་ཀྱིས་གཏན་ལ་ཕབ་ཅེས་བྱ་བ་འདི་ལ་གཉིས་སུ་ངེས་པར་བཟུང་བར་འབྲས་བུ་མེད་པ་ཉིད་
དུ་བཤད་དོ། །སྨྲས་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། འདི་ཡི་ཁོངས་སུ་གཏོགས་པའི་ཕྱིར། །ཞེས་བྱ་བ་ནི་ཚད་མ་གཉིས་པོ་འདི་ཉིད་ཀྱིའོ། །ཇི་སྐད་དུ་བསྟན་པ་ཡིན་ཏེ། ཚད་མ་ཉིད་ལས་གཞན་ལ་ཚད་མའི་མཚན་ཉིད་མི་སླུ་བ་ཉིད་མེད་པ་ཡིན་ལ། ཡོད་ན་ཡང་
เล่ม ๑๙๒ · หน้า 41a
འདི་ཉིད་ཀྱི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་ཞེས་ལོགས་ཤིག་ཏུ་མི་བརྗོད་དོ། །དེ་ལ་ཇི་ལྟར་གཞན་དག་ཚད་མ་མ་ཡིན་པའམ། ཚད་མ་ཡིན་ནའང་འདི་དག་གི་གང་དུ་ཇི་ལྟར་འདུ་བ་ཞེས་བྱ་བ་འདི་གཉིས་སྒྲུབ་པར་བྱེད་དེ། དེ་ལ་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་།
དོན་གྱིས་གོ་བ་དང་། རིགས་པ་དང་། མི་དམིགས་པ་དང་། སྲིད་པ་ཞེས་གྲགས་པ་དང་སྙམ་དུ་སེམས་པ་ཞེས་བྱ་བ་ནི། ཚད་མ་གཞན་དག་གིས་ཁས་བླངས་པ་ཞེས་དེ་ལ། རྒྱུ་ལས་བྱུང་བའི་དབང་དུ་བྱས་ནས། གཞན་གྱི་ལྐོག་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རི་ཁྲོད་རྗེ་ན་རེ་སྒྲ་ལས་
བྱུང་བའི་མཚན་ཉིད་ནི་སྒྲའི་ཤེས་པ་ལས་སྐབས་ཀྱི་དོན་ཤེས་པ་ནི་སྒྲ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་ཏེ། སྒྲ་རང་གི་མཚན་ཉིད་འཛིན་པ་ལས་དུས་ཕྱིས་ལྐོག་ཏུ་གྱུར་པའི་དོན་ལ་སྐྱེ་བ་གང་ཡིན་པ་དེ་ནི་སྒྲ་ལས་འོངས་པའི་ཕྱིར་སྒྲ་ལས་བྱུང་བ་ཡིན་ནོ། །དེ་ནི་རྣམ་པ་གཉིས་ཏེ། སྐྱེས་བུས་མ་བྱས་པའི་
སྒྲས་བསྐྱེད་པ་དང་། ཡིད་ཆེས་པའི་སྐྱེས་བུས་ཚིག་གིས་བསྐྱེད་པའོ། །འདི་ཡང་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་ལས་ཐ་དད་པ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཚུལ་གསུམ་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་
ཆོས་ཅན་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པའི་ཕྱིར། མངོན་སུམ་ལས་ཐ་དད་པ་ཡིན་ལ། རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་ཚུལ་གསུམ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་རྗེས་སུ་དཔག་པར་བྱ་བར་འདོད་ཀྱི། འབའ་ཞིག་པ་མ་ཡིན་
ལ་ཆོས་ཙམ་ཡང་མ་ཡིན་ཏེ། ཇི་སྲིད་དུ་དེའི་ཆོས་ཉིད་ཀྱི་ཆོས་ཅན་གྱི་ཡུལ་ཅན་གྱི་བདག་ངེས་པར་མ་བཟུང་བ་དེ་སྲིད་དུ་རྗེས་སུ་དཔག་པ་འཇུག་པ་སྲིད་པ་མ་ཡིན་ཏེ། ཇི་སྲིད་དུ་ཕྱོགས་ཀྱི་ཆོས་མ་བཟུང་བ་དེ་སྲིད་དུ་རྗེས་སུ་དཔག་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཕྱོགས་ཀྱི་ཆོས་དེ་ཉིད་ངེས་
པར་གཟུང་བར་མི་འགྱུར་ཞེ་ན། འདི་ལ་ཞེས་བྱ་བ་སྨོས་ཏེ། གང་ཡང་སྒྲ་འདི་ལ་ཤིང་ལ་སོགས་པའི་ཆོས་ཅན་བཏགས་པ་དེ་ཉིད་གཞལ་བྱ་ཡིན་ཏེ། དེ་ཉིད་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་ཆོས་ཅན་ཉིད་གཞལ་བྱ་ཡིན་གྱི། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་མ་ཡིན་ནོ་
เล่ม ๑๙๒ · หน้า 41b
ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཅན་དེ་ཉིད་མ་བཟུང་ན་སྟེ། མ་ངེས་ན་ཇི་ལྟར་དེའི་ཆོས་ངེས་པ་ཡིན། གཞན་ཡང་གལ་ཏེ་ཆོས་ཅན་འདི་ཕྱོགས་ཀྱི་ཆོས་ངེས་པ་ལས་སྔར་ཤེས་པ་དེའི་ཚེ་ཕྱོགས་ཀྱི་ཆོས་ལ་སོགས་པ་ངེས་པའི་འབད་པ་འབྲས་བུ་མེད་དོ། །འབད་པ་ཐམས་ཅད་ནི་ཆོས་ཅན་རྟོགས་པར་བྱ་
བའི་དོན་དུ་ཡིན་ན། དེ་རྟོགས་ནས་དེ་ཕྱོགས་ཀྱི་ཆོས་ལ་སོགས་པ་ངེས་པའི་འབད་པས་ཅི་ཞིག་བྱ། འདི་ཡང་ཁས་བླངས་ནས་བརྗོད་པ་ཡིན་ཏེ། སྒྲ་ནི་ཤིང་ལ་སོགས་པ་ཆོས་ཅན་གྱི་ཆོས་མ་ཡིན་ཏེ། སྨྲ་བ་པོ་ཡུལ་དུ་ངེས་པར་བཟུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རེ་ཞིག་ཕྱོགས་ཀྱི་ཆོས་ཉིད་
མེད་པར་བསྟན་ནས། ད་ནི་རྗེས་སུ་འགྲོ་བ་མེད་པར་བསྟན་པའི་ཕྱིར། གཞལ་བྱས་སྒྲ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པར་རྟོགས་པ་ནི་གཏན་ལ་ཕབ་པའོ། །བྱ་བས་ཞེས་བྱ་བ་ནི་སྲིད་པ་སྟེ། ཡོད་པས་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་པ་ཡིན་ཏེ། ཡོད་པ་ཉིད་རྗེས་སུ་འགྲོ་
བར་བྱེད་པ་ཡིན་གྱི་ཡོད་པ་མ་ཡིན་པ་ནི་མ་ཡིན་ནོ། །འདི་ཉིད་བསྟན་པའི་ཕྱིར། གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་ན་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་མེ་ཡོད་པ་དེའི་ཕྱིར་མེ་འདི་དུ་བའི་རྗེས་སུ་འགྲོ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྒྲ་དོན་དང་རྗེས་སུ་འགྲོ་བ་མེད་དོ། །
ཇི་ལྟར་མེད་ཅེས་བྱ་བ་བསྟན་པའི་ཕྱིར། རེ་ཞིག་ཅེས་བྱ་བ་སྨོས་ཏེ། རེ་ཞིག་སྒྲས་ནོན་པའི་ཡུལ་དེར་དོན་ཡོད་པ་མ་ཡིན་ཏེ། འདི་ལྟར་ཤིང་ཏོག་འབྲ་གོ་ལ་སོགས་པའི་སྒྲ་གྲོང་ཁྱེར་དམར་བུ་ཅན་ལ་སོགས་པ་གཞན་དུ་ཐོས་ན་ཡང་ཡུལ་དེ་ན་ཤིང་ཏོག་འབྲ་གོ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །
དེ་བཞིན་དུ་སྒྲའི་དུས་ན་ཡང་གདོན་མི་ཟ་བར་དོན་ཡོད་པ་མ་ཡིན་ཏེ། འདི་ལྟར་རྒྱལ་པོ་དེ་ལི་པ་དང་མང་པོས་བཀུར་བ་ལ་སོགས་པའི་སྒྲ་ད་ལྟར་བ་ཡིན་ལ་བྱུང་ཟིན་པ་དང་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་དོན་གྱི་སྒྲ་རྗེས་སུ་འགྲོ་བར་བྱེད་པ་ག་ལས་ཡིན། ཅི་སྟེ་སྒྲ་རྣམས་ནི་རྟག་པའི་ཕྱིར་དུས་ཐམས་
ཅད་དུ་གནས་པས་དོན་དང་ལྷན་ཅིག་དུས་ཐ་དད་པ་མ་ཡིན་ལ། ཡུལ་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། ཡུལ་ཐམས་ཅད་ནོན་པར་གནས་པས་ཁྱབ་པའི་ཕྱིར་རོ། །དེ་ལྟ་བས་ན་རྟག་པ་དང་ཁྱབ་པའི་ཕྱིར། སྒྲ་རྣམས་དོན་གྱི་རྗེས་སུ་འགྲོ་བ་ཡོད་དོ་ཞེས་བྱ་བར་འདོད་ན། དེ་ནི་མ་ཡིན་ཏེ། རྟག་པ་དང་ཁྱབ་པ་
เล่ม ๑๙๒ · หน้า 42a
ཉིད་ནི་སྒྲ་ཐམས་ཅད་ལས་མཚུངས་པའི་ཕྱིར། སོ་སོར་ངེས་པའི་སྒྲས་སོ་སོར་ངེས་པའི་དོན་བརྗོད་པར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། སྒྲ་གང་ཡང་རུང་བ་འགའ་ཞིག་གིས་དོན་ཐམས་ཅད་བརྗོད་པ་ཉིད་དུ་འགྱུར་རོ། །དེས་དོན་དང་ལྷན་ཅིག་ཡུལ་ལམ་དུས་ཐམས་ཅད་དུ་སྒྲ་
དེ་མཐོང་བའི་ཕྱིར་ལྡོག་པ་དེ་བསྒྲུབ་བྱ་མེད་ན་སྒྲུབ་བྱེད་མི་འབྱུང་བ་དེ་མ་རྟོགས་པའི་ཕྱིར་ཏེ། མི་དམིགས་པའི་ཕྱིར་རྟག་པ་དང་ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བས་མཇུག་བསྡུས་ནས་ཚད་མ་སྟོན་པར་བྱེད་པ་ཡིན་ཏེ། སྒྲ་ལས་བྱུང་བ་རྗེས་དཔག་མིན། །ཞེས་བྱ་བ་ནི་བསྒྲུབ་བྱ་
སྟོན་པའོ། །མངོན་སུམ་བཞིན་དུ་ཞེས་བྱ་བ་ནི་དཔེའོ། །ཚུལ་གསུམ་ཉིད་དང་བྲལ་བས་ན། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་འདྲའི་ཡུལ་ནི་སྤངས་ཕྱིར་རོ། །ཞེས་བྱ་བ་ནི་གཏན་ཚིགས་སྒྲུབ་བྱེད་དོ། །དུ་བ་ལ་སོགས་པའི་རྟགས་ལས་བྱུང་བའི་རྗེས་སུ་དཔག་པའི་ཡུལ་ཆོས་ཀྱི་ཁྱད་པར་དུ་བྱས་པའི་
ཆོས་ཅན་ཅི་འདྲ་བ་དེ་འདྲ་བའི་ཡུལ་དེ་སྤངས་པའི་ཕྱིར་རོ། །བྲལ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཚུལ་གསུམ་དང་བྲལ་བའི་ཕྱིར་རྗེས་སུ་དཔག་པ་ལས་གཞན་ཉིད་ཡིན་དུ་ཆུག་མོད། ཇི་ལྟར་སྒྲ་འདི་ཚད་མ་ཡིན་ཞེ་ན། མེ་ལས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐེ་ཚོམ་ཕྱིན་ཅི་ལོག་དང་
བྲལ་བའི་ཕྱིར་མི་གཡོ་བ་ནི་ངེས་པ་ཡིན་ཏེ། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། ཚད་མ་ཡིན་ཏེ་མངོན་སུམ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་རི་ཁྲོད་རྗེ་ན་རེ་མཐོ་རིས་འདོད་པས་མཆོད་སྦྱིན་བྱའོ་ཞེས་བྱ་བའི་ཚིག་འདི་ལས་མཐོ་རིས་འབྱུང་ངམ་མི་འབྱུང་སྙམ་པའི་ཐེ་ཚོམ་
གྱིས་རྟོགས་པ་མ་ཡིན་ཏེ། ངེས་པའི་ཤེས་པ་འདི་ནི་ལོག་པར་མི་འགྱུར་རོ། །གང་ཞིག་སྐྱེ་ནས་ཞིག་པ་དེས། །དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་དེ་ནི་ལོག་པའི་ཤེས་པ་ཡིན་ནོ། །འདི་ནི་ཡུལ་གཞན་དང་དུས་གཞན་དང་སྐྱེས་བུ་གཞན་ལ་ཕྱིན་ཅི་ལོག་མ་ཡིན་པ་དེའི་ཕྱིར་དེ་བཞིན་དུ་ཡིན་ནོ། །གང་ཡང་
འཇིག་རྟེན་པའི་ཚིག་དེ་ཡིད་ཆེས་པའི་སྐྱེས་བུ་ལས་སམ། དབང་པོའི་ཡུལ་ཡིན་ནོ་ཞེ་ན་ནི། དེ་བཞིན་དུ་ཡིན་པ་ཉིད་དོ། །ཅི་སྟེ་ཡིད་ཆེས་པ་མ་ཡིན་པ་ལས་སམ། དབང་པོའི་ཡུལ་མ་ཡིན་པའི་སྐྱེས་བུ་དེའི་བློ་ལས་བྱུང་བ་ནི་ཚད་མ་མ་ཡིན་ཏེ། སྐྱེས་བུ་ཙམ་ནི་ཤེས་པར་མི་ནུས་སོ་ཞེས་ཟེར་
เล่ม ๑๙๒ · หน้า 42b
རོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་ཡང་བྱེད་པ་པོ་མེད་པའི་ངང་ལས་ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་བྱུང་བའི་མཚན་ཉིད་དང་པོ་དེ་ལ་མཚན་ཉིད་མི་སྲིད་པའི་སྐྱོན་འཆད་པ་ཡིན་ནོ། །བྱེད་པ་པོ་མེད་པའི་ཚིག་ནི་སྲིད་པ་ཉིད་མ་ཡིན་ཏེ། ཁྱད་པར་བྱེད་པ་སྐད་ཅིག་མ་འཇིག་པ་བསྒྲུབས་
ཟིན་པའི་ཕྱིར་རམ། འཆད་པར་འགྱུར་བའི་རིགས་པས་སོ། །སྲིད་པ་ཡིན་ན་ཡང་དེའི་དོན་དང་ལྡན་པ་ཉིད་མི་སྲིད་དེ། དེའི་ཕྱིར་བྱེད་པ་པོ་མེད་པའི་ཚིག་ལས་ལྐོག་ཏུ་གྱུར་པའི་དོན་ཤེས་པ་ཞེས་བྱ་བ་གང་ཡིན་པ་དེ་གཉི་ག་ཡང་མི་སྲིད་པའི་ཕྱིར་ཚད་མའི་མཚན་ཉིད་མི་སྲིད་པ་ཡིན་ནོ། །
ཡང་ཇི་ལྟར་བྱེད་པ་པོ་མེད་ཅེ་ན། ནུས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བྱེད་པ་པོ་མེད་པའི་དབང་དུ་འགྱུར་ན་ཤེས་པ་སྐྱེད་པར་བྱེད་པ་ལ་ནུས་པར་འགྱུར་བའམ། རེས་འགའ་མི་ནུས་པ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ནུས་པའི་རང་བཞིན་དེ་རྗེས་སུ་འཇུག་པ་ཉིད་
རྟག་ཏུ་དེ་ལས་བྱུང་བའི་ཤེས་པར་འགྱུར་རོ། །དེ་ལ་སྦྱོར་བ་ནི་གང་ཞིག་གང་བྱས་པ་ལ་ནུས་པ་ཐོགས་པ་མེད་པ་དེ་ནི་དེ་བྱེད་པ་ཉིད་ཡིན་ཏེ། རྒྱུ་ཚོགས་པ་ཐ་མ་བཞིན་ནོ། །བྱེད་པ་པོ་མེད་པའི་ཚིག་ཀྱང་ཤེས་པ་སྐྱེད་པ་ལ་དུས་ཐམས་ཅད་དུ་ནུས་པ་ཐོགས་པ་མེད་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་
གཏན་ཚིགས་སོ། །ཡང་ན་གང་གི་རྒྱུ་མ་ཚང་བ་མེད་པ་དེ་ནི་འབྱུང་བ་ཉིད་ཡིན་ཏེ། རྒྱུ་མ་ཚང་བ་མེད་པའི་མྱུ་གུ་བཞིན་ནོ། །སྐྱེས་བུས་མ་བྱས་པ་ལས་བྱུང་བའི་ཤེས་པ་ཡང་རྒྱུ་མ་ཚང་བ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཕྱོགས་གཉིས་པ་ལ་ཡང་ནུས་པ་མེད་
པའི་རང་བཞིན་དེ་དུས་ཐམས་ཅད་དུ་རྗེས་སུ་འཇུག་པའི་ཕྱིར། ནམ་ཡང་དེ་ལས་བྱུང་བའི་ཤེས་པར་མི་འགྱུར་ཏེ། རྒྱུ་མ་ཚང་བའི་མྱུ་གུ་བཞིན་ནོ། །ཇི་ལྟར་དོན་དང་ལྡན་པ་ཉིད་མི་འཐད་ཅེ་ན། ཇི་ལྟར་ལོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིན་ཅི་ལོག་གི་དོན་ཅན་ནམ་བདེན་པའི་དོན་ཅན་
ཉིད་ཀྱིས་ཏེ་རྒྱུ་རྣམ་པ་གཉིས་ཀྱི་དོན་དང་ལྡན་པ་ཡིན་ཏེ། ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དོན་དང་ལྡན་པ་རྣམ་པ་གཉིས་པོ་དེའི་རྒྱུ་ཡང་ཡོན་ཏན་དང་སྐྱོན་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་ཏེ། །འདི་ལྟར་དེ་ལྟར་འདོད་ཆགས་ལ་སོགས་པའི་ཉེས་པ་དང་ལྡན་པའི་སྐྱེས་
เล่ม ๑๙๒ · หน้า 43a
བུ་ནི་བརྫུན་དུ་སྨྲ་བར་མཐོང་ལ། དེ་བཞིན་དུ་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ནི་བདེན་པ་སྨྲ་བར་མཐོང་སྟེ། ཡང་དག་པ་ཉིད་དང་ལོག་པ་གཉིས་ཀྱི་རྒྱུ་ཡོན་ཏན་དང་ཉེས་པ་དེ་དག་གི་རྟེན་ནི་སྐྱེས་བུ་ཡིན་ནོ། །དེ་ལྟ་ཡིན་དང་སྐྱེས་བུ་ལོག་ན་ཡོན་ཏན་དང་ཉེས་པ་ལྡོག་ལ།
ཡོན་ཏན་དང་ལྡན་པ་ལོག་ན་ཡང་དག་པ་ལོག་པ་ཉིད་དག་ཀྱང་མེད་དེ། དེ་མེད་ན་རྣམ་པ་གཞན་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པའི་ཚིག་དོན་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་པར་ནི་འབྲས་བུ་སྲིད་པ་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཡུལ་
དང་དུས་དང་རྫས་ལ་སོགས་པ་ངེས་པར་མི་འགྱུར་རོ། །འདི་ནི་ཐལ་བར་སྒྲུབ་པར་བྱེད་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་ཏེ། རང་རྒྱུད་ཀྱིས་སྒྲུབ་པར་བྱེད་ན་མཐོང་བ་དང་འགལ་བར་འགྱུར་ཏེ། འདི་ལྟར། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ། །ཞེས་བྱ་བ་ལ་སོགས་པའི་ངག་ལས་དོན་
རྟོགས་པར་འགྱུར་བ་ཉིད་དམིགས་པ་ཡིན་ཏེ། མཐོང་བ་ནི་བསྐྱོད་པར་ནུས་པ་མ་ཡིན་ལ་བྱེད་པ་པོ་མེད་པ་ཉིད་ནི་གཉི་ག་ལ་གྲུབ་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡང་ཡིན་ནོ། །འདིར་གཉི་ག་ཡང་ཐལ་བར་སྒྲུབ་པར་བྱེད་པ་བལྟ་བར་བྱ་སྟེ། འདི་ལྟར་གལ་ཏེ་རིག་བྱེད་སྐྱེས་བུས་
མ་བྱས་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་དོན་མེད་པ་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ། དོན་དང་ལྡན་པའི་རྒྱུ་སྐྱེས་བུ་མེད་པའི་ཕྱིར་རོ། །དོན་མེད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་སྐྱེས་བུས་བྱས་པ་ཉིད་ཡིན་ནོ་ཞེས་ཐལ་བར་འགྱུར་བས་བསྟན་ཏོ། །ཐལ་བར་སྒྲུབ་པར་བྱེད་པ་འདི་ཉིད་སྒྲུབ་པ་པོའི་
དོན་དུ་མཐོང་བ་དང་མི་འགལ་བར་བསྟན་པའི་ཕྱིར་དོགས་པ་སྔོན་དུ་བསུ་ནས་དོན་རྟོགས་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མིན་ཞེས་བྱ་བ་ནི་དོན་མེད་པ་ཞེས་བྱ་བ་དང་སྦྲེལ་ལོ། །དེ་ལྟ་ཡིན་ན་དམ་བཅའ་བ་མཐོང་བ་དང་འགལ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་རིག་བྱེད་ལས་
རིག་བྱེད་ཀྱི་དོན་རྟོགས་པ་ཉེ་བར་བསྟན་པ་མེད་པར་འབྱུང་བར་འགྱུར་ན་མཐོང་བ་དང་འགལ་བ་བདེན་པར་འགྱུར་ན། གང་གི་ཕྱིར་འདི་དོན་རྟོགས་པར་བསྟན་པ་ལས་བརྡའི་དབང་གིས་འགྱུར་གྱི། བརྡ་ལ་མ་ལྟོས་པའི་རིག་བྱེད་འགའ་ཞིག་ལས་ནི་མ་ཡིན་ཏེ། འདི་ལྟར་རིག་བྱེད་ཀྱི་དོན་དཔྱོད་པ་ལ་
เล่ม ๑๙๒ · หน้า 43b
སོགས་པའི་རང་གི་འདོད་པས་བརྗོད་པར་མཐོང་གི་དོན་གྱི་རང་བཞིན་སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་པ་ཉིད་དུ་རིག་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་སྐྱེས་བུ་སྔ་ན་མེད་པའི་དོན་རང་གི་འདོད་པས་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་གྱི་རང་བཞིན་དུ་རྣམ་པར་གནས་པ་གང་ཡིན་
པ་དེ་ཉིད་སྐྱེས་བུས་གསལ་བར་བྱེད་པས་དེས་ན་མཐོང་བ་དང་འགལ་བར་འགྱུར་རོ་སྙམ་ན། འོ་ན་གལ་ཏེ་དེ་ལྟ་ན་རིག་བྱེད་འདི་རང་བཞིན་གྱིས་ཡང་དག་པའི་དོན་གསལ་བར་བྱེད་པའི་ནུས་པ་གནས་པ་དེའི་ཚེ་བརྡ་མི་ཤེས་པས་ཀྱང་རིག་བྱེད་ཀྱི་ཚིག་དེ་ལ་དོན་རྟོགས་པར་འགྱུར་རོ། །བརྡ་ལ་
ལྟོས་ནས་རིག་བྱེད་དོན་རྟོགས་པའི་རྒྱུ་ཡིན་གྱི་འབའ་ཞིག་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རང་བཞིན་གྱིས་དོན་རྟོགས་པའི་རྒྱུ་སྒྲོན་མ་ལ་སོགས་པའི་བརྡ་ལ་ལྟོས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་བརྡ་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དོན་རྟོགས་པར་ནུས་པར་འགྱུར་གྱི་
རང་བཞིན་འབྲེལ་པ་ནི་མ་ཡིན་ནོ། །གཞན་ཡང་བརྡ་དང་ལྷན་ཅིག་པ་ལས་དོན་རྟོགས་པ་ཡིན་དུ་ཆུག་མོད། དེ་ལྟ་ན་སྐྱོན་ཡོད་དོ་ཞེས་བསྟན་པ་ནི་བརྡ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔྱོད་པ་བས་སྦྱར་བའི་བརྡ་ལས། ངེས་པར་སྦྱོར་བར་བྱེད་པས་བཀོད་པའི་བརྡ་ནི་བརྡ་
གཞན་ཡིན་ལ། དེ་ཡོད་ན་རྣལ་མའི་དོན་ལས་དོན་གཞན་སྒྲ་དེ་ལས་རྟོགས་པར་མི་འགྱུར་ཏེ། སྒྲོན་མ་ནི་གསལ་བར་བྱ་བ་མ་ཡིན་པའི་དྲི་དང་རོ་ལ་སོགས་པས་རྡའི་དབང་གིས་གསལ་བར་ནུས་པ་མ་ཡིན་ནོ། །བརྡའི་དབང་གིས་དོན་གཞན་ལ་འཇུག་པ་ཡིན་དུ་ཟིན་པ་སྟེ། དེ་ལྟ་ན་ཡང་
ཚད་མ་ཉིད་ནི་འགྲུབ་པར་མི་འགྱུར་ཞེས་སྒྲུབ་པར་བྱེད་པ་ནི་ནུས་པ་དེ་ནི་ཞེས་བྱ་བའོ། །གལ་ཏེ་གང་གི་ཚེ་སྐྱེས་བུའི་འདོད་པའི་དབང་གིས་སྒྲ་དོན་གཞན་ལ་ཡང་འཇུག་པ་དེའི་ཚེ་འཆོལ་བའི་ཕྱིར་ཡང་དག་པའི་དོན་གསལ་བར་བྱེད་པའི་ནུས་པ་དེས་ངེས་པར་མི་ནུས་པའི་ཕྱིར་ཇི་ལྟར་དེ་ལས་འདོད་
པའི་དོན་རྟོགས་པར་འགྱུར། ཡང་ན་རྣམ་པ་གཞན་དུ་བཤད་པར་བྱ་སྟེ། གང་འདིར་རང་བཞིན་གྱིས་ཡང་དག་པའི་དོན་གསལ་བར་ནུས་པ་དེ་རེས་འགའ་དོན་གཅིག་ལ་ངེས་པར་འགྱུར་བའམ། དོན་དུ་མ་ངེས་པར་འགྱུར་ཞེས་བྱ་བ་གཉིས་སོ། །དེ་ལ་དོན་གཅིག་ལ་ངེས་པའི་ཕྱོགས་ལ་
เล่ม ๑๙๒ · หน้า 44a
སྐྱོན་བཤད་པ་ནི། བརྡ་གཞན་ཡོད་པ་ཞེས་བྱ་བའོ། །གཉིས་པ་ལ་ཡང་ནུས་པ་དེ་ནི་རྣམ་པར་ཤེས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འཆོལ་བའི་ཕྱིར་སྙམ་དུ་བསམས་པ་ཡིན་ནོ། །ཇི་སྐད་དུ། ཚིག་རྣམས་དོན་གཅིག་ལ་ངེས་ན། །དོན་
གཞན་རྟོགས་པར་མི་འགྱུར་རོ། །དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་སྲིད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་སྒྲ་ལས་བྱུང་བའི་མཚན་ཉིད་དང་པོ་མི་སྲིད་དོ་ཞེས་བསྟན་ནས། མི་གཡོའི་ཤེས་པ་སྐྱེ་བའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་འདི་མཇུག་བསྡུ་
པའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་གང་གི་ཚེ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དོན་རྟོགས་པ་ཉིད་མི་སྲིད་པ་དེའི་ཚེ་དེ་མི་གཡོ་བ་ཉིད་དུ་ག་ལ་འགྱུར། གང་ཡང་རིག་བྱེད་ཀྱི་ཚིག་ལས་དོན་རྟོགས་པ་འདིའི་འགྱུར་
བ་དེ་ནི་བརྡ་ལས་བྱུང་བ་ཉིད་དུ་རིགས་སོ་ཞེས་འདི་ནི་བསྟན་པ་ལས་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དང་པོ་ཉིད་དུ་བསྟན་ཟིན་ཏོ། །འདི་ཡང་བརྡ་ལས་བྱུང་བ་ཉིད་དུ་རིགས་ཏེ། གང་གི་ཕྱིར་རིག་བྱེད་ཀྱི་ཚིག་འདི་སྐྱེས་བུའི་ཚིག་ལས་ཏེ་སྐྱེས་བུས་བྱས་པ་ཉིད་ལས་ཐ་དད་པ་མ་ཡིན་ཏེ།
སྐྱེས་བུས་བྱས་པའི་ཚིག་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཡང་ག་ལས་ཤེ་ན། རིགས་པ་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གིས་ཞེས་བྱ་བ་ནི་རིག་བྱེད་དང་སྐྱེས་བུས་བྱས་པ་དག་གིས་ཏེ། རྣམ་པ་ཐམས་ཅད་དུ་སྐྱེས་བུ་དག་གིས་བྱེད་པར་ནུས་པའི་
ཕྱིར་རིག་བྱེད་ནི་འཇིག་རྟེན་པ་ལས་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐོས་པ་ལས་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པ་ཡིན་ནོ། །ཡང་ན་གཉིས་པ་ལ་ཡང་ཡིད་ཆེས་པས་བསྟན་པས་ཞེས་བྱ་བ་འདི་ལ་སྒྲ་ལས་བྱུང་བའི་མཚན་ཉིད་མི་སྲིད་པ་ཉིད་ཀྱི་མཚན་ཉིད་ཀྱི་སྐྱོན་འཆད་པ་ནི། ཡིད་ཆེས་
ཁས་མི་ལེན་ཞེས་བྱ་བ་ལ་སོགས་པ་སྟེ། དཔྱོད་པ་པ་རྣམས་ཀྱིས་ཉེས་པ་ཟད་པའི་སྐྱེས་བུས་ཁས་མི་ལེན་པའི་ཕྱིར། ཡིད་ཆེས་པ་ཁས་མི་ལེན་པས་དེའི་ཚིག་ཚད་མ་ཉིད་དུ་ག་ལ་འགྱུར། མི་བཟོད་ཅེས་བྱ་བ་ནི་མི་རིགས་པ་སྟེ་མི་སྲིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཡིད་ཆེས་པ་འདོད་དེ་ཡིད་
เล่ม ๑๙๒ · หน้า 44b
ཆེས་པ་དེ་འདོད་པ་དེའི་ཚེ་འདི་ནི་འདིའོ་ཞེས་ཟེར་ནས་བཟུང་ནས་ཡིད་ཆེས་པ་འདི་ནི་མ་ངེས་པའི་ཕྱིར་མེད་པ་དང་འདྲ་བ་ཉིད་ཡིན་ནོ། །གཞན་གྱི་སྐྱོན་དང་ཡོན་ཏན་ངེས་པར་བྱ་བ་ལ་ཚད་མ་ཡོད་པ་མ་ཡིན་ཏེ། དེ་དག་ནི་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །ལུས་དང་ངག་གི་ཐ་སྙད་ཀྱང་
བློ་སྔོན་དུ་བཏང་ནས་གཞན་དུ་བྱེད་པའི་ཕྱིར་མི་འཆོལ་བར་ཚུ་རོལ་མཐོང་བ་རྣམས་ཀྱིས་དེ་དག་ངེས་པར་མི་འཛིན་པའི་ཕྱིར་རོ། །ཅི་སྟེ་ཡང་སྐྱེས་བུ་གང་ཞིག་ཉེས་པ་མ་ཟད་པ་ཡིན་ན་ཡང་ཚིག་ལས་ཕལ་ཆེར་མི་སླུ་བར་མཐོང་བའི་ཉེས་པ་མ་ཟད་པ་དེ་ཁོ་བོ་ཅག་གིས་ཡིད་ཆེས་པར་
འདོད་དོ། །དེ་ལྟ་བས་ན་ཡིད་ཆེས་པའི་ཚིག་གཟུང་བར་བྱ་བ་ཡིན་ཏེ། དེས་ན་སྒྲའི་མཚན་ཉིད་ལ་མི་སྲིད་པ་མི་སྲིད་དོ་སྙམ་ན། འདི་ཡང་ཡང་དག་པ་མ་ཡིན་ཏེ། གཅིག་ཏུ་མི་སླུ་བ་ཙམ་དུ་དམིགས་པའི་ཕྱིར་ཐམས་ཅད་དུ་དེ་ལྟ་བུ་ཡིན་པར་ངེས་པ་ནི་རིགས་པ་མ་ཡིན་ཏེ། འཁྲུལ་པ་
སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མ་འཁྲུལ་པའི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་རེ་ཞིག་སྒྲ་ལས་བྱུང་བའི་མཚན་ཉིད་རྣམ་པ་གཉི་ག་ཡང་ཁྱད་པར་དུ་སུན་འབྱིན་པ་བསྟན་ནས། སྤྱིར་སུན་འབྱིན་འཆད་པ་ནི་གང་གིས་དེ་དག་ཅེས་བྱ་བ་ལ་སོགས་པ་སྟེ། གང་གིས་དངོས་པོ་དེ་དག་ལ་
རྟོགས་པར་བྱེད་པའི་ཚིག་འདི་དག་ཚད་མ་ཉིད་དུ་འགྱུར་བའི་ཚིག་རྣམས་བརྗོད་པར་བྱ་བའི་དངོས་པོ་དང་ལྷན་ཅིག་དེའི་བདག་ཉིད་དམ་དེ་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དབང་པོ་ཐ་
དད་པས་འཛིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ། །དེ་ལ་དབང་པོ་ཐ་དད་པས་བཟུང་བ་ནི་དབང་པོ་ཐ་དད་པས་གཟུང་བ་སྟེ། འདི་ལྟར་སྒྲ་ནི་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་ལ། དོན་ནི་མིག་ལ་སོགས་པས་སོ། །སོགས་པའི་སྒྲས་ནི་དུས་དང་ཡུལ་དང་སྣང་བ་དང་རྒྱུ་ཐ་
དད་པ་བཟུང་ངོ་། །གཞོན་ནུ་མ་ལེན་ན་རེ། དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་གཟུགས་གཅིག་ལ་མང་པོ་དག་ལྟ་བ་དེའི་ཚེ་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་གཟུགས་ཐ་དད་པར་འགྱུར་
เล่ม ๑๙๒ · หน้า 45a
རོ། །ཅི་སྟེ་ཡང་མིག་གི་དབང་པོར་རིགས་ཐ་མི་དད་པའི་ཕྱིར་འདིར་དབང་པོ་གཅིག་གིས་གཟུང་བར་བྱ་བ་ཉིད་ཡིན་ནོ་སྙམ་ན། འོ་ན་དེ་ལྟ་ན་ཡོད་པ་དབང་པོ་དུ་མས་གཟུང་བར་བྱ་བ་ཉིད་ཡིན་ན་དབང་པོའི་རིགས་ཐ་མི་དད་པའི་ཕྱིར་དབང་པོ་ཐ་མི་དད་པས་གཟུང་བར་བྱ་བ་ཉིད་
ཡིན་པའི་ཕྱིར་གཅིག་ཉིད་དུ་གྲུབ་སྟེ། དེ་ལྟ་བས་ན་བློ་ཐ་དད་པ་དང་ཐ་མི་དད་པ་དག་ལས་དངོས་པོ་ཐ་དད་པ་དང་ཐ་མི་དད་པ་དག་རྣམ་པར་གཞག་གི་དབང་པོ་ཐ་དད་པ་དང་ཐ་མི་དད་པ་དག་ལས་ནི་མ་ཡིན་ཞེས་ཟེར་ཏེ། ཇི་སྐད་དུ། ཐ་དད་ལུས་གནས་གཟུང་བྱའི་ཕྱིར། །གཟུགས་ཐ་དད་པར་འགྱུར་
འོང་བས། །དབང་པོ་དུ་མས་གཟུང་བྱ་ཉིད། །ཐ་དད་ཉིད་དུ་འགྱུར་བ་མིན། །རིགས་བྱེད་མེད་ཕྱིར་གཅིག་ཅེ་ན། །དེ་ནི་དབང་པོ་ཉིད་དུ་མཚུངས། །དེའི་ཕྱིར་བློ་མཚུངས་གཅིག་ཡིན་གྱི། །དབང་པོ་ཐ་དད་པ་མ་ཡིན། །ཞེས་བཤད་དོ། །དེ་ཡང་ཡང་དག་པ་མ་ཡིན་ཏེ། བློ་ཐ་དད་པས་ཐ་དད་པར་བསྒྲུབ་
པར་བྱ་བ་ཡིན་ན་ཡང་མཚུངས་པའི་ཕྱིར་ཏེ། འདི་ལྟར་འདི་ལ་ཡང་དེ་སྐད་དུ་བརྗོད་པར་ནུས་ཏེ། བློ་ཐ་དད་པའི་ཕྱིར་དངོས་པོ་ཐ་དད་དོ་ཞེས་བྱ་བ་འདི་ནི་མ་ངེས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་མང་པོ་དག་གཟུགས་གཅིག་ལྟ་བ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་དུ་མ་བསྐྱེད་པའི་ཕྱིར་བློ་ཐ་དད་པ་ཡོད་པ་
ཉིད་ཡིན་ལ་དེའི་ཚེ་གཟུགས་ཐ་དད་པ་ནི་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་མིག་གི་རྣམ་པར་ཤེས་པའི་རིགས་ཐ་མི་དད་པའི་ཕྱིར་གཅིག་ཉིད་དུ་རྟོགས་ན། དེ་ལྟ་ན་འོ་ན་གཟུགས་དང་རོ་ལ་སོགས་པ་ཡང་གཅིག་ཉིད་དུ་འགྱུར་ཏེ། བློ་ཐ་དད་པ་དེ་ཡོད་ན་ཡང་རྣམ་པར་ཤེས་པའི་རིགས་ཐ་མི་དད་པའི་ཕྱིར་
ཏེ། དེ་ལྟ་ཡིན་དང་། གཟུགས་ལ་སོགས་ལ་ཡང་འགྱུར་ཕྱིར། །བློ་ཐ་དད་ཕྱིར་གཅིག་ཉིད་མིན། །ཞེས་གང་སྨྲས་པ་དེ་དང་འགལ་ལོ། །དེ་ལྟ་བས་ན་འདི་ནི་ལྟག་ཆོད་ཡིན་ནོ། །ཅི་སྟེ་རང་གི་མཚན་ཉིད་ཐ་དད་པ་ཡིན་ན་ཡང་གཅིག་དང་དུ་མའི་ངོ་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱི་འཇིག་རྟེན་ན་ཐ་དད་པ་དང་ཐ་
མི་དད་པར་ཐ་སྙད་རབ་ཏུ་གྲུབ་པ་ཇི་ལྟ་བ་དེ་འདྲ་བ་བློ་ཐ་དད་པ་དང་ཐ་མི་དད་པའི་རྒྱུ་ཉིད་དུ་ལེན་པར་བྱེད་ན་ཐམས་ཅད་དབང་པོ་ལ་ཡང་མཚུངས་ཏེ་སྤྲོས་པས་ཆོག་གོ། །དེ་ལས་བྱུང་མིན་ཞེས་བྱ་བ་ནི། དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་མེད་དེ། འཁྲུལ་པའི་ཕྱིར་ཏེ། དོན་མེད་ན་ཡང་བརྗོད་
เล่ม ๑๙๒ · หน้า 45b
པར་འདོད་པ་ཙམ་ལས་འབྱུང་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་མ་གཏོགས་པའི་མ་འཁྲུལ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་སྒྲ་ཕྱི་རོལ་གྱི་དོན་མཚན་ཉིད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཇི་ལྟར། སྒྲ་ལས་བྱུང་བ་རྗེས་དཔག་ལས། །
ཚད་མ་གཞན་མིན་དེ་ལྟར་དེ། །བྱས་པ་སོགས་བཞིན་རང་གི་དོན། །གཞན་སེལ་བ་ཡི་བརྗོད་པ་ཡིན། །ཞེས་བཤད་ཅེས་བྱ་བ་འདིའི་དོགས་པ་བསུ་ནས། ཇི་ལྟར་རྗེས་སུ་དཔག་པའི་ཁོངས་སུ་འདུས་པར་འདོད་པ་དེ་ལྟར་བསྟན་པའི་ཕྱིར། དེའི་ཕྱིར་མ་ལུས་ཚིག་ཅེས་བྱ་བ་ལ་སོགས་པ་
སྨོས་ཏེ། མ་ལུས་པ་དག་ལས་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་མངོན་པར་འདོད་པ་དག་ལས་སོ། །བརྗོད་པར་འདོད་པ་དེ་ཡང་དེའི་འབྲས་བུ་ཡིན་པའི་ཕྱིར་ཚིག་ལས་རྟོགས་ཀྱི། བརྗོད་པར་བྱ་བ་ཉིད་ཀྱིས་ནི་མ་ཡིན་ནོ། །གང་གི་ཕྱིར་རང་གི་རྒྱུད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཚིག་གི་
རྒྱུད་བརྗོད་པར་འདོད་པ་ཡིན་པར་ངེས་ཏེ། གཞན་སེལ་བ་ཡིས་བརྗོད་པ་ཡིན། །ཞེས་གང་སྨྲས་པ་དེར་ནི་བརྗོད་པ་གསལ་བར་བྱེད་པ་ཉིད་ཡིན་ཏེ། ཤེས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་ཡང་འདིའི་འབྲེལ་པ་ལས་དེ་ནི་བྱས་པ་ལ་སོགས་པ་བཞིན་དུ་དོན་གཞན་རྣམ་པར་བཅད་
ནས་གསལ་བར་བྱེད་དོ་ཞེས་བཤད་དོ། །གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱ་བ་སྟེ། དེ་ལྟ་མ་ཡིན་ན་བྱས་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དཔེ་བསྒྲུབ་བྱ་མ་ཚང་བར་འགྱུར་རོ། །བྱས་པ་ལ་སོགས་པ་ལ་ནི་བརྗོད་པར་སྲིད་པ་མ་ཡིན་ཏེ། དེ་ནི་སྒྲའི་ཆོས་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་
དང་། གཞན་སེལ་བ་ཡིས་བརྗོད་པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཐུན་མོང་མ་ཡིན་པར་འགྱུར་རོ། །འོན་ཏེ་སྒྲ་བརྗོད་པར་འདོད་པ་ལ་ཡང་ཚད་མ་ཉིད་དུ་རིགས་པ་མ་ཡིན་ཏེ། འདི་ལྟར་རེ་ཞིག་བརྗོད་པར་འདོད་པའི་ཁྱད་པར་ལ་ཚད་མ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །
འཁྲུལ་པ་ནི་གཞན་བརྗོད་པར་འདོད་པ་ལ་ཚིག་གཞན་དུ་མཐོང་བའི་ཕྱིར་རོ། །བརྗོད་པར་འདོད་པའི་སྤྱི་ལ་ཡང་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །བརྗོད་པར་འདོད་པ་ཙམ་རྣམ་པར་ཤེས་པ་ནི་གང་དུ་ཡང་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དེ་ལས་དོན་གྱི་ཁྱད་
เล่ม ๑๙๒ · หน้า 46a
པར་མ་ངེས་པའི་ཕྱིར་རོ་ཞེས་བྱ་བ་འདི་དོགས་པར་བྱས་ནས། འཁྲུལ་པ་ཞེས་བྱ་བ་ལ་སོགས་པར་རེ་ཞིག་བརྗོད་པར་འདོད་པའི་ཁྱད་པར་ལས་ཚད་མ་ཉིད་དུ་སྟོན་ཏོ། །འཁྲུལ་དང་མ་འཁྲུལ་ཞེས་བྱ་བ་ལ་སོགས་པ་ལ་གདོན་མི་ཟ་བར་འཁྲུལ་པ་དང་མ་འཁྲུལ་པས་
སྦྱོར་བ་དག་ནི་མི་འདྲ་བར་ཁས་བླང་བར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་མ་ཡིན་པར་འགྱུར་རོ། །དེ་ཡང་མི་འདྲ་བ་ལ་མཁས་པའི་སྐྱེས་བུས་སྐབས་ལ་སོགས་པ་ལས་ངེས་པར་བྱེད་པ་ཉིད་ཡིན་ཏེ། སྐབས་ནི་གནས་སྐབས་སོ། །སོགས་པའི་སྒྲས་འཁྲུལ་པ་
དང་བཞིན་དང་བ་ལ་སོགས་པ་བཟུང་ངོ་། །ཇི་ལྟར་ཚིག་རྣམས་མི་འདྲ་བ་ཡིན་ཞེ་ན། རྒྱུ་རྣམས་མི་འདྲ་ཉིད་ཀྱིས་ན། །ཞེས་བྱ་བ་སྨོས་ཏེ། རྒྱུ་ཐ་དད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་ཤིན་ཏུ་རྣམ་པར་སྐྱེ་བའི་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་བརྗོད་པར་འདོད་པའི་ཁྱད་
པར་ལ་ཚད་མར་འགྱུར་བ་ཉིད་ཡིན་ནོ། །ཡང་གང་དག་རྟགས་སུ་གྱུར་པའི་ཚིག་དེ་དག་ལ་ཁྱད་པར་ངེས་པར་འཛིན་པར་མི་ནུས་པ་དེ་དག་གི་ཉེས་པ་འདི་ཡིན་གྱི་རྟགས་ཀྱི་ནི་མ་ཡིན་ནོ། །རྟགས་ནི་ཡོད་པ་ཙམ་གྱིས་གོ་བར་བྱེད་པར་མི་འདོད་ཀྱི། འོ་ན་ཅི་ཞེ་ན། ངེས་པས་སོ། །དེ་ལྟ་
བས་ན་འདི་ནི་རྟོགས་པ་པོའི་སྐྱོན་ཡིན་ཏེ། དེ་ལྟ་མ་ཡིན་ན་ལ་ལར་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བར་དུ་བ་གཞན་དུ་སྲིད་པའི་ཕྱིར་རོ། །གོ་བར་བྱེད་པ་ཡང་མ་ཡིན་པས་ངེས་ན་ཡང་མེ་བསྒྲུབ་པར་བྱ་བ་ལ་རྟགས་སུ་མི་འགྱུར་རོ། །གཞན་ཡང་གང་གི་ཚེ་སྒྲའི་ཐ་སྙད་འདི་ཐམས་ཅད་རབ་རིབ་ཅན་
གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་རང་གི་སྣང་བའི་ངོར་མ་འཁྲུལ་པ་ཉིད་དུ་འདོད་པ་དེའི་ཚེ་ཇི་ལྟར་བརྗོད་པར་འདོད་པའི་ཁྱད་པར་ལ་འཁྲུལ་པ་བསྟན་པའི་ཕྱིར། ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། བརྗོད་པར་འདོད་པའི་ཁྱད་པར་དེ་ལ་དོན་དམ་པར་ཚད་མ་ཉིད་དུ་ཁས་མ་བླངས་
པའི་ཕྱིར་རོ། །དེ་སྐད་དུ་ཡང་། བརྡ་ལ་ལྟོས་པ་ཡིན་པ་སྟེ། །གསལ་བ་ཞེ་ལ་བཞག་ན་ནི། །རྗེས་སུ་དཔག་པར་བསྟན་ཡིན་གྱི། །དེ་ཉིད་ལ་ནི་ལྟོས་ནས་མིན། །ཞེས་བཤད་དོ། །བརྗོད་པར་འདོད་པའི་སྤྱི་བསྒྲུབ་པ་ལ་ཡང་ཚད་མ་ཉིད་དུ་བསྟན་པའི་ཕྱིར། དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་
เล่ม ๑๙๒ · หน้า 46b
ཏེ། དེ་དག་གི་ཡང་སྟེ། འཁྲུལ་པ་དང་མ་འཁྲུལ་པས་སྦྱར་བ་ཐམས་ཅད་ཀྱི་བརྗོད་པར་འདོད་པའི་སྤྱི་ལ་རྗེས་སུ་དཔག་པ་ཉིད་ཡིན་པ་འགལ་བ་མེད་དོ། །མཐའ་གཅིག་པ་ནི་ཡོད་པའི་ཕྱིར་ཏེ། འཁྲུལ་པ་མེད་པའི་ཕྱིར་རོ། །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །སྐྱེས་བུ་དེ་ནི་ཉེ་ཙམ་གྱིས། །རྩིག་པ་
ལ་སོགས་པ་ལས་ཀྱང་། །ཇི་ལྟར་འདོད་པ་བསྟན་པ་འབྱུང་། །ཞེས་ཁས་བླངས་པ་འདིས་འཁྲུལ་པ་ལ་དོགས་པ་ཡང་མི་བྱ་སྟེ། གང་གི་ཕྱིར་དེ་ལ་ཡང་བརྗོད་པར་འདོད་པ་ཉིད་ཚིག་གི་རྒྱུ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱིས་བསྒོས་པའི་འདུ་བྱེད་ཀྱི་སྟོབས་ཉིད་ཀྱིས་དེར་གསུང་འཇུག་པའི་ཕྱིར་རོ། །
འདི་ལྟར་གཞུང་གོམས་པ་འདོན་པའི་དུས་ན་གཞན་རྟོགས་པར་བྱེད་པ་ན་ཡང་ཚིག་དང་གོམས་པ་འདོན་པ་ལ་སོགས་པའི་བྱ་བ་འཇུག་པའི་ཕྱིར་ཏེ། སྔར་གྱི་བསམ་པ་ནི་དེ་དག་གི་རྒྱུ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གནག་རྫིའི་བུམ་པ་ལ་སོགས་པར་ཡང་དུ་བ་དམིགས་པའི་ཕྱིར་དུ་བ་ལ་སོགས་
པའི་རྟགས་ཀྱང་འཁྲུལ་པ་ཉིད་དུ་བརྩད་པར་བྱ་བར་འགྱུར་རོ། །དེ་ལྟ་བས་ན་འབྲས་བུའི་རྟགས་ཐམས་ཅད་ལ་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་པས་འཁྲུལ་པ་སྲིད་པ་མ་ཡིན་ནོ་ཞེས་བྱ་བར་མཐའ་གཅིག་ཏུ་ཡོད་པ་ཉིད་དོ། །སྲོག་དང་ལྡན་པ་ལ་སོགས་པ་གྲུབ་པར་བྱ་བའི་དོན་དུ་འཇུག་
པའི་ཕྱིར་འབྲས་བུ་མེད་པ་ཡང་མ་ཡིན་ཏེ། འབྲས་བུ་དང་བཅས་པ་སྲིད་པའི་ཕྱིར་རོ། །སོགས་པའི་སྒྲས་རྒྱུའི་སྐྱོན་ལ་སོགས་པ་བཟུང་ངོ་། །སྒྲ་བརྗོད་པར་འདོད་པས་ཚད་མ་ཡིན་དུ་ཆུག་མོད། གང་གི་ཚུལ་གསུམ་པ་ཉིད་ཡོད་པས་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་
གཞན་མ་ཡིན་པར་འགྱུར་བ་ཚུལ་གསུམ་པ་ཉིད་ཇི་ལྟ་བུ་ཡིན་ཏེ། འདི་ལྟར་འདི་ལ་ཆོས་ཅན་ནི་གང་ཡིན། བསྒྲུབ་པར་བྱ་བ་ནི་གང་། འབྲེལ་པ་ཇི་ལྟར་གྲུབ་ཅེ་ན། བསམ་པ་རྟོགས་པར་བྱ་བ་ལ་ཞེས་བྱ་བ་སྨོས་ཏེ། གོང་དུ་སྨྲ་བ་མཐོང་བ་ལ་སྐྱེས་བུ་ནི་ཆོས་ཅན་ནོ། །བརྗོད་པར་འདོད་པ་དེ་
ནི་བསྒྲུབ་པར་བྱ་བའོ། །འབྲེལ་པ་ནི་སྔར་རང་གི་རྒྱུ་ལས་གྲུབ་པོ། །གང་དུ་སྨྲ་བ་པོ་མཐོང་བ་དེ་ནི་ས་ཕྱོགས་ཆོས་ཅན་ནོ། །སྐྱེས་བུའི་ཁྱད་པར་བསྒྲུབ་པར་བྱ་བ་སྟེ། འདི་ལྟར་ས་ཕྱོགས་ཀྱང་སྒྲའི་རྒྱུ་ཉིད་ཡིན་ཏེ། རི་སུལ་ལ་སོགས་པར་གཞན་འདྲ་བའི་སྒྲ་ཐོས་པའི་ཕྱིར་རོ། །དེའི་ཕྱིར་
เล่ม ๑๙๒ · หน้า 47a
ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་དོན་ལ་ལྟོས་ནས་རྗེས་སུ་དཔག་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཚུལ་གསུམ་པ་དང་བྲལ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱིས་འབྲས་བུ་མེད་པ་ཉིད་དུ་བཤད་དོ། །བརྗོད་པར་འདོད་པ་ལ་ལྟོས་ནས་ནི་མ་
གྲུབ་པ་ཉིད་དུ་གང་དུ་འདི་དག་ཅེས་བྱ་བ་ལ་སོགས་པ་བཤད་དོ། །དེ་སྟེ་སྒྲ་ཚུལ་གསུམ་པ་ཉིད་དུ་བསྟན་པའི་ཕྱིར་རོ། །སྒྲ་ལས་བྱུང་བ་རྣམ་པར་དཔྱད་པའོ། །ཉེ་བར་འཇལ་བའི་དབང་དུ་བྱས་ནས་གྲོང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་མེན་ཅི་འདྲ་ཞེས་ཇི་སྐད་དུ་དྲིས་པ་ནི་བ་ལང་ཅི་འདྲ་
བ་དེ་འདྲ་བ་ནི་བ་མེན་ནོ་ཞེས་བྱ་བའི་ཚིག་གང་ཡིན་པ་དེ། ཚིག་འདི་ཉིད་ཉེ་བར་འཇལ་བ་ཉིད་དུ་དཔྱོད་པ་པ་རྒན་པོ་རྣམས་ལ་གྲགས་པ་ལས། རི་ཁྲོད་རྗེས་རི་ཁྲོད་པས་བྱས་པར་བཤད་པ་ལ། འདི་འདྲའི་ཁོངས་སུ་འདུས་པའི་ཕྱིར་ཉེ་བར་འཇལ་བ་འདི་འདྲ་བ་ནི་ལོགས་ཤིག་ཏུ་ཚད་མ་ཉིད་
དུ་མི་འཐད་དོ་སྙམ་དུ་བསམས་ནས། རྣམ་པ་གཞན་དུ་ཉེ་བར་འཇལ་བ་དཔེར་ན་བ་མེན་མཐོང་བ་ན་བ་ལང་དྲན་པ་ཡིན་ནོ་ཞེས་བྱ་བའི་གཞུང་འདིས་ཉེ་བར་འཇལ་བ་ཡང་བསྐལ་པའི་དོན་ལ་འདྲ་བའི་བློ་སྐྱེད་པར་བྱེད་པ་ལ་བརྗོད་དོ། །འདི་ཉིད་བཤད་པར་འདོད་ནས། བ་ལང་མཐོང་ནས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་བ་ལང་མཐོང་ནས་ཕྱིས་འབྲོག་ན་ཡོད་པའི་བ་མེན་མཐོང་སྟེ། ཁྱད་པར་ཅི་ལྟ་བུ་ཞེ་ན། ཡན་ལག་ཕལ་ཆེར་མཚུངས་པ་སྟོན་པའི་ཕྱིར། །ཡན་ལག་ཕལ་ཆེར་མཚུངས་པ་སྟོན་པ་སྟེ། །མགྲིན་པ་ལྡུམ་པ་ནི། ལྐོག་ཤལ་ལ་སོགས་པ་དང་བྲལ་བའོ། །
དེའི་ཚེ་དང་པོ་བ་མེན་གྱི་རང་གི་ངོ་བོ་ཙམ་གྱིས་རྣམ་པར་རྟོག་པ་མེད་པའི་ལྟ་བའི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་རེ་ཞིག་མངོན་སུམ་ཡིན་ལ། གང་ཡང་ཕྱུགས་འདི་ནི་བ་ལང་དང་འདྲ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པའི་ཁྱད་པར་གྱིས་རྣམ་པར་རྟོག་པར་བྱེད་པ་དེ་ཡང་མངོན་སུམ་ཉིད་ཡིན་ཏེ།
དབང་པོའི་བྱེད་པས་སམ་སྐྱེད་པའི་ཕྱིར་རོ། །འདི་སྙམ་དུ་དྲན་པའི་སྟོབས་ཀྱིས་འདྲ་བ་མེད་པར་རྟོག་པར་བྱེད་ཀྱི། དབང་པོའི་བྱེད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས། དེ་ལ་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གལ་ཏེ་ཡང་དེ་དག་གི་འདྲ་བ་འཛིན་པའི་ཤེས་པ་
เล่ม ๑๙๒ · หน้า 47b
དྲན་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་དེ་ལྟ་ན་ཡང་བ་མེན་ལ་གནས་པ་ཉིད་ཀྱི་ཉེ་བའི་ཕྱིར་འདྲ་བ་དབང་པོའི་སྤྱོད་ཡུལ་ཡིན་ཏེ། ཉེ་བ་ནི་ཉེ་བ་ཉིད་ཀྱི་ཕྱིར་རོ། །བ་མེན་གནས་པས་ཞེས་བྱ་བ་ནི་ཉེ་བ་ཉིད་ལ་གཏན་ཚིགས་ཡིན་ཏེ། གང་གི་ཕྱིར་འདྲ་བ་བ་མེན་ལ་གནས་པ་ཡིན་པ་དེའི་ཕྱིར་འདི་ཉེ་
བ་ཉིད་ཡིན་ནོ། །འོན་ཏེ་འདྲ་བ་ཉིད་ནི་གཉིས་ལ་གནས་པའི་ཕྱིར་ཇི་ལྟར་བ་མེན་གཅིག་ལ་འདི་འཛིན་པར་རིགས་པ་ཡིན་ཞེ་ན། འདྲ་བ་ཡི་ནི་སྤྱི་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དང་མཚུངས་པར་འཇུག་པའི་ཕྱིར་སྤྱི་བཞིན་ནོ། །གལ་ཏེ་ཡང་འདྲ་བ་གཉིས་ལས་གནས་
པ་དེ་ལྟ་ན་ཡང་སྤྱི་བཞིན་དུ་རེ་རེ་ལ་ཡོངས་སུ་རྫོགས་པའི་ཕྱིར་འགྲན་ཟླའི་བ་ལང་ལ་སོགས་པ་མ་མཐོང་ན་ཡང་ཉེ་བ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་དམིགས་པ་ཉིད་ཡིན་ནོ། །འདི་སྙམ་དུ་གལ་ཏེ་འདྲ་བ་དངོས་པོ་ཉིད་དུ་འགྱུར་ན་དེའི་ཚེ་དམིགས་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དངོས་པོ་ཉིད་དེ་ཉིད་
མི་འགྲུབ་པོ་སྙམ་དུ་སེམས་ན། འདྲ་བ་དངོས་པོ་ཡིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་ལ་སོགས་པའི་རྭ་ལ་སོགས་པའི་ཡན་ལག་ཕལ་ཆེར་མཚུངས་པའི་བ་མེན་ལ་སོགས་པའི་རིགས་གཞན་གྱིས་གསལ་བ་གཅིག་ལ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་པ་ནི་འདྲ་བ་ཡིན་ནོ། །
འབྲེལ་པ་ཡང་འབྲེལ་པ་ཅན་དག་ལས་ཤིན་ཏུ་ཐ་དད་པ་མ་ཡིན་ཏེ། འབྲེལ་པ་ལ་སོགས་པ་མི་ཤེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་མཐུན་པའི་ཡན་ལག་ཐམས་ཅད་མཚུངས་པ་ཡིན་པའི་ཕྱིར་འདྲ་བ་མེད་དོ་ཞེས་ཤེས་པར་བྱ་བའི་དོན་དུ་རིགས་གཞན་སྨོས་པ་ཡིན་ནོ། །ད་ནི་ཉེ་
བར་འཇལ་བའི་རང་གི་ངོ་བོ་བསྟན་པའི་ཕྱིར། གནས་སྐབས་དེ་ན་ཞེས་བྱ་བ་སྨོས་ཏེ། མཐོང་བའི་ཕྱུགས་འདི་དང་འདྲ་བ་ནི་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའི་ཚད་མ་ཡིན་ནོ། །འདིའི་གཞལ་བྱ་
བསྟན་པའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཉེ་བར་འཇལ་བ་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པ་དེའི་ཕྱིར་གང་ཞིག་བ་མེན་ལ་སོགས་པ་འདྲ་བའི་ཁྱད་པར་ཅན་བ་ལང་ལ་སོགས་པ་དྲན་པ་དེ་ནི་ཉེ་བར་འཇལ་བའི་གཞལ་བྱ་ཡིན་པའམ། ཡང་ན་བ་
เล่ม ๑๙๒ · หน้า 48a
ལང་ལ་སོགས་པ་ལ་བརྟེན་པའི་འདྲ་བ་ཙམ་ཡིན་ནོ། །འོན་ཏེ་མངོན་སུམ་འདྲ་བ་དམིགས་ཤིང་བ་ལང་ཡང་དྲན་པས་ཡུལ་དུ་བྱས་པ་ཉིད་མ་ཡིན་ནམ། དེའི་ཕྱིར་གང་ཞིག་རྟོག་པས་ཉེ་བར་འཇལ་བ་ཚད་མ་ཉིད་དུ་འགྱུར་བ་གཞལ་བར་བྱ་བ་ལྷག་མ་གཞན་ཅི་ཡོད་ཅེ་
ན། འདྲ་བ་མངོན་སུམ་ཉིད་ཀྱིས་ཡིན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡང་འདྲ་བ་ཡང་མངོན་སུམ་གྱིས་བཟུང་ཞིང་བ་ལང་ཡང་དྲན་པས་ཡུལ་དུ་བྱས་པ་དེ་ལྟ་ན་ཡང་འདྲ་བའི་ཁྱད་པར་ཅན་གྱི་བ་ལང་གི་གོང་བུ་གཞན་ལས་ཏེ། མངོན་སུམ་དང་དྲན་པ་ལས་མི་འགྲུབ་པའི་ཕྱིར་དེ་རྟོག་
པ་ལ་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་ནོ། །འདི་ཉིད་ལ་དཔེར་བཤད་པ་ནི་དཔེར་ན་ཞེས་བྱ་བ་སྟེ། དཔེར་ན་ས་ཕྱོགས་ཆོས་ཅན་མངོན་སུམ་ཡིན་ཞིང་དྲན་པས་ཀྱང་མེ་བཟུང་བ་ན་ཡང་མེའི་ཁྱད་པར་ཅན་གྱི་ས་ཕྱོགས་ལ་སོགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་མ་
ཡིན་གྱི། འོན་ཀྱང་ཚད་མ་ཉིད་ཡིན་པ་དེ་བཞིན་དུ་ཉེ་བར་འཇལ་བ་ཡང་ཡིན་ནོ། །ཅི་སྟེ་ཡང་ཉེ་བར་འཇལ་བ་ཚད་མ་ཉིད་ཡིན་དུ་ཆུག་མོད། དེ་ཡང་ཇི་ལྟར་མངོན་སུམ་ལ་སོགས་པ་ལས་ཚད་མ་ལོགས་ཤིག་པ་ཡིན་ཞེ་ན། རྣམ་ཤེས་དེ་ནི་ཞེས་བྱ་བ་སྨོས་ཏེ། རེ་ཞིག་མངོན་སུམ་
ཉིད་དུ་རིགས་པ་མ་ཡིན་ཏེ། དབང་པོ་དང་དོན་འབྲེལ་པ་ལས་མ་སྐྱེས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཚུལ་གསུམ་པ་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་འདི་འདྲ་བ་ཕྱོགས་ཆོས་སུ་རྟོགས་པའམ། མཐོང་བཞིན་པའི་བ་ལང་ལ་སོགས་པ་ཡིན་གྲང་འདྲ་བ་དེ་
ཡང་རྟགས་ཉིད་དུ་རྟོགས་པ་ལ་བ་ལང་དུ་གཏོགས་པ་རྟོག་པའམ། བ་མེན་དུ་གཏོགས་པ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་བ་ལང་ལ་སོགས་པའི་གཞལ་བྱར་གནས་པའི་འདྲ་བ་རྟགས་ཉིད་མ་ཡིན་ཏེ། དེ་ནི་བ་མེན་མཐོང་བ་ལས་སྔར་མ་བཟུང་
བའི་ཕྱིར་རོ། །མ་བཟུང་བ་ཡང་རྟགས་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་བ་མེན་ལ་གནས་པའི་འདྲ་བ་རྟགས་ཉིད་དུ་འགྱུར་ཏེ། དེ་དེ་ལས་གཟུང་བའི་ཕྱིར་རོ་ཞེ་ན། བ་མེན་བཟུང་བ་ན་ཡང་བ་ལང་རྗེས་སུ་དཔག་པར་བྱེད་པ་མ་ཡིན་ཏེ།
เล่ม ๑๙๒ · หน้า 48b
གཞི་ཐ་དད་པའི་ཕྱིར་བྱ་རོག་གི་ནག་པོ་ལ་སོགས་པ་བཞིན་ནོ། །འོ་ན་བ་མེན་མཐོང་བ་ལས་ཕྱིས་བ་ལང་འཛིན་པའི་ཕྱིར་དེ་ལ་གནས་པ་རྟགས་སུ་འགྱུར་རོ་ཞེ་ན། དམ་བཅའ་བའི་དོན་གྱིས་ཞེས་བྱ་བ་སྨོས་ཏེ། འདྲ་བ་གཞལ་བྱ་ཡིན་པའི་ཕྱིར། །དེ་ཉིད་རྟགས་སུ་མི་རིགས་སོ། །འོ་ན་བ་
མེན་རྟགས་སུ་འགྱུར་རོ་ཞེ་ན། འབྲེལ་པ་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལ་ཡང་གང་གཞི་ཐ་དད་པའི་ཕྱིར་བ་མེན་ལ་ཡང་རྟགས་ཉིད་མ་ཡིན་ནོ། །འོ་ན་ཉེ་བར་འཇལ་བ་ཚད་མ་ཉིད་མ་གྱུར་མོད་ཅེ་ན། མ་རྟོགས་དོན་གྱི་ཞེས་བྱ་བ་སྨོས་ཏེ། སྔར་བ་ལང་གི་བ་མེན་དང་འདྲ་བའི་ཁྱད་
པར་མ་བཟུང་བའི་ཕྱིར་འདྲ་བའི་ཁྱད་པར་མི་ཤེས་པའི་བ་ལང་གསལ་བར་བྱེད་པ་ཡོད་པ་ཡིན་པའི་ཕྱིར་ཚད་མ་ཉིད་དུ་རིགས་སོ། །གཞལ་བྱའི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཞལ་བྱ་མེད་པའི་ཕྱིར་ཚད་མ་དྲུག་ལས་མ་གཏོགས་པའི་ཚད་མ་བཞིན་དུ་ཉེ་བར་
འཇལ་བ་ཚད་མ་ཡིན་ནོ། །ཡན་ལག་ཕལ་ཆེར་འདྲ་བ་དང་ལྡན་པའི་བདག་ཉིད་ཀྱིས་འདྲ་བའི་གཞལ་བྱ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་བོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་བརྟག་པར་སྤྱི་རྣམས་བཀག་ཟིན་པའི་ཕྱིར། ཕལ་ཆེར་དེ་དག་ཀྱང་མ་ཡིན་ལ། དེ་དག་དང་ལྡན་
པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །འདི་སྙམ་དུ་སྤྱི་རྟོགས་པར་བྱེད་པའི་ཚད་མ་ཡོད་པ་ཉིད་ཡིན་ཏེ། དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེ་ལ་ཚད་མ་ནི་འདི་ཡིན་ཏེ་སྤྱི་དངོས་པོ་ཉིད་དང་། དེ་ཡང་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་
ནོ་ཞེས་བྱ་བ་དམ་བཅའ་བ་གཉིས་སོ། །མེད་པའི་གཞལ་བྱ་ལས་གཞན་ཕྱིར། །ཞེས་བྱ་བ་ནི་གཏན་ཚིགས་ཏེ། དངོས་པོ་མེད་པའི་གཞལ་བྱ་ལས་གཞལ་བྱ་གཞན་གང་ཡིན་པ་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་མིན་པའི་དངོས་པོ་བཞིན། །ཞེས་བྱ་བ་
ནི་དཔེ་སྟེ། ཐུན་མོང་མ་ཡིན་པའི་དངོས་པོ་ནི་རང་གི་མཚན་ཉིད་དོ། །སྤྱི་དོན་ཞེས་བྱ་བ་ལ་སོགས་པས་ནི་སྐྱོན་འཆད་དེ། སྤྱིའི་དོན་ཞེས་བྱ་བའི་དོན་གྱི་སྒྲ་ནི་གཞལ་བྱའི་ཚིག་གོ། །དམ་བཅའ་བ་གཉིས་ཀ་ལ་ཡང་སྤྱི་རང་བཞིན་མེད་པར་སྨྲ་བའི་སངས་རྒྱས་པ་རྣམས་ལ་སྤྱིའི་དངོས་པོ་མེད་
เล่ม ๑๙๒ · หน้า 49a
པ་ལས་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་ལ། དངོས་པོའི་མཚན་ཉིད་ཀྱི་བསྒྲུབ་བྱ་དང་པོ་ལ་ཡང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། འདི་ལྟར་དངོས་པོ་མེད་པ་ལས་གཞན་དངོས་པོ་ཡིན་ཏེ། དངོས་པོ་ནི་དངོས་པོ་མེད་པ་རྣམ་པར་
གཅོད་པའི་མཚན་ཉིད་ཡིན་པའི་ཕྱིར་དེ་ནི་སྒྲ་གཞན་གྱིས་གཏན་ཚིགས་ཉིད་ཉེ་བར་བླངས་ཤིང་དེ་ཉིད་ཀྱང་བསྒྲུབ་བྱ་ཡིན་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཡིན་ནོ། །གཞན་ཡང་དྲན་པའི་རང་བཞིན་ཡིན་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ་མ་ཡིན་པའམ། ཡང་ན་
དྲན་པ་གཞན་ཡིན་ནོ། །དེ་ལ་དྲན་པའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར། དེ་ལ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་ཞེས་བྱ་བའི་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན་ཡང་བ་མེན་གྱི་ཡན་ལག་ཁ་ཅིག་བ་ལང་དུ་གཏོགས་པའི་ཡན་ལག་དང་ལྷན་ཅིག་མཚུངས་པར་རྟོགས་
པའི་རྒྱུ་དག་ཡིན་ཏེ། མཚུངས་པར་རྟོགས་པའི་རྒྱུ་ཡན་ལག་དག་ལས་མ་གཏོགས་པ་འདྲ་བ་ཞེས་བྱ་བའི་དོན་གཞན་དུ་གྱུར་པ་ཡོད་པ་ནི་མ་ཡིན་ཏེ། དེ་དག་ལས་དོན་གཞན་དུ་གྱུར་པ་བློ་ལ་མི་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་བ་མེན་མཐོང་བ་ལ་བ་ལང་དུ་གཏོགས་པའི་ཡན་ལག་དག་ལ་
ཕལ་ཆེར་མཐོང་བའི་སྟོབས་ཀྱིས་དྲན་པའི་ངོ་བོའི་ཤེས་པ་དེ་སྐྱེ་བ་ཡིན་གྱི། འདྲ་བར་བརྗོད་པའི་དངོས་པོ་འཛིན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྟ་ལ་སོགས་པ་ལ་ཡང་ཡན་ལག་ཕལ་ཆེར་འདྲ་བ་དང་ལྡན་པ་ཡང་ཡོད་པའི་ཕྱིར་དེ་ལ་ཡང་བ་མེན་མཐོང་བ་ལས་བ་ལང་གི་བློ་བཞིན་ཅིའི་ཕྱིར་
མི་འཇུག་འདི་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་འདྲ་བ་ཡོད་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་ལན་ཅིག་མ་ཡིན་པར་མཐོང་བར་འགྱུར་ན་དྲན་པ་ཉིད་ལ་ནི་སྐྱོན་འདི་མེད་དོ། །སྔར་ལན་ཅིག་མ་ཡིན་པར་མཐོང་བ་གང་ཡིན་པ་དེ་ཁོ་ན་ལ་དྲན་པར་འགྱུར་
བ་ཡིན་ཏེ། དྲན་པ་སད་པའི་རྒྱུ་རྣམས་ནི་ནུས་པ་སོ་སོར་ངེས་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་དྲན་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་དྲན་པ་ཉིད་ཚད་མ་མ་ཡིན་ཞེ་ན། དེའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་དྲན་པའོ། །འདྲ་བ་དངོས་པོ་ཉིད་
เล่ม ๑๙๒ · หน้า 49b
དུ་ཁས་བླངས་ནས་གཞན་གྱི་ཡུལ་ཉིད་ཀྱིས་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་པར་བསྟན་པ་ནི། འདྲ་བ་དངོས་པོ་ཡིན་ལ་རག །ཅེས་བྱ་བ་ལ་སོགས་པ་སྟེ། འདྲ་བ་དངོས་པོ་ཡིན་པ་དང་། བ་ལང་ལ་ཡང་ཅི་སྤྱི་བཞིན་དུ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཡིན་ལ་རག་མོད། དེ་
ལྟ་ན་ཡང་བ་མེན་མཐོང་བ་ལས་སྔར་བ་ལང་མདུན་ན་གནས་པར་འཛིན་པ་ན་དེ་ལ་ཐ་མི་དད་པའི་ཕྱིར་མདུན་ན་གནས་པའི་འདྲ་བ་དེ་ཡང་བཟུང་བ་ཉིད་ཡིན་ཏེ། བ་ལང་གི་རང་གི་ངོ་བོ་བཞིན་ནོ། །དེ་ལྟ་མ་ཡིན་ན་ཐ་མི་དད་པར་མི་འགྲུབ་སྟེ། དེ་ལྟ་ཡིན་དང་བཟུང་ཟིན་པ་འཛིན་པས་དྲན་པའི་ངོ་བོ་
ཉིད་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །ཅི་སྟེ་ཡང་དང་པོར་འདྲ་བ་ཡོད་པ་ཙམ་གྱིས་བཟུང་བ་ཉིད་ཡིན་ཏེ། བ་ལང་འདི་བ་མེན་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཚུལ་འདིས་བཟུང་བ་ནི་མ་ཡིན་ལ་ཉེ་བར་འཇལ་བ་ནི་རྣམ་པ་འདིས་ངེས་པ་ཡིན་ཏེ། དེའི་ཕྱིར་དྲན་པའི་ངོ་བོ་ཉིད་མ་གྲུབ་པ་ཡིན་ནོ་
སྙམ་ན་གལ་ཏེ་དང་པོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བ་མེན་དང་འདྲ་བ་ཞེས་བྱ་བའི་མིང་འདིས་ཁྱད་པར་ཅན་གྱི་བ་ལང་གི་རྫས་བ་མེན་མཐོང་བ་ལས་སྔར་མ་བཟུང་ལ། རང་གི་ངོ་བོས་ནི་འཛིན་པ་ཉིད་ཡིན་ཏེ། དེའི་རང་བཞིན་གང་ཡིན་པ་དེ་ནི་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །
རང་བཞིན་དེ་ཡང་གང་ཡིན་ཞེ་ན། འདིའི་བདག་གང་བཟུང་བ་ཉིད་དུ་བརྗོད་པ་ཡིན་ཞེས་བྱ་བ་སྨོས་ཏེ། བ་ལང་གི་གོང་བུའི་རང་བཞིན་གང་ཡིན་པ་དེ་ནི་བདག་ཉིད་བརྗོད་དོ། །རང་གི་ངོ་བོས་ཏེ་རང་བཞིན་གྱི་མཚན་ཉིད་དེས་དེ་བཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཟུང་བ་
ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན། ཡོངས་སུ་ཤེས་པ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དངོས་པོ་བཟུང་ཡང་སྔར་མིང་དེ་མི་འཛིན་པ་ན་མི་འཛིན་པར་འགྱུར་བ་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་ལ་མིང་ཡོད་པ་ནི་མ་ཡིན་ལ། ཁྱད་པར་དུ་མངོན་སུམ་ངེས་པའི་བདག་ཉིད་དུ་སྨྲ་བ་
རྣམས་ལ་མ་བཟུང་ངོ་ཞེས་བྱ་བ་དེ་ལྟ་བུ་བརྗོད་པར་མི་རིགས་སོ། །གཞན་ཡང་འདི་དང་མཚུངས་སོ་ཞེས་ཤེས་པའི་ཕྱིར་འདི་ཙམ་གྱི་ཚད་མ་གཞན་རྟོགས་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ། །འདི་ལྟར། མངོན་སུམ་རྗེས་དཔག་སྒྲ་ལས་བྱུང་། །ཉེ་པར་འཇལ་བ་དང་ལྷན་ཅིག །དོན་གྱིས་
เล่ม ๑๙๒ · หน้า 50a
གོ་དང་དངོས་མེད་དག །འདི་དག་བསྒྲུབ་བྱ་སྒྲུབ་བྱེད་ཡིན། །ཞེས་བྱ་བས་ཚད་མ་རྣམ་གྲངས་ཡོངས་སུ་ཆད་པར་མི་འགྱུར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བསྟན་པའི་ཕྱིར། ཤིང་གི་ཕྲེང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་
གྲོག་མ་ལ་སོགས་པའི་ཕྲེང་བ་བཟུང་ངོ་། །ཤིང་གི་ཕྲེང་བ་ལ་སོགས་པའི་མཐོང་བའི་དུས་སུ་ཤིང་དང་པོ་འཛིན་པ་ལས་འདི་ནི་ཤིང་དང་པོའོ་སྙམ་པའི་ངེས་པ་མི་སྐྱེ་ལ། ཤིང་གཉིས་པ་དམིགས་པ་ན་ནི་ཡལ་ག་ཅན་དང་པོ་ལ། འདི་ནི་ཡལ་ག་ཅན་དང་པོའི་སྙམ་དུ་ངེས་པ་འདི་སྐྱེ་བ་གང་ཡིན་
པ་དེ་ཚད་མ་གཞན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདྲ་བ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །འདྲ་བ་ལ་མི་ལྟོས་པའི་ཕྱིར་ཉེ་བར་འཇལ་བ་མ་ཡིན་ལ། དབང་པོའི་བྱད་པ་ལ་མི་ལྟོས་པའི་ཕྱིར་མངོན་སུམ་མ་ཡིན་ཞེ་ན། རྟགས་ལ་ལྟོས་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་
ཡིན་པ་སྒྲ་ལ་མི་ལྟོས་པའི་ཕྱིར་སྒྲ་ལས་བྱུང་བ་མ་ཡིན་ཞིང་། མཐོང་དང་ཐོས་པའི་དོན་གཞན་དུ་མི་འཐད་པ་ལ་མི་ལྟོས་པའི་ཕྱིར་དོན་གྱིས་གོ་བ་མ་ཡིན་ལ། ཚད་མ་དང་གཞལ་བྱ་ལོག་པ་ལ་མི་ལྟོས་པའི་ཕྱིར་དངོས་པོ་མེད་པ་མ་ཡིན་ནོ། །དེ་བཞིན་དུ། འདི་ལས་འདི་སྔ་འདི་པྱི་ཞིང་། །
འདི་ཚེ་རིང་དང་ཐུང་བ་ཞེས། །དེ་ལྟ་བུ་སོགས་ཤེས་པ་ལ། །ཚད་མ་ཐུག་པ་མེད་པར་འགྱུར། །ཞེས་བརྗོད་པར་བྱའོ། །དྲན་པ་ཡིན་པས་བཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་གཞན་མ་ཡིན་ནོ་ཞེ་ན། བཟུང་ཟིན་པ་འཛིན་པ་ཉིད་ནི་ཉེ་བར་འཇལ་བ་རྣམས་ལ་ཡང་མཚུངས་སོ། །ཉེ་བར་འཇལ་
བ་རྣམས་ཞེས་བྱ་བ་ནི། གསལ་བ་ཐ་དད་པས་མང་པོའི་ཚིག་གོ། །གཞན་ཡང་ཇི་ལྟར་བ་མེན་མཐོང་བ་ལས་བ་ལང་ལ་ཆོས་མཐུན་པ་ཉིད་ཀྱི་ཤེས་པ་ཚད་མ་གཞན་དུ་རྣམ་པར་འཇོག་པ་དེ་བཞིན་དུ་བ་མེན་མཐོང་བ་ལས་རྟ་ལ་སོགས་པ་མི་འདྲ་བའི་ཤེས་པ་ལ་ཡང་ཅིའི་ཕྱིར་ཚད་མ་གཞན་དུ་རྣམ་
པར་མི་འཇོག །དངོས་པོ་མེད་པའི་ཚད་མའི་ཁོངས་སུ་འདུས་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ལ་དམིགས་པའི་ཕྱིར་ཏེ། དངོས་པོ་མེད་པའི་ཡུལ་ནི་མེད་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་མི་འདྲ་བ་ནི་འདྲ་བ་མེད་པ་ཡིན་ཏེ།
เล่ม ๑๙๒ · หน้า 50b
དེ་ལྟ་བས་ན་དངོས་པོ་མེད་པའི་ཁོངས་སུ་འདུས་པ་ཡིན་ནོ་སྙམ་དུ་སེམས་ན། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་ཚུན་མེད་པ་ཉིད་ཡིན་ཏེ། གལ་ཏེ་མེད་པའི་ངོ་བོ་གཞལ་བྱ་རྣམ་པར་འཇོག་པ་དེའི་ཚེ་འདྲ་བའི་བློ་དག་ལ་སྟེ། ཉེ་བར་འཇལ་བར་འདོད་པ་དེ་དག་ལས་འདི་འདྲ་བའི་
གཞལ་བྱ་དེ་མཚུངས་ཏེ་འདྲ་བ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་ལྟར་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མི་འདྲ་བའི་ཤེས་པ་དེ་ལ་འདྲ་བ་དང་བྲལ་བར་རྟོགས་པ་དེ་བཞིན་དུ་འདྲ་བའི་ཤེས་པ་ལ་ཡང་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་རྟོགས་པའི་ཕྱིར་མི་འདྲ་བའི་
ཤེས་པ་བཞིན་དུ་དངོས་པོ་མེད་པའི་ཁོངས་སུ་རྟོགས་པར་འགྱུར་རོ། །འདི་ཉིད་ལ་འཐད་པ་བཤད་པ་ནི་གང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གང་གིས་ཞེས་བྱ་བ་ནི་རྒྱུ་བསྟན་པ་སྟེ། གང་གིས་ཏེ་གང་གི་ཕྱིར་འདྲ་བའི་ཤེས་པ་ལ་ཡང་ཡན་ལག་ཕལ་ཆེར་མཚུངས་པ་དང་ལྡན་པར་རྟོགས་
ཀྱི་ཡན་ལག་ཐམས་ཅད་དང་མཚུངས་པ་དང་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདི་ལ་ཡང་ཕན་ཚུན་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་ཡན་ལག་ཐམས་ཅད་མཚུངས་པ་དང་ལྡན་པར་གྱུར་ན། དེའི་ཚེ་བ་མེན་དེ་ཉིད་དུ་སྟེ་བ་ལང་ཉིད་དུ་ཐལ་བར་འགྱུར་རོ། །ཁ་ཅིག་ཅེས་བྱ་བ་ནི་
རིགས་པ་ཅན་རྣམས་སོ། །དེ་དག་ནི་ཉེ་བར་འཇལ་བའི་མཚན་ཉིད་ཇི་སྐད་དུ། རབ་ཏུ་གྲུབ་པའི་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བ་ཞེས་ཟེར་ཏེ། གྲུབ་པའི་ཆོས་མཐུན་པའམ། གྲུབ་པས་ཆོས་མཐུན་པའི་གྲུབ་པ་གང་ལ་ཡོད་པའི་ཆོས་མཐུན་པ་ནི་བ་མེན་
ནོ། །དེའི་ཕྱིར་དེ་ལ་བརྟེན་ནས་བསྒྲུབ་བྱའི་མིང་དང་མིང་ཅན་འབྲེལ་པ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བ་ཡིན་ནོ། །དེ་བཞིན་དུ་ལུང་གིས་བསྒོས་པའི་འདུ་བྱེད་ཀྱི་དྲན་པ་ལ་ལྟོས་པའི་ཤེས་པས་བརྗོད་པ་དང་། འབྲེལ་པ་རྟོག་པ་ནི་ཉེ་བར་འཇལ་བའོ་ཞེའོ། །དོན་འདི་ཉིད་གཞན་གྱིས་གཞན་
དུ་འཆད་དེ། བ་མེན་ནི་བ་ལང་དང་འདྲའོ་ཞེས་བྱ་བའི་བསྒྲེ་བའི་ངག་ནི་ལུས་ཡིན་ལ་དེས་བསྒོས་པའི་འདུ་བྱེད་ཅེས་བྱ་བ་གང་ཡིན་པ་དེ་ནི་ཡོན་ཏན་ཏེ། དེས་ན་འབྲོག་ཏུ་བ་མེན་མཐོང་བ་ལས། བསྒྲེ་བའི་ངག་ལས་དྲན་པ་གང་ཡིན་པ་ན་སྐྱེ་བ་ཡིན་ནོ། །དེ་ལ་ལྟོས་ནས་ཆོས་མཐུན་པའི་ཤེས་པ་
เล่ม ๑๙๒ · หน้า 51a
གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བརྗོད་པ་ནི་མིང་སྟེ་སྒྲ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ལྷན་ཅིག་པའི་དོན་འབྲེལ་པ་རྟོག་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ་ཞེས་བྱ་བ་དོན་མཚུངས་པ་ཉིད་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་
འཆད་དེ། དེ་ལ་སྟེ་བསྒྲེ་བའི་ངག་ཐོས་པའི་དུས་ན་མིང་དང་མིང་ཅན་འབྲེལ་པ་རྟོགས་པ་ལས་སྔར་སྐྱེས་པའི་ཕྱིར་ཕྱིས་སྐྱེ་བཞིན་པ་ན་བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་བཞིན་དུ་ཚད་མ་མ་ཡིན་ནོ། །འདི་སྙམ་དུ་བཟུང་ཟིན་པ་འཛིན་པ་ཡང་ཡིན་ལ་ཚད་མར་ཡང་འགྱུར་རོ་ཞེས་བྱ་བ་འདི་ལ་
འགལ་བ་ཅི་ཡོད་ཅེ་ན། བྱེད་པའི་དོན་དང་མི་ལྡན་ཕྱིར། །ཞེས་བྱ་བ་སྨོས་ཏེ། བྱེད་པའི་དོན་འདི་མ་གྲུབ་པའི་ལས་ལ་འཇུག་པས་སྒྲུབ་བྱེད་དམ་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་སྔར་མིང་དང་མིང་འབྲེལ་པ་རྟོགས་པས་མ་སྐྱེས་པ་ཉིད་ཡིན་ཏེ། དེ་བས་ན་བཟུང་ཟིན་པ་འཛིན་པའི་
ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན་ཅི་སྟེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དང་པོ་མིང་དང་འབྲེལ་པ་རྟོགས་པ་དེ་སྐྱེ་བར་མི་འགྱུར་བ་དེའི་ཚེ་གང་གིས་བ་མེན་འདིའི་མིང་སྔར་བདག་གིས་ཐོས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པའི་རྟོག་པ་སྐྱེ་བར་མི་འགྱུར་རོ། །
འདི་ཉིད་ལ་འཐད་པ་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །གནས་མ་བུ་པས་སྨྲས་པ། ལུང་ལས་སྤྱིར་རྟོགས་ལ་ཁྱད་པར་རྟོགས་པ་ནི་ཉེ་བར་འཇལ་བ་ལས་ཡིན་ནོ་ཞེས་བྱ་བ་གལ་ཏེ་ཉེ་བར་འཇལ་བ་མཁོ་བ་ཞེས་བྱ་བས་འདིའི་ལུགས་ཀྱི་དོགས་པ་བསུ་བ་ཡིན་ནོ། །ཉེ་བར་འཇལ་བ་སྟེ་
བསྒྲེ་བའི་ངག་ཉེ་བར་མཁོ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་འདི་ཉིད་ཚིགས་སུ་བཅད་པ་གཉིས་པས་སྟོན་པ་ནི་དེ་ཡིས་ཞེས་བྱ་བ་སྟེ། ཁྱད་པར་ཡུལ་ཅན་ནི་བ་མེན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། མི་རིགས་ཞེས་བྱ་བ་མི་རིགས་འདི་ནི་
རིགས་ཞེས་བྱ་བ་འདི་དང་འབྲེལ་ལོ། །འདིར་མིང་དང་འབྲེལ་པ་རྟོགས་པ་ན་དེའི་སྟེ་མིང་གི་དོན་གཞན་རྟོགས་པར་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཧ་ཅང་ཐལ་བར་འགྱུར་བ་དེ་ཉིད་བཤད་པའི་ཕྱིར། ལག་རྒྱན་ཞེས་བྱ་བ་སྨོས་ཏེ། ལག་རྒྱན་ནི་གདུ་བུ་ཞེས་བྱ་བའི་
เล่ม ๑๙๒ · หน้า 51b
རྒྱན་ཏེ། དེ་མཚར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལག་རྒྱན་མཚར་པོ་ཅན་གང་ཡིན་པ་དེ་ནི་ལྷ་སྦྱིན་ཞེས་བསྟན་ལ། ཁ་ཅིག་དུས་གཞན་དུ་དཔུང་རྒྱན་མཚར་པོ་ཅན་གྱི་སྒྲ་དེ་ལ་མཛེས་པའི་ཅོད་པན་ཅན་གྱི་མཆོག་སྦྱིན་རྟོགས་པ་ནི་མ་ཡིན་ནོ། །ཅོད་པན་ནི་དབུ་རྒྱན་ནོ། །དེ་ནི་མཛེས་
པ་ཡང་ཡིན་ལ་ཅོད་པན་ཡང་ཡིན་པས་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་བས་ན་ཧ་ཅང་ཐལ་བར་འགྱུར་དུ་འོང་བས། རྣམ་པར་རྟོག་པས་སྒྲོ་བཏགས་པའི་དོན་གང་ལ་ཕྱི་རོལ་གྱི་དོན་དུ་ཞེན་པའི་བློས་མིང་དེ་ཐ་དད་བཟུང་ཟིན་པ་ཡིན་ནོ། །བ་མིན་དམིགས་པ་ན་ཡང་དེ་ཉིད་ལ་མིང་དེ་
རྟོགས་པ་ཡིན་གྱི། ཕྱི་རོལ་རང་གི་མཚན་ཉིད་ཀྱི་བ་མེན་དུ་བརྗོད་པ་ལ་ནི་མ་ཡིན་ནོ། །རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཉིད་སྤྱི་ཞེས་ཐ་སྙད་དུ་བྱེད་ཀྱི་གཞན་གྱི་ཀུན་དུ་བརྟགས་པ་ནི་མ་ཡིན་ཏེ། དེ་ནི་བསལ་ཟིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཕྱི་རོལ་རང་གི་མཚན་ཉིད་དུ་རློམ་ཞེ་ན།
སྣང་རྟག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་རང་གི་མཚན་ཉིད་ལ་སྒྲ་ལ་སོགས་པ་འཇུག་པ་ལ་འགལ་བ་ཅི་ཡོད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྒྲའི་དོན་རྟག་པར་རྒྱས་པར་སྒྲ་དང་རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཀྱི་སྤྱོད་ཡུལ་ཅན་ཡིན་པ་
བསལ་ཟིན་ཏེ། དེ་ལྟ་བས་ན་རྟོག་པས་སྒྲོ་བཏགས་པ་ཉིད་སྒྲའི་དོན་ཡིན་ནོ། །ཡང་ན་སྒྲ་དང་རྟོག་པ་དེ་དག་གི་སྤྱོད་ཡུལ་རང་གི་མཚན་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་ཉེ་བར་འཇལ་བ་ཚད་མ་གཞན་མ་ཡིན་ནོ། །ཇི་ལྟར་ཚུལ་གསུམ་
པའི་རྟགས་ཀྱིས་བསྐྱེད་པ་མེད་པར་འདི་རྗེས་སུ་དཔག་པའི་ཁོངས་སུ་འདུ་ཞེས་དོགས་པ་བསུ་ནས། ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པ་ཉིད་བསྟན་པའི་ཕྱིར་ཏེ། འདིའི་ཚུལ་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་དང་འདྲ་བ་ནི་གཏན་ཚིགས་སོ། །བ་མེན་སྒྲའི་སྤྱོད་ཡུལ་ཅན་
ནི་བསྒྲུབ་བྱའི་ཆོས་སོ། །བརྡ་འཛིན་པའི་དུས་ན་རྣམ་པར་རྟོག་པའི་བློ་ལ་སྣང་བའི་བློ་ལ་གནས་པའི་བ་མེན་ནི་དཔེའོ། །སྣང་བཞིན་པའི་བ་མེན་ནི་ཆོས་ཅན་ནོ། །འདི་སྙམ་དུ་བ་མེན་ནི་བ་ལང་འདྲའོ་ཞེས་བྱ་བའི་བརྡ་དུས་དེར་བ་མེན་བློ་ལ་མི་གནས་པ་ཡིན་ཏེ། དེ་ལྟ་ཡིན་དང་དཔེ་མ་གྲུབ་
เล่ม ๑๙๒ · หน้า 52a
པ་མ་ཡིན་ནོ་སྙམ་དུ་སེམས་ན། བློ་ལ་གནས་པའང་ཞེས་བྱ་བ་ལ། འང་གི་སྒྲའི་དོན་ནི་མིག་གི་སྤྱོད་ཡུལ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །གལ་ཏེ་བློ་ལ་བ་ལང་གི་འདྲ་བ་ཉིད་རྗེས་སུ་འཇུག་པ་ཅུང་ཟད་ཀྱང་མི་སྣང་བར་འགྱུར་བ་དེའི་ཚེ་འདི་ལ་བ་ལང་དང་
འདྲའོ་ཞེས་བྱ་བའི་བརྡ་ཅི་ལ་བརྟེན་ནས་བྱེད་བརྡ་ཡང་བྱེད་དེ་དེའི་ཕྱིར་བློ་ལ་གནས་པའི་བ་ལང་དང་འདྲ་བའི་རྗེས་སུ་འཇུག་པའི་རྣམ་པ་འགའ་ཞིག་བརྡའི་དུས་ན་སྣང་ངོ་ཞེས་ཁས་བླང་བར་བྱ་དགོས་སོ། །དེ་ལྟར་རེ་ཞིག་ཉེ་བར་འཇལ་བའི་གཞལ་བྱ་སྒྲ་དང་དོན་གྱི་འབྲེལ་པ་མ་ཡིན་པར་ཁས་བླངས་
ནས་བཟུང་ཟིན་པ་འཛིན་པ་དང་རྗེས་སུ་དཔག་པའི་ཁོངས་སུ་འདུས་པའི་ཕྱིར་འདི་ཚད་མ་མ་ཡིན་ནོ་ཞེས་བསྒྲུབས་ནས། ད་ནི་འབྲེལ་པ་ཅན་ལས་མ་གཏོགས་པའི་འབྲེལ་པ་གཞན་ཡོད་པ་མ་ཡིན་ལ། འབྲེལ་པ་ཅན་དེ་དག་ཀྱང་ཚད་མ་གཞན་གྱིས་བཟུང་ཟིན་ཏེ། འདི་ལྟར་བརྡའི་དུས་ན་
སྒྲ་སྣང་བའི་ཤེས་པས་བཟུང་ལ། ཕྱིས་མདུན་ན་གནས་པའི་བ་མེན་མིང་གིས་བཟུང་སྟེ། གང་གིས་ཉེ་བར་འཇལ་བ་ཚད་མ་ཉིད་དུ་འགྱུར་ལ། དེ་དག་ལས་གཞན་པའི་གཞལ་བྱ་ཅི་ཞིག་ཡོད། འདི་བསྟན་པའི་ཕྱིར་འབྲེལ་པ་ཅན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་བཟུང་
ཟིན་པ་འཛིན་པའི་ཕྱིར་ཡང་ཚད་མ་མ་ཡིན་པ་ཉིད་དུ་བཤད་དོ། །བསྒྲུབ་ཟིན་ཏོ་ཞེས་བྱ་བ་ནི་ལས་ཀྱི་ཚིག་གི་དོན་བརྟགས་པའོ། །གལ་ཏེ་ཡང་འདི་སྙམ་དུ་རྣ་བ་ལ་སོགས་པའི་ཤེས་པས་སོ་སོ་སོ་སོར་འགྲེལ་པ་ཅན་བཟུང་ལ་དེ་དག་སྦྱོར་བ་ནི་ཉེ་བར་འཇལ་བས་བྱེད་དེ། དེ་ལྟ་བས་ན་ཉེ་བར་
སྦྱོར་བ་ནི་སྦྱོར་བས་ཚད་མར་འགྱུར་རོ་སྙམ་དུ་སེམས་ན། ལོགས་ཤིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དྲི་ཞིམ་མངར་བ་ལ་སོགས་བཞིན། །ཞེས་བྱ་བ་ནི་འདུན་པའི་དོན་ལ་འབྲལ་བ་ཡིན་ནོ། །ཇི་ལྟར་དངོས་པོ་ཉམས་སུ་མྱོང་བཞིན་པ་གང་ཡིན་པ་དེ་ནི་མངར་བ་ཡིན་ལ་འདི་ནི་དྲི་ཞིམ་པ་ཡིན་
ནོ་ཞེས་བྱ་བ་ལ་སོགས་པའི་ཡུལ་བཟུང་ཟིན་པ་སྦྱོར་བའི་བདག་ཉིད་ཀྱི་ཤེས་པ་ནི་ཚད་མ་མ་ཡིན་པ་དེ་བཞིན་དུ། འདི་ཡང་འགྱུར་བའི་ས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནི་དེ་ལྟ་བས་ན་མིང་དང་སྦྱོར་བ་རིགས་པ་ནི་མིང་དང་སྦྱོར་བ་འབྲེལ་པའི་ཤེས་པ་སྟེ། ཇི་སྐད་དུ་བཤད་པའི་ཚུལ་
เล่ม ๑๙๒ · หน้า 52b
གྱིས་དྲན་པ་ལས་འདས་པ་མ་ཡིན་ནོ། །འདི་སྙམ་དུ་འབྲེལ་པ་ནི་གང་དུ་ཡང་ཆོས་མཐུན་པའི་སྒོ་ནས་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་སུ་མིང་ཅན་བསྟན་ནས་འདི་ནི་བ་ལང་ངོ་ཞེས་དེ་ལྟར་བྱེད་པར་མཐོང་གི་ཡུལ་ལྐོག་ཏུ་གྱུར་པ་ལ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། མཐའ་ཡས་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། ཀུན་བཤད་དང་ལྡན་རིགས་པ་ནི། །ཞེས་བྱ་བ་ནི་མིང་དང་འབྲེལ་པའི་ཤེས་པའོ། །མི་ཡི་བདག་པོ་སོགས་ལ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་ལའོ། །ཐབས་མཐའ་ཡས་པ་བསྐྱེད་པ་དེ་ཉིད་བསྟན་པའི་དོན་དུ་དཔེ་བརྗོད་པ་བཤད་པ་ནི། དེ་དག་ནང་ནས་ཞེས་བྱ་བ་ལ་
སོགས་པ་སྟེ། འདི་ལྟར་ཁ་ཅིག་གིས་འགའ་ཞིག་ལ་ནུ་བོ་བྱ་བ་འདི་སོང་ཤིག །རྟ་དང་གླང་པོ་ལ་ཞོན་པའི་སྐྱེས་བུ་མང་པོ་དང་ལྷན་ཅིག་འགྲོ་བའི་མིའི་བདག་པོ་ལ་ལྟོས་ཤིག་ཅེས་སྨྲས་པ་དང་། དེས་དེ་ལ་དེ་དག་གི་ནང་ནས་མིའི་བདག་པོ་གང་ཡིན་ཞེས་སྨྲས་སོ། །དེས་གདུགས་དཀར་
པོས་ཉི་མའི་འོད་ཟེར་སྐྱོབ་པ་གང་ཡིན་པ་དེ་ནི་དེ་དག་གི་ནང་ནས་མིའི་བདག་པོ་ཡིན་ནོ་ཞེས་སྨྲས་སོ། །དེས་གདམས་པ་དེ་བཟུང་ནས་སོང་སྟེ་མཐོང་ནས། ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་རྒྱལ་པོ་དེ་ལ། འདིའི་མིང་ནི་མིའི་བདག་པོ་ཡིན་ནོ་ཞེས་བློ་སྐྱེ་བ་གང་ཡིན་
པ་དེ་ཡང་ཁྱེད་ཀྱི་ལུགས་ཀྱིས་ཚད་མ་གཞན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོས་མཐུན་པ་ལ་སོགས་པ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། འདི་ནི་ཚད་མ་བཞི་ནི་ཁོངས་སུ་མ་འདུས་པར་བསྟན་པ་ཡིན་ནོ། །གནས་མ་བུ་པས་རང་གི་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར་
ཚད་མ་གཉིས་པོ་ཁོ་ནའོ་ཞེས་བྱ་བ་འདི་གཞིག་པའི་ཕྱིར། ཚད་མ་བྱེད་པ་ནི་མངོན་སུམ་ནི་རྗེས་སུ་དཔག་པ་ལས་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །རྗེས་སུ་དཔག་པ་ཡང་མངོན་སུམ་ལས་མ་གཏོགས་
པར་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་མངོན་སུམ་བཞིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་ནི་སྤྱིའི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་སྤྱིའི་མཚན་ཉིད་བཞིན་ནོ། །སྤྱིའི་
เล่ม ๑๙๒ · หน้า 53a
མཚན་ཉིད་ཀྱང་རང་གི་མཚན་ཉིད་ལས་མ་གཏོགས་པའི་གཞལ་བྱ་གཞན་གཉིས་པོ་དང་བཅས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་རང་གི་མཚན་ཉིད་བཞིན་ནོ། །དེས་སྟོན་པ་ནི་གཞན་དག་རྗེས་སུ་དཔག་པ་ལས་ཞེས་བྱ་བ་སྟེ། ལྡན་པ་ནི་འབྲེལ་པ་སྟེ་གཉིས་
པ་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ཉེ་བར་མཚོན་པ་སྟེ། གཞལ་བྱ་གཞན་སྒྲུབ་པར་བྱེད་པ་ལ་ཡང་རིག་པར་བྱའོ། །གཏན་ཚིགས་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ལ་གནོད་པ་བྱེད་པ་ལ་བསྟན་པའི་ཕྱིར། བསྒྲུབ་བྱ་དང་སྒྲུབ་བྱེད་དག་གིས་འགྲེལ་པ་མ་བསྟན་པས་
མ་ངེས་པ་ཡིན་ཏེ། གཏན་ཚིགས་ཐམས་ཅད་མི་མཐུན་པའི་ཕྱོགས་ལ་ལྟོས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་སྒྲ་ལས་བྱུང་བ་སྟེ། ཚད་མ་བཞིན་ཡིན་ནོ་ཞེས་བྱ་བའི་གྲངས་ངེས་པར་གསལ་བ་ཡིན་ཏེ། རྣམ་པ་འདིས་ཚད་མ་
གཞན་སྲིད་པའི་ཕྱིར་རོ། །འདི་ལྟར་ཇི་སྐད་དུ་བརྗོད་པར་ནུས་ཏེ། མངོན་སུམ་ནི་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་། སྒྲ་ལས་བྱུང་བ་བརྗོད་པ་ལས་མ་གཏོགས་པ་ཚད་མ་གཞན་གཉིས་པ་དང་བཅས་པ་ཡིན་ཏེ། ཚད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་ནོ། །གང་ཡང་སྤྱི་དང་
ཁྱད་པར་དང་། །སྤྱི་དང་ཁྱད་པར་དང་ལྡན་པ། །ཞེས་བྱ་བ་གཞལ་བྱ་རྣམ་པ་གསུམ་འདོད་པ་དེ་ལ་ཡང་བསལ་བ་ཡིན་ཏེ། རྣམ་པ་འདི་གཉིས་ཀྱིས་གཞལ་བྱ་གཞན་སྒྲུབ་པར་བྱེད་པ་སྲིད་པའི་ཕྱིར་རོ། །འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གིར་ཡང་འགྱུར་བས་སྤྲོས་པས་ཆོག་གོ། །
ཉེ་བར་འཇལ་བ་རྣམ་པར་འབྱེད་པའོ། །དོན་གྱིས་གོ་བའི་དབང་དུ་བྱས་ནས། གོང་དུ་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་དུས་ལ་སོགས་པ་གང་དུ་མངོན་སུམ་དང་། རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་། སྒྲ་ལས་བྱུང་བ་དང་། དོན་གྱིས་གོ་བ་དང་། དངོས་པོ་མེད་
པའི་མཚན་ཉིད་ཀྱི་ཚད་མ་དྲུག་པོ་རྣམས་ཀྱིས་ཡོངས་སུ་བཅད་པའི་དོན་གཞན་དུ་མི་འཐད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུར་གྱུར་པ་ཡང་དེ་ལྟ་བུ་ཡིན་པས་ལྐོག་ཏུ་གྱུར་པའི་ཡུལ་རྟོགས་པ་གང་ཡིན་པ་དེ་ནི་དོན་གྱིས་གོ་བའི་ཚད་མ་ཡིན་ནོ། །བརྗོད་ཅེས་བྱ་བ་ནི་རི་ཁྲོད་རྗེས་ཏེ། ཇི་སྐད་དུ་མཐོང་བའམ་
เล่ม ๑๙๒ · หน้า 53b
ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་མ་མཐོང་བ་རྟོག་པ་སྟེ། འདི་ལྟ་སྟེ་དཔེར་ན་ལྷ་སྦྱིན་མ་ཤི་ལ་ཁྱིམ་དུ་མ་མཐོང་བས་ཕྱི་རོལ་ན་ཡོད་པར་རྟོག་པ་ལྟ་བུའོ་ཞེས་བཤད་པ་ལྟ་བུའོ། །མཐོང་བ་ནི་སྒྲ་ལས་བྱུང་བ་ལས་མ་གཏོགས་པའི་ཚད་མ་ལྔས་རྟོགས་པའོ། །ཐོས་པ་ནི་སྒྲ་ལས་བྱུང་
བའི་ཚད་མས་རྟོགས་པའོ། །དེ་ལ་ཚད་མ་དྲུག་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་གོ་རིམས་བཞིན་དུ་དཔེར་བརྗོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ནི་དཔེར་ན་མངོན་སུམ་གྱི་སྲེག་པར་ཉམས་སུ་མྱོང་བའི་མེའི་སྲེག་པའི་
ནུས་པ་རྟོགས་པ་ལྟ་བུའོ། །རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ནི་དཔེར་ན་ཡུལ་གཞན་དུ་ཕྱིན་པས་རྗེས་སུ་དཔག་པའི་འགྲོ་བ་ལས་ཉི་མ་འགྲོ་བའི་ནུས་པ་དང་ལྡན་པར་རྟོགས་པ་ལྟ་བུའོ། །ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་ནུས་པ་རྣམས་ཀྱང་འབྲས་བུ་ལས་དོན་གྱིས་གོ་བས་སྒྲུབ་པར་བྱེད་
པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡང་དོན་གྱིས་གོ་བ་ཡིན་ཏེ། རེས་འགའ་ཡང་གང་གི་ཚེ་མངོན་སུམ་གྱི་འབྲས་བུ་དམིགས་ནས་རྒྱུའི་ནུས་པ་རྟོགས་ན་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ལ། གང་གི་ཚེ་རྗེས་སུ་དཔག་པ་ལ་སོགས་པ་ལས་འབྲས་བུ་རྟོགས་ནས་རྒྱུའི་ནུས་པ་རྟོགས་པ་དེའི་ཚེ་
རྗེས་སུ་དཔག་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱི་འབྲས་བུ་དོན་གྱིས་གོ་བར་འགྱུར་རོ། །འབྲས་བུའི་གཞན་དུ་མི་འཐད་པ་དེ་ཚད་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུའི་ནུས་པ་དང་པོ་ཉིད་དུ་བཟུང་ཟིན་ཏོ་ཞེས་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ནུས་པ་དེ་དག་ཐམས་ཅད་ཐམས་
ཅད་དུ་སྔ་ན་མེད་པ་རྟོགས་ཏེ་དེས་ན་རྟོགས་ཟིན་པའི་དོན་རྟོགས་པ་ཉིད་མེད་པའི་ཕྱིར་ཚད་མར་འགྱུར་བ་ཉིད་ཡིན་ནོ། །དེ་ལ་འདི་སྙམ་དུ་ནུས་པ་རྣམས་ནི་འབྲས་བུའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་དོན་གྱིས་གོ་བའི་ཚད་མའི་གོ་བར་བྱ་བ་ནི་མ་ཡིན་ནོ་སྙམ་ན། འབྲེལ་པ་གཟུང་
བ་མེད་པར་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འབྲེལ་པ་གཟུང་བ་མེད་པར་གོ་བར་བྱེད་པ་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །འབྲེལ་བ་འཛིན་པ་མེད་པ་དེ་ཉིད་བསྟན་པའི་ཕྱིར། གང་གིས་འདི་ལ་ཞེས་བྱ་བ་སྨོས་ཏེ། ནུས་པ་འདི་དག་གི་འབྲས་བུ་དང་ལྷན་ཅིག་འབྲེལ་པ་
เล่ม ๑๙๒ · หน้า 54a
རྗེས་སུ་དཔག་པའི་དུས་ལས་སྔར་ཚ་བ་ལ་སོགས་པར་མེ་དང་དུ་བ་བཞིན་དུ་བཟུང་བ་ཡང་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པ་བརྗོད་དོ། །དེ་ལྟར་རྗེས་སུ་དཔག་པའི་དུས་སུ་འབྲེལ་པ་འཛིན་པ་ཡང་མ་ཡིན་ཏེ། དབང་པོ་
ལས་འདས་པ་ཉིད་ཀྱི་ཕྱིར་ཏེ། འདིས་ནི་ཕྱོགས་ཀྱི་ཆོས་མེད་པར་བཤད་དོ། །རྒྱུ་ལ་བརྟེན་པའི་ནུས་པ་རྣམས་ནི་འབྲས་བུའི་ཆོས་སུ་རིགས་པ་མ་ཡིན་ནོ། །གཞན་ཡང་གང་གི་ཚེ་སྣང་བ་ལ་སོགས་པར་རྟོགས་པའི་ནུས་པ་ཕྱོགས་སུ་བྱེད་པ་དེའི་ཚེ་རྣ་བ་ལ་སོགས་པའི་ཕྱོགས་སུ་བྱས་
པ་ལ་ནུས་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་ཇི་སྙེད་སྦྱར་བའི་གཏན་ཚིགས་དེ་ཐམས་ཅད་གཞི་མ་གྲུབ་པར་འགྱུར་ཏེ། རྟེན་དུ་གྱུར་པའི་ནུས་པ་རྣམས་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བས་ན་འབྲས་བུའི་དོན་གྱིས་གོ་བས་གྲུབ་པར་བྱེད་པ་ཡིན་གྱིས་ནུས་པ་ཐམས་ཅད་རྗེས་སུ་དཔག་པར་བྱེད་པ་
ནི་མ་ཡིན་ནོ། །དེ་ལ་སྒྲ་ལས་བྱུང་བ་སྔོན་དུ་འགྲོ་བ་ཅན་གྱི་དོན་གྱིས་གོ་བ་ནི་དཔེར་ན་བཅུད་ཀྱིས་ལེན་མ་འགྲུབ་པའི་ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཚིག་ཐོས་པ་ལས་ཤུགས་ཀྱིས་མཚན་མོ་ཟའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་དོན་རྟོག་པ་ལྟ་བུའོ། །
འདི་སྙམ་དུ་ཚོན་པོ་ཉིན་པར་ཟན་མི་ཟ་ཞེས་བྱ་བའི་ངག་འདི་ཉིད་ཀྱི་དོན་མཚན་མོ་ཟའོ་ཞེས་བྱ་བ་འདི་ཡིན་པར་རྟོགས་སོ་ཞེས་འདོད་ན། དེའི་ཕྱིར་ཉིན་མོའི་ངག་ལ་ཞེས་བྱ་བ་སྨོས་ཏེ། ངག་གི་དོན་འདི་རྣམ་པ་གཉིས་སུ་འགྱུར་ཏེ། འདི་ལྟ་སྟེ་འདྲེས་པ་དང་ཐ་དད་པའོ། །དེ་ལ་འདྲེས་པ་ནི་
ཚིག་རྣམས་ཕན་ཚུན་འོ་མ་དང་ཆུ་བཞིན་དུ་དབྱེར་མེད་པའོ། །ཐ་དད་པ་ནི་བཅད་པར་བྱ་བ་དང་གཅོད་པར་བྱེད་པའི་ངོ་བོས་གནས་པའོ། །ཡང་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་འབྲེལ་པ་ངེས་པ་ནི་འདྲེས་པའོ། །ཐ་དད་པ་ནི་རིགས་མི་མཐུན་པ་ལས་ལྡོག་པའོ། །ངག་གི་དོན་རྣམ་པ་འདི་
གཉི་ག་ཡང་སྲིད་པ་མ་ཡིན་ཏེ། འདི་ལྟར་ཉིན་མོ་ལ་སོགས་པའི་ཚིག་གི་དོན་གང་དག་ཡིན་པ་ནི་ཉིན་མོ་ལ་སོགས་པ་སྟེ། མཚན་མོ་ཟ་བའི་དོན་དང་དེ་དག་གིས་མཛེས་པའི་ངོ་བོ་ཡོད་པ་མ་ཡིན་ཏེ། ཤིན་ཏུ་མི་འདྲ་བའི་ཕྱིར་རོ། །ཐ་དད་པ་ནི་ངོ་བོ་ཡང་མ་ཡིན་ཏེ། ཉིན་མོ་ལ་སོགས་པའི་ཚིག་
เล่ม ๑๙๒ · หน้า 54b
རྣམས་ནི་མཚན་མོ་ལ་སོགས་པ་རྣམ་པར་བཅད་ནས་འཇུག་པའི་ཕྱིར་རོ། །ཅི་སྟེ་མཚན་མོ་ཟན་ཟའོ་ཞེས་བྱ་བ་འདི་ཉིན་མོ་ལ་སོགས་པའི་ངག་གི་དོན་གཞན་གཉིས་པ་ཡིན་ནོ་ཞེས་བྱ་བར་འདོད་ན། ཉིན་མོ་ལ་སོགས་པས་ཟ་བ་བཀག་པ་ཉིད་ན་ཉེ་བར་ཟད་པའི་ཕྱིར་གཞན་མཚན་མོ་ཟ་བ་དེ་ཉིད་
བསྟན་པར་བྱ་བར་མི་ནུས་པའི་ཕྱིར་དོན་གཉིས་པ་རྟོག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མཚན་མོ་ཟའོ་ཞེས་བྱ་བ་འདི་ནི་ངག་གཞན་གྱི་དོན་ཡིན་ནོ། །བློ་ལས་གནས་པ་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཉིད་མ་ཡིན་པར་སྟོན་པ་ཡིན་ནོ། །ལུང་ཅན་ཉིད་མིན་ཡང་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཉིད་མ་ཡིན་
ཡང་སྟེ། ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲ་ལས་བྱུང་བ་ཉིད་མེད་པར་བསྒྲུབས་ཟིན་པའི་ཕྱིར་རོ། །གང་ཞིག་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཚད་མར་འགྱུར་བའི་མཚན་མོ་ཟ་བ་ཞེས་བྱ་བའི་ངག་གང་ཡིན་པ་དེའི་རྟོགས་པར་བྱེད་པའི་ངག་དེ་འཛིན་པར་བྱེད་པའི་ཚད་མ་བརྗོད་པར་
བྱའོ། །འགྱུར་བ་ཡང་མ་ཡིན་པ་དེ་ལྟ་བས་ན་འདི་ཚད་མ་གཞན་ཉིད་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །འདི་མངོན་སུམ་ལ་སོགས་པ་གང་ཡང་རུང་བ་ཉིད་ཡིན་པ་དེ་ཉིད་སེལ་བར་བྱེད་པ་ནི། རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་མཚན་མོ་ཟ་བའི་ངག་མ་བརྗོད་པ་ནི་མངོན་
སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། མ་ཐོས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་གང་གིས་འབྲེལ་པར་འགྱུར་བ་མཚན་མོ་ཟ་བའི་ཚིག་འདི་ཉིད་ཉིན་མོའི་ཚིག་དེ་དང་འགར་ཡང་ལྷན་ཅིག་མ་མཐོང་ལ། རྟགས་གཞན་ཡང་ཡོད་པ་མ་
ཡིན་ནོ། །ཅི་སྟེ་འབྲེལ་པ་མ་དམིགས་ན་ཡང་འདི་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། གལ་ཏེ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འབྲེལ་པ་མ་གྲུབ་པར་རྟགས་ཉིད་དུ་འགྱུར་ན་དེའི་ཚེ་ཉིན་མོའི་ཚིག་བརྗོད་པ་ལས་ངག་ཐམས་ཅད་རྟོགས་པར་འགྱུར་གྱི། མཚན་མོ་ཟ་བའི་ངག་ཁོ་ན་ནི་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འབྲེལ་པ་དང་བྲལ་བ་ཉིད་ཡིན་ན་ངག་གཞན་ལས་མཚན་མོ་ཟ་བའི་ངག་ཁྱད་པར་མེད་དེ་འབྲེལ་པ་མེད་པའི་ཕྱིར་ཏེ། ངག་ཐམས་ཅད་ཁྱད་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་འཇལ་བ་སྔོན་དུ་འགྲོ་བ་ཅན་བཤད་པ་ནི། བ་མེན་དང་འདྲ་ཞེས་བྱ་བ་ལ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด