དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๒ · หน้า 187b
དམ་པ་ཡིན་པའི་ཕྱིར་ཐམས་ཅད་དུ་དེ་ལ་ལེགས་པར་བྱས་པ་དང་རྟོགས་པར་བྱེད་པར་འགྱུར་རོ། །དེས་ན་སྐྱེས་བུའི་ལུས་ཀྱི་ཕྱོགས་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་དག་ཐམས་ཅད་བསལ་བ་ཡིན་ཏེ། གཅིག་ལ་དོན་དམ་པ་རྣམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྐྱེས་
བུའི་ལུས་ཀྱི་ཕྱོགས་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཙོ་བོའི་ཡུལ་གཞན་ཞེས་བྱ་བ་ལ། གཙོ་བོ་ནི་ལུས་སོ། །ཡུལ་གཞན་ནི་ནམ་མཁའི་ཡུལ་ཐ་དད་དུ་འཇུག་པའོ། །དེ་ལྟར་སྨྲས་པ་མི་འཐད་དོ། །ཞེས་བྱ་བ་ནི་གཅིག་ལ་རྣམ་པར་དབྱེ་བ་མི་རུང་བའི་ཕྱིར་རོ། །གནས་མ་ཡིན་ཞེས་བྱ་བ་ནི་
མི་གནས་པའོ། །ཁྱད་པར་མེད་པ་ཉིད་སྟོན་པ་ནི། ཁྱད་པར་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་སྟེ་ཡང་ཆོས་དང་ཆོས་མ་ཡིན་པ་དག་གི་དབང་དུ་བྱས་པའི་ཕྱིར་ཁྱད་པར་ཡོད་པ་ཉིད་དོ་སྙམ་ན། རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཉིད་ལྟོས་པ་མེད་པའི་གཏན་
ཚིགས་ཡིན་ལ། དེ་ཡང་དབང་དུ་མ་བྱས་པ་ཡིན་ནོ། །ཡང་ན་ལྟོས་པ་མེད་པ་ཡིན་ཡང་དབང་དུ་གྱུར་པ་ཅིའི་ཕྱིར་མི་འགྱུར་ཞེ་ན། ནམ་མཁའི་ཆོས་དང་ཆོས་མིན་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་མེད་པ་ཉིད་ཀྱིས་ཕན་གདགས་པར་བྱས་པ་མ་ཡིན་པ་ཉིད་དུ་བརྗོད་ལ། གང་ཡང་ཕན་གདགས་
པར་བྱ་བ་མ་ཡིན་པ་དེ་ནི་འགའ་ཞིག་གི་དབང་དུ་བྱས་པ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནམ་སོ་སོར་བརྟགས་མིན་གྱི་འགོག་པ་བཞིན་ནོ། །རྣ་བ་ཡང་ཕན་གདགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྟག་ཕྱིར་ཞེས་བྱ་བ་འདིས་གཏན་ཚིགས་མ་གྲུབ་པ་
བསལ་བ་ཡིན་ཏེ། ཕན་གདགས་བྱ་མིན་ན། འདི་ཡི་དབང་དུ་བྱས་འདི་ཅི། །ཞེས་བྱ་བ་འདིས་ནི་མ་ངེས་པ་ཉིད་བསལ་བ་ཡིན་ནོ། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་པ་ཡང་དབང་དུ་བྱས་པར་མཐོང་བ་མ་ཡིན་ནམ། ཇི་ལྟར་སྔར་ལོངས་མི་སྤྱོད་པའི་རྣ་བ་ཕྱིས་སྔགས་དང་སྨན་ལ་སོགས་
པའི་ནུས་པས་ལོངས་སྤྱད་པར་བྱ་བར་འགྱུར་ཏེ། དེ་ལྟ་ཡིན་དང་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལ་ལན་བཤད་པ་ནི། སྔགས་དང་སྨན་སོགས་ནུས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རྣ་སྤབས་བྲུས་པ་ལ་སོགས་པ་གཟུང་ངོ་། །ཇི་ལྟར་སྤྱད་བྱར་འགྱུར་ཞེས་
เล่ม ๑๙๒ · หน้า 188a
བྱ་བ་ནི་གལ་ཏེ། དེ་ལྟར་ཕན་གདགས་པར་བྱ་བ་མ་ཡིན་པར་གྱུར་ན་ཞེས་བྱ་བ་ཞིག་ཁ་སྐང་ངོ་། །འོན་ཏེ་ཕན་གདགས་པར་བྱ་བ་མ་ཡིན་ན་ཡང་ཁྱད་པར་སྐྱེ་བ་ཙམ་གྱི་དབང་དུ་བྱས་པར་འགྱུར་རོ་ཞེ་ན། རྟག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་དེ་ལྟར་ན་རྟེན་མི་རྟག་པའི་ཕྱིར་དེ་
ལེགས་པར་བྱེད་པའི་སྒོ་ནས་རྣ་བ་རྟག་པ་ཡང་དབང་དུ་བྱེད་པར་འགྱུར་རོ་ཞེ་ན། རྟེན་མི་རྟག་པ་ཉིད་ཡིན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྟག་པ་ཡིན་ན་ཡང་ཞེས་བྱ་བ་ནི་དུས་གཞན་ན་འཇིག་པའི་ཕྱིར་རོ། །དེ་ཡང་འཇིག་པའི་བར་དུ་ངོ་བོ་གཅིག་ཡིན་པའི་ཕྱིར་རྟག་པ་ལ་ཁྱད་པར་བསྐྱེད་
པ་མི་སྲིད་པའི་ཕྱིར་ལེགས་པར་བྱས་པ་ག་ལས་ཡིན། བོགས་དབྱུང་བར་ཁས་བླངས་ནས་སྐྱོན་འཆད་པ་ནི། དེ་ལ་བོགས་ནི་ཡོད་ལ་རེག །འདི་ནི་ཞེས་བྱ་བ་ནི་བོགས་སོ། །གལ་ཏེ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་རྟེན་དང་འབྲེལ་བའི་ཕྱིར་དེ་ལ་ཡང་འགྱུར་རོ་ཞེ་ན། རྟེན་དང་འབྲེལ་པ་ཡོད་མིན་ཏེ། །
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནམ་མཁའི་ཆ་ཤས་མེད་མིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ནམ་མཁའ་ཆ་དང་བཅས་པ་ཡིན་ན་ཡང་གལ་ཏེ། རྟག་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་ནམ་མཁའ་ཆ་མེད་པ་རྟག་པའི་ཕྱོགས་ལ་སུན་འབྱིན་པ་གང་ཡིན་པ་དེ་ཐམས་ཅད་མཚུངས་སོ་
ཞེས་བསྒྲེ་བ་ནི། ནམ་མཁའ་ཆ་ཤས་དང་ལྡན་ཡང་། །ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དབང་དང་བྲལ་བ་ན། །ཡུལ་དེར་གནས་པར་གྱུར་ན་ཡང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གལ་ཏེ་དེ་ཡི་སྐད་ཅིག་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གསལ་
བར་བྱེད་པའི་རླུང་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གང་ཚེ་སྒྲ་དང་རྣ་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཚེ་ཞེས་བྱ་བ་ནི་རྒྱུ་གང་ལས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་རྟག་པ་ལ་ཁྱད་པར་བྱར་མེད་པའི་ཕྱིར་ལེགས་པར་བྱེད་པ་འཐད་པ་
མ་ཡིན་ཏེ། དེའི་ཕྱིར་རླུང་ལ་སོགས་པ་ལས། །ནུས་པ་ངེས་པ་འཐད་མ་ཡིན། །ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །ཇི་ལྟར་འདི་ལེགས་པར་བྱས་པ་མི་འཐད་པ་དེ་ལྟར་རེ་ཞིག་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཐ་དད་ཐ་མི་དད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལེགས་པར་བྱས་པར་འགྱུར་
เล่ม ๑๙๒ · หน้า 188b
པ་ཐ་དད་པའམ། ཐ་མི་དད་པ་ཡིན་ཞེས་བྱ་བ་ཕྱོགས་གཉིས་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱོགས་དང་པོ་རྣ་བ་དང་སྒྲ་དག་གིས་ལེགས་པར་བྱེད་པ་མི་འགྲུབ་པར་ཐལ་བར་འགྱུར་ཏེ། དོན་གཞན་བྱེད་པའི་ཕྱིར་རོ། །བུམ་པ་བྱེད་པ་ན་སྣམ་བུ་ལེགས་པར་བྱེད་པ་མ་ཡིན་ལ། གང་
གིས་དེ་དང་འབྲེལ་པའི་ལེགས་པར་བྱེད་པའི་སྒོ་ནས་དེ་དག་ལེགས་པར་བྱས་པར་འགྱུར་བ་དེའི་ལེགས་པར་བྱས་པ་དེ་དག་དང་ལྷན་ཅིག་འབྲེལ་པ་གྲུབ་པ་ཡང་མ་ཡིན་ནོ། །འདི་ལྟར་ཐ་དད་དུ་ཁས་ལེན་པའི་ཕྱིར་དེའི་བདག་ཉིད་ཀྱི་འབྲེལ་པ་མེད་ལ། ཐ་དད་པར་འབྲེལ་པར་འགྱུར་ན་ཡང་རྒྱུ་དང་
འབྲས་བུའི་མཚན་ཉིད་ཁོ་ན་ཡིན་ཏེ། གཞན་ལ་ཕན་འདོགས་པར་བྱེད་པ་མེད་པའི་ཕྱིར་རོ། །དེ་ཡིན་ཏེ་རྒྱུ་དང་འབྲས་བུ་ཉིད་ཡིན་ན་ལེགས་པར་བྱས་པ་ཐམས་ཅད་དུ་འགྱུར། རྒྱུ་དང་རྣ་བ་དང་སྒྲའི་བདག་ཉིད་དུ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་འཆད་པ་ནི། ཐ་མི་
དད་པའི་ཕྱོགས་ལ་ཡང་། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ཞེས་བྱ་བ་ནི་རྣ་བ་དང་སྒྲའི་རང་གི་ངོ་བོ་ལྟར་རོ། །འདི་ནི་ཞེས་བྱ་བ་ནི་ལེགས་པར་བྱས་པའོ། །དེ་ལྟ་ཡིན་དང་རྟག་པའི་ཕྱིར་འདི་སུས་ཀྱང་ལེགས་པར་བྱེད་པ་མ་ཡིན་ཏེ། དེ་ལ་སྟེ་ལེགས་པར་བྱས་པ་ལས་རྣམ་པར་ཤེས་པ་བསྐྱེད་པར་
འདོད་ན་ཡང་། ཤེས་པ་རྟག་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི། རྟག་པ་ཉིད་ལ་སྐྱོན་ཡིན་ནོ། །དེ་ཕྱིར་རླུང་ལས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ནོ། །དེའི་ཕྱིར་གསལ་བ་ཞེས་བྱ་བ་ལ་སོགས་པ་སྒྲ་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཚད་མ་འགོད་པར་བྱེད་དོ། །སྦྱོར་བ་ནི་གང་
རེས་འགའ་བ་དེ་ནི་སྐྱེ་བ་དང་ལྡན་པའི་རྒྱུས་བསྐྱེད་པར་བྱ་བ་ཡིན་ཏེ། དཔེར་ན་བུམ་པའི་གསལ་བའི་ཡུལ་ཅན་གྱི་ཤེས་པ་བཞིན་ནོ། །སྒྲའི་ཤེས་པ་ཡང་རེས་འགའ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྟག་ཏུ་དེའི་ཤེས་པ་མི་རིགས་པའི་ཕྱིར་མ་གྲུབ་པ་མ་ཡིན་ལ། མངོན་པར་
གསལ་བ་བསལ་ཟིན་པའི་ཕྱིར་མ་ངེས་པ་མ་ཡིན་ཞིང་། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །འབྲས་བུ་འདི་ཞེས་བྱ་བ་ནི། གཟུང་བར་བྱ་བ་སྐྱེད་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲས་བུ་འདི་ལ་ཡོད་ཅེས་རྣམ་པར་སྦྱར་ཏེ་ལྷག་མ་ནི་དོན་གོ་བར་ཟད་དོ། །ཕྱོགས་རྣ་བ་
เล่ม ๑๙๒ · หน้า 189a
ཡིན་པའི་ཕྱོགས་ལ་དང་པོ་ཉིད་དུ་སུན་འབྱིན་པ་བཤད་ཟིན་པའི་ཕྱིར་ཡང་མི་བརྗོད་དེ་དེ་ཉིད་ཀྱི་ཕྱིར་སྔར་བཤད་པའི་སུན་འབྱིན་པ་དེ་ཉིད་དྲན་པར་བྱ་བའི་ཕྱིར། ནམ་མཁའི་ཆ་ཤས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་ཡང་ལེགས་པར་བྱེད་པ་ན། །དེ་ཕྱིར་གཅིག་ཉིད་ལེགས་པར་བྱེད། །
ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཡུལ་ཡང་ལེགས་པར་བྱེད་པ་ན། །ཞེས་བྱ་བ་སྨོས་ཏེ། མིན་ཞེས་བྱ་བ་ནི་ཡུལ་ཡང་ལེགས་པར་བྱེད་པ་ན་དེས་གཅིག་ཉིད་ལེགས་པར་བྱས་ཞེས་བྱ་བ་དེ་མ་ཡིན་ནོ་གང་ལས་ཤེ་ན། ནུས་པ་ངེས་ཕྱིར་བསལ་བའི་ཕྱིར་ཏེ་ལེགས་པར་བྱེད་པ་ཞེས་བྱ་བ་ལྷག་མའོ། །
འདི་ལྟར་ལེགས་པར་བྱས་པ་ཐ་དད་པ་དང་ཐ་མི་དད་པ་ནི་སྔར་བསལ་ཟིན་ཏོ། །འདི་ལས་ཀྱང་ཡུལ་ལེགས་པར་བྱས་པ་མ་ཡིན་ཏེ། གང་ལས་ཤེ་ན། ནུས་པ་ངེས་ཕྱིར་ཡང་ཞེས་བྱ་བའི་ཡང་གི་སྒྲ་མི་མངོན་པར་བསྟན་པར་བྱའོ། །ཡང་ན་དོན་འདི་ཡིན་ཏེ། དེའི་ཕྱིར་འཆད་པར་འགྱུར་བའི་
ནུས་པ་ངེས་པའི་ཕྱིར་ཡུལ་ལེགས་པར་བྱེད་པ་རིགས་པ་མ་ཡིན་ནོ། །ནུས་པ་ངེས་པ་དེ་ཉིད་སྟོན་པ་ནི། །ཤེས་པ་སྐྱེད་པར་མི་རུང་ན། །ཞེས་བྱ་བ་ལ་སོགས་པ་སྟེ། རེས་འགའ་སྒྲ་འདི་རང་བཞིན་གྱིས་ཤེས་པ་སྐྱེད་པར་རུང་བ་ཡིན་ནམ་མ་ཡིན་ཞེས་བྱ་བའི་ཕྱོགས་གཉིས་སོ། །ཕྱོགས་དང་པོ་ལ་ནམ་ཡང་
སུས་ཀྱང་རྟོགས་པར་མི་འགྱུར་རོ། །གཉིས་པ་ལ་ཡང་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་རྟོགས་པར་འགྱུར་ཏེ། ངོ་བོ་ཉིད་གཅིག་ཡིན་པའི་ཕྱིར་རོ། །དེས་ན་ལེགས་པར་བྱེད་པར་མི་ནུས་སོ། །འདི་སྙམ་དུ་ནུས་པ་ཡང་འགལ་བའི་རྐྱེན་གྱི་སྟོབས་ཀྱིས་རེས་འགའ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་པ་དེ་
བཞིན་དུ། ནུས་པ་མེད་པ་ཡང་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བསྒོས་པའི་ནུས་པ་ཡོད་ན་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་འོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ཉམས་པར་མི་བྱེད་དམ། སྐྱེད་པར་མི་བྱེད་པ་ནི་འགལ་བའམ། ལྷན་ཅིག་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་
ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཉམས་པ་དང་སྐྱེད་པར་ཁས་ལེན་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཡུལ་ཕྱོགས་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འདི་ནི་འགའ་ཞིག་ཁོ་ན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བའི་ཕྱོགས་ལ་སྐྱོན་འདི་
เล่ม ๑๙๒ · หน้า 189b
མེད་དེ། གང་གི་ཕྱིར་རང་གི་རྒྱུ་ལས་སོ་སོར་ངེས་པའི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་ཉིད་ཉེ་བར་སྐྱེ་བ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་རྟོགས་པ་མ་ཡིན་ནོ། །གལ་ཏེ་ལེགས་པར་བྱས་པ་སྲིད་པ་ཡིན་ན། གང་གི་ལྟར་ན་སྒྲ་ལེགས་པར་བྱས་པ་དེའི་ལྟར་ན་སྐྱོན་འདི་ཡིན་ནོ་ཞེས་བསྟན་པའི་
ཕྱིར། ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱིས་ཤེས་པ་བསྐྱེད་པར་ནུས་པར་ཁས་ལེན་པ་ནི་ཐག་རིང་པོ་ན་གནས་ན་ཡང་འཛིན་པར་འགྱུར་རོ་ཞེས་བྱ་བའི་སྐྱོན་འབའ་ཞིག་ཏུ་མ་ཟད། ལེགས་པར་བྱས་པའི་ཕྱོགས་ལ་ཡང་སྐྱོན་ཉིད་ཡིན་པས་དེའི་ཕྱིར་ཕྱོགས་གཞན་བསྟན་པ་ཡིན་ནོ། །
རིང་ན་གནས་པས་ཅིས་མ་ཡིན། །ཞེས་བྱ་བས་ནི་ཐོས་པས་ཞེས་འབྲེལ་ཏེ། འོན་ཀྱང་ཐོས་པ་ཁོ་ན་ཡིན་ནོ་ཞེས་བྱ་རོག་གི་དྲི་བར་བསྟན་ཏོ། །འདི་ཉིད་གསལ་བར་བྱེད་པ་ནི། །ཉེ་བར་གནས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་
ཏེ་ཁྱད་པར་ཅན་སྐྱེ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་བྱས་པས་སྐྱེ་བ་ཡིན་ན་དེའི་ཚེ་སྒྲ་ཡང་སྐྱེ་བར་ཐལ་བར་འགྱུར་ཏེ། དེ་ལེགས་པར་བྱས་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་ན་ལེགས་པར་བྱས་པ་ཉིད་ལས་ཤེས་པ་སྐྱེད་པའི་ཕྱིར། སྒྲ་བྱེད་པ་པོ་མ་ཡིན་པས་
ཤེས་བྱ་མ་ཡིན་པ་ཉིད་དུ་ཐལ་ལོ། །དེ་ལྟ་ཡིན་དང་སྒྲ་ཡང་སྐྱེད་པ་ཡིན་ནོ་ཞེས་ཁས་བླང་དགོས་སོ། །ཡང་ཅི་སྟེ་ཇི་ལྟར་ཁྱེད་ཅག་གིས་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་ནུས་པའི་སྒྲ་སྐྱེ་བ་དེ་བཞིན་དུ། ཁོ་བོ་ཅག་གིས་ལེགས་པར་བྱས་པས་རང་སོ་སོར་ངེས་པར་འགྱུར་བའི་ཕྱིར་དེས་ན་རང་བཞིན་གནས་
པ་རྣམས་ཀྱིས་མི་རྟོགས་པ་ཡིན་ནོ་སྙམ་དུ་འདི་ལ་བཤད་པ་ནི། དུས་གཅིག་ཚེ་ན་སྒྲ་ལེགས་བྱས། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སོ་སོར་ངེས་པའི་སྐྱེས་བུའི་རྒྱུ་ལ་ཤེས་པ་སྐྱེད་པའི་ནུས་པ་བྱེད་པ་དེ་ལྟ་ན། ཡང་སྐྱོན་ཅན་ཉིད་ཡིན་པར་སྟོན་ཏེ། འདི་ལྟར་གལ་ཏེ་ཤེས་པ་སྐྱེད་པར་རུང་བའི་ཤེས་
པ་མི་སྤོང་བ་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཤེས་པ་བསྐྱེད་པར་ཐལ་བར་འགྱུར་ལ། ཅི་སྟེ་སྤོང་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་སྟེ་དེའི་ཕྱིར་སྐྱེ་བར་འགྱུར་རོ་ཞེས་ཁས་བླང་བར་བྱའོ། །གཉི་ག་ལེགས་པར་བྱས་ཕྱོགས་ལ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་གཉི་ག་ལེགས་པར་
เล่ม ๑๙๒ · หน้า 190a
བྱས་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ལྟར་ན་སྐྱེ་བ་ཡིན་པའི་ཕྱོགས་དེ་དག་གི་གང་ཡང་རུང་བ་མ་ཚང་བ་རིགས་པ་ཡིན་གྱི། ལེགས་པར་བྱས་པ་སྨྲ་བའི་ཕྱོགས་ལ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་སྔ་མའི་ལེགས་པར་བྱས་པའི་རང་བཞིན་རྟག་ཏུ་རྗེས་སུ་འཇུག་
པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་རྗེས་སུ་འཇུག་པ་དེ་ཉིད་སྟོན་པ་ཡིན་ནོ། །འཕོ་འགྱུར་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཐོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཐོས་པ་ནི་ཐམས་ཅད་ཐོས་པ་ཡིན་གྱི། ཐམས་ཅད་ཐོས་
པ་ནི་མ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་ཏེ། ལས་ལ་ཡང་ཞེས་བྱ་བ་བསྡུ་བ་བཀག་པའི་ཕྱིར་རོ། །ཅི་སྟེ་ཡང་སོ་སོར་ངེས་པའི་སྐྱེས་བུ་རྣམས་ཀྱིས་ཐོས་པར་རུང་བ་རྣ་བ་དང་ཡི་གེ་ལེགས་པར་བྱས་པ་ཡིན་ཏེ། དེས་ན་ཐམས་ཅད་ཀྱིས་ཐོས་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡི་གེ་གཞན་རྟོགས་པ་པོ་གང་དག་
ཡིན་པ་དེ་དག་གིས་སྒྲ་ཐོས་པར་མི་འགྱུར་རོ། །འདི་ཉིད་བསྟན་པའི་ཕྱིར། རྣ་བ་ཡི་གེ་ལེགས་བྱས་དག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ངེས་པ་རྣམས་ཀྱིས་ཐོས་པར་རུང་བ་ཞེས་བསྡུ་སྟེ། དེ་དག་ནི་གཞན་ཡང་ཡིན་ལ་ཡི་གེའི་རྟོགས་པ་པོ་ཡང་ཡིན་པ་ནི་ཡི་གེ་གཞན་རྟོགས་པ་པོ་ཞེས་
ཚིག་རྣམ་པར་སྦྱར་རོ། །ཅི་སྟེ་ཡང་། གང་དག་ཡི་གེ་གཞན་རྟོགས་པ་པོ་དེ་དག་གི་ཤེས་པ་སྐྱེད་པར་རུང་བ་སྒྲ་དང་རྣ་བ་དག་གིས་ལེགས་པར་བྱེད་པ་གཞན་ཡང་འགྱུར་བ་ཉིད་དོ་སྙམ་ན་ཞེས་བྱ་བ་འདི་དོགས་པ་བསུ་ནས། ལན་འདེབས་པ་ནི། གལ་ཏེ་ཡི་གེ་དེ་སྐྱེས་བུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་
དང་སྐྱེས་བུ་ཞེས་བསྡུ་བར་བྱའོ། །ཡི་གེ་དེ་དག་ཀྱང་གང་ཞེ་ན། རྟོགས་པ་པོ་གཞན་དག་གིས་གཟུང་བ་གང་དག་ཡིན་པའོ། །སྐྱེས་བུ་ཡང་དེ་དག་ཉིད་དེ་རྟོགས་པ་པོ་གང་དག་ཡིན་པའོ། །དེ་དག་གི་རྣམ་པར་ཤེས་པ་དེ་ལ་རུང་བ་ཞེས་བསྡུའོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་རྣ་བ་དེ་དག་དང་སྒྲ་སྔར་
ལེགས་པར་བྱས་པ་དེ་དག་ཉིད་ཀྱིའོ། །དེ་དག་ཀྱང་ཞེས་བྱ་བ་ནི་སྔ་མའི་ཡི་གེ་དང་སྐྱེས་བུ་དེ་དག་ཀྱང་ངོ་། །འདི་སྐད་དུ་བསྟན་པ་ཡིན་ཏེ། ག་ལ་སོགས་པའི་ཡི་གེ་ཕྱིས་གཞན་དག་གིས་ཐོས་པ་དེའི་ཚེ་ཡང་གང་དག་གིས་སྔར་ཐོས་པ་དེ་བཞིན་དུ་དེ་དག་གིས་ཀྱང་ཐོས་པར་འགྱུར་ཏེ། སྔ་མའི་རང་བཞིན་རྗེས་
เล่ม ๑๙๒ · หน้า 190b
སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའོ། །ཅི་སྟེ་རྗེས་སུ་མི་འཇུག་ན་དེའི་ཚེ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ལྡོག་ན་རྣ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །དཔེར་ན་ཉི་མ་ཆུ་སོགས་སུ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཆུ་ལ་སོགས་ལ་ཉི་མ་འདི། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཡིན་ནོ་ཞེས་ཁྱད་པར་མེད་པ་སྔར་བསྟན་ཟིན་པ་དེ་ལྟ་ན་ཡང་སླར་ཡང་རྣམ་པ་མེད་པ་དང་རྣམ་པ་དང་བཅས་པའི་ཕྱོགས་གཉི་ག་ཡང་གཟུགས་བརྙན་གྱི་བློ་ཁྱད་པར་དུ་སྟོན་ཏེ། དེ་ལ་ཕྱོགས་དང་པོའི་དབང་དུ་བྱས་ནས། གང་
ཕྱིར་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པ་རྣམ་པ་མེད་པ་ཡིན་ལ། ཕྱི་རོལ་གྱི་དོན་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་ཡིན་དང་གང་ཞིག་ཆུའི་ནང་ན་གནས་པའི་ངོ་བོར་མཐོང་བ་འདི་ནི་རེ་ཞིག་ཤེས་པའི་རྣམ་པ་ནི་མ་ཡིན་ཏེ། ཕྱི་
རོལ་གྱི་དོན་ཁོ་ན་རྣམ་པ་དང་ལྡན་པར་ཁས་ལེན་པའི་ཕྱིར་རོ། །གཟུགས་བརྙན་དེ་དོན་གཞན་དུ་གྱུར་པ་ཁས་ལེན་པ་ཡང་མ་ཡིན་ཏེ། ཉི་མ་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གིས་དེ་ལྟར་སྣང་བར་འགྱུར་པ་ཉི་མ་ཆུའི་ནང་ན་གནས་པ་ཡང་མ་ཡིན་ཏེ། དེ་ནི་ནམ་མཁའི་ཡུལ་དུ་གནས་
པ་ཡིན་པའི་ཕྱིར་རོ། །འཁྲུལ་པས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ན་ཤེས་པ་དེ་ཉི་མ་ལ་དམིགས་པ་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་གནས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དོན་གྱི་རང་བཞིན་གང་ཞིག་དེའི་ཤེས་པ་ལ་མི་སྣང་བ་ནི་དེའི་དོན་གྱི་ངོ་བོ་དང་བྲལ་བའི་ཕྱིར་དེའི་ཤེས་པའི་
དམིགས་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །སྦྱོར་བ་ནི་གང་ཞིག་ཤེས་པ་གང་ལ་སྣང་བ་མ་ཡིན་པའི་རང་བཞིན་དེ་ནི་ཤེས་པ་དེའི་ཡུལ་མ་ཡིན་ཏེ། རྣ་བའི་ཤེས་པའི་གཟུགས་བཞིན་ནོ། །ཉི་མ་ཡང་གཟུགས་བརྙན་གྱི་ཤེས་པ་ལ་སྣང་བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བའི་ཁྱབ་པར་བྱེད་པ་མི་དམིགས་
པའོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཉི་མ་ལ་ཆུའི་ནང་ན་ཡོད་པའི་ངོ་བོ་མེད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་ན་ཡང་ཅི་ཡང་རུང་བས་གང་ཅི་ཡང་རུང་བའི་དམིགས་པར་འགྱུར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་
เล่ม ๑๙๒ · หน้า 191a
བ་ཡང་མ་ཡིན་ཏེ། ཅི་སྟེ་ཡང་ཉི་མ་དེ་ཉིད་ཡུལ་ལ་སོགས་པའི་བྱེ་བྲག་གིས་གཞན་ཉིད་དུ་རྟོགས་པ་འབའ་ཞིག་ཏུ་ཟད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ནོ་སྙམ་ན། དེ་ཉིད་གཞན་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱི་རྟོལ་ཅན་གྱི་རྟོག་གེ་བ་ཁྱེད་ཅག་ལས་གཞན་སུ་ཞིག་གིས་བརྗོད་
པར་འོས། འདི་ལྟར་དེ་ཉིད་ཅེས་བྱ་བ་འདིས་ནི་རང་གི་དེའི་ངོ་བོ་བསྒྲུབ་པར་བརྗོད་ལ། གཞན་ཞེས་བྱ་བ་འདིས་ནི་དེ་བཀག་པ་ཡིན་ནོ། །དེ་ཇི་ལྟར་གཅིག་ལ་གཅིག་གི་ཚེ་ཕན་ཚུན་འགལ་བ་བསྒྲུབ་པ་དང་དགག་པ་གཉིས་རིགས་པ་ཡིན། གལ་ཏེ་ཡང་གཞན་དུ་རྟོགས་ན་ཡང་དེ་ཉིད་ཡིན་པར་གྱུར་ན་
སྣ་ཚོགས་པ་ཐམས་ཅད་གཅིག་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པར་འགྱུར་བ་དང་། ཤེས་པ་ཐམས་ཅད་ཀྱང་ཡུལ་གཅིག་པར་འགྱུར་རོ། །དེའི་ཕྱིར་ཇི་ལྟར་ཡུལ་དང་དུས་ལ་སོགས་པ་ཐ་དད་པ་དང་ལྡན་པའི་དོན་འདི་ཉིད་གལ་ཏེ་ཁོ་ན་ལྟར་འགྱུར་ན། དེ་ལྟ་ན་དེ་ཁོ་ན་
རྟོགས་པར་འགྱུར་བའི་ཕྱིར་མ་གྲུབ་པ་ག་ལས་ཡིན། ཕྱོགས་གཉིས་པ་རྣམ་པ་དང་བཅས་པ་ལ་ཡང་རང་གི་རྣམ་པ་རིག་པ་ནི་ཕྱི་རོལ་གྱི་དོན་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བའི་ཕྱིར། ཕྱི་རོལ་རིག་པར་བརྗོད་ཀྱི། མི་འདྲ་བ་ཉམས་སུ་མྱོང་བ་ལས་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཧ་
ཅང་ཐལ་བར་འགྱུར་རོ། །འདི་གཟུགས་བརྙན་གྱི་བློ་ཉི་མའི་རྣམ་པ་དང་འདྲ་བའི་བདག་ཉིད་ཀྱི་རྣམ་པ་ཉམས་སུ་མྱོང་བ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་གཟུགས་བརྙན་གྱི་བློ་ཉི་མའི་ཤེས་པ་དང་ཁྱད་པར་མེད་པར་མ་འཁྲུལ་བར་འགྱུར་རོ། ཆུ་ལ་ཉི་མའི་འོད་ཟེར་ནི། །ཞེས་བྱ་བ་ལ་སོགས་པ་
སྨྲས་པ་དེ་ལ། བརྒྱུད་པ་ཡིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པ་ཡིན་ཞེས་བྱ་བ་ནི་བདག་གོ། །སྟེང་དུ་འཇུག་ཅེས་བྱ་བ་ནི་ཉི་མ་སྟེང་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཞེས་བྱ་བ་ནི་བདག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་བདག་གིས་བརྒྱུད་ནས་གཏོད་པའི་
སྟེང་ན་གནས་པའི་ཉི་མ་ལོག་པར་རྟོག་པ་མ་ཡིན་ན་ཅིའི་ཕྱིར་ལོག་པ་ཉིད་དུ་མཐོང་གི་སྟེང་དུ་མ་ཡིན། གལ་ཏེ་ཇི་ལྟར་གནས་པ་འཛིན་པ་དེ་ལྟ་ན་དེ་ཉིད་རྟོགས་པར་འགྱུར་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་དེར་གནས་པས་འཇུག་ཕྱིར། །ལོག་པར་འཇུག་ཕྱིར་བརྟད་པ་ཡི། །ཞེས་
เล่ม ๑๙๒ · หน้า 191b
བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ན་གནས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་རྒྱུ་བཤད་པ་ནི། གཟུགས་བརྙན་ཅན་གྱི་རྣམ་ཤེས་དེ། །ཞེས་བྱ་བ་ལ་སོགས་པའོ། །དེ་དང་མི་འདྲ་བར་སྣང་ཕྱིར། །ཞེས་བྱ་བ་ནི་དངོས་པོའི་རྐྱེན་བསྟན་པ་སྟེ། དེ་དང་མི་འདྲ་བར་སྣང་བ་ཉིད་ཀྱི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །འདི་འབྲུ་མང་པོ་ཡང་ཡིན་ནོ། །སྦྱོར་བ་ནི། གང་དག་དང་མི་འདྲ་བར་སྣང་བའི་ཤེས་པ་དེ་ནི་དེ་ལ་དམིགས་པ་མ་ཡིན་ཏེ། རོ་ལ་སོགས་པའི་ཤེས་པ་སྒྲ་ལ་མི་དམིགས་པའམ། སྒྲའི་ཤེས་པ་རོ་ལ་མི་དམིགས་པ་བཞིན་ནོ། །གཟུགས་བརྙན་གྱི་བློ་དག་ནི་བྱད་ལ་སོགས་པ་དང་མི་འདྲ་བ་
སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདིའི་མ་གྲུབ་པ་ཉིད་ཡང་སྤང་བའི་ཕྱིར། གང་ཕྱིར་མེ་ལོང་ཆུང་ངུ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་ལོང་ཆུང་ངུ་ལ་བྱད་ཆེན་པོའི་གདོང་བཞིན་དུ་ཆུང་བར་སྣང་ལ། ཤིང་ལ་སོགས་པ་ཡང་ཆུར་བྱིང་བ་དང་ཡལ་ག་ལ་
སོགས་པ་ཐུར་དུ་བལྟས་པར་རྟོགས་སོ། །དེ་བཞིན་དུ་བྱད་ཕྱིར་ལོག་པ་དང་ཆུ་ལ་སོགས་པ་གཏིང་དུ་ཞུགས་པར་དམིགས་ཏེ། དེ་ལྟར་བྱད་ལ་སོགས་པ་གཟུགས་གནས་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་རལ་གྲི་ལ་སོགས་པའི་རྟེན་གྱི་བྱེ་བྲག་གི་གཟུགས་བརྙན་རིང་པོ་ལ་སོགས་པའི་བྱེ་བྲག་གི་རྣམ་
པར་སྣང་སྟེ། དེ་བཞིན་དུ་གཟུགས་རིང་པོ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་ན་ཤེས་པའི་དེ་དང་མི་འདྲ་བར་སྣང་བ་ཉིད་མ་གྲུབ་པ་མ་ཡིན་ནོ། །མ་ངེས་པ་ཡང་སྤང་བའི་ཕྱིར། །མི་མཐུན་པ་ནི་སྣང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཐམས་ཅད་ཀྱི་ཡུལ་
ཐམས་ཅད་ཡིན་པར་ཐལ་བ་ནི་གནོད་པ་ཅན་གྱི་ཚད་མའོ། །ཇི་ལྟར་སོར་མོས་ཅུང་ཟད་མནན། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། དེ་ཡང་ཡུལ་མེད་པ་ཡིན་པའི་ཕྱིར་རོ། །དུ་མའི་ཡུལ་དུ་འཇུག་པ་ཡི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འདིར་
ནི་གཟུགས་བརྙན་འབྱུང་བ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་བརྙན་དངོས་པོ་ཉིད་ཡིན་པ་ནི། ལུས་ཅན་ཐ་དད་མིན་ཡུལ་ཕྱིར། །ཞེས་བྱ་བ་ལ་སོགས་པས་སྔར་བཀག་ཟིན་ཏོ། །གཟུགས་བརྙན་དངོས་པོར་ཡོད་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་དེ་མཚུངས་པའི་བློའི་རྟོགས་པར་བྱ་བ་
เล่ม ๑๙๒ · หน้า 192a
ཉིད་དུ་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར། དུ་མའི་ཡུལ་དུ་འཇུག་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་རིང་བ་ལ་སོགས་པའི་བྱེ་བྲག་ཡོངས་སུ་གཟུང་ངོ་། །ཡང་ཅི་སྟེ་རིགས་པ་ལ་སོགས་པའི་བྱེ་བྲག་ཡོད་ན་ཡང་སྔོན་པོ་ལ་སོགས་པ་འགའ་ཞིག་གིས་ཆོས་
མཚུངས་པའི་ཕྱིར་བློ་མཚུངས་པའི་རྟོགས་པར་བྱ་བ་ཉིད་ཡོད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་དོན་དམ་པའི་གཅིག་ཉིད་གྲུབ་པ་མ་ཡིན་ལ། བརྟགས་པ་ཉིད་དུ་འགྱུར་གྱི། དེ་ལ་ཡང་གྲུབ་པ་ལ་ཡང་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཡང་ཡུལ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་ན་ཡང་དོན་དམ་པར་གཅིག་
ཉིད་དུ་འགྱུར་ན། དེའི་ཚེ་བྲམ་ཟེ་དང་གདོལ་པ་ཉིད་ཀྱང་མི་ཉིད་དུ་མཚུངས་པའི་ཕྱིར་གཅིག་ཉིད་དུ་འགྱུར་བ་དང་། དེ་བཞིན་དུ་བུད་མེད་ཉིད་དུ་འདྲ་བས་མ་དང་། རང་གི་ཆུང་མ་དང་། རང་གི་ཁ་དང་། བཤང་བའི་ལམ་ཡང་སའི་རང་བཞིན་ཡིན་པའི་ཕྱིར་གཅིག་ཉིད་དུ་འགྱུར་རོ། །སྣ་ཚོགས་
ཐམས་ཅད་དངོས་པོ་ཉིད་ཡིན་པའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་བ་ཡང་བཟློག་པར་དཀའ་བ་ཉིད་དོ། །གང་ཡང་འདི་སྐད་དུ་བཤད་པ་ལས། ཅི་སྟེ་ཡང་གཅིག་ཡིན་ན་ཡུལ་དུ་མར་ཅིག་ཅར་མཐོང་བ་མི་འཐད་དོ་སྙམ་ན། ལྷ་རྣམས་དགའ་བ་ཉི་མ་ལ་ལྟོས་ཤིག །གང་
གཅིག་ཡིན་ན་ཡུལ་དུ་མར་གནས་པ་ལྟ་བུར་མངོན་ཏེ། ཐག་རིང་བའི་ཕྱིར་འདིའི་ཡུལ་ལ་ངེས་པར་མི་ཟིན་ཏེ། དེས་ན་འཁྲུལ་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ལ་ཡང་འཁྲུལ་པའི་ཕྱིར་ཡུལ་ངེས་པར་མ་ཟིན་ན་ཞེས་བཤད་དོ། །འདིར་བཤད་པ་ནི་ཉི་མ་བདག་གི་ཞེས་བྱ་བ་ལ་སོགས་པ་སྟེ། ཉི་མའི་དཀྱིལ་
འཁོར་གཉིས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མ་དམིགས་པའི་ཕྱིར་མེད་པ་ངེས་པས་བདག་ཉིད་དུ་གྲུབ་པའི་སྒོ་ནས་ཉི་མ་བདག་གི་སྟེང་ན་གནས་སོ་སྙམ་པ་འདི་འཁྲུལ་པའི་ཤེས་པར་ངེས་པར་གཟུང་སྟེ། གང་གིས་ཡུལ་ཐ་དད་པས་ཐ་དད་པ་ཉིད་འཁྲུལ་པར་འགྱུར་བ་དེ་ལྟར་སྒྲ་གཅིག་
པ་ཉིད་དུ་གྲུབ་པ་ནི་མ་ཡིན་ནོ། །གཅིག་ཉིད་དུ་གྲུབ་པ་ན་དེ་བཞིན་དུ་ཐ་དད་པ་ཉིད་འཁྲུལ་པར་འགྱུར་ན་དེ་ཉིད་མ་གྲུབ་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་འདི་ཡིན་པས་ཉི་མའི་དཀྱིལ་འཁོར་རོ་ཞེས་བྱ་བ་དེ་ནི་སྔར་བཤད་ཟིན་ཏོ། །འོན་ཏེ་ངོ་ཤེས་པས་སྒྲ་ཡང་གཅིག་པ་ཉིད་དུ་གྲུབ་
เล่ม ๑๙๒ · หน้า 192b
པ་མ་ཡིན་ནམ་ཞེ་ན། དེ་ལྟར་སྒྲ་ནི་ཞེས་བྱ་བ་ལ་སོགས་པ་སྨྲོས་ཏེ། ངོ་ཤེས་པ་ཚད་མ་ཉིད་མ་ཡིན་པར་སྔར་བསྟན་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིག་ཅར་བས་དུ་མ་ཉིད་དུ་གྲུབ་པར་སྟོན་པ་ནི། གང་ཚེ་སྨྲས་པ་པོ་མང་པོ། །ཞེས་བྱ་བ་ལ་སོགས་པ་སྟེ། གསལ་བར་ཞེས་བྱ་བ་ནི་མྱུར་བ་དང་
བར་མ་དང་དལ་བ་ལ་སོགས་པའི་བྱེ་བྲག་གིས་སོ་སོར་སྣང་བའི་ཕྱིར་རོ། །རིམ་གྱིས་ཀྱང་བསྟན་པའི་ཕྱིར། རིམ་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་འབའ་ཞིག་ཅེས་བྱ་བ་ནི་དེའི་ཚེ་ཡང་དྲུག་སྐྱེས་ལ་སོགས་པའི་བྱེ་བྲག་གིས་གསལ་བར་སྣང་བ་ཐ་དད་པའི་ཕྱིར་རོ། །འདི་ནི་
གསལ་བར་བྱེད་པ་ཐ་དད་པ་ནི་མ་ཡིན་ཏེ། དེ་སྔར་བསལ་ཟིན་པའི་ཕྱིར་རོ། །རྟགས་ལས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་གང་ཞིག་གང་གི་ཚེ་མི་འབྱུང་བ་དེའི་ཚེ་དེ་རྒྱུ་མ་ཚང་བ་མེད་པ་མ་ཡིན་ཏེ། དཔེར་ན་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་
པའི་རྐྱེན་གྱི་ཚོགས་ཡོད་ན་ཡང་མིག་མ་ཚང་བ་ལ་མིག་གི་རྣམ་པར་ཤེས་པ་མི་འབྱུང་བ་བཞིན་ནོ། །ཡི་གེ་གཅིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེས་པའི་དུས་ན་ཡང་དུས་ཕྱིས་འབྱུང་བ་དེ་ལས་བྱུང་བ་ཉིད་དུ་མངོན་པར་འབོད་པའི་རྣམ་པར་བྱེད་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་
དམིགས་པའོ། །རྒྱུ་མ་ཚང་བ་མེད་པ་ལ་འབྱུང་བར་འགྱུར་བས་ཁྱབ་པའི་ཕྱིར་ལ། དེ་ཡང་འདི་ལ་མེད་པ། འོན་ཏེ་སྤྱིར་རྒྱུ་མ་ཚང་བ་མེད་པ་ཙམ་དགག་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ཏེ། འདི་ལྟར་སྒྲ་རྟག་པ་རྒྱུ་ཉིད་ཡིན་ན་ཡང་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བའི་ཕྱིར་གཞན་གྱིས་དུས་
ཕྱིས་འབྱུང་བའི་ཤེས་པ་རྣམས་མི་བསྐྱེད་པར་འདོད་པ་ཁོ་ནའོ། །ཅི་སྟེ་སྒྲ་ཞེས་བྱ་བའི་རྒྱུའི་ཁྱད་པར་གྱིས་རྒྱུ་མ་ཚང་བ་མེད་པ་གང་ཡིན་པ་དེ་དག་དགག་པ་བསྒྲུབ་པ་ན་དེའི་ཚེ་གཏན་ཚིགས་མ་ངེས་པ་དང་དཔེ་ཡང་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་སྒྲའི་རྒྱུ་མ་ཚང་བའི་
ཕྱིར་མི་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མིག་མ་ཚང་བ་ལས་སོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། སྤྱིར་བསྒྲུབ་པར་བྱ་བ་ཡིན་ལ། གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན། འདི་ལྟར་གལ་ཏེ་རྟག་པ་རྒྱུ་གཞན་ལ་ལྟོས་པ་སྲིད་པར་གྱུར་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པར་འགྱུར་ན། གང་གི་ཚེ་དེ་
เล่ม ๑๙๒ · หน้า 193a
ཉིད་སྲིད་པ་མ་ཡིན་ཏེ། དེ་ནི་དེས་ཕན་གདགས་པར་བྱས་པ་མ་ཡིན་པའི་ཕྱིར་རོ། །ཕན་འདོགས་ན་ལྟོས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ལྟོས་པ་མེད་པའི་སྒྲ་རྒྱུ་ཉིད་དུ་ཁས་ལེན་པ་ན་དེ་ལས་བྱུང་བའི་ཤེས་པ་ཐམས་ཅད་རྒྱུ་མ་ཚང་བ་ཉིད་
མེད་པ་ཡིན་པའི་ཕྱིར་རྟག་ཏུ་འབྱུང་བར་འགྱུར་རོ། །དེ་མེད་པ་ན་དེ་མི་འབྱུང་བའི་ཤེས་པ་སྒྲ་དེ་ཉིད་མ་ཚང་བ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ཕྱིར་ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཡིན། ཁྱད་པར་དུ་རྒྱུ་མ་ཚང་བ་བསྒྲུབ་ན་ཡང་ངེས་པ་ཉིད་མ་ཡིན་ལ། དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡང་མ་ཡིན་ཏེ།
འདི་ལྟར་དོན་འདི་བརྗོད་པར་འདོད་པ་ཡིན་ཏེ། གང་ཞིག་ཡོད་ཀྱང་གང་མི་འབྱུང་བ་དེ་ནི་ཡང་དག་པར་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲ་ཡོད་ཀྱང་མི་འབྱུང་བ་བཞིན་ནོ། །ཡི་གེ་ག་ལ་སོགས་པ་སྒྲའི་རང་གི་ངོ་བོ་ཁྱད་པར་ཡོད་ན་ཡང་དེ་ལས་འབྱུང་བར་འདོད་པའི་ཤེས་པ་མི་འབྱུང་ངོ་
ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་དམིགས་པའོ། །འདི་ཡང་རྟག་པ་ལ་ལྟོས་པ་མི་འཐད་པ་ནི་ལྡོག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །སྦྱང་ན་ཡོད་པའི་ས་བོན་ལ་སོགས་པས་འཁྲུལ་པ་ཡང་མ་ཡིན་ཏེ། དེ་ནི་མྱུ་གུ་ལ་གཙོ་བོའི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་ཏེ། སྤྲོས་པས་ཆོག་གོ། །སྒྲ་ཙམ་གསལ་
བྱེད་རག་ལས་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲས་པ་དེ་ནི་ཞར་ལ་སུན་ཕྱུང་ནས་རྟག་པ་རྣམས་ཀྱི་གསལ་བར་བྱེད་པ་ཡོད་ན་ཡང་ཕྱོགས་འདི་སྐྱོན་ཅན་ཉིད་ཡིན་ནོ་ཞེས་བསྟན་པར་འདོད་ནས་སུན་དབྱུང་བའི་ཕྱིར། སྒྲ་ཙམ་གསལ་བྱེད་ལ་རག་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་
གསལ་བར་བྱེད་པ་ལ་རག་ལས་ནས་འཛིན་པ་ན་དེ་ཅིའི་ཕྱིར་ཇི་ལྟར་འདི་ན་ནམ་མཁའ་ཇི་སྲིད་པར་གནས་པ་དེ་བཞིན་དུ་མི་འཛིན། དེ་ལྟར་ན་དེ་འཛིན་པར་འགྱུར་གྱི། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །སྒྲ་ནམ་མཁའ་ཇི་སྙེད་པར་འཛིན་པ་ཡང་མ་ཡིན་ལ།
དེ་ནི་སྒྲ་ཙམ་གྱི་ངོར་བྱས་ནས་སྒྲ་ཐོས་པར་ཡང་རིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོས་པ་འདི་གང་ཡིན་པའི་སྒྲ་དེ་ཉིད་ལ་རྗེས་སུ་བྱེད་པར་རིགས་པ་ཡིན་པ་དེ་ལྟ་ན་དེའི་འདི་གྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་། བུམ་པ་ལ་སོགས་པ་བཞིན་དུ་བདག་ཉིད་ཐམས་ཅད་
เล่ม ๑๙๒ · หน้า 193b
ཀྱིས་སྣང་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །འདི་ཐམས་ཅད་ཀྱང་རྟག་པ་ཉིད་ཀྱི་གསལ་བར་བྱེད་པ་ཁས་བླངས་ནས་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་སྐད་བརྗོད་པ་ཐམས་ཅད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་མི་རུང་ཕྱིར་
ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་ཀྱིས་སོ། །ཡུལ་གྱི་དབྱེ་བས་ཐ་དད་ཉིད། །ཅེས་བྱ་བ་ལ་སོགས་པ་ལ་དེ་ཉིད་འདི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དཔེར་ན་ལྷ་སྦྱིན་གཅིག་རིམ་གྱིས། །ཞེས་བྱ་བ་ལ་སོགས་པ་ལ། ལ་ལ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
མི་རྟག་པ་ནི་ཡུལ་གཞན་དུ་སྐྱེ་བ་ཉིད་འགྲོ་བ་ཡིན་གྱི། རྟག་པ་ནི་མ་ཡིན་ཏེ། ཡུལ་གཅིག་ན་གནས་པའི་རང་བཞིན་མ་བཏང་བར་ཡུལ་གཞན་དུ་འགྲོ་བར་མི་རུང་བའི་ཕྱིར་རོ། །བཏང་ན་ཡང་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། སྔ་མའི་ཡུལ་དང་མ་བྲལ་
བའི། །ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་ས་ནི་ཆེར་རྐོས་ན། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། ནམ་མཁའ་དངོས་པོ་ཉིད་དུ་མ་གྲུབ་པའི་ཕྱིར་མངོན་པར་གསལ་བར་རིགས་པ་མ་ཡིན་ཏེ། རེག་བྱ་མེད་པ་ཙམ་ཉིད་ལ་དེ་གདགས་པའི་ཕྱིར་རོ། །
འདི་ལྟར་སྨྲ་བ་པོ་མུན་ཁུང་དུ་ཐོགས་པར་བྱེད་པ་མ་མྱོང་བ་ན་ནམ་མཁའ་ཉིད་ཡིན་གྱི། འདི་ན་ཅུང་ཞིག་ཡོད་པ་ནི་མ་ཡིན་ནོ་ཞེས་འགྱུར་བ་ཡིན་ནོ། །གང་དག་གི་ལྟར་ན་ནམ་མཁའ་དངོས་པོར་ཡོད་པ་དེ་དག་གི་ལྟར་ན་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཇི་ལྟར་ནམ་མཁའ་བློར་འགྱུར། དེ་ཉིད་ཀྱི་
ཕྱིར། ལྐོག་གྱུར་ཞེས་བྱ་བ་སྨོས་སོ། །གལ་ཏེ་དེ་ལྟ་ན་ས་བརྐོས་པ་ན་ཅི་ཞིག་དམིགས་ཤེ་ན། སྣང་བ་དེ་ནི་དེ་ལྟར་མཐོ། །ཞེས་བྱ་བ་སྨོས་ཏེ། ནམ་མཁའི་དངོས་པོ་ཉིད་ཡིན་ན་ཡང་མངོན་པར་གསལ་བར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
དེ་འགྱུར་ཞེས་བྱ་བ་ནི་རིང་པོ་ལ་སོགས་པའི་སྒྲ་ཙམ་གྱི་ཆོས་སུའོ། །དེ་ཡང་ཞེས་བྱ་བ་ནི་སྒྲ་ཙམ་གྱི་གསལ་བར་བྱེད་པ་ཉིད་དོ། །དོན་དང་འབྲེལ་བ་མ་མཐོང་བའི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། མཚུངས་པ་ཉིད་དུ་རྟོག་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་པའི་དོན་ནི་འདི་
เล่ม ๑๙๒ · หน้า 194a
ཡིན་ཏེ། གལ་ཏེ་ཁྱེད་ཅག་གི་དོན་དམ་པ་པའི་སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་མེད་པར་ཐལ་བར་འགྱུར་བར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་རིགས་དང་རང་གི་མཚན་ཉིད་ལ་སོགས་པའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་རྒྱས་
པར་སྒྲའི་དོན་བརྟགས་པར་བསལ་ཟིན་ཏོ། །ཅི་སྟེ་ཀུན་རྫོབ་ཏུ་ཡང་ཡིན་ན་དེའི་ཚེ་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་ཤིན་ཏུ་ཐ་དད་པ་ཡིན་ན་ཡང་དོན་འགའ་ཞིག་རང་བཞིན་གྱིས་རྣམ་པ་གཅིག་ཏུ་རྟོག་པའི་ཤེས་པའི་རྒྱུ་ཉིད་དུ་བསྒྲུབ་པས་ན་ཀུན་རྫོབ་ཀྱི་སྒྲ་དང་དོན་དག་གི་བརྗོད་པར་བྱ་བ་དང་རྗོད་པར་
བྱེད་པའི་དངོས་པོ་བསྒྲུབ་པར་འགྱུར་རོ་ཞེས་དང་པོ་ཉིད་དུ་གཞན་སེལ་བ་བསམ་པར་བསྟན་ཟིན་ཏོ། །དེ་ལྟ་བས་ན་སེལ་བ་སྒྲའི་དོན་དུ་སྨྲ་བའི་སངས་རྒྱས་པ་རྣམས་ལ་བརྗོད་པ་འདི་ཐམས་ཅད་ཤིན་ཏུ་གསོག་ཡིན་པས་གཏིང་མ་ཚུགས་པ་འབའ་ཞིག་ཏུ་ཟད་པའི་ཕྱིར་ཀུན་རྫོབ་ཏུ་རྗོད་པར་བྱེད་པ་ཉིད་འཐད་
པར་འཆད་པ་ནི། སྒྲ་ལས་བྱུང་བའི་ཤེས་པ་འདི། །ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚེ་བློ་རང་གི་སྣང་བའི་སྒོ་ནས་གཞན་གྱི་ངོ་བོ་སྒྲིབ་པར་བྱེད་པ་ནི་དོན་ཅི་ལྟ་བ་བཞིན་དུ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་ཅན་གྱི་བློ་དེ་ཀུན་རྫོབ་ཡིན་ལ། དེ་རྣམ་པར་གཞག་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱའོ། །
དེ་ཉིད་ཀྱང་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། དེའི་ཕྱིར་དེས་རྣམ་པར་གཞག་པའི་ཕྱིར་སྒྲ་དང་དོན་དག་གིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་དུ་ཀུན་རྫོབ་ཉིད་དུ་གནས་པ་ཡིན་གྱི། དོན་དམ་པ་པ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་འཁྲུལ་པའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །
ཅི་སྟེ་དོན་དམ་པའི་གཅིག་པ་ཉིད་ཡིན་ན་ཡང་སྒྲ་རྣམས་ཇི་ལྟར་སྒྲུབ་པ་དང་དགག་པའི་མཚན་ཉིད་ཀྱི་ཐ་སྙད་སྒྲོ་བཏགས་པའི་དབང་གིས་སྒྲུབ་པར་བྱེད་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལག་བརྡ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་མིག་བརྡ་ལ་སོགས་པ་གཟུང་ངོ་། །མྱུར་བ་
དང་དལ་བའི་བྱེ་བྲག་ལ་སོགས་པའི་བྱེ་བྲག་གིས་བློ་ཐ་དད་པའི་ཕྱིར་རོ་ཞེས་སྦྱར་བར་བྱའོ། །མྱུར་བ་ལ་སོགས་པའི་བྱེ་བྲག་འདི་གསལ་བར་བྱེད་པས་བྱས་པ་ཡང་མ་ཡིན་ཏེ། གསལ་བ་བཀག་པའི་ཕྱིར་རོ། །དེའི་གསལ་བ་ཞེས་བྱ་བ་ནི་རྟག་པའི་གསལ་བའོ། །སྤྱིའི་དབང་གི་ཐ་སྙད་ཀྱི་
เล่ม ๑๙๒ · หน้า 194b
ཡན་ལག་ཉིད་ཀྱང་མ་ཡིན་ཏེ། དེ་ནི་བཀག་ཟིན་པའི་ཕྱིར་དང་མ་རྟོགས་པའི་ཕྱིར་རོ། །སྤྱི་ནི་ཐ་སྙད་ཀྱི་ཡན་ལག་ཉིད་མ་ཡིན་ཏེ། ཐམས་ཅད་ཀྱི་ཚེ་ཐ་སྙད་དུ་འགྱུར་བའི་ཕྱིར་རོ། །བརྡ་ནི་བགག་པ་ལ་སོགས་པའི། །ཞེས་བྱ་བའི་སོགས་པའི་སྒྲས་སྒྲུབ་པར་བྱེད་པ་དང་རྗེས་སུ་གནང་བ་དང་དོན་དུ་
གཉེར་བ་ལ་སོགས་པ་གཟུང་ངོ་། །དེ་དག་གི་ཤེས་པ་སྟེ། རྟོགས་པ་དེའི་ཡན་ལག་སྟེ་རྒྱུར་ལག་བརྡ་ལ་སོགས་པ་འདི་འགྱུར་རོ། །དེ་བཞིན་དུ་སྒྲ་ཡང་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །དེའི་ཕྱིར་སྒྲ་དོན་གྱིས་འབྲེལ་པ། །རྟག་པ་ཉིད་དུ་ཁས་བླང་གིས། །ཞེས་གང་སྨྲས་པ་དེ་ལ་སྒྲ་འདི་དག་ནི་
ཕྱི་རོལ་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྟག་པའམ། མི་རྟག་པར་འགྱུར་བ་སྒྲ་དང་དོན་དག་གི་འབྲེལ་པ་དངོས་པོ་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ཕྱི་རོལ་གྱི་དོན་རྟོགས་པར་བྱེད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་སྔར་སྒྲའི་
དོན་བརྟགས་པར་བཤད་ཟིན་ཏོ། །འབྲེལ་པ་མེད་པར་ཡང་སྟོན་པར་བྱེད་པ་ན་ཧ་ཅང་ཐལ་བར་འགྱུར་རོ། །འོ་ན་དེ་ལྟ་ན་ཅི་ཞིག་སྟོན་པར་བྱེད་ཅེ་ན། བརྗོད་པར་འདོད་པ་སྟོན་པ་ཡིན། །ཞེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པ་ཡང་བརྗོད་པར་བྱ་བ་ཉིད་ཀྱིས་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན།
རྟགས་ཉིད་ཀྱིས་སྟོན་པར་བྱེད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྟོན་པ་ཡིན། །ཞེས་བཤད་དོ། །འདི་ལྟར་སྒྲ་བརྗོད་པ་ལས་དོན་ངེས་པའི་རྣམ་པར་རྟོག་པ་སྐྱེའི། བརྗོད་པར་འདོད་པ་ངེས་པ་ནི་མ་ཡིན་ལ། སྒྲའི་ཤེས་པས་མ་ངེས་པ་གང་ཡིན་པ་དེ་ཡང་ཇི་ལྟར་སྒྲའི་དོན་ཡིན། གལ་ཏེ་དེ་ལྟ་ན་གང་གི་
རྟགས་ཀྱིས་དེ་སྟོན་པར་བྱེད་པ་བརྗོད་པར་འདོད་པ་དང་ལྷན་ཅིག་དེ་དང་འབྲེལ་པ་གང་ཡིན་ཞེ་ན། དེ་དག་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་བརྗོད་པར་འདོད་པ་དེའི་འབྲས་བུ་ཉིད་དུ་བདག་ཉིད་ལ་མངོན་སུམ་དང་མི་དམིགས་པ་དག་གིས་ངེས་པའི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་
འབྲེལ་པ་ཡིན་ནོ། །འོ་ན་དེ་ལྟར་ན་བརྡ་དོན་མེད་དེ། མངོན་སུམ་དང་མི་དམིགས་པ་ཁོ་ན་ལས་རྒྱུ་དང་འབྲས་བུ་དངོས་པོ་ངེས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། གང་གིས་རྒྱུ་དང་འབྲས་བུ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་ཏེ། གལ་ཏེ་ཡང་བརྗོད་པར་འདོད་པ་ཙམ་དུ་ལྷན་ཅིག་རྒྱུ་
เล่ม ๑๙๒ · หน้า 195a
དང་འབྲས་བུའི་དངོས་པོ་ཉིད་ཀྱིས་ངེས་ཏེ་བརྗོད་པར་འདོད་པའི་ཁྱད་པར་དང་ནི་གཞན་གྱི་རྒྱུད་ལས་བརྡ་ལས་མ་གཏོགས་པ་ངེས་པར་མི་ནུས་པས་དེའི་ཕྱིར་དེ་ངེས་པར་བྱ་བའི་ཕྱིར་བརྡ་བྱེད་དོ། །འོན་ཏེ་བརྡ་ལས་ཀྱང་ཅི་ལྟར་འདི་ངེས་པར་ནུས་ཏེ། འདི་ལྟར་བརྡའི་དུས་ན་གཞན་གྱི་བརྗོད་པར་
འདོད་པའི་ཁྱད་པར་སྲིད་པར་གྱུར་ན་དེའི་ཚེ་དེ་ལ། བརྡ་འདི་བྱས་པ་ན་ཕྱིས་ཐ་སྙད་ཀྱི་དུས་ན་བརྗོད་པར་འདོད་པའི་ཁྱད་པར་རྟོག་པའི་རྒྱུར་འགྱུར་ན་གང་གི་ཕྱིར་ཐབས་དེ་ཉིད་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ཡང་སྒྲ་བརྗོད་ནས་བརྡ་བྱེད་ལ། དེ་ལྟ་ཡིན་དང་སྒྲ་དེ་ཉིད་ལས་བརྗོད་པར་འདོད་པའི་ཁྱད་པར་རྟོགས་
པ་ན་ཕན་ཚུན་བསྟེན་པའི་སྐྱོན་དུ་འགྱུར་ཏེ། འདི་ལྟར་བརྡའི་དབང་གིས་སྒྲ་བརྗོད་པར་འདོད་པའི་ཁྱད་པར་གསལ་བར་བྱེད་པ་ཡིན་ལ། སྒྲ་ཡང་བརྗོད་པར་འདོད་པའི་ཁྱད་པར་རྟོགས་པ་མེད་པར་སྒྲ་ལས་མ་ཡིན་པའི་ཕྱིར་ཕན་ཚུན་བསྟེན་པ་ཉིད་དུ་གསལ་བའོ་ཞེ་ན། སྐྱོན་འདི་ནི་མེད་དེ། སྒྲའི་ཐ་སྙད་
འདི་ཐམས་ཅད་རང་གི་སྣང་བའི་རྗེས་སུ་བྱེད་པ་ཉིད་དུ་འདོད་དེ། འཁྲུལ་པའི་རབ་རིབ་ཅན་གཉིས་ཀྱི་ཟླ་བ་གཉིས་ཀྱི་ཐ་སྙད་ལྟ་བུ་ཡིན་པ་དེའི་ཚེ་བརྩད་དུ་ཅི་ཞིག་ཡོད། ཐམས་ཅད་དུ་སྒྲ་ཉིད་ཐམས་ཅད་བརྗོད་པར་འདོད་པའི་ཁྱད་པར་རྟོགས་པའི་རྒྱུ་ཉིད་ཀྱང་མ་ཡིན་ཏེ། གཞན་དུ་ཡང་ལ་ལར་ནས་
བཟུང་ནས་སམ། སྐབས་ལ་སོགས་པས་དོན་གྱི་ཁྱད་པར་སྟོན་པས་རང་གི་བརྗོད་པར་འདོད་པའི་ཁྱད་པར་རིགས་ནས་བརྡ་བྱེད་པའི་ཕན་ཚུན་བསྟེན་པ་ཉིད་མ་ཡིན་ནོ། །གཞན་ཡང་ཁྱེད་ཅག་བསྒྲུབ་པར་སྨྲ་བ་ལ་ཡང་ཀླན་ཀ་མཚུངས་ཏེ། གཞན་གྱི་རྟོགས་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །ཇི་
ལྟར་སྨྲ་བ་པོ་དང་ཉན་པ་པོ་དག་དོན་གཅིག་རྟོགས་པར་ངེས་པ་མེད་པར་བརྡ་རིགས་པ་ཡིན། དེ་ལྟ་བས་ན་འདི་ལ་ཁྱེད་ཀྱི་ལན་གང་ཡིན་པ་དེ་ཁོ་བོ་ཅག་གིར་ཡང་འགྱུར་རོ། །འདི་སྙམ་དུ་སྒྲ་བརྗོད་པར་འདོད་པ་ལ་བརྡ་མ་བྱས་པའི་ཕྱིར་དེ་ཇི་ལྟར་བརྡ་ལས་དེ་དང་ལྷན་ཅིག་འབྲེལ་པ་ངེས་པར་བྱེད། གཞན་
ལ་བརྡ་བྱས་པས་ནི་དོན་གཞན་གསལ་བར་བྱེད་པར་འགྱུར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་ན། སྐྱོན་འདི་ནི་མེད་དེ། འདིར་སྒྲས་བརྗོད་པར་འདོད་པ་ལ་ཡོངས་སུ་གསལ་བ་དོན་གྱི་རྣམ་པ་ཕྱི་རོལ་གྱི་ངོ་བོ་ཉིད་ངེས་པར་བྱས་པ་གང་ཡིན་པ་དེ་འདིར་འདོད་དེ། དེ་ནི་དོན་དམ་པར་བརྗོད་
เล่ม ๑๙๒ · หน้า 195b
པར་འདོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་འདིར་བརྗོད་པར་འདོད་པའི་ཁྱད་པར་དུ་འདོད་ཅིང་། དེ་ཉིད་ལ་བརྡ་བྱེད་པ་ཡིན་གྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ། །དེ་ཉིད་སྒྲས་བརྗོད་པར་བྱ་བ་ཡིན་ཏེ། དེ་ལས་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་བརྗོད་པར་འདོད་པ་འབའ་ཞིག་སྒྲས་
བརྗོད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་ན་གལ་ཏེ་བརྗོད་པར་འདོད་པ་ལ་ཡོངས་སུ་གསལ་བ་ལ་དོན་གྱི་རྣམ་པས་སྒྲའི་འབྲེལ་པ་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོ་ན་ཡིན་ན་དེ་ཇི་ལྟར་སློབ་དཔོན་གྱིས་དེ་དང་དེར་སྒྲ་དང་དོན་གྱི་འབྲེལ་བ་བརྡ་ལས་བྱུང་བའམ། བརྡ་ཡིན་པར་གསུངས་ཤེ་ན།
བརྗོད་པར་འདོད་ལ་གསལ་དོན་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྡ་ཡོད་ན་ཉན་པ་པོའི་ཤེས་པ་སྐྱེ་བར་འགྱུར་བའི་ཕྱིར་བརྡ་ལས་བྱུང་བ་ཡིན་ནོ། །བདག་ཉིད་ལ་སོགས་པ་ཡིན་པ་ཉིད་ཀྱི་ཕྱིར་ཐག་ཅེས་བྱ་བ་ནི་སྐྱོན་སྦྱར་བར་བྱའོ། །གལ་ཏེ་ཡང་དེར་ཡང་པའི་སྒྲ་ནི་དོན་བརྗོད་པའི་ཚིག་ཏུ་གཟུང་བར་
བྱ་བ་ཡིན་ལ། དེ་ལྟ་ནའང་དོན་དམ་པར་ཡོད་པ་དང་སྐྱེ་བ་ཐ་མི་དད་པའི་ཕྱིར་དེ་ཉིད་བརྗོད་པར་འདོད་པ་ཡོད་པ་ཡིན་ནོ། །སྨྲ་བ་པོའི་རྒྱུད་ལ་ཡང་བརྡའི་སྒོ་ནས་གསལ་བར་བྱེད་པའི་ཕྱིར་ཉེ་བར་བཏགས་ནས་བརྡ་ཡིན་པར་བརྗོད་དེ། དེ་ནི་སོ་སོར་ངེས་པའི་དུས་སུ་འཇུག་པ་ཉིད་ཀྱིས་དེའི་དུས་སུ་མི་སྲིད་པའི་
ཕྱིར་རོ། །འོན་ཏེ་གལ་ཏེ་དོན་དམ་པར་དངོས་པོར་གྱུར་པའི་འབྲེལ་པ་མེད་ཅེས་བསྟན་པ་མ་ཡིན་ནམ། འོ་ན་ཇི་ལྟར་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་འགྱུར་ཞེ་ན། རྒྱུ་དང་འབྲས་བུར་གྱུར་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཉིད་ནི་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་པའི་དངོས་པོའོ། །དེ་སྐད་
ཅེས་བྱ་བ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པས་ཚེགས་ཆུང་བར་བྱ་བའི་དོན་དུའོ། །དེ་ལྟ་ན་ཡང་སྐྱེས་བུ་དང་སྦྱོར་བ་རེ་རེ་ལ་དེ་དག་ཐ་དད་པའི་ཕྱིར་ཇི་ལྟར་སྨྲ་བ་པོ་དང་ཉན་པ་པོ་དག་གི་འབྲེལ་པ་ཐ་མི་དད་པར་རྟོགས། འདི་ལྟར་སྨྲ་བ་པོ་འདི་སྙམ་དུ། བརྡའི་དུས་སུ་བདག་གིས་བཟུང་བ་གང་ཡིན་པའི་སྒྲའམ་
དོན་དེ་ཉིད་ཀྱིས་དོན་དེ་ཉིད་རྟོགས་པར་བྱའོ་སྙམ་དུ་སེམས་ལ། དེ་བཞིན་དུ་ཉན་པ་པོ་ཡང་འདི་སྙམ་དུ་དེ་ཉིད་ཀྱིས་དོན་དེ་ཉིད་རྟོགས་པར་བྱེད་དོ་སྙམ་སྟེ། དེ་མ་ཡིན་ན་བློ་ཐ་དད་པ་ལ་གནས་པ་དག་ཇི་ལྟར་ཐ་སྙད་དུ་བྱེད་པར་འགྱུར་ཞེ་ན། དེ་དག་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨོངས་པར་ཞེས་བྱ་བ་ནི་
เล่ม ๑๙๒ · หน้า 196a
འཁྲུལ་པས་སོ། །རྟོགས་ཞེས་བྱ་བ་ནི་འཛིན་པའོ། །འདི་ནི་བརྡ་དང་ཐ་སྙད་དག་གིས་ཕྱིན་པ་སྟེ་ནོན་པ་ཡང་ཡིན་ལ་དུས་ཀྱང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེར་ཁྱད་པར་ནི་རྒྱུ་དང་འབྲས་བུའི་ངོ་བོ་གཅིག་གིས་ཞེས་བྱ་བ་ལྷག་མའོ། །ཡང་དོན་དམ་པར་འབྲེལ་པ་གཅིག་ཉིད་དུ་ཅིའི་
ཕྱིར་མི་འདོད་གང་གིས་བརྟགས་པ་ཁོ་ན་འདོད་ཅེ་ན་འདི་ལ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་ཡོད་ན་ཐ་དད་པ་རྣམས་ལ་ཡོད་དམ་ཐ་མི་དད་པ་རྣམས་ལ་ཡོད་གྲང་། རེ་ཞིག་ཐ་དད་པ་རྣམས་ལ་ནི་མེད་དེ། ཐམས་ཅད་རང་གི་བདག་ཉིད་ལ་གནས་པ་ཉིད་ཀྱིས་མ་འཆོལ་བའི་ཕྱིར་རོ། །ཐ་
མི་དད་ན་ཡང་དངོས་པོ་དེ་གཅིག་ཁོ་ན་ཡིན་པའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་འབྲེལ་པར་འགྱུར། དེའི་ཕྱིར་མ་འབྲེལ་པ་ཉིད་དུ་འགྱུར་རོ། །གང་དུ་བརྡའི་མཚན་ཉིད་ཀྱིས་འབྲེལ་པའི་བརྡ་ནི་སྐྱེས་བུ་སོ་སོ་ལའམ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་དེ་ལ་གྲུབ་པ་ལ་སྒྲུབ་པ་ཉིད་དུ་བསྟན་པའི་ཕྱིར།
བརྡ་ནི་སྐྱེས་བུ་སོ་སོ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་མི་འདོད་པའི་ཐོག་ཏུ་གཏོང་བ་ནི་སུན་འབྱིན་པ་ཞེས་བྱ་བ་ལ་སངས་རྒྱས་པ་དག་གིས་བརྡ་སྒྲ་དོན་དག་གི་འབྲེལ་པ་དངོས་པོ་བར་ནི་མི་འདོད་དེ། དེ་ནི་སྐྱེས་བུའི་ཆོས་ཡིན་པའི་ཕྱིར་རོ། །དེ་སུན་འབྱིན་པ་ན་ཡང་འདོད་པ་ཉམས་པ་འགའ་
ཡང་ཡོད་པ་མ་ཡིན་ནོ། །གཞན་གྱི་ཆོས་གཞན་གྱིས་འབྲེལ་པར་འགྱུར་བ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བརྗོད་པ་རེ་རེ་ཉིད་ལའམ། འགྲོ་བའི་དང་པོར་ལན་ཅིག་ཞིག །ཅེས་བྱ་བ་ལ་སོགས་པའི་ཕྱོགས་གཉིས་སྨྲས་པ་གང་ཡིན་པ་དེ་ཡང་ཁས་མ་བླངས་པའི་ཕྱིར་སུན་འབྱིན་
པ་མ་ཡིན་ནོ། །བརྗོད་པ་རེ་རེ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེ་ལྟའི་ཞེས་བྱ་བ་ནི་འབྲེལ་པའོ། །གཞན་གྱིས་ཞེས་བྱ་བ་ནི་སངས་རྒྱས་པས་སོ། །དབང་ཕྱུག་ལ་སོགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་ཚངས་པ་ལ་སོགས་པའོ། །འབྲེལ་པ་རེ་རེ་ཐ་དད་དམ། །ཞེས་བྱ་བ་ལ་སོགས་པ་གང་
སྨྲས་པ་དེ་ལ། རེ་རེའི་འབྲེལ་པ་གང་ཡིན་དེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ནི་ཕྱོགས་གཉིས་པ་ཉིད་ཡིན་ལ། བློ་ཐ་དད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཐ་དད་ཀྱང་འདྲ་བར་རྟོགས་པའི་རྒྱུ་ཉིད་མི་འགལ་བའི་ཕྱིར། གལ་ཏེ་ཐ་དད་བློ་ཐ་དད། །ཅེས་གང་སྨྲས་པ་དེ་ནི་མ་ངེས་པ་
เล่ม ๑๙๒ · หน้า 196b
ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་སྐད་ཅིག་མ་འཇིག་པ་མ་གྲུབ་པའི་ཕྱིར། ཐ་དད་སྐད་ཅིག་གིས་འཇིག་ཕྱིར། །ཞེས་ཇི་ལྟར་བརྗོད་ཅེ་ན། རིམ་གྱིས་ཀྱང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་འབྲེལ་པའི་རིམ་པ་བརྗོད་དེ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་དེ་དག་
རིམ་མི་འགྱུར། །ཞེས་བྱ་བ་ནི་བློ་རྣམས་ཞེས་བྱ་བ་དང་སྦྱར་རོ། །འདི་ཡང་ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ཏེ། སྦྱོར་བ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །སྨྲ་བོ་ཉན་པའི་བློ་ཐ་དད། །ཕྱིར་ན་ཐ་སྙད་འཇིག་པར་འགྱུར། །ཞེས་བྱ་བ་ལ་སོགས་ལ་མང་པོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་
ན་སྔོན་པོ་ལ་སོགས་པའི་སྐད་ཅིག་མ་མང་པོ་དག་གིས་མཐོང་ན་ཡང་ཐ་དད་པ་མ་ཡིན་པ་དེ་བཞིན་དུ། མང་པོ་རྣམས་བརྡ་བྱེད་ན་ཡང་འབྲེལ་པ་ཐ་དད་པ་མ་ཡིན་ན་གཉིས་ལྟ་སྨོས་ཀྱང་ཅི་དགོས། ཐམས་ཅད་འདྲ་བར་རྟོགས་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་སྨྲ་བ་པོ་དང་ཉན་
པ་པོ་དག་ལ་འབྲེལ་པ་གཞན་ཡོད་པ་མ་ཡིན་ནོ། །བུམ་པ་སོགས་ལ་མཚུངས་ཤེ་ན། །མ་ཡིན་སྤྱི་ནི་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། བུམ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་སྤྱི་བརྟགས་པར་རོ། །ཡང་འདི་ཉིད་དུ་བསྡུས་ནས་བསལ་བར་བྱ་བའི་
ཕྱིར་འབྱུང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་པོ་རྣམས་ཉི་མ་ལ་སོགས་པའི་གཟའ་རྣམས་ཀྱི་མགུལ་ཆིངས་བཞིན་དུ་ཁྱེད་ཅག་སྤྱོད་པ་བ་རྣམས་ཀྱི་རིགས་ཐ་དད་པར་མི་འདོད་ལ་བལྟར་རུང་བ་ཉིད་ཡིན་པ་ནི་སྣང་བ་ཡང་མ་ཡིན་ཞིང་ཐ་མི་དད་པ་ཡང་མ་ཡིན་ཏེ། རིགས་ཀྱི་རང་གི་ངོ་བོ་བཞིན་དུ་བུམ་པ་ལ་
སོགས་པ་དེ་དག་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་ཐ་དད་པར་ཁས་ལེན་ན་དེའི་ཚེ་འབྲེལ་པ་མེད་པའི་ཉེས་པ་དང་ཐ་དད་པ་རྣམས་ཀྱི་འབྲེལ་པ་ནི་དེ་ལས་བྱུང་བའི་མཚན་ཉིད་ཁོ་ནར་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལས་བྱུང་བ་ཡིན་ན་རིགས་མི་རྟག་པ་ཉིད་དུ་འགྱུར་ཏེ། སྐྱེ་བའི་ཆོས་ཅན་
ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །ལ་ལར་རྟག་པ་ཉིད་ཅེས་འདོད་པ་དེར་ནི་དོན་འདི་ཡིན་ཏེ། གལ་ཏེ་བུམ་པ་ལ་སོགས་པ་རིགས་དེ་ལས་སྐྱེ་བར་ཁས་ལེན་པར་བྱེད་ན། དེའི་ཚེ་བུམ་པ་ལ་སོགས་པ་རྟག་པ་ཉིད་དུ་འགྱུར་ཏེ། རྒྱུ་ཉེ་བའི་ཕྱིར་རྟག་ཏུ་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཉི་གའི་
เล่ม ๑๙๒ · หน้า 197a
རང་བཞིན་ཡིན་པའི་ཕྱོགས་ལ་གཉི་གའི་ཕྱོགས་ལས་བྱུང་བའི་སྐྱོན་དང་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བ་ཡིན་ཏེ། དངོས་པོ་གཅིག་ལ་རང་བཞིན་གཉིས་མི་འཐད་པའི་ཕྱིར་རོ། །དེ་ལྟ་ནའང་དངོས་པོ་གཅིག་ཉིད་དུ་ཁས་བླངས་པར་འགྱུར་གྱི་གཅིག་གཉི་གའི་བདག་ཉིད་ནི་
མ་ཡིན་ནོ། །གཉི་ག་མ་ཡིན་པའི་ཕྱོགས་ལ་དངོས་པོ་ཉིད་ཉམས་པར་ཐལ་བར་འགྱུར་བ་དང་གཅིག་ལ་བསྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ། །ཉེས་པ་འདི་དག་ཅེས་བྱ་བ་ནི་འབྲེལ་པ་མི་སྒྲུབ་པ་དང་མི་རྟག་པ་ཉིད་ལ་སོགས་པ་ཐལ་བར་འགྱུར་བའི་མཚན་ཉིད་དོ། །ཆུ་འཛིན་
ལ་སོགས་པ་འབྲས་བུ་རྟག་པ་ཉིད་དུ་འགྱུར་བ་ཡང་སྐྱོན་བླ་ལྷག་པ་ཡིན་ནོ། །འབྲེལ་པ་ནུས་པ་ཉིད་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འབྲེལ་པའང་ནུས་པ་ཉིད་ཡིན་ལ། །ཞེས་བྱ་བ་ལ་སོགས་པ་སྟེ། མི་འདོད་ཅེ་ན་འདི་བྱ་བ་ནི་གཉི་ག་དང་གཉི་ག་མ་ཡིན་པའི་རང་བཞིན་གྱི་མཚན་ཉིད་ལ་སྔ་
མ་བཞིན་དུ་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་བརྗོད་པའི་དུས་སུ་ཡང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འབྲེལ་པ་བརྗོད་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་འདྲ་བ་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུ་དང་འབྲས་བུའི་མཚན་ཉིད་དེ་འདྲ་བའི་འབྲེལ་བ་ཡོད་པ་དེའི་ཕྱིར་
ཁ་ཅིག་རྟོགས་སོ་ཞེས་རིགས་པ་ཡིན་ཏེ། དེ་ནི་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་གནས་པའི་ཕྱིར་རོ། །ཁྱེད་ཅག་གི་འབྲེལ་པ་ལ་ཐམས་ཅད་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་ནི་ཁྱེད་ཅག་གིས་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འབྲེལ་པ་ནི་ནུས་པའི་མཚན་ཉིད་དུ་འདོད་ལ་སྐྱེད་པར་
བྱེད་པའི་ངོ་བོ་ཡང་ནུས་པ་ཞེས་བྱའོ། །དེ་ཡང་རྟག་པ་དང་གཅིག་པུའི་རང་བཞིན་དང་དོན་རྟོགས་པ་སྐྱེད་པར་བྱེད་པ་ལ་ངེས་པར་འདོད་དོ། །དེ་ལྟ་ན་དོན་རྟོགས་པ་ལ་ངེས་པ་ཡིན་ན་སྐྱེས་བུ་ཉུང་ཟད་ཀྱི་མཚམས་དང་འབྲལ་པ་མཚམས་མེད་པར་འདོད་དམ། འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་གཉིས་སོ། །
ཕྱོགས་དང་པོ་ལ་ཐམས་ཅད་ལ་ཐམས་ཅད་ཅིག་ཅར་དོན་རྟོགས་པར་ཐལ་བར་འགྱུར་རོ། །ཕྱོགས་གཉིས་པ་ལ་ཡང་སོ་སོར་ངེས་པའི་ཤེས་པ་སྐྱེད་པར་བྱེད་པའི་རང་བཞིན་ངེས་པའི་རྒྱུ་བརྗོད་པར་བྱ་སྟེ། དངོས་པོ་བྱས་པ་རྣམས་ནི་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་པའི་རང་བཞིན་ངེས་པ་ནི་རང་གི་རྒྱུ་དང་
เล่ม ๑๙๒ · หน้า 197b
རྐྱེན་རྣམས་ཡིན་པར་རིགས་ཏེ། རྟག་པ་རྣམས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་རྟག་པ་རྣམས་ཀྱང་གང་གིས་སོ་སོར་ངེས་པའི་འབྲས་བུ་སྐྱེད་པར་བྱེད་ཀྱི་ཐམས་ཅད་མ་ཡིན་པ་དེ་འདྲ་བ་དེ་ནི་རང་བཞིན་ཉིད་ཡིན་ཏེ། རང་བཞིན་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་སྙམ་དུ་སེམས་ན།
འོ་ན་དེ་ལྟ་ན་གལ་ཏེ་དེའི་རང་བཞིན་འདི་རང་ཉིད་ཀྱིས་ཡིན་གྱི་གཞན་ལ་ལྟོས་པ་མེད་པ་ཡིན་ན་དེའི་ཚེ་བརྡ་འཛིན་པ་ལས་སྔ་རོལ་དུ་དང་བརྡ་བརྗོད་པའི་སོ་སོར་ངེས་པའི་རྟོགས་པ་པོ་དེའི་ཤེས་པ་ཐམས་ཅད་ཀྱི་ཚེ་འཇུག་པར་འགྱུར་ཏེ། དེའི་ཤེས་པ་སྐྱེད་པར་བྱེད་པ་ལ་ངེས་པའི་ནུས་པ་ཐམས་ཅད་ཀྱི་ཚེ་གནས་པའི་ཕྱིར་རོ། །
ཡང་ཅི་སྟེ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་འབྲེལ་པའི་མཚན་ཉིད་ཀྱི་ནུས་པ་ཤེས་ན་ཤེས་པ་སྐྱེད་པར་བྱེད་པ་ཡིན་གྱི་མ་ཤེས་པར་ནི་མ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གལ་ཏེ་ཤེས་པ་དང་མི་ཤེས་པའི་གནས་སྐབས་གཉིས་ཕན་ཚུན་
ཐ་དད་པར་འདོད་ན་དེའི་ཚེ་རྟག་པ་ཉམས་ལ་ཅི་སྟེ་ཐ་མི་དད་ན་དེའི་ཚེ་ཤེས་པ་དང་མི་ཤེས་པའི་རང་བཞིན་གཉིས་ཀྱི་རྣམ་པར་དབྱེ་བ་མི་འཐད་དེ། དངོས་པོ་གཅིག་སྐྱེས་བུ་གཅིག་ལ་ལྟོས་ནས་ཤེས་པ་དང་མ་ཤེས་པ་ཕན་ཚུན་འགལ་བའི་རང་བཞིན་གཉིས་རིགས་པ་ནི་མ་ཡིན་ནོ། །གཞན་ཡང་ནུས་པ་རྟོགས་
པར་བྱེད་པའི་ཐབས་ཡོད་ན་ཤེས་པ་ཉིད་དུ་འགྱུར་ན། གང་གི་ཕྱིར་དེ་སྲིད་པ་མ་ཡིན་ནོ་སྙམ་དུ་སེམས་ན། འདྲ་བ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དོན་གྱིས་གོ་བས་ཞེས་བྱ་བ་ལ་སོགས་པས་རེ་ཞིག་རྒྱས་པར་གཞན་གྱི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་གཞོན་ནུ་མ་ལེན་གྱིས་འབྲེལ་པ་
རྟོགས་པའི་ཐབས་འདི་སྨྲས་ཏེ། གང་གི་ཕྱིར་རེ་ཞིག་དང་པོར་མངོན་སུམ་གྱི་སྒྲ་དང་འབྲེལ་པ་ཆད་པར་བྱེད་པའི་སྨྲ་བ་པོ་དང་བརྗོད་པར་བྱ་བ་སྟེ་བརྗོད་བྱའི་དངོས་པོ་མཐོང་ལ། དེ་ནས་ཕྱིས་གཡོ་བའི་མཚན་ཉིད་རྟགས་ཀྱིས་རྗེས་སུ་དཔག་པས་ཉན་པ་པོ་རྟོགས་པ་ཉིད་མཐོང་སྟེ། ངེས་པར་བྱེད་དོ་
ཞེས་བྱ་བའི་དོན་ཏོ། །བྱེད་པ་ནི་བྱེད་པ་པོས་བྱས་པའི་གཡོ་བས་རྗེས་སུ་དཔག་པ་ཉིད་དུ་བརྗོད་དོ། །དེའི་འོག་ཏུ་དོན་གྱིས་གོ་བས་གཉིས་ལ་བརྟེན་པའི་ནུས་པ་རྟོགས་ཏེ་དོན་གྱིས་གོ་བས་དངོས་སུ་མི་རྟོགས་པ་དེའི་ཕྱིར་དོན་གྱིས་གོ་བས་རྟོགས་སོ་ཞེས་བསྟན་ཏོ། །ཚད་མ་གསུམ་པ་ཞེས་བྱ་བ་ནི་མངོན་
เล่ม ๑๙๒ · หน้า 198a
སུམ་དང་། རྗེས་སུ་དཔག་པ་དང་། དོན་གྱིས་གོ་བའི་མཚན་ཉིད་ཅན་གྱི་ཚད་མ་གསུམ་གང་ཞིག་རྟོགས་པར་བྱ་བའི་དོན་དུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དུ་མི་འཐད་ཁོ་ནའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། འདིས་ནི་དོན་གྱིས་གོ་བ་མ་ངེས་པ་ཉིད་དུ་
བསྟན་པ་ཡིན་ཏེ། འབྲེལ་པ་རྟག་པ་མེད་ན་ཡང་རྟོགས་པ་སྲིད་པར་བསྟན་ཟིན་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རྟག་པར་མི་རིགས་པ་འགའ་ཞིག་ཏུ་མ་ཟད་ཚད་མས་གནོད་པའི་ཕྱིར་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར། ནུས་པ་རྟག་པ་ཉིད་ཕྱོགས་ལ། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། སྦྱོར་བ་ནི་གང་དག་བརྡ་ལ་ལྟོས་ནས་དོན་གསལ་བར་བྱེད་པ་དེ་དག་ནི་འབྲེལ་པ་རྟག་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ག་བ་ལ་སོགས་པའི་སྒྲ་རྣམས་བཞིན་ནོ། །འཇིག་རྟེན་པ་དང་རིག་བྱེད་ཀྱི་གཽ་ལ་སོགས་པའི་སྒྲ་རྣམས་ཀྱང་བརྡ་ལ་ལྟོས་ནས་དོན་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་
འགལ་བས་ཁྱབ་པ་དམིགས་པ་སྟེ། ལྟོས་པ་དང་བཅས་པ་ཉིད་ལ་ནི་འབྲེལ་པ་རྟག་པ་དང་ལྡན་པ་ཉིད་དང་འགལ་བ་མི་རྟག་པའི་འབྲེལ་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །ཚད་མ་འདི་ཡང་འཆད་པར་འགྱུར་རོ། །འདིར་ནི་དེའི་ཁྱབ་པ་ཙམ་ཞིག་སྒྲུབ་པར་བྱེད་པ་ཡིན་ཏེ། འདི་ལྟར་སྒྲ་རྣམས་ནི་དོན་
རྟོགས་པའི་མཚན་ཉིད་ཀྱི་འབྲེལ་བས་འབྲེལ་པ་རྟག་པ་དང་ལྡན་པར་འདོད་ལ་ནུས་པ་དེ་ཡང་རྟག་པའི་ཕྱིར་ཕན་གདགས་པར་བྱ་བ་མ་ཡིན་པས་བརྡ་ལ་སོགས་པས་འགའ་ཞིག་ལ་ཡང་ལྟོས་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ལས་བྱུང་བའི་སྒྲའི་དོན་རྟོགས་པ་ཐམས་ཅད་ཀྱི་ཚེ་འགྱུར་རོ། །གཞན་ཡང་ནུས་པ་
དེ་དོན་གཅིག་ལ་ངེས་པ་ཡིན་ནམ་དོན་དུ་མ་ལ་ངེས་པ་ཡིན། དོན་དུ་མ་ལ་ངེས་པའི་ཕྱོགས་དེ་ལ་ཡང་ཅི་སྒྲ་འདིའི་ངེས་པ་དོན་དུ་མ་གསལ་བར་བྱེད་པ་གཅིག་ཉིད་ཡིན་ནམ། འོན་ཏེ་དུ་མ་ཡིན་ཞེས་རྣམ་པར་བརྟག་གོ། །དེ་ལ་ཕྱོགས་དང་པོ་ལ་ཡུལ་དང་དུས་ལ་སོགས་པ་ཐ་དད་པས་བརྡ་གཞན་བྱེད་པ་
ན་སྒྲ་དོན་གཞན་རྟོགས་པར་བྱེད་པ་གང་ཡིན་པ་འདི་མཐོང་སྟེ། དཔེར་ན་ཀ་ལི་དང་མ་རི་ལ་སོགས་པའི་སྒྲ་རྣམས་འགྲོ་ལྡིང་བ་དང་འཕགས་པའི་ཡུལ་བ་དག་ལ་གོ་རིམས་བཞིན་དུ་དུས་ཀྱི་ཆ་དང་ཆར་འབབ་པ་དང་ཉེ་བར་འཚེ་བ་ལ་སོགས་པ་རྗོད་པར་བྱེད་པ་ཅན་གྱི་སྒྲ་ལས་དོན་གཞན་རྟོགས་པར་བྱེད་པ་
เล่ม ๑๙๒ · หน้า 198b
ཉིད་དུ་མཐོང་བ་གང་ཡིན་པ་དེར་འབྱུང་བ་སྟེ་ནུས་པ་ངེས་པའི་ཕྱིར་མིག་ལ་སོགས་པ་བཞིན་ནོ། །མིག་ནི་བརྡའི་དབང་གིས་རོ་ལ་སོགས་པའི་དོན་དུ་སྦྱོར་བར་འོངས་པ་མ་ཡིན་ནོ། །ཕྱོགས་གཉིས་པ་ལ་ཡང་སྒྲ་གཅིག་ལས་ཅིག་ཅར་སྐྱེས་བུ་ཐམས་ཅད་ལ་དོན་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ། །དེ་ཉིད་སྟོན་པ་ནི།
གལ་ཏེ་སྣ་ཚོགས་དོན་གསལ་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ལ་སྐྱོན་གཞན་འཆད་པ་ནི། དོན་ནི་གསལ་བར་བྱེད་ནུས་པ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཞེས་བྱ་བ་ནི་ནུས་པ་དོན་རྟོགས་པ་ཡིན་ནོ། །མི་གཡོ་ཞེས་བྱ་བ་ནི་རྟག་པ་སྟེ་འདི་ཡང་ཕན་གདགས་པར་བྱ་བ་མ་ཡིན་པ་ཉིད་
ལ་གཏན་ཚིགས་ཡིན་ནོ། །བརྡ་ལ་ལྟོས་པ་དང་བཅས་པ་ཉིད་ཁས་བླངས་ནས་ཀྱང་ཉེས་པ་གཞན་འཆད་པ་ནི། དོན་ནི་གསལ་བར་བྱེད་པའི་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་མ་འཆོལ་བར་ཤེས་པ་ཡིན་ནོ་སྙམ་པས་ཁྱེད་ཀྱི་འཆོལ་བའི་རྒྱུ་སྐྱེས་བུ་བཀག་པ་ཡིན་ཏེ། དེ་ལ་ཇི་ལྟར་ལ་ལར་དེ་དག་
གི་དོན་ཐམས་ཅད་ཐུན་མོང་བའི་སྒྲ་རྣམས་བསྲེ་བར་བྱེད་པ་དེ་བཞིན་དུ་རིགས་བྱེད་ཐམས་ཅད་ཀྱང་ལ་ལར་དེ་དག་གི་འདོད་པའི་དབང་གིས་བརྡ་བྱས་པ་ན། ཅིའི་ཕྱིར་འཆོལ་བར་མི་འགྱུར་ཏེ། སྐྱེས་བུ་དེ་དག་ནི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འདི་ལྟར་བརྡ་ནི་འདོད་པའི་དབང་གིས་ཡིན་ལ། དེ་ཡང་
དེ་ཁོ་ན་ཉིད་མི་ཤེས་པ་དེ་དག་རང་དབང་དུ་འཇུག་པ་ན་གང་ཞིག་ངེས་པར་འགྱུར། དེའི་ཕྱིར་འདོད་པ་ལས་འབྱུང་བའི་རང་དབང་གིས་བརྡ་ཡང་རང་དབང་ཅན་གྱི་འགྲུས་པ་གཞན་དུ་ཅིའི་ཕྱིར་འགལ་བའི་དོན་སྤོང་བར་བྱེད་ནུས་པ་དོན་དུ་མ་གསལ་བར་བྱེད་པའི་ཕྱོགས་ཁས་བླངས་ནས་སྐྱོན་གཞན་འཆད་པ་ནི། སྣ་ཚོགས་
དོན་ནི་གསལ་བྱེད་ལས། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་སྒྲ་རྣམས་ལ་དོན་དུ་མ་སྟོན་པར་བྱེད་པའི་ནུས་པ་ཡོད་ཀྱི་དོན་རྣམས་ལ་དོན་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་མེད་དེ་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགའ་ཡང་གནོད་པའམ། མི་གནོད་པར་མི་
འགྱུར་རོ། །དེ་ལྟ་ཡིན་དང་སོ་སོར་ངེས་པའི་དོན་བྱ་བ་བྱེད་པར་སྒྲུབ་པར་བྱེད་པའི་དོན་ཐམས་ཅད་དང་ཐུན་མོང་བའི་སྒྲའི་འདོད་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་བརྡ་བྱེད་པས་བྱེད་དོ་ཞེས་བྱ་བ་འདི་ག་ལས་རྙེད་པ་ཡིན། དེ་ལྟ་བས་ན་ལོག་པ་ཉིད་སྲིད་པའི་ཕྱིར་རྟག་པར་བརྟགས་པ་དོན་མེད་པ་ཉིད་ཡིན་ནོ། །
เล่ม ๑๙๒ · หน้า 199a
གཞན་ཡང་འདིའི་དོན་མེད་པ་ཉིད་བསྟན་པའི་ཕྱིར། བརྡ་ལ་ལྟོས་པ་ཡིན་པས་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྲེལ་པ་ཡོད་པ་ཙམ་གྱིས་དོན་རྟོགས་པའི་རྒྱུར་གྱུར་ན་དེའི་ཚེ་བརྡ་མི་ཤེས་པ་ལ་ཡང་འགྱུར་བའི་ཕྱིར་གདོན་མི་ཟ་བར་དེ་ནི་བརྡ་ལ་ལྟོས་པ་ཉིད་དུ་འདོད་པར་
བྱའོ། །དེའི་ཕྱིར་བརྡ་ཡང་དོན་རྟོགས་པའི་རྒྱུ་ཉིད་དུ་ཁས་ལེན་པར་བྱེད་པ་ནི་གཞན་དག་གིས་གུས་པ་ཉེ་བར་འཇོག་པའི་རྟོག་པའི་འབྲེལ་པ་དེ་ཅིའི་ཕྱིར་རྒྱུ་མེད་པར་རྒྱས་པར་བྱེད། འདི་ལྟར་འབྲེལ་པའི་བྱ་བ་ནི་འདི་ཙམ་ཞིག་ཡིན་ཏེ། དོན་རྟོགས་པ་བསྐྱེད་པར་བྱེད་པ་གང་ཡིན་པའོ། །གལ་ཏེ་བརྡ་
བྱེད་པ་ཡིན་ན་དེའི་ཚེ་གཞན་འབྲེལ་པ་རྟག་པ་བརྟགས་པས་ཅི་ཞིག་བྱ། ཁྱད་པར་བོགས་དབྱུང་དུ་མེད་པ་དེ་ནི་འགའ་ཞིག་ལ་ཡང་ལྟོས་པ་མ་ཡིན་ནོ་ཞེས་ལན་བརྒྱར་དཔྱད་ཟིན་ཏོ། །ནུས་པ་མ་མཐོང་བ་རྒྱུ་ཉིད་དུ་རྟོགས་ན་ཀྱེ་མ་ཨ་རུ་ར་དང་ཕྲད་ནས་ལྷས་འཁྲུ་བར་བྱས་སོ་ཞེས་ཅིའི་ཕྱིར་རྟོགས་པར་མི་བྱེད། འདི་
ལྟར་ཞེས་བྱ་བ་ལ་སོགས་པས་འབྲེལ་པའི་བྱ་བ་དེ་ཉིད་མ་གྲུབ་པར་སྟོན་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་བརྡ་ལས་སོ། །བརྒྱུད་པ་འདི་ཡི་དོན་མེད་དོ། །ཞེས་བྱ་བ་ནི་ནུས་པ་མ་མཐོང་བ་རྒྱུ་ཉིད་དུ་རྟོགས་ན་ཐུག་པ་མེད་པའི་སྐྱོན་ཡོད་པའི་ཕྱིར་ཏེ། འདི་ལྟར་འབྲེལ་པ་རྟོགས་ན་ཡང་གཞན་ཡང་ནུས་པ་མ་མཐོང་བའི་རྒྱུ་
གཞན་ཅིའི་ཕྱིར་རྟོགས་པར་མི་བྱེད་དེ་ནུས་པ་མ་མཐོང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་བརྒྱུད་པ་དོན་མེད་པ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་ལྟར་གནོད་པར་བྱེད་པའི་ཚད་མའི་ཁྱབ་པ་བསྒྲུབས་ནས། སྐྱེས་བུའི་འདོད་ཙམ་ལས་བྱུང་བའི། །ཞེས་བྱ་བ་ལ་སོགས་
པས་དོན་གྱི་གོ་བ་སྔར་མ་ངེས་པ་ཉིད་དུ་བསྟན་པ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །འབྲེལ་པ་མི་འགྲུབ་པོ་ཞེས་བྱ་བ་ནི་རྟག་པ་ཞེས་བྱ་བ་ལྷག་མའོ། །དེ་ལྟར་བྱས་ན། མི་ཤེས་པ་དག་ཐམས་ཅད་ལ། །སྔ་མ་སྔ་མ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་གང་འདི་ལ་སྨྲས་པ་དེ་ལ་ཕན་ཚུན་འགལ་བ་སྨྲས་པ་
ཡིན་ནོ་ཞེས་སྟོན་པ་ནི། རྣམ་པ་གཞན་དུ་འཐད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་མི་ཤེས་པ་ཉིད་ཡིན་ན་འོ་ན་ཇི་ལྟར་སྔ་མ་སྔ་མས་མི་ཤེས་པའི་ཕྱིར་འབྲེལ་པ་གྲུབ་པར་འགྱུར། ལོང་བ་བརྒྱུད་པ་ནི་གཞན་དག་ལ་གཟུགས་ཀྱི་ཁྱད་པར་འདོམ་པར་བྱ་བའི་ཕྱིར་ནུས་པ་མ་
เล่ม ๑๙๒ · หน้า 199b
ཡིན་ནོ། ཇི་སྐད་དུ་རི་ཁྲོད་རྗེས་གཟུགས་ཀྱི་ཁྱད་པར་དག་ལ་ལོང་བ་རྣམས་ཀྱི་ཚིག་བཞིན་དུ་དེ་ལྟ་བུའི་རིགས་ཅན་གྱི་དོན་དག་ལ་སྐྱེས་བུའི་ཚིག་ཚད་མ་ཉིད་དུ་ཉེ་བར་འགྲོ་བ་མ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །འདི་སྙམ་དུ་མངོན་སུམ་གྱིས་མ་མཐོང་བའི་ཕྱིར་ཐམས་ཅད་མི་མཐོང་བའི་ཕྱིར་བརྗོད་ཀྱི་རྣམ་པ་
ཐམས་ཅད་དུ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་ནི་མ་ཡིན་ཏེ། སྒྲའི་ཐ་སྙད་གཞན་དུ་མི་འཐད་པའི་ཚད་མས་སྔ་མ་སྔ་མའི་རྒན་པོ་དག་ལས་མི་ཤེས་པས་ཉིད་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་གཞན་དུ་ཡང་བརྡ་ལས་སྒྲའི་སྒོ་ནས་ཐ་སྙད་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་
ཟིན་ཏོ། །མ་བསྟན་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཅི་འདི་རྟག་པ་མ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོགས་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་གྱིས་གོ་བས་འབྲེལ་པ་ཙམ་ཡོད་པ་ཉིད་དུ་རྟོགས་ཀྱིས་ཁྱབ་པར་ནི་མ་ཡིན་ཏེ། དེ་དང་
ལྷན་ཅིག་འབྲེལ་པ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་དོན་གྱིས་གོ་བས་ཐ་དད་པ་མ་ཡིན་ནོ། །འདི་སྙམ་དུ་སྒྲ་མི་རྟག་པ་ནི་དོན་རྟོགས་པར་བྱེད་པའི་རྒྱུ་ཉིད་དུ་མ་མཐོང་ལ་རིགས་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་ཤུགས་ཀྱིས་རྟག་པ་གྲུབ་
པར་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་རྟག་པ་ལ་ཡང་མཚུངས་པ་དང་མ་གྲུབ་པ་ཡིན་ནོ། །འདི་ལྟར་འབྲེལ་པ་རྟག་པ་ལ་ཡང་དོན་རྟོགས་པའི་རྒྱུ་ཉིད་དུ་མ་མཐོང་བའི་ཕྱིར་མཚུངས་ལ་ལག་བརྡ་ལ་སོགས་པ་མི་རྟག་པ་ཉིད་ལ་ཡང་རྟོག་པར་བྱེད་པ་ཉིད་མཐོང་བའི་ཕྱིར་མ་མཐོང་བ་ཉིད་མ་གྲུབ་པོ། །དེ་ཉིད་
ཀྱི་ཕྱིར་མི་རིགས་པ་ཉིད་ཀྱང་མ་གྲུབ་པོ། །རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་དེ་ཉིད་རིགས་པ་མ་ཡིན་པས་འདི་ནི་གྱི་ནའོ། །དེ་ལྟར་དོན་གྱིས་གོ་བས་མ་ངེས་པ་ཉིད་དུ་མཇུག་བསྡུས་ནས་གནོད་པར་བྱེད་པའི་ཚད་མ་མཇུག་སྡུད་པར་བྱེད་པ་ནི། དེས་ན་བ་ལང་རྟ་སོགས་ཀྱི། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དོན་དེའི་ཕྱིར་རོ། །རྟག་པའི་འབྲེལ་ལྡན་ཞེས་བྱ་བ་ལ། མིན་ཞེས་བྱ་བ་དང་སྦྱར་རོ། །སྦྱོར་བ་དགོད་པ་ནི་དང་པོ་ཉིད་དུ་བསྟན་ཟིན་ཏོ། འོན་ཏེ་ག་བ་ལ་སོགས་པའི་སྒྲ་རྣམས་ལེགས་པར་བྱས་པ་མ་ཡིན་པའི་ཕྱིར་གཞན་གྱིས་རྗོད་པར་བྱེད་པ་ཉིད་མི་
เล่ม ๑๙๒ · หน้า 200a
འདོད་པ་མ་ཡིན་ནམ། དེའི་ཕྱིར་དཔེ་མ་གྲུབ་པ་ཉིད་ཡིན་ནོ། །དེ་སྐད་དུ་ཡང་གཞོན་ནུ་མ་ལེན་གྱིས། །ངེད་ལ་གོ་ཡི་སྒྲ་གནས་ན། །དེ་མི་ནུས་བྱུང་ཅན་བྱས་པའོ། །ག་ཡི་སོགས་ལ་རྩ་བའི་སྒྲ། །རྗེས་འབྲང་གོ་ཡི་བློ་བཞིན་ནོ། །ཞེས་བཤད་དོ། །འདིའི་དོན་ནི་འདི་ཡིན་ཏེ། རྗོད་
པར་བྱེད་པ་གོའི་སྒྲ་ལེགས་པར་སྦྱར་བ་ཡོད་ན་ག་བ་ལ་སོགས་པ་ལེགས་པར་མ་བྱས་པ་སྦྱར་བ་ལས་བ་ལང་གི་བློར་འགྱུར་བ་ཡིན་ནོ་ཞེས་བརྗོད་ཀྱི་དེ་ཉིད་ལ་བྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྩ་བ་སྟེ་གཙོ་བོ་ལ་ལེགས་པར་བྱས་པའི་གའི་རྗེས་སུ་འབྲངས་ནས་དེ་ལ་ནུས་པ་མེད་པ་ལས་བྱུང་བ་ཅན་གྱིས་བྱས་
པའི་ཞེས་བྱ་བ་དང་། ག་བ་ལ་སོགས་པ་ལས་ཞེས་བྱ་བ་ནི་གཞི་མཐུན་པ་ཉིད་དུ་སྦྲེལ་ཏོ། །ལེགས་པར་བྱས་པའི་གཽ་སྒྲ་དེ་ལ་སྐྱེས་བུས་བརྗོད་པ་ཉིད་དུ་མི་ནུས་པ་ནི་དེ་མི་ནུས་པའོ། །དེ་ལས་བྱུང་བ་རྐན་ལ་སོགས་པའི་བྱ་བ་གང་ཡིན་པ་ནི་མི་གསལ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེས་བྱེད་དུ་བཅུག་པ་ནི་
ག་བ་ལ་སོགས་པའི་སྒྲ་ཡིན་ཏེ། གཟུང་བར་བྱ་བ་སྐྱེས་བུ་ནི་ག་བ་ལ་སོགས་པའི་སྒྲས་བརྗོད་པ་ན་བྱ་བ་དེ་ནི་འཛུད་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་བཞིན་དུ་བར་ཏི་ཧ་རི་ན་རེ་ཇི་ལྟར་བྱིས་པ་སློབ་པ་ནི། ཨ་མར་མི་གསལ་ཨ་མར་བརྗོད། །དེ་ཤེས་པ་ལ་དེ་ཡིས་ནི། །གསལ་བར་ངེས་པ་ཐོབ་པར་
འགྱུར། །དེ་ལྟར་ལེགས་སྦྱར་སྦྱར་བྱས་ལ། །གང་ཞིག་སྒྲ་ཉམས་རབ་སྦྱར་བ། །དེ་ཡིས་ལེགས་སྦྱར་གྱིས་ཆོད་པའི། །དོན་འགའ་ཞིག་ནི་རྗེས་དཔག་བྱེད། །ཅེས་བརྗོད་དོ། །དེའི་ཕྱིར། གཽ་སྒྲ་ནི་རུང་གནས་ན། །ཞེས་བྱ་བ་ལ་སོགས་པ་འདི་སྨོས་སོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལན་
འདེབས་པར་བྱེད་དེ། ཉ་བ་ལ་སོགས་པ་ཞེས་བྱ་བ་ནི་ཉ་ཤོར་བ་ལ་སོགས་པའོ། །སོགས་པའི་སྒྲས་ཀླ་ཀློ་ལ་སོགས་པ་གཟུང་ངོ་། །འདི་ལྟར་དེ་དག་ནི་སླར་ལ་ལེགས་པར་སྦྱར་བའི་སྒྲ་ཉིད་ཀྱིས་དོན་སྟོན་པར་བྱེད་པ་ན་མགོ་རྨོངས་པར་འགྱུར་ཏེ། དེ་ལྟ་བས་ན་རྩ་བའི་སྒྲའི་རྗེས་སུ་འབྲངས་ནས་དོན་
རྟོགས་པར་བྱེད་པ་མ་ཡིན་ནོ། །ཡང་ན་ཡུལ་འཇིག་པ་དང་རིགས་ཆད་པའི་ངོ་བོའི་འཇིག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཡུལ་འཇིག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་ཏེ། ཁོ་བོ་ཅག་གིས་ཐམས་ཅད་རྒྱུན་ཆད་པའི་བདག་ཉིད་འཇིག་པ་ཡིན་པར་མ་
เล่ม ๑๙๒ · หน้า 200b
བརྗོད་ལ་འབྱིན་པ་དང་སྡུད་པའི་བདག་ཉིད་ཀྱི་ཐོག་མ་མེད་པའི་སྐྱེས་བུ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགྲོ་བ་ཐམས་ཅད་ཐོག་མ་མེད་པའི་ཐ་སྙད་དང་ལྡན་ཏེ་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པའི་མཐར་ཐུག་པའི་སྒྲ་ལས་བྱུང་བ་འཇུག་པ་ཡིན་ནོ་སྙམ་མོ། །འོན་ཀྱང་ཁྱེད་ཅག་ནི་ཡུལ་
འཇིག་པ་ལ་སོགས་པའི་ངོ་བོ་འཇིག་པར་བརྗོད་ལ། གང་ཡང་སངས་རྒྱས་པ་རྣམས་ཀྱིས་མེ་དང་ཆུ་དང་རླུང་དག་གིས་འཇིག་པའི་རང་བཞིན་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པའི་བར་དང་འོག་གི་མཚམས་ནི་རླུང་གི་དཀྱིལ་འཁོར་དང་། སྟེང་དུ་གོ་རིམས་བཞིན་དུ་བསམ་གཏན་དང་པོ་
དང་གཉིས་པ་དང་གསུམ་པའི་མཐར་ཐུག་པ་འདི་ཚད་མས་མི་གནོད་པའི་ཕྱིར་གནོད་པ་མེད་པ་ཡིན་ལ། དགག་པར་མི་ནུས་པའི་ཕྱིར་ཚངས་པ་ལ་སོགས་པ་ལ་ཡང་དོགས་པ་ཡིན་ནོ། །འཇིག་པ་དེ་གཉིས་ཀ་ལ་ཡང་རིག་བྱེད་འཇིག་པར་སྲིད་དེ། ཕྱིན་ཅི་ལོག་གི་དོན་རྟོགས་པ་ན་ཡང་རིག་བྱེད་འདི་
གཞན་ཉིད་ཡིན་ནོ། །འདྲ་བ་ཉིད་དེ་སྣང་འགྱུར་བ། །ཞེས་བྱ་བ་ནི་ཁྱེད་ཀྱིས་ཇི་སྲིད་དུ་གནོད་པ་ཅན་གྱི་ཚད་མ་བརྗོད་པ་དེ་སྲིད་དུ་དོགས་པ་ལྡོག་པར་མི་འགྱུར་རོ། །འདི་སྙམ་དུ་གནོད་པ་ཅན་གྱི་ཚད་མ་འདི་ཡོད་པ་ཁོ་ན་སྟེ། འདི་ལྟར་རེ་ཞིག་ད་ལྟར་ཡུལ་ཐམས་ཅད་དུ་སྐྱེས་བུ་རྣམས་ཀྱིས་རིག་བྱེད་འདོན་པ་ལ་སོགས་པ་
གཞན་དུ་བྱ་བར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་དུས་གཞན་དུ་ཡང་དེ་ལྟར་འབྱུང་ངོ་། །འབྱུང་བར་འགྱུར་རོ་ཞེས་ངེས་པས་དེའི་ཕྱིར་དོགས་པ་འདི་བསུ་ནས་རྣམ་པ་གཞན་དུ་བྱེད་འདོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་དུ་བྱེད་པར་འདོད་པ་ན་རིག་བྱེད་ཀྱི་སྒྲ་གཞན་དུ་འཇུག་པར་མི་འགྱུར་བ་
དང་གཞན་དུ་བྱེད་པར་འདོད་པ་ཡང་སྐྱེད་པར་མི་ནུས་པ་ཡིན་ན། དེའི་ཚེ་སྐྱེས་བུ་རྣམས་ཀྱི་རིག་བྱེད་འདོད་པ་ལ་སོགས་པ་གཞན་དུ་བྱ་བར་མི་ནུས་པར་གྲུབ་པར་འགྱུར་ན་དེ་ལ་ཡང་སྐྱེས་བུ་ཐམས་ཅད་ཀྱི་མི་འགྲུབ་སྟེ་མ་མཐོང་བ་ཙམ་ཚད་མ་མ་ཡིན་པའི་ཕྱིར་དང་། སྐྱེས་བུ་དག་ཀྱང་ཁྱད་པར་དུ་
འཕགས་པར་སྣང་བའི་ཕྱིར་རོ། །གང་གི་ཕྱིར་བདག་ཅག་ལ་ལྟས་ལེགས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་རིག་བྱེད་ཀྱི་ངག་འདོན་པ་གཞན་དུ་ཡང་བྱ་བར་ནུས་ཤིང་དོན་ཡང་བཤད་པར་ནུས་སྟེ། འདི་ལྟར་སྤྱོད་པ་པ་དང་ངེས་ཚིག་ལ་སོགས་པས་རིག་བྱེད་ཀྱི་དོན་རྣམ་པ་མང་པོ་བྱེད་པར་མཐོང་
เล่ม ๑๙๒ · หน้า 201a
སྟེ། དེ་ལྟ་བས་ན་དོགས་པ་ལྡོག་པ་མ་ཡིན་ནོ། །རིག་པ་འབྲས་བུ་ཉིད་མིན་ཏེ། །ཞེས་བྱ་བ་ལ་སོགས་པའི་ལན་བརྗོད་པ་དེ་ལ། དེ་ཕྱིར་སྐྱེས་བུ་ཐམས་ཅད་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་རྣམས་དང་ངག་རྣམས་དང་ཡི་གེ་རྣམས་ཡིན་པས་དེ་སྐད་དུ་བརྗོད་ལ་དེ་དག་གི་
རིམ་པ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །དོན་མེད་པ་ཡི་གཞུང་ཙམ་ལ། །ཞེས་བྱ་བ་ནི་ཁྱོད་ཀྱི་བྱས་པ་ཉམས་ཞེས་བྱ་བ་དང་སྦྱར་རོ། །གཞུང་འགའ་ཞིག་ལ་དོན་ཡོད་པ་མ་ཡིན་པ་འདི་ནི་སེའུ་བཅུ་ལ་སོགས་པའི་ངག་བཞིན་དུ་དོན་མེད་པའོ། །ཡང་ན་སངས་རྒྱས་པ་ལ་སོགས་པའི་གྲུབ་པའི་
མཐའ་ལས་རིག་བྱེད་དང་འགལ་བའི་དོན་མེད་པའོ། །འདི་ནི་དོན་མེད་པ་ཡང་མ་ཡིན་ལ་གཞུང་ཙམ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། ཙམ་གྱི་སྒྲས་ནི་ཁྱབ་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་རིག་བྱེད་ལྟར་རོ་བྱས་ཞེས་བྱ་བ་ནི་བྱེད་པ་ལའོ། །འདི་ནི་ངེས་པ་མ་ཡིན་ཞེས་བྱ་བ་ནི་
ངེས་པ་མེད་ཅིང་ངེས་པ་དེར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཇི་ལྟར་འདི་གཞན་གྱིས་བརྗོད་པ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གཞན་གྱི་བརྗོད་པ་དག་གིས་བརྗོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་ཀྱི་བྱེ་བྲག་ཇི་བཞིན་ནོ། །ཞེས་བྱ་བ་ནི་
བདུན་པའི་དོན་ཡིན་ནོ། །འདིས་ནི་གཅིག་ཏུ་གཏོགས་པ་ནི་མི་མཐུན་པའི་ཕྱོགས་ལ་སྲིད་པར་བསྟན་པས་མ་ངེས་པ་ཉིད་དུ་བསྟན་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་འཁྲུལ་པ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། དབྱངས་ལ་སོགས་དང་མི་འདྲའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབྱངས་ལ་སོགས་ཞེས་
བྱ་བ་ནི་རིང་པོ་ལ་སོགས་པའི་སྒྲས་མྱུར་བ་དང་དལ་བ་ལ་སོགས་པ་གཟུང་ངོ་། །འདི་ནི་གསལ་བྱེད་ཆོས་མ་ཡིན། །ཞེས་བྱ་བ་ནི་དབྱངས་ལ་སོགས་པའོ། །གང་ལས་ཤེ་ན་དབྱངས་ལ་སོགས་པ་དེ་ནི་ཡི་གེའི་བདག་ཉིད་དུ་མཐོང་བའི་ཕྱིར་ཏེ། གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་མཚན་མ་ཞེས་བྱ་
བ་ནི་ཡི་གེ་ཐ་དད་པ་དེའི་མཚན་མ་ནི་དེའི་མཚན་མ་སྟེ། མཚན་མ་གཞན་ནི་ཁྱེད་ལ་མེད། །ཅེས་བྱ་བ་འདིས་དེ་ཅིའི་ཕྱིར་འགེགས་པ་སྨྲོས་ཤིག །དེ་ལྟར་བུམ་པ་ལ་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། རིགས་ཀྱིས་བུམ་པ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་
เล่ม ๑๙๒ · หน้า 201b
སྤྱི་བརྟག་པར་རོ། །དོན་མེད་པས་ན་ཞེས་བྱ་བ་ནི་རིགས་ཏེ་མི་བདེན་པ་ཉིད་ཀྱིས་སོ། །ཡོད་པ་ཡིན་ཡང་ཕན་གདགས་པར་བྱ་བ་མ་ཡིན་པའི་རིགས་དེ་བུམ་པ་ལ་སོགས་པའི་མཚན་ཉིད་ཀྱི་གསལ་བ་དང་འབྲེལ་པ་མི་རུང་བའི་ཕྱིར་དེས་ཐ་སྙད་ཉེ་བར་མཚོན་པ་རིགས་པ་མ་ཡིན་ནོ། །དེས་ན་རིགས་ཀྱི་སྒོ་ནས་ཉེ་
བར་བཏགས་པ་གང་ཡིན་པ་འདི་ཐམས་ཅད་འབྲེལ་པ་མེད་པ་ཡིན་ནོ་ཞེས་སྟན་པ་ནི། དེ་ཕྱིར་རྐན་ལ་སོགས་པའི་རིགས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་གི་སྒྲ་མངོན་གསལ་རྒྱུ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རིགས་ཁས་བླངས་ནས་སུན་འབྱིན་པ་འཆད་པ་ནི། གཞན་ཡང་སྒྲ་ཡི་
མངོན་གསལ་རྒྱུ། །ཞེས་བྱ་བ་ལ་སོགས་པ་སྟེ། ཚིག་ཕྲད་ཀྱི་ཚོགས་འདི་ཡང་དག་ཉེ་བར་བཀོད་པ་ལ་བལྟ་བར་བྱའོ། །དེ་ལྟར་ཞེས་བྱ་བ་ནི་རྒྱུའོ། །དེས་ན་དོན་འདི་ཡིན་ཏེ། གང་གི་ཕྱིར་རིགས་ཐ་དད་པ་རྣམས་ནི་སྒྲ་མངོན་པར་གསལ་བའི་རྒྱུར་གནས་ཏེ། དེས་ན་གསལ་བར་བྱེད་པ་རྟག་ཏུ་གནས་པའི་
ཕྱིར་སྒྲ་ཡང་རྟག་ཏུ་དམིགས་པར་འགྱུར་རོ། །དེ་ལྟ་ཡིན་དང་གསལ་བའི་རིམ་པ་མེད་པའི་ཕྱིར་དེའི་བདག་ཉིད་ཀྱི་སྒྲའི་རིམ་པ་ཡང་རིགས་པ་མ་ཡིན་ནོ། དེ་དང་ལྡན་པའི་གསལ་བ་ཞེས་གང་སྨྲས་པ་དེ་ལ་རིགས་དང་གསལ་བ་དང་འབྲེལ་པ་ཁས་བླངས་ནས་སྐྱོན་འཆད་པ་ནི། གསལ་བ་དང་འབྲེལ་
ངོ་བོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་ནི་གཉིས་ལ་གནས་པའི་ཕྱིར་དང་། རིགས་རྣམས་ཀྱང་རྟག་པ་ཉིད་དུ་ཁས་ལེན་པའི་ཕྱིར། དེ་དང་འབྲེལ་པའི་རང་བཞིན་གསལ་བ་རྣམས་ཀྱང་རྟག་པ་ཉིད་དུ་འགྱུར་རོ། །དེ་ལྟ་མ་ཡིན་ན་རིགས་རྣམས་དེ་དང་འབྲེལ་པའི་རང་བཞིན་ཉིད་དུ་མི་འགྱུར་
རོ། །དེ་བཞིན་དུ་གསལ་བ་རྣམས་མི་རྟག་པར་ཁས་བླངས་པའི་ཕྱིར་དེ་དང་འབྲེལ་པའི་རང་བཞིན་གྱི་རིགས་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །གལ་ཏེ་དེ་དང་འབྲེལ་པའི་རིགས་རྣམས་ཀྱང་མི་རྟག་པ་ཉིད་དུ་འགྱུར་ན་དེ་ལྟ་ན་དེ་དང་འབྲེལ་པའི་རང་བཞིན་གྱི་གསལ་བ་རྣམས་མི་རྟག་པ་ཉིད་དུ་གྲུབ་པར་
འགྱུར་གྱི་གཞན་དུ་ན་འབྲེལ་པ་གཉིས་པ་མ་ཚང་བ་མེད་པ་ཡིན་པ་ན་གཞན་མ་ཚང་བར་རིགས་པ་མ་ཡིན་ཏེ། དེ་དང་འབྲེལ་པའི་རང་བཞིན་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱོན་གཞན་སྔར་བཤད་པ་དྲན་པར་བྱ་བའི་ཕྱིར། མངོན་པར་གསལ་བ་མི་འཐད་པར། །ཞེས་བྱ་བ་ལ་སོགས་པ་
เล่ม ๑๙๒ · หน้า 202a
སྨོས་ཏེ། དུས་ཀྱི་ཞེས་བྱ་བ་ནི་དྲུག་པའི་མཐའ་ཅན་ནོ། །དུས་ཀྱང་གཅིག་དང་ཁྱབ་དང་རྟག །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་དུས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དང་པོ་ཉིད་དུ་ཞེས་བྱ་བ་ནི། ཚིག་གི་དོན་གྲུབ་བརྟག་པར་རོ། །འགའ་ཞིག་གིས་ནི་གསལ་བྱས་ཡིན།
ཞེས་བྱ་བ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་རྟག་པའི་བསལ་བ་གསལ་ཟིན་པའི་ཕྱིར་རོ། །གཞན་དང་ཁྱད་པར་མེད་ཕྱིར་ཞེས་བྱ་བ་ནི་གཞན་ལས་ཁྱད་པར་མེད་པ་ནི་གཞན་དང་ཁྱད་པར་མེད་པ་སྟེ། དེ་ལྟར་ས་བོན་དང་མྱུ་གུ་དང་ལྕུག་མ་ལ་སོགས་པ་ལ་དུས་ཀྱི་བདག་ཉིད་གང་ཞིག་གསལ་བར་བྱེད་པ་
དེའི་ཕྱིར་དེ་ནི་ཡི་གེ་དག་ལ། གསལ་བར་བྱེད་པའི་དུས་ཀྱི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། གཅིག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་དུ་མེད་ཕྱིར་འདིར་རྟག་ཉིད། །ཅེས་བྱ་བ་ནི་ཡོད་པ་ཉིད་མི་རུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ།
དེས་ན་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །མི་རིགས་སོ་ཞེས་བྱ་བ་ནི་དུས་མེད་པའི་ཕྱིར་རོ། །གཞན་གྱི་ཆོས་ཀྱང་ཡན་ལག་ཏུ། །ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ། དེ་ཕྱིར་གཞན་གྱི་ཆོས་རྟག་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་ནི་གོ་བར་ཟད་དོ། །དོན་གྱི་གོ་བ་སུན་ཕྱུང་ཟིན། །ཞེས་བྱ་བ་ནི་དོན་
གྱི་གོ་བ་གསལ་ཟིན་པ་ཡིན་ནོ། །འདི་ལྟར་ལག་བརྡ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པས་འཁྲུལ་པ་དང་གནོད་པར་བྱེད་པའི་ཚད་མ་བརྗོད་པའི་ཕྱིར་རོ། །མི་རྟག་རྣམས་ལ་དོན་རྟོགས་པའི། །རྒྱུ་ཉིད་བསྒྲུབས་ཟིན་ཞེས་བྱ་བ་ནི། མཚུངས་པ་ཉིད་དུ་རྟོགས་པ་ལ། །ཤིན་ཏུ་ཐ་དད་ཅེས་བྱ་བ་
ལ་སོགས་པས་སོ། །འདི་ལྟར་ཚིག་སོ་སོ་ལ་ཐ་དད་པའི་ཕྱིར་ཁྱད་པར་གྱི་གོ་རིམས་ཅན་གྱི་ཡི་གེ་མི་རྟག་པ་རྣམས་ཉིད་མཚོ་དང་རོ་ལ་སོགས་པ་ལ་རྟོགས་པ་ཐ་དད་པའི་རྒྱུ་མཚན་དུ་རིགས་ཀྱི་རྟག་པ་ནི་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་དུ་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །དེ་དག་ལས་གོ་རིམས་དོན་
གཞན་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། གང་ཞིག་བརྗོད་པར་འདོད་གང་ལས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། སྨྲ་བ་པོའི་རྒྱུད་ལ་ཡི་གེ་རེ་རེ་དེ་ཀུན་ནས་སློང་བའི་ཤེས་པ་སྔ་མའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པར་བྱ་
เล่ม ๑๙๒ · หน้า 202b
བ་ཡིན་ཞིང་དེ་དག་ལས་ཡི་གེ་རྣམས་རིམ་པ་དང་ལྡན་པར་འབྱུང་སྟེ། དེས་ཉན་པ་པོའི་རྒྱུ་ལས་ཡི་གེ་སྔ་མ་སྔ་མ་འཛིན་པའི་ཤེས་པ་ལྷན་ཅིག་བྱེད་པ་ཅན་རང་གི་ཡུལ་ཅན་གྱི་ཤེས་པ་རིམ་པ་དང་ལྡན་པར་དངོས་སུ་སྐྱེད་པར་བྱེད་དོ། །དེའི་འོག་ཏུ་བདག་གི་ཡུལ་ཅན་རིམ་གྱིས་འབྱུང་བའི་དྲན་པ་བརྒྱུད་
ནས་སྐྱེད་པར་བྱེད་དོ། །དེ་ལྟ་ཡིན་དང་སྨྲ་བ་པོའི་རྒྱུད་ལ་ཡོད་པའི་རང་ཀུན་ནས་སློང་བའི་ཤེས་པ་ལ་ལྟོས་པ་དང་། གང་དེ་དག་གིས་བསྐྱེད་པའི་ཉན་པ་པོའི་རྒྱུད་ལ་ཡོད་པ་ལ་ཡང་ལྟོས་ནས་རྒྱུ་ཉིད་གང་ཡིན་པ་དེ་ཉིད་དེ་དག་གི་གོ་རིམས་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཚིག་སོ་སོ་ལ་ཚིག་རྣམས་རང་བཞིན་ཐ་དད་
པའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པས་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པ་ལ་རྟོགས་པ་ཐ་དད་པར་རིགས་ཀྱི་རྟག་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་ཐམས་ཅད་དུ་ནི་ཐམས་ཅད་ཀྱི་ཚེ་ངོ་བོ་གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །དེ་དག་ལས་གོ་རིམས་དོན་གཞན་དུ་གྱུར་པར་འདོད་པ་ཡང་མ་ཡིན་ཏེ། དོན་གཞན་དུ་གྱུར་པ་ཉིད་
ཡིན་ན་ཡང་འབྲེལ་པ་མ་གྲུབ་པའི་ཕྱིར་ཞེས་བྱ་བར་དགོངས་པའོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཡི་གེ་གང་ཞིག་སྐྱེ་བར་འགྱུར་ཏེ་ཞེས་སྦྱར་ཏེ་ཇི་ལྟར་རོ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ར་ལ་སོགས་པའི་རྗེས་ལ་རྣ་རུ་ལ་སོགས་པ་བཞིན་ནོ། །གང་ལས་ཤེ་ན། གང་གི་བརྗོད་པར་
འདོད་པ་ལས་བྱུང་བའི་བརྗོད་པར་འདོད་པ་ལ་སྟེ། དེའི་ཕྱིར་ཡི་གེ་ར་ལ་སོགས་པའི་བརྗོད་པར་འདོད་པ་ནི་གང་གི་བརྗོད་པར་འདོད་པའོ། །དེ་ལས་བྱུང་བའི་བརྗོད་པར་འདོད་པ་གང་ཡིན་པ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། སྨྲ་བ་པོའི་རྒྱུད་ལ་ཡི་གེ་སྔ་མ་སྔ་མ་ཀུན་ནས་སློང་བར་
བརྗོད་པར་འདོད་པ་ལས་བྱུང་བའི་ཕྱི་མ་ཕྱི་མའི་བརྗོད་པར་འདོད་པ་གཞན་དེ་ལས་ཕྱི་མ་ཕྱི་མའི་ཡི་གེ་སྐྱེ་བ་གང་ཡིན་པ་དེ་དྲན་པར་བྱེད་ཅེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །དེ་ལྟར་རེ་ཞིག་སྨྲ་བ་པོའི་རྒྱུད་ལས་ཡོད་པའི་ཡི་གེ་ཀུན་ནས་སློང་བའི་ཤེས་པའི་རིམ་པ་ལས་ཡི་གེ་རྣམས་ཀྱི་སྐྱེ་བའི་རིམ་པ་
འབྲས་བུ་ཉིད་དུ་བསྟན་ཏོ། །ད་ནི་ཉན་པ་པོའི་རྒྱུད་ལ་ཡོད་པའི་ཤེས་པ་ལས་རྒྱུད་ཉིད་དུ་སྟོན་པ་ནི། དེའི་ཞེས་བྱ་བ་སྟེ། གང་ཞིག་ཅེས་བསྟན་པ་དང་སྦྱར་ཏེ། དེའི་ཐོས་པ་སྐྱེའོ་ཞེས་འབྲེལ་ལོ། །དེ་མ་ཐག་ཅེས་བྱ་བ་ནི་བར་མ་ཆོད་པས་སོ། །དེ་ལྟར་ཉན་པ་པོའི་ཤེས་པའི་རྒྱུ་ཉིད་དུ་བསྟན་ནས། ད་ནི་
เล่ม ๑๙๒ · หน้า 203a
དྲན་པའི་རྒྱུ་ཉིད་དུ་སྟོན་པ་ནི། དེ་ནི་ཞེས་བྱ་བ་སྟེ་ཡི་གེ་ཕྱི་མ་ཕྱི་མའོ། །དེ་དྲན་ཏེ་སྔ་མ་སྔ་མ་དྲན་པ་ལ་ལྟོས་ནས་ཉམས་སུ་མྱོང་བའི་ཤེས་པ་ལ་ཕྱིས་ཏེ་དུས་ཕྱིས་བདག་ལ་སྟེ་རང་གི་ཡུལ་ལ་དྲན་པར་བྱེད་དོ། །ཅི་འདྲ་ཞེ་ན། ཡི་གེ་སྔ་མ་སྔ་མ་རྟོགས་བྱུང་བའི་རིག་པའོ། །ཡི་གེ་སྔ་མ་སྔ་མ་
རྟོགས་པ་སྟེ། ཉམས་སུ་མྱོང་བ་ནི་ཡི་གེ་སྔ་མ་སྔ་མ་རྟོགས་པའོ། །དེ་ལས་བྱུང་བའི་རིག་པ་སྟེ་ཉམས་སུ་མྱོང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཧ་ཅང་མྱུར་དུ་ཐོས་མིན་ཞེས་བྱ་བ་ནི་མྱུར་དུ་ཐོས་པ་ནི་དྲན་པ་སྐྱེད་པར་བྱེད་མི་ནུས་པའི་ཕྱིར་རོ། །ཀུན་སློང་དང་འཛིན་པ་ཞེས་ཟླས་དབྱེ་ལ།
ཡི་གེ་དེ་དག་གམ་ཀུན་སློང་དང་འཛིན་པ་དེ་དག་སྟེ་ཕྱིས་ཤེས་པའི་སྒྲ་དང་ལས་འཛིན་པའོ། །འདི་བྱེད་པའི་ཚིག་གཉིས་པའི་མཐའ་ཅན་ཡིན་ནོ། །རྟེན་གྱི་སྒྲ་ནི་ལས་ཀྱི་ཚིག་སྟེ་དེ་དང་ལྡན་པའི་ཕྱིར་རོ། །རྒྱུ་ཉིད་དུ་བསྐྱེད་བྱ་ཞེས་ཇི་ལྟར་འཐད་པར་སྦྱར་ཏེ། ཀུན་ནས་སློང་བའི་ཤེས་པ་ལ་བསྐྱེད་
པར་བྱ་བར་འཛིན་པའི་ཕྱིར་ཉམས་སུ་མྱོང་བ་དྲན་པའི་ཤེས་པ་ལ་ལྟོས་ནས་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གོ་རིམས་དོན་གཞན་དུ་གྱུར་པ་བསལ་ནས། བརྡ་སྤྲོད་པ་བས་བརྟགས་པའི་སྒྲ་ཙམ་དག་ལས་དོན་གཞན་དུ་གྱུར་པ། རྗོད་པར་བྱེད་པའི་སྒྲའི་བདག་ཉིད་ཀྱི་གསལ་བ་ཡང་
དགག་པར་འདོད་ནས། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གསལ་བའི་བདག་ཉིད་འདི་ཅི་མངོན་སུམ་གྱིས་གྲུབ་བམ། འོན་ཏེ་མི་སྣང་བའི་རྗེས་སུ་དཔག་པས་གྲུབ། དེ་ལ་ཡང་ཅི་རྟག་པ་ཡིན་ནམ། འོན་ཏེ་ཇི་ལྟར་བྱེ་བྲག་ཏུ་སྨྲ་བའི་འགའ་ཞིག་གིས་བརྟགས་པ་བཞིན་དུ་མི་རྟག་
པ་ཡིན། དེ་བཞིན་དུ་ཆ་ཤས་མེད་པ་འགའ་ཞིག་གམ། འོན་ཏེ་ཆ་ཤས་དང་བཅས་པ་ཡིན་ཞེས་བརྟག་གོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྣང་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་དག་ལས་ཐ་དད་པའི་ཆ་མེད་པ་གཞན་སྒྲའི་བདག་ཉིད་ཉན་པ་པོའི་
སེམས་ལ་སྣང་བར་མངོན་པ་ནི་མ་ཡིན་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་དེ་ལས་སླར་ལ་འདི་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེ་ལ་ཡང་དངོས་པོའི་ཆོས་གཏན་ཚིགས་སུ་འགྱུར་རམ། དངོས་པོ་མེད་པའི་ཆོས་སམ། གཉི་གའི་ཆོས་འབའ་ཞིག་གཏན་
เล่ม ๑๙๒ · หน้า 203b
ཚིགས་སུ་འགྱུར་ཞེས་རྣམ་པར་བརྟག་གོ། །ཕྱོགས་དང་པོ་ལ་གསལ་བ་ཞེས་བྱ་བའི་ཆོས་ཅན་གྱི་ཆོས་ཞིག་གཏན་ཚིགས་ཡིན་ནམ་ཆོས་ཅན་གཞན་གྱི་ཆོས་ཡིན་གྲང་། དེ་ལ་གསལ་བ་ཞེས་བྱ་བའི་ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་དེའི་ཆོས་ཀྱང་མ་གྲུབ་པས་རེ་ཞིག་དེའི་ཆོས་གཏན་ཚིགས་མ་ཡིན་
ནོ། །གཞན་གྱི་ཆོས་ཀྱང་གཏན་ཚིགས་མ་ཡིན་ཏེ། ཕྱོགས་ཆོས་མེད་པའི་ཕྱིར་དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མིག་གིས་གཟུང་བར་བྱ་བ་ཉིད་ལྟ་བུའོ། །དངོས་པོ་མེད་པའི་ཆོས་ཀྱང་གཏན་ཚིགས་མ་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གཉི་
གའི་ཆོས་ཀྱང་གཏན་ཚིགས་སུ་མི་འགྱུར་ཏེ། དེ་ནི་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་རང་བཞིན་གྱི་གཏན་ཚིགས་ཀྱིས་གྲུབ་པའམ། འབྲས་བུའི་གཏན་ཚིགས་ཀྱིས་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་མ་ཡིན་ཏེ། དེ་ནི་དབང་པོ་ལས་འདས་པ་ཉིད་ཡིན་པས་དེའི་རང་བཞིན་མི་གྲུབ་པའི་
ཕྱིར་རོ། །གྲུབ་ན་ནི་གཏན་ཚིགས་ཚོལ་བའི་འབད་པ་དོན་མེད་པར་འགྱུར་ཏེ། དེའི་རང་བཞིན་གྲུབ་པ་ཉིད་ཀྱི་ཕྱིར་དང་། འབད་པ་ནི་གྲུབ་པ་དོན་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། དབང་པོ་ལས་འདས་པ་དང་ལྷན་ཅིག་གི་རྒྱུ་དང་འབྲས་བུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །ཡང་
ན་ཅི་སྟེ་ཇི་ལྟར་རྣ་བ་ལ་སོགས་པའི་ཤེས་པ་རེས་འགའ་བ་ཉིད་ཀྱིས་རྒྱུ་གཞན་ལ་ལྟོས་པ་དང་བཅས་པ་ཉིད་དུ་གྲུབ་པ་ན་ཤུགས་ཀྱིས་རྣ་བ་ལ་སོགས་པའི་དབང་པོ་གྲུབ་པར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་དོན་རྟོགས་པ་ཆོས་ཅན་དུ་བྱས་ནས་ཡི་གེ་ཁྱད་པར་མེད་པ་དང་ཡང་མཚོ་དང་རོ་ཞེས་བྱ་བ་ལ་སོགས་
པ་ལ་དོན་ཐ་དད་པ་རྟོགས་པའི་ཕྱིར་གསལ་བ་ཞེས་བྱ་བའི་རྒྱུ་གཞན་བརྟག་པར་བྱའོ་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ཡི་གེ་རྣམས་ལ་ཁྱད་པར་མེད་པ་མ་གྲུབ་པའི་ཕྱིར་རོ། །འདི་ནི་ད་ལྟ་ཉིད་དུ་བསྟན་ཟིན་ཏེ་རྒྱུ་དང་འབྲས་བུ་ཐ་དད་པའི་ཕྱིར། ཚིག་སོ་སོ་ལ་ཐ་དད་པ་ན་ཡི་གེ་རྣམས་
ཉིད་དོན་རྟོགས་པ་ལ་ནུས་པ་ཡིན་ནོ། །དེའི་ཕྱིར་དེ་བརྟགས་པ་དོན་མེད་དོ་ཞེས་བྱ་བ་ནི་དེ་ལྟར་རྗེས་སུ་དཔག་པར་བྱ་བ་ཉིད་ལ་སྐྱོན་བརྗོད་པར་བྱའོ་ཞེས་བྱ་བར་དགོངས་པའོ། །ཅི་སྟེ་ཡང་འདི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཏན་དུ་མི་སྣང་བ་ཉིད་ཡིན་ནོ་སྙམ་ན། འདི་
เล่ม ๑๙๒ · หน้า 204a
ནི་མི་སྣང་བ་ཉིད་ན། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྟགས་མ་ཤེས་པ་ཤེས་པར་བྱེད་པར་མི་འགྱུར་བ་དེ་བཞིན་དུ་འདི་ཡང་འགྱུར་ཏེ་མི་ཤེས་པའི་ཕྱིར་རོ། །ཅི་སྟེ་ཡོད་པ་ཙམ་གྱི་མིག་ལ་སོགས་པའི་དབང་པོ་བཞིན་དུ་མི་ཤེས་ཀྱི་དོན་རྟོགས་པའི་རྒྱུར་འགྱུར་ན་འོན་དེ་ལྟ་ན་དེ་ལས་བྱུང་
བའི་ཤེས་པ་ཐམས་ཅད་ཀྱི་ཚེ་འགྱུར་ཏེ། དེ་བཞིན་དུ་བརྡ་འཛིན་པ་ལ་སོགས་པ་མེད་པར་དེ་ལས་བྱུང་བའི་ཤེས་པ་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། བརྡ་ནི་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །འདི་ལ་འཐད་པ་སྨྲས་པ་ནི། འདི་ལྟར་ཞེས་བྱ་བའོ། །ཡང་ཅི་སྟེ་བརྡ་མངོན་པར་གསལ་བ་
ཁོ་ན་འདིའི་དོན་རྟོགས་པའི་རྒྱུར་འདོད་ཀྱི་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ། །དེས་ན་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་སྙམ་ན། བརྡ་ཙམ་སྒྲ་དང་ཡི་གེས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་མཐོང་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་དང་། སྣང་དུ་མི་རུང་བ་ཉིད་དུ་
འདོད་པའི་ཕྱིར་རོ། །དེ་ཉིད་ཤེས་པ་གསལ་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྙམ་དུ་སྣང་བཞིན་པ་མི་མངོན་ནོ་ཞེས་བྱ་བ་འདི་མ་གྲུབ་སྟེ། འདི་ལྟར་ཡི་གེ་སྔ་མ་སྔ་མས་བསྒོས་པའི་འདུ་བྱེད་ལེགས་པར་བྱས་པ་ཐོབ་པའི་བློ་ལ་སྒྲ་ཆ་མེད་པར་སྣང་བ་ཉིད་ཡིན་ནོ་སྙམ་དུ་སེམས་ན་སྒྲ་ཙམ་
གྱིས་བསྒོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐོབ་པ་སྐྱེས་པའོ། །བློ་སྔ་མས་བསྒོས་པའི་ལེགས་པར་བྱས་པ་ཡོངས་སུ་སྨིན་པའི་བློ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུ་མཚན་མེད་ཅེས་བྱ་བ་ནི། ཡི་གེ་རྣམས་ཉིད་ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་ཕྱིས་སྲེད་པར་བྱེད་པའི་དྲན་པའི་
ཤེས་པ་ངེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འདི་ལྟར་ཡི་གེ་རྟོགས་པ་ལས་ཕྱིས་སྒྲའི་བདག་ཉིད་ཆ་མེད་པ་གཞན་ཉེ་བར་མཚོན་པ་ཉིད་མ་ཡིན་ལ། སྨྲ་བ་པོ་འདི་བདག་ཉིད་ཀྱིས་རྟོགས་པ་ཡང་མ་ཡིན་ཏེ། གལ་ཏེ་འགྱུར་ན་ལེགས་པར་འདོད་པའི་རྨོངས་པའི་བློ་ཅན་གྱི་ལེགས་པ་
ཉིད་དུ་འབྱུང་བ་ཁོ་ནར་ཟད་པའི་ཕྱིར་མཐའི་བློ་ལ་ཆ་ཡོངས་སུ་རྫོགས་པའི་སྒྲ་སྣང་བའི་ཕྱིར་རྨི་ལམ་བཞིན་དུ་སྤྱོད་དོ། །དེ་ལྟར་རེ་ཞིག་རྟག་པའི་ཕྱོགས་ལ་སུན་འབྱིན་པ་བསྟན་ཏོ། །ད་ནི་རྟག་པ་དང་མི་རྟག་པའི་ཕྱོགས་ལ་ཡང་སུན་འབྱིན་པ་ཆ་མེད་པའི་ཕྱོགས་ལ་འཆད་པ་ན། གང་དག་རིམ་
เล่ม ๑๙๒ · หน้า 204b
པ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་འབྲས་བུ་ཚིག་བརྗོད་པས་ངག་གི་གསལ་བ་མི་རྟག་པ་ཡིན་པའི་ཕྱིར་བསྐྱེད་པར་བྱ་བ་ཉིད་དུ་ཁས་ལེན་ཏོ། །ཆ་མེད་ལ་ཞེས་བྱ་བ་ནི་ཆ་མེད་པའི་དངོས་པོ་ལའོ། །ངོ་བོ་གཅིག་ལས་དབྱེར་མེད་ཕྱིར། །ཞེས་བྱ་བ་ནི་སྐྱེ་བའམ། གསལ་བའི་
ངོ་བོ་གཅིག་ལས་མ་སྐྱེས་པ་དང་མི་གསལ་བར་མངོན་པར་འདོད་པའི་ངོ་བོ་ཡང་ཕྱི་རོལ་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །དེ་དག་སྟེ་རིགས་དང་གསལ་ལ་གཉིས་ཐམས་ཅད་དུ་འབྱུང་བར་འགྱུར་རོ། །དེ་ལྟ་ཡིན་དང་ཡི་གེ་ལྷག་མ་ལ་སོགས་པ་སྦྱོར་བ་དོན་མེད་པར་འགྱུར་རོ། །ཆ་ཤས་དང་བཅས་
པའི་ཕྱོགས་ལ་ཡང་སུན་འབྱིན་པ་ནི་ཇི་ལྟར་ཡི་གེ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བའི་ཆ་ཤས་དེ་དག་སོ་སོར་དོན་མེད་པའམ། དོན་དང་བཅས་པ་ཡིན་གྲང་། ཕྱོགས་དང་པོ་ལ་རིམ་ཅན་དུ་འབྱུང་བའི་ཕྱིར་ཡི་གེ་ཆ་ཤས་བཞིན་དུ་སྟོན་པར་བྱེད་པ་མ་ཡིན་པར་ཐལ་བ་དང་།
དེའི་ངོ་བོ་མ་ཡིན་ན་རྗོད་པར་བྱེད་པ་ཉིད་རྟག་པར་འགྱུར་ཏེ། འདི་ལྟར་དོན་དང་ལྡན་པའི་བདག་ཉིད་ནི་ངག་ཏུ་བརྗོད་ལ། རང་ཉིད་ཀྱིས་དོན་བྱེད་པའི་ཆ་ཤས་དེ་དག་ཀྱང་དེ་དག་ལ་དེའི་བདག་མ་ཡིན་པར་རྟོགས་ན་སྒྲོ་བཏགས་པར་འགྱུར་ཏེ། བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སེང་གེ་ལ་སོགས་པ་
གཞན་བཞིན་ནོ། །རྗོད་པར་བྱེད་པ་ཉིད་དུ་རྟོགས་ན་ཡང་ཡི་གེའི་ཡན་ལག་ཉིད་རྗོད་པར་བྱེད་ལ་རག་མོད། ཅིའི་ཕྱིར་མ་མཐོང་བའི་གསལ་བའི་ཆ་ཤས་རྟོགས་པར་བྱེད། ཅི་སྟེ་དོན་དང་བཅས་པ་ཉིད་ཡིན་ན་དེའི་ཚེ་དུ་མ་བརྟགས་པ་དོན་མེད་པ་ཡིན་ཏེ། དོན་ཡོངས་སུ་རྫོགས་པ་སྒྲའི་ངོ་བོ་
ངག་ཅེས་བྱ་བ་ལ། གལ་ཏེ་ཡན་ལག་རེ་རེ་དོན་དང་ལྡན་པར་གྱུར་ན། དེའི་ཚེ་དེ་དག་ཉིད་ངག་ཏུ་བརྗོད་པའི་ཕྱིར་གཅིག་ཡན་ལག་དུ་མའི་བདག་ཉིད་དུ་གྲུབ་པར་མི་འགྱུར་རོ། །ཡན་ལག་གཅིག་རྟོགས་པ་ན་ཡང་ངག་གི་དོན་རྟོགས་པར་ཐལ་བར་འགྱུར་རོ། །ཇི་སྐད་དུ། རེ་རེ་དོན་གཅིག་ཉིད་ན་
ཡང་། །དུ་མ་ཉིད་རྟོགས་དོན་མེད་ལ། །ཆ་ཤས་གཅིག་ཉིད་རྟོགས་པས་ཀྱང་། །གང་གི་དོན་དག་རྟོགས་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །ཆ་མེད་པ་ལ་རིམ་པ་ཡིས། །གསལ་དང་སྐྱེ་བ་འཐད་མ་ཡིན། །ཞེས་གང་སྨྲས་པ་འདིའི་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། སྒྲ་ཙམ་ཞིག་
เล่ม ๑๙๒ · หน้า 205a
གིས་ལན་གཅིག་ཏུ། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཡང་སྒྲ་གཅིག་གིས་རིགས་སམ། གསལ་བ་བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པའམ། གསལ་བར་བྱས་པ་དེ་ལྟ་ན་ཡང་ཕྱི་རོལ་གྱི་སྒྲ་སྦྱོར་བ་དོན་མེད་པ་མ་ཡིན་ཏེ། དེ་ནི་གསལ་བ་གསལ་བར་བྱ་བའི་དོན་དུ་
ཡིན་པའི་ཕྱིར་རོ། །འདི་ལྟར་ཚིགས་སུ་བཅད་པ་གཅིག་ཡང་ནས་ཡང་དུ་བཟླས་པ་ན་གསལ་བར་འགྱུར་གྱི། ལན་ཅིག་བརྗོད་པས་ནི་མ་ཡིན་ནོ། །ཡང་བཟླས་པས་དེའི་ཁྱད་པར་གཞན་བྱེད་པ་ཡང་མ་ཡིན་པ་ལ་ཡང་བཟླས་པ་དོན་མེད་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་ཕྱིས་ཀྱི་སྒྲ་དོན་
མེད་པར་མི་འགྱུར་རོ། །འདི་ཉིད་སྟོན་པ་ནི། གང་ཕྱིར་ཞེས་བྱ་བའོ། །རྟོགས་པར་དཀའ་ཞེས་བྱ་བ་ནི་ངེས་པར་གཟུང་བར་མི་ནུས་པའོ། །ཀྭ་ཡེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཀྭ་ཡེ་ཞེས་བྱ་བ་ནི་བོད་པ་ཉིད་དེ་དང་པོ་བརྗོད་པ་ཡི་གེ་འམ། གཞན་ཏེ་དེའི་ཁོངས་སུ་
གཏོགས་པའི་གཅིག་པོ་འགའ་ཞིག་ཡང་ནས་ཡང་དུ་བཟླས་པས་ཅིའི་ཕྱིར་གསལ་བར་མི་བྱེད། དེས་བྱས་པ་ན་གསལ་བར་མ་བྱས་པར་མི་འགྱུར་ཏེ། འདི་ལྟར་ཐམས་ཅད་ཀྱི་ཚད་མ་གཅིག་ཡིན་པའི་ཕྱིར་དེའི་གསལ་བ་བཟླས་པ་ཙམ་གྱིས་ཡི་གེ་ཕྱི་མ་ཕྱི་མ་བརྗོད་པ་ཡིན་ནོ། །བཟླས་པ་དེ་བས་གཅིག་
ཉིད་ཀྱིས་ཡང་ནས་ཡང་དུ་བཟླས་པར་བྱ་བར་ནུས་པའི་ཕྱིར་ཡི་གེ་ལྷག་མ་བརྗོད་པ་དོན་མེད་དོ། །ཡི་གེ་ཕྱི་མ་ཕྱི་མ་ཡང་མ་ཡིན་ཏེ། ནུས་པ་ཐ་དད་པ་ཉིད་དུ་ཁས་བླངས་ནས་ཆ་ཤས་མེད་པའི་ཁྱད་པར་གཞན་བརྗོད་པར་མི་ནུས་པའི་ཕྱིར་དང་། ཁྱད་པར་གཞན་གྱི་རྒྱུ་མེད་པས་ནུས་པ་ཐ་དད་པ་བརྟགས་པ་
དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མིན་ནམ་ཞེས་བྱ་བ་ནི་བོད་པའོ། །མངོན་པར་གསལ་བ་ཡིན་ན་འདི་ཐམས་ཅད་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡུལ་དང་དབང་པོ་ལེགས་བྱས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཡི་གེ་དག་ལ་རྣམ་
པར་ཤེས་པ་སྐྱེད་པར་རུང་བ་དང་མི་རུང་བའི་རང་བཞིན་བརྟགས་པས་ཡུལ་དང་དབང་པོ་ལེགས་པར་བྱས་པའི་ངོ་བོའི་མངོན་པར་གསལ་བས་སུན་དབྱུང་བ་དེ་བཞིན་དུ་འདིར་ཡང་སུན་དབྱུང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྣང་བའི་ཞེས་བྱ་བ་ནི་གསལ་བར་སྣང་བ་ལ་ཡང་སྟེ་ཁས་བླངས་
เล่ม ๑๙๒ · หน้า 205b
ནས་རྩོད་པ་འདི་ཡིན་ནོ། །འདི་སྐད་དུ་བསྟན་པ་འདི་ཡིན་ཏེ། གལ་ཏེ་ཡི་གེ་ལས་ཐ་དད་པའི་གསལ་བ་ཞེས་བྱ་བ་སྒྲའི་བདག་ཉིད་གཞན་སྣང་བར་གྱུར་ན། དེ་ལས་འདིའི་མངོན་པར་གསལ་བ་སྲིད་པར་འགྱུར་ཏེ། མངོན་པར་གསལ་བ་ནི་དམིགས་པའི་མཐར་ཐུག་པའི་ཕྱིར་རོ། །དེ་ལས་འདི་མངོན་
པར་གསལ་བ་སྲིད་པར་འགྱུར་ཏེ། གང་གི་ཕྱིར་སྣང་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །སྣང་དུ་ཆུག་མོད། དེ་ལྟ་ན་ཡང་རང་བཞིན་གྱིས་དམིགས་པར་འགྱུར་བའམ། མི་དམིགས་པར་འགྱུར་བའི་རང་བཞིན་གསལ་བ་ཡང་མངོན་པར་མི་རིགས་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་
མཇུག་བསྡུས་ནས་གསལ་བ་མེད་པ་ཡང་དོན་རྟོགས་པ་སྐྱེད་པའི་རིམ་པ་སྟོན་པ་ཡིན་ནོ། །འོན་ཏེ་ཡི་གེ་རྣམས་ནི་རིམ་པ་དང་ལྡན་པ་ཡིན་ལ་ཡན་ལག་རྣམས་ཀྱང་རིམ་གྱིས་ཉམས་སུ་མྱོང་ཞིང་། ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་ཡང་དྲན་པ་མ་ཡིན་ནམ། དེ་ཇི་ལྟར་གསལ་བ་མེད་པར་
ཡི་གེ་མཐའ་དག་སྣང་བའི་དྲན་པའི་ཤེས་པ་ཅི་རིགས་པ་ཡིན། ཤེས་པ་རིམ་པ་ཅན་མ་ཡིན་པ་ལ་ཡི་གེ་རྣམས་རིམ་ཅན་དུ་སྣང་བ་ཡང་རིགས་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། ཐ་མའི་ཡི་གེ་རྣམས་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འདི་བསྟན་ཏེ་དང་པོ་ནི་ཉམས་སུ་
མྱོང་བའོ། །དེའི་འོག་ཏུ་དེ་མ་ཐག་ཏུ་བྱུང་བའི་འདུ་བྱེད་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་དྲན་པ་སྐྱེ་ལ། དེ་ནས་འདུ་བྱེད་དག་ལས་དུས་ཕྱིས་ཅིག་ཅར་ཡི་གེ་མཐའ་དག་ངེས་པའི་ཚོགས་པ་དྲན་པའི་ཤེས་པ་གཞན་སྐྱེ་སྟེ། ཇི་ལྟར་མཐོང་བ་བཞིན་དུ་ཞེན་པའི་ཕྱིར་རོ། །འདི་ཡང་རྒོལ་བ་ཐམས་
ཅད་ལ་གྲུབ་པ་ཡིན་གྱི་བདག་ཁོ་ནས་བརྟགས་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། རིམ་གྱིས་ཤེས་པ་ཡིན་ན་ཡང་། །ཞེས་བྱ་བ་སྟེ། འདི་དག་ཅེས་བྱ་བ་ནི་ཚོགས་པའི་ཤེས་པའོ། །འདི་ཡང་རིགས་པ་དང་ལྡན་པའི་ཕྱིར་ཁས་བླངས་པ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཁས་མི་ལེན་ན་ཞེས་བྱ་བ་
ལ་སོགས་པའོ། །གལ་ཏེ་ཉམས་སུ་མྱོང་བའི་རིམ་པ་ཇི་ལྟ་བ་བཞིན་དུ་དྲན་པ་ཐམས་ཅད་དུ་སྐྱེ་ན། དེའི་ཚེ་རིམ་གྱིས་ཉམས་སུ་མྱོང་བའི་བརྒྱ་ལ་སོགས་པ་ལ་ཅིག་ཅར་བརྒྱ་ལ་སོགས་པའི་རྣམ་པར་རྟོག་པར་མི་འགྱུར་རོ། །བརྒྱ་དང་བྱེ་བ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱང་སྐྱེ་བའི་དུས་ཐ་དད་
เล่ม ๑๙๒ · หน้า 206a
པར་མི་འགྱུར་རོ། །དེས་ན་ཞེས་བྱ་བས་མཇུག་སྡུད་པར་བྱེད་དེ། གལ་ཏེ་དེ་ལྟ་ན་ཚོགས་པའི་ཤེས་པ་ཁོ་ན་དོན་རྟོགས་པའི་རྒྱུར་འགྱུར་གྱི་ཡི་གེ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་སྒྲ་ལས་མཇུག་
ཐོགས་སུ་དོན་རྟོགས་པར་འགྱུར་བ་ཞེས་བྱ་བ་འདི་ནི་བྱིས་པའི་བར་གྱིས་རྟོགས་པ་ཡིན་ནོ་ཞེས་དོགས་ན། དེ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོགས་པའི་ཤེས་པ་དེ་ལ་གནས་པའོ། །འཇིག་རྟེན་པ་རྣམས་ཀྱིས་ཞེས་བྱ་བ་ནི་རང་གི་དོན་དེ་ལ་ཕན་པའི་རྐྱེན་ཡིན་ནོ། །འོ་ན་དེ་ལྟ་ན་ཡང་དེ་
དག་ནི་འགགས་ནས་རིང་དུ་ལོན་པའི་ཕྱིར་གཏན་ནས་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་དེ་ལ་གནས་པར་འགྱུར། །ཞེས་དོགས་པ་ལ། རྣམ་པ་དང་ལྡན་ཤེས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་རྣམ་པ་མེད་པ་ལ་མི་རིགས་ཤེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། དེ་ལྟ་ཡིན་དང་མཐའི་ཡི་གེ་ལ་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་གསལ་པར་སྨྲ་བ་ལ་ཚོགས་པའི་ཤེས་པ་བརྗོད་པ་ན་གཞོན་ནུ་མ་ལེན་གྱིས་སྨྲས་པ། དེ་ནི་གཙོ་བོ་གཅིག་གི་ལུགས་ལ་འཐད་ཀྱི། ཁྱེད་ཅག་དཔྱོད་པ་པ་ཤེས་པ་རྣམ་པ་མེད་པར་སྨྲས་པ་ལ་ནི་མ་ཡིན་པ་དེས་ན་དེ་
ལྟར་བསྟན་པ་ཡིན་ནོ། །འོན་ཏེ་དཔྱོད་པ་པ་རྣམས་ལ་ཡང་འཐད་པ་ཉིད་མ་ཡིན་ནམ། གང་གིས་སྣང་བར་མི་འགྱུར་བ་དེ་དག་གི་ལུགས་ཀྱི་ཡི་གེ་རྣམས་འཇིག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གསལ་བ་ཡོང་ན་བསྒྲིབས་པ་ཉིད་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས། མ་
ཡིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ཏེ། གལ་ཏེ་ཡི་གེ་དེ་དག་ཉིད་སྔར་ཉམས་སུ་མྱོང་བ་ན་ཕྱིས་གསལ་བ་རྣམས་བསྒྲིབས་པ་ཚོགས་པའི་ཤེས་པས་འཛིན་པར་འགྱུར་ན། དེའི་ཚེ་ཉམས་སུ་མྱོང་བའི་ཤེས་པ་བཞིན་དུ་གསལ་བར་སྣང་བར་འགྱུར་ཏེ། རྣམ་པ་ནི་ཕྱི་རོལ་དུ་རྟོགས་པའི་
ཕྱིར་དང་། དེ་ཡང་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གསལ་བ་བསྒྲིབས་ན་ཇི་ལྟར་སྣང་བར་འགྱུར་ཏེ། གསལ་བ་ནི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་འདས་པ་གནས་པ་སྲིད་པ་ཡིན་ན་དེའི་ཚེ་ཅི་དེ་ཁོ་ན་སྣང་ངམ། འོན་ཏེ་ཤེས་པ་ཁོ་ན་དེ་ལྟར་
เล่ม ๑๙๒ · หน้า 206b
སྐྱེ་བ་ཞེས་བྱ་བ་དེར་འགྱུར་ཏེ། གང་གི་ཕྱིར་འདས་པ་གནས་པ་མེད་པ་ཉིད་ཀྱི་ཕྱིར་དེ་སྣང་བར་མི་རིགས་སོ་ཞེས་སྟོན་པ་ནི། གནས་པ་སྔར་ནི་གསལ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔར་ཞེས་བྱ་བ་ནི་དུས་གསུམ་བརྟགས་པར་རོ། །འདི་ཉིད་ལ་གནོད་པ་ཅན་གྱི་ཚད་མ་བཤད་པ་ནི། དེ་དག་
གནས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཉམས་སུ་མྱོང་བའི་ཤེས་པའི་དུས་ན་དྲན་པ་སྐྱེ་བར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །རྒྱུ་གཅིག་ཕྱིར་ཞེས་བྱ་བ་ནི་རྒྱུ་ཐ་མི་དད་པའི་ཕྱིར་རོ། །འདིར་སྒྲ་པ་དག་རྩོད་པར་བྱེད་དེ། གལ་ཏེ་གསལ་བ་ཞེས་བྱ་བ་སྒྲའི་བདག་ཉིད་གཅིག་
མེད་ན། དེ་ཇི་ལྟར་བ་ལང་གི་སྒྲ་བ་ལང་ཞེས་བྱ་བའི་གཅིག་གི་རྣམ་པ་ཅན་གྱི་བློར་འགྱུར་ཞེ་ན། བ་ལང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་བློ་གཅིག་ཡོད་པས་ན་བློ་གཅིག་ཡིན་ལ་དེའི་དངོས་པོ་ནི་དེ་ཉིད་དོ། །དེ་གཟུང་དོན་གཅིག་ཉིད་དག་གིས། །ཞེས་བྱ་བ་ནི་བློ་གཅིག་པོ་དེས་བཟུང་བ་
ནི་དེ་བཟུང་བ་ཡིན་ལ། དོན་དེ་དགོས་པ་གཅིག་གང་ལ་ཡོད་པ་ལ་དེ་སྐད་ཅེས་བྱའོ། །དེ་གཟུང་དང་དོན་གཅིག་ཅེས་ཟླས་དབྱེའོ། །དེ་དག་གི་དངོས་པོ་ནི་དེ་འཛིན་དོན་གཅིག་ཉིད་དེ་དག་གིས་གཅིག་ཏུ་བརྗོད་དོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། བློ་གཅིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་
དང་། ལྐོག་ཤལ་ལ་སོགས་པའི་དོན་གཅིག་གསལ་བར་བྱེད་པའི་ཕྱིར་བ་ལང་གི་སྒྲ་གཅིག་ཏུ་བརྗོད་པ་ཡིན་ནོ། །ཐམས་ཅད་ལ་བློ་གཅིག་པ་ཉིད་མ་གྲུབ་པོ་ཞེས་སྟོན་པ་ནི་བ་ལང་སྒྲ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་བློ་གཅིག་པའོ། །མྱུར་ཕྱིར་ནི་མགྱོགས་པར་བརྗོད་
པའི་ཕྱིར་རོ། །བར་མཚམས་བྱུང་བ་ནི་བར་ཆོད་ཤིན་ཏུ་ཐུག་པ་ཉིད་དོ། །ལྷས་བྱིན་ལ་སོགས་པའི་ཚིག་ནི་ཡི་གེ་སོ་སོ་ལ་དབྱངས་དང་བཅས་པ་རྣམ་པར་ཆད་པས་གསལ་བར་ཐ་དད་དུ་གཏོགས་པ་ཡིན་པའི་ཕྱིར་བློ་གཅིག་པ་ཉིད་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པོ། །དོན་གྱི་བློ་འདི་ཡི་གེས་བསླངས། །
ཞེས་བྱ་བ་ལ་སོགས་པ་སྦྱོར་བར་བྱེད་དེ། བློ་གང་ཞིག་རྣམ་པར་ཤེས་པ་གང་གི་མཇུག་ཐོགས་སུ་འབྱུང་བ་དེ་ནི་རྒྱུད་ནས་དེ་ནི་ཀུན་ནས་བསླང་བ་ཡིན་ཏེ། དཔེར་ན་དུ་བ་ལ་སོགས་པ་ནི་རྟགས་ཀྱིས་ཤེས་པའི་མཇུག་ཐོགས་སུ་བྱུང་བའི་མེ་ལ་སོགས་པའི་རྟགས་ཅན་གྱི་བློ་བཞིན་ནོ། །དོན་གྱི་བློ་
เล่ม ๑๙๒ · หน้า 207a
ཡང་ཡི་གེའི་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་འབྲས་བུ་ཉིད་ཀྱི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་དོ། །འདིའི་མ་གྲུབ་པ་ཉིད་སྤང་བའི་ཕྱིར། དོན་གྱི་བློ་ནི་ཡི་གེ་
ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཡི་གེ་དག་ལས་ཐ་དད་པའི་སྒྲའི་བདག་ཉིད་དེ་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་མཇུག་ཐོགས་སུ་འབྱུང་བའི་རིགས་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡི་གེའི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་འབྱུང་བས་ཡིན་ནོ། །དེས་ནི་གཏན་
ཚིགས་མ་གྲུབ་པ་མ་ཡིན་ནོ། །འདིས་ཀྱང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ལས་མེད་པའི་ཐ་སྙད་ཀྱང་བསྟན་པ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲས་བུ་ཐ་སྙད་ཀྱི་ཡན་ལག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་ཡན་ལག་
ནི་རྒྱུའོ། །དེ་ཡང་གང་ཞེ་ན། རྗེས་སུ་འགྲོ་དང་ལྡོག་པ་དག། །ཅེས་བྱ་བ་དང་གཞི་མཐུན་པར་སྦྱར་རོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་འདིར་འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་ཡན་ལག་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་འབྲས་བུ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་
པ་ཅན་གྱི་ཚད་མ་ཡིན་པའི་ཕྱིར་ཁྱབ་པར་གྲུབ་པོ། །འདི་སྙམ་དུ་གསལ་བར་རྗོད་པར་བྱེད་པ་ཉིད་དུ་མ་གྱུར་མོད་ཡི་གེ་རྣམས་ཁོ་ན་རྟག་པ་ཉིད་ཡིན་པ་ན་རྗོད་པར་བྱེད་པའི་འགྱུར་ལ། རྟག་པ་དེ་དག་ཀྱང་མངོན་སུམ་ལ་སོགས་པའི་ཚད་མས་གྲུབ་པ་ཡིན་ནོ་སྙམ་སེམས་ན། ཡི་གེ་མི་རྟག་པ་
དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་ཤེས་རྗེས་དཔག་གཉིས་ཞེས་བྱ་བ་ནི་ངོ་ཤེས་ཞེས་བྱ་བ་དང་རྗེས་དཔག་གཉིས་སོ། །ལ་ལར་ངོ་ཤེས་རྗེས་དཔག་ཅེས་འདོན་པ་དེར་ནི་གཅིག་ཏུ་བསྡུ་བའི་ཟླས་དབྱེ་བ་བྱའོ། །ཡང་ན་ལྡན་པའི་སྒྲ་མི་མངོན་པར་བྱས་ལ་ཁྱད་པར་གྱི་བསྡུ་བ་བྱའོ། །རང་གི་ཚིག་
ལ་སོགས་དང་འགལ། །ཞེས་བྱ་བ་ལ་སོགས་པ་ལ། རང་གི་ཚིག་ལ་སོགས་པ་འགལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཐམས་ཅད་ཅེས་བྱ་བ་ནི་རང་གི་ཚིག་ལ་སོགས་པ་དང་འགལ་བའོ། །གོ་རིམས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་རིམ་གྱིས་ཐོས་པ་དང་དྲན་པ་གཟུང་
เล่ม ๑๙๒ · หน้า 207b
ངོ་། །འདི་ལྟར་རྟག་པའི་ཕྱིར་གོ་རིམས་དུས་ཀྱིས་བྱས་པ་མ་ཡིན་ལ། ཁྱབ་པའི་ཕྱིར་ཡུལ་གྱི་བྱས་པ་ཡང་མ་ཡིན་ཞིང་། མངོན་པར་གསལ་བས་ཟིན་པའི་ཕྱིར་མངོན་པར་གསལ་བས་བྱས་པ་ཡང་ཡིན་ནོ། །དེ་བཞིན་དུ་རྟག་པ་རྣམས་ཤེས་པ་སྐྱེད་པ་ལ་ཡང་ཉེ་བར་མཁོ་བ་ཡོད་པ་མ་ཡིན་ནོ་ཞེས་
རྣམ་པ་མང་དུ་བཤད་ཟིན་ཏོ། །སྒྲ་འདི་གང་ཡིན་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཆོས་ཅན་ཐ་དད་རྣམ་བརྟགས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་དག་གི་སོ་སོར་སྣང་བའི་དབང་གིས་ཆོས་ཅན་དུ་གྲུབ་པ་གང་ཡིན་པ་དེ་ཁོ་ན་ཁྱད་པར་
དཔྱད་པའི་རྟེན་ཡིན་གྱི། རང་གི་འདོད་པས་བརྟགས་པ་ནི་མ་ཡིན་ཏེ། དེ་དག་ལ་རྩོད་པ་མེད་པའི་ཕྱིར་རོ། །རང་གི་འདོད་པས་བཀོད་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་རྟོགས་པར་བྱེད་པ་འགའ་ཞིག་བཟློག་པ་ནི་མ་ཡིན་ནོ། །སྣང་བཞིན་ཞེས་བྱ་བ་ནི་སྣང་བཞིན་པའོ། །འདི་ཉིད་བསྟན་
པ་ནི་ཉ་ལ་སོགས་ཀྱི་ཤེས་པ་ལའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །ཆོས་ཅན་ཁྱད་པར་མེད་པར་བསྟན་པ་ལ་ཁྱད་པར་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྟག་ཆོད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཁྱད་པར་མེད་པར་བསྟན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
འདི་ནི་རྟག་པ་ཡིན་ལ་རང་སྤྱིའི་རྣམ་པའི་མཚན་ཉིད་ཀྱི་རྟག་པའི་དོན་དང་འབྲེལ་པས། དེ་སྐད་ཅེས་བྱའོ། །དེས་བསྐྱེད་པའི་བློ་གང་ཡིན་པ་དེ་གལ་ཏེ་ཕྱོགས་ཡིན་ན། དེའི་ཚེ་གཞན་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ནོ། །གལ་ཏེ་གཏན་ནས་འཇིག་པ་ཉིད་མི་རྟག་པ་ཉིད་དུ་བརྗོད་པ་ན་ཞེས་
གང་སྨྲས་པ་དེ་ལ། དེ་ཡི་གནས་སྐབས་རྟག་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་གང་ཞིག་འདོད་པ་ཡིན། །ཞེས་བྱ་བ་ནི་གནས་སྐབས་ནི་གནས་སྐབས་ཅན་ལས་ཐ་མི་དད་པའི་ཕྱིར་ལྡོག་པ་ན་ཤུགས་ཀྱིས་དེ་ཡང་ལྡོག་པ་ཡིན་ཏེ། གཞན་དུ་ན་གང་ཞིག་གང་དང་གྲུབ་པ་
དང་བདེ་བ་གཅིག་པ་ཡིན་པ་དེ་ཇི་ལྟར་དེའི་རང་བཞིན་དུ་རིགས་སྙམ་དུ་བསམས་པ་ཡིན་ནོ། །དབང་པོས་གཟུང་བ་ཉིད་འབའ་ཞིག །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དབང་པོ་འབའ་ཞིག་གིས་གཟུང་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་སྤྱི་བརྟག་པར་རོ། །གལ་
เล่ม ๑๙๒ · หน้า 208a
ཏེ་རིགས་ཀྱི་འཁྲུལ་པ་མ་ཡིན་པ་དེ་ལྟ་ན་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡང་མ་ངེས་པ་ཉིད་ཡིན་ནོ་ཞེས་དོགས་པ་ལ། དབང་པོས་གཟུང་བར་བྱ་བའི་གཏན་ཚིགས་ཀྱི་འབྲེལ་པ་བསྟན་པར་བྱ་བའི་ཕྱིར། རང་སྣང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་སྣང་བའི་དབང་པོའི་ཤེས་པའི་རྒྱུའི་
དོན་ནི་དབང་པོའི་གཟུང་བར་བྱ་བ་བརྗོད་དོ། །རྟག་པ་ནི་རིམ་དང་ཅིག་ཅར་བ་དག་གིས་དོན་བྱེད་པ་མི་རིགས་པའི་ཕྱིར་འབྲེལ་པ་གྲུབ་པོ། །དབང་པོས་གཟུང་བྱ་ཉིད་སོགས་ན། །ཞེས་བྱ་བ་ལ་སོགས་པ་ལ། འདི་འདྲའི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འདི་འདྲ་བ་ཡང་ཡིན་ལ་དོན་
ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། འདི་འདྲ་ཞེས་བྱ་བ་ནི་མ་བརྟགས་ན་ཉམས་དགའ་བའོ། །དེ་ལྟ་མ་ཡིན་ན་དུ་བ་ལ་སོགས་པ་ལ་ཡང་རྣམ་པར་རྟོགས་པར་བྱ་བར་ནུས་ཏེ། ཅི་རྫས་བརྒྱད་ཀྱི་དུ་བ་རྟགས་ཉིད་དུ་ལེན་ཏམ། འོན་ཏེ་རྣམ་པར་ཤེས་པ་དང་། རང་བཞིན་དང་། དུས་ལ་སོགས་
པའི་རྣམ་པར་འགྱུར་བ་ཡིན། གཞན་ཡང་ཡན་ལག་ཅན་ནམ། རྡུལ་ཕྲ་རབ་རྣམས་ཀྱི་བསགས་པ་ཉིད་ལ་སོགས་པ་རྟོག་པ་ན་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་དུ་འགྱུར་རོ། །བརྩལ་མ་ཐག་ཏུ་བྱུང་ཞེས་བྱ་བ་དང་། བྱས་དང་མི་རྟག་སྒྲུབ་བྱེད་གང་། །ཞེས་བྱ་བ་ལ་སོགས་པ་ལ། ཁོ་བོ་ཅག་
ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཁོ་ན་འབྲས་བུ་ཡིན་ཏེ། སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་དེ་རྩོམ་པར་བྱེད་པ་ཞེས་བྱ་བ་དགག་པ་དང་སྦྱར་རོ། །གལ་ཏེ་མདོ་སྡེ་པའི་ལུགས་ཀྱིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པས་འཁྲུལ་པ་
གཞན་བརྗོད་པ་དེའི་ཚེ་འཁྲུལ་པར་མ་གྲུབ་སྟེ། དེ་དག་གི་ལུགས་ཀྱིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་འབྲས་བུ་འགའ་ཞིག་རྩོམ་པར་རིགས་པ་མ་ཡིན་ཏེ། དེའི་མཚན་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་
ཞིག་དོན་གྱི་བྱ་བ་བྱེད་པ་གང་ཡིན་པ་དེ་ཉིད་དོན་དམ་པ་ཡིན་ལ་གཞན་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པའི་མཚན་ཉིད་ཡིན་ནོ། །ཅི་སྟེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ཀྱི་འཁྲུལ་པ་དེ་ཡང་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་ཁྱེད་ཅག་གིས་འཛིན་
เล่ม ๑๙๒ · หน้า 208b
པ་ལ་སོགས་པའི་བདག་ཉིད་ཅི་འདྲ་བ་རྗོད་པ་གང་ཡིན་པ་དེ་འདྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མི་འདོད་དོ་ཞེས་སྟོན་པ་ནི། འགོག་པ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགོག་པ་དག་ཅེས་བྱ་བ་ནི་སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གཉིས་
སོ། །དེ་དག་ཅི་འདྲ་བ་ཞེ་ན། གང་ཕྱིར་ཟག་པ་བཅས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ནས་ཉོན་མོངས་པའི་དངོས་པོ་རྣམས་དང་བྲལ་བ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་སྟེ། ཤེས་རབ་ཀྱིས་ཐོད་པའི་ཕྱིར་སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་ལ། དེ་ཡང་ལྡན་པའི་རྫས་རེ་རེ་ལ་
ཐ་དད་པ་ཡིན་ནོ། །འདི་ཉིད་འཆད་པ་ནི་སོ་སོ་སོ་སོ་ཡིན་ཞེས་བྱ་བ་སྟེ། ལྡན་པའི་རྫས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་གེགས་སུ་གྱུར་པ་བྲལ་བ་ལས་གཞན་གང་ཡིན་པ་དེ་ནི་སོ་སོར་བརྟག་
པ་མ་ཡིན་པས་འགོག་པ་ཞེས་བྱ་བ་སྟེ། དེ་ཡང་སོ་སོར་བརྟགས་པས་ཐོབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་མ་ཚང་བ་སྟེ། དེའི་ཕྱིར་སོ་སོར་བརྟག་པ་མ་ཡིན་པས་འགོག་པ་ཞེས་བྱ་བ་སྟེ། ཇི་སྐད་དུ། སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་
དུ་གེགས་བྱེད་པ། །འགོག་གཞན་སོ་སོ་བརྟག་མིན་པས། །ཞེས་བཤད་པ་བཞིན་ནོ། །འཇིག་པའི་བདག་ཉིད་ཡིན་དུ་ཟད་མོད། དེ་ལྟ་ན་ཡང་འཁྲུལ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རང་བཞིན་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྩལ་མ་ཐག་ཏུ་བྱུང་བ་མིན། །ཞེས་
བྱ་བ་དང་སྦྱར་རོ། །གང་ལས་ཤེ་ན། རང་བཞིན་མེད་པའི་ཕྱིར་ཏེ། ཇི་ལྟར་དངོས་པོ་ཡོད་པ་བཀག་པ་ཙམ་གྱིས་འཇིག་པ་ཡིན་ལ། ནམ་མཁའ་ཡང་རེག་པར་བྱ་བ་མེད་པ་ཙམ་ཡིན་ཏེ། དེ་ལྟ་ཡིན་དང་འཇིག་པ་འདི་གཉིས་ཀྱང་རང་བཞིན་མེད་པ་ཡིན་ན། དེ་ཇི་ལྟར་འདི་དག་བརྩལ་མ་ཐག་ཏུ་
འབྱུང་བར་འགྱུར་ཏེ། རང་བཞིན་མེད་པ་ཉིད་ཀྱི་དོན་མེད་པ་ཡིན་པའི་ཕྱིར་རོ། །འོ་ན་ད་ནི་འཇིག་པའི་ཤེས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེ་ན། གྱོ་མོ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྣང་བའི་ཚོགས་ནི་སྣང་བ་འདུས་པའོ། །སོགས་པའི་སྒྲས་ནི་འོད་ལ་སོགས་པའི་ཚོགས་བཟུང་ངོ་། །ཁྱེད་མེད་
เล่ม ๑๙๒ · หน้า 209a
རྟག་མིན་མི་རྟག་མིན། །དངོས་དེ་ངེད་ལ་མི་འགྲུབ་པོ། །ཞེས་གང་སྨྲས་པ་དེ་ལ་དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་མི་རྟག་པ་ཉིད་དཔྱད་བྱ་ཞེས་བྱ་བ་ལ་སོགས་པ་ལ། དེའི་གནས་སྐབས་དོར་ཙམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་གནས་
སྐབས་བཀག་པ་ཉིད་མི་རྟག་པར་སྒྲུབ་པར་འདོད་དེ། དེ་ལ་ཡང་སྒྲོན་མ་ལ་སོགས་པ་དཔེར་བརྗོད་པ་ནི་བསྒྲུབ་བྱ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་གང་ལས་བསྒྲུབ་བྱ་མེད་པ་ཡིན་ན། སྐད་ཅིག་རེ་རེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་སྒྲོན་མ་ལ་སོགས་པ་ལ་ཡང་དཔེ་བསྒྲུབ་བྱ་མ་ཚང་
བ་ཉིད་དུ་དོགས་པར་བྱེད་དོ། །དེ་ལ་མེ་ལྕེ་ལ་སོགས་པའི་ཆ་ཤས་རྣམས་མྱུར་བ་མྱུར་བར་ཡུལ་གཞན་དུ་འགྲོ་བ་ཡིན་གྱི། སྐད་ཅིག་རེ་རེ་ལ་འཇུག་པའི་ངང་ཅན་ནི་མ་ཡིན་ནོ། །ཅི་སྟེ་ཐམས་ཅད་ཅིག་ཅར་ཅིའི་ཕྱིར་མི་འགྲོ་ཞེ་ན། ཡན་ལག་ཕྱི་མས་ལམ་བཀག་ན། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གལ་ཏེ་དེ་དག་འགྲོ་ན་དེ་དག་ཉེ་བ་ན་གནས་པའི་རྩྭ་དང་རས་བལ་ལ་སོགས་པ་ཅིའི་ཕྱིར་སྲེད་པར་མི་བྱེད་ཅེ་ན། དེས་ན་འདི་དག་འགྲོ་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་པའི་གནས་སྐབས་ཉིད་ན་ནུས་པ་རྙེད་པ་ཡིན་གྱི་སིལ་བུའི་གནས་སྐབས་ན་ནི་མ་ཡིན་ནོ་སྙམ་དུ་
བསམས་པ་མ་ཡིན་ནོ། །འདི་ནི་རྟག་པ་ཙམ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རྟག་པ་འདི་བདེན་ཡང་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། འདི་ལྟར་དེའི་གནས་སྐབས་དགག་པ་ཙམ་གྱིས་མི་རྟག་པ་ཉིད་དུ་འདོད་དེ་ཞེས་བརྗོད་ལ། སྒྲོན་མ་ལ་སོགས་པ་ལ་དེའི་གནས་སྐབས་
ཉིད་མེད་པའི་ཕྱིར་གང་ལས་བསྒྲུབ་པར་བྱ་བ་མ་ཚང་བ་ཉིད་ཡིན། དེ་ལྟ་ན་ཡང་ཁས་བླངས་པས་ཉེས་པ་འཆད་པ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ནུས་པ་མ་ཉམས་པའི་ཞེས་བྱ་བ་ནི་མེ་ལྕེ་ལ་སོགས་པའི་ཡན་ལག་རྣམས་སོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཉམས་པའི་གནས་སྐབས་
བཞིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་ཁྱད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་བ་ཟློག་པར་དཀའོ་ཞེས་བྱ་བ་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་ཟད་དོ། །འབྲེལ་པ་མི་བྱེད་པར་རིགས་ཕྱིར། །ངག་ནི་རྟག་པ་ཉིད་བརྗོད་བྱ། །ཞེས་
เล่ม ๑๙๒ · หน้า 209b
གང་སྨྲས་པ་དེ་ལ། འབྲེལ་པ་མི་བྱེད་རིགས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་ཁྱོད་ཀྱིས་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཁྱོད་ཀྱི་ལུགས་ཀྱིས་ངག་ནི་སྲིད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ན། ངག་རྣམ་པར་དཔྱད་པར་བྱ་བའི་ཕྱིར་ཇི་ལྟར་ངག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
རེས་འགའ་ཁྱད་པར་མེད་པའི་ཡི་གེ་ཙམ་ཉིད་ངག་ཏུ་འགྱུར་རམ། ཡང་ན་ཡི་གེ་ཉིད་ཁྱད་པར་ཅན་གྱི་རིམ་པས་འཇུག་པས་ངག་ཡིན་ནམ། རྣམ་པ་གཅིག་ཏུ་ན་གསལ་བ། །ཞེས་བྱ་བའི་ཡི་གེ་དག་ལས་ཐ་དད་པ་ངག་ཉིད་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་སྐྱོན་
འཆད་པ་ནི། རིམ་པས་སྟོང་པའི་ཡི་གེ་སོགས། །ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་གཉིས་པ་ལ་ཡང་། འདི་དག་ལ་ནི་རིམ་པའང་མེད། །ཅེས་བྱ་བ་སྨོས་ཏེ། འདི་ལྟར་དངོས་པོ་རྣམས་ཀྱི་རིམ་པ་ནི་རྣམ་པ་གཉིས་ཏེ། གྲོག་མ་དང་ཡིག་འབྲུ་ལ་སོགས་པ་བཞིན་དུ་ཡུལ་གྱིས་
བྱས་པའམ། དུས་ཀྱིས་བྱས་པ་སྟེ། དཔེར་ན་ཡང་ས་བོན་དང་། ཆུ་དང་མྱུ་གུ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་ལྟ་བུ་ཡིན། རེ་ཞིག་ཡི་གེ་རྣམས་ཀྱི་རིམ་པ་དང་པོ་སྲིད་པ་མ་ཡིན་ཏེ། ཁྱབ་པའི་ཕྱིར་ཏེ་ཡི་གེ་རྣམས་ནི་ཐམས་ཅད་དུ་སོང་བ་ཉིད་ཀྱི་ཕྱིར་རོ། །ནམ་
མཁའ་བཞིན་དུ་ཡུལ་ཐམས་ཅད་དུ་ཁྱབ་པར་གནས་པ་ལ་ནི་ཡུལ་རྣམ་པར་ཆད་པས་བྱས་པའི་རིམ་པ་རིགས་པ་མ་ཡིན་ཏེ། ཐམས་ཅད་ནམ་མཁའི་ཡུལ་གཅིག་ཏུ་གནས་པའི་ཕྱིར་རོ། །རྟག་པ་ཉིད་ཀྱིས་ཐམས་ཅད་དུས་མཚུངས་པའི་ཕྱིར་དུས་ཀྱིས་བྱས་པ་ཡང་མ་ཡིན་ནོ། །གཞན་ཡང་རིམ་
པ་སྐྱེས་བུས་བྱས་པ་ཡིན་ནམ། རང་བཞིན་གྱིས་བྱུང་བ་ཡིན། རེ་ཞིག་སྐྱེས་བུས་བྱས་པ་ནི་མི་འདོད་དེ། རིག་བྱེད་སྐྱེས་བུས་མ་བྱས་པའི་ཕྱིར་རོ། །ཅི་སྟེ་རང་བཞིན་གྱིས་བྱུང་བ་ཡིན་ན། དེའི་ཚེ་རྟག་ཏུ་མཚོ་ཞེས་བྱ་བ་ཁོ་ནར་འགྱུར་གྱི་ནམ་ཡང་རོ་ཞེས་ནི་མ་ཡིན་ནོ། །ངོ་ཤེས་པས་ཡི་གེ་རྣམས་
རྟག་པ་དང་གཅིག་པུ་ཉིད་དུ་གྲུབ་པའི་ཕྱིར་ཡི་གེ་རྣམས་ཚིག་སོ་སོ་ལ་ཐ་དད་པར་ཁས་ལེན་པས་མཚོན་ཏེ། དེ་ལྟ་མ་ཡིན་ན་ངོ་ཤེས་པས་འཁྲུལ་པ་ཉིད་དུ་འགྱུར་རོ། །ཡང་ཅི་སྟེ་འོ་ན་ངག་གི་རིམ་པ་མངོན་པར་གསལ་བར་འགྱུར་རོ་སྙམ་ན། གསལ་བའི་རིམ་པའང་ངག་མིན་ནོ། །ཞེས་བྱ་བ་ལ་
เล่ม ๑๙๒ · หน้า 210a
སོགས་པ་སྨོས་ཏེ། ངག་གི་སྒྲ་ལས་ཡི་གེ་ལས་ཐ་དད་པའི་གསལ་བ་ཞེས་བྱ་བ་ཡང་ངག་མ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། དེ་ནི་དཔྱོད་པ་རྣམས་ཀྱིས་བསལ་ཟིན་པའི་ཕྱིར་སྙམ་དུ་བསམ་པ་ཡིན་ནོ། །རྟག་པའི་གསལ་བ་བཀག་ཕྱིར་རོ། །ཞེས་བྱ་བ་ནི་རྟག་པའི་གསལ་བ་ནི་
བཀག་ཟིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མཐོང་དོན་ཐ་སྙད་དུ་བྱེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཇི་ལྟར་སྤེལ་ལ་སོགས་པ་སྨྲ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པས་བཀོད་པའི་དོན་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སྐྱེས་བུས་འཕྲལ་
བྱས་པ་སྟེ། སྔར་ན་མེད་པར་རང་ཤེས་ཀྱིས་བྱས་པ་བུ་མོ་དཀར་མོ་ཆེན་མོ་ལ་སོགས་པའི་གཏམ་རྒྱུད་གང་ཡིན་པ་དེ་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་ཟློས་གར་དང་སྒྲུང་རྒྱུད་ལ་སོགས་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་ལ་སྒྲ་དང་དོན་ཞེས་བྱ་བའི་ནུས་པའི་མཚན་ཉིད་
ཅན་གྱི་བརྗོད་པར་འདོད་པའི་འབྲེལ་པ་བརྟག་པ་ཡོད་པ་ཡང་མ་ཡིན་པ་དེ་བཞིན་དུ་རིག་བྱེད་ལ་ཡང་སྲིད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་དཔེ་མ་གྲུབ་པ་ཉིད་དུ་དོགས་པ་ཡིན་ཏེ། འཕྲལ་ལ་བྱས་པའི་གཏམ་རྒྱུད་ལ་སོགས་
པ་དེ་ལ་ཡང་ནུས་པ་རྟག་པ་ཉིད་དུ་འདོད་པ་ཁོ་ན་སྟེ། འོན་ཀྱང་མེད་པའི་དོན་ལ་ངེས་པར་སྦྱོར་བ་སྐྱེས་བུས་བྱས་པ་གང་ཡིན་པ་དེ་ནི་མི་རྟག་སྟེ། དེའི་དབང་གིས་ནུས་པ་ལ་མི་རྟག་པ་ཉིད་རྟོགས་པའི་འཁྲུལ་པ་ཡིན་ནོ། །དེ་ལྟ་བས་ན་དཔེ་མ་གྲུབ་པ་ཡིན་ནོ་ཞེ་ན། དེ་ལ་ཕྱི་རོལ་
ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཕྱི་རོལ་ཞེས་བྱ་བ་ནི་བུ་མོ་དཀར་མོ་ཆེན་མོ་ལ་སོགས་པའི་དོན་ནོ། །གང་ཕྱིར་མཐོ་རིས་མཆོད་སྦྱིན་སོགས། །དབང་འདས་འབྲེལ་པ་སུ་ཡིས་མཐོང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དབང་པོ་ལས་འདས་དོན་འབྲེལ་
པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རིག་བྱེད་ཀྱི་དོན་ཤེས་པར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་བུ་ལ་བརྟེན་པའི་བཤད་པ་ཉིད་ལས་ཞེས་ཁྱེད་ཅག་རང་ཉིད་ཀྱི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདི་ལྟར་རེ་ཞིག་དོན་ལ་བརྟེན་པའི་ནུས་པ་འདི་ཐམས་ཅད་རང་བཞིན་གྱིས་
เล่ม ๑๙๒ · หน้า 210b
དབང་པོ་ལས་འདས་པ་ཡིན་ཏེ། དེ་ལྟ་ཡིན་དང་ནུས་པ་དབང་པོ་ལས་འདས་པ་ཡིན་པ་ནི་སྒྲའི་ངེས་པར་སྦྱོར་བ་སྐྱེས་བུས་བྱས་པ་མ་ཡིན་ལ། དེ་དག་ཐམས་ཅད་མངོན་པར་མི་ཤེས་པ་ཡིན་པའི་ཕྱིར་ལོང་བ་རྣམས་ཀྱིས་ཚིག་ལས་གཟུགས་ཀྱི་ཁྱད་པར་རྟོགས་པ་དེ་བཞིན་དུ་དེའི་རྟོག་པ་རྒན་པོ་དག་
ལས་འབྱུང་བ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ཤུགས་ཀྱིས་དོན་རྟོགས་པའི་འདི་སྐྱེས་བུའི་བཤད་པ་ཉིད་ལས་རྣམ་པར་གནས་པ་ཡིན་ཏེ། གོ་སྐབས་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །འོན་ཏེ་བ་རྒལ་ཞིང་བརྟགས་པ་འདི། ཞེས་བྱ་བ་ལ་སོགས་པས་གཞན་དག་
རྩོད་པར་བྱེད་དོ། །འོན་ཏེ་འདི་ནི་སྐྱེས་བུས་བྱས་པའི་ལུང་དག་ལ་ཡང་མཚུངས་ཏེ། འདི་ལྟར་ད་ལྟར་བ་རྣམས་ཀྱིས་ཅི་ལྐོག་ཏུ་གྱུར་པའི་སྟོན་པ་པོ་སངས་རྒྱས་ལ་སོགས་པའི་དོན་ཚིག་རྣམས་ཀྱི་དོན་བསམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་དམ། འོན་ཀྱང་ཕྱིན་ཅི་ལོག་ཏུ་ཡིན་ཞེས་
བྱའོ། །མ་ཡིན་དེ་ལ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་ཏེ། དེ་ལ་ཞེས་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་དོར་བར་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་སྐྱེས་བུས་ཉེ་བར་བསྟན་པ་ལ་སྟེ། འདི་ལྟར་དེ་ལ་རིགས་པ་ཉིད་རྗེས་སུ་མྱོང་བར་བྱེད་པའི་བློ་བཟངས་བདེ་
བར་གཤེགས་པ་དག་རབ་ཏུ་འཇུག་གི །གྲགས་པ་ཙམ་གྱིས་ནི་མ་ཡིན་ནོ། །དད་པས་ཞེས་བྱ་བ་ནི་མངོན་པར་ཡིད་ཆེས་པ་སྟེ། རིགས་པར་སེམས་པ་ལས་སྐྱེས་པའི་ངེས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཚད་མས་གྲུབ་པའི་དོན་ཁོ་ན་ལ་ཡིད་མངོན་པར་ཆེས་པར་རིགས་པའི་ཕྱིར་གཞན་དུ་
ནི་མ་ཡིན་ཏེ། དེ་ལ་ཐེ་ཚོམ་མ་ལོག་པའི་ཕྱིར་ཏེ། དོན་མེད་པའི་ཐེ་ཚོམ་མ་ལོག་པའི་ཕྱིར་རོ། །དོན་ལ་ཐེ་ཚོམ་གྱིས་ཞེས་བྱ་བ་ནི་སྔ་ན་མེད་པའི་མཐོས་རིས་དང་ལྷ་ལ་སོགས་པ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་སྟེ། འདི་ལྟར་དེ་ལ་སྐྱེས་བུས་བྱས་པའི་ཚིག་ལ་སྐྱེས་བུ་རང་ཉིད་ཀྱི་བསམ་པ་
བརྟན་པ་ཕྱིན་ཅི་མ་ལོག་པའི་གདམས་ངག་སྲིད་པའི་ཕྱིར་རོ། །ཉན་པ་པོའི་རྒྱུད་པ་ཡང་རྒྱུན་མ་ཆད་པ་ན་གདམས་ངག་ཡང་དག་པ་སྲིད་པ་ཡིན་གྱི། དེ་ལྟར་སྐྱེས་བུས་མ་བྱས་པ་ལ་ནི་མ་ཡིན་ཏེ། དེ་ལ་སྟོན་པ་པོ་མེད་པའི་ཕྱིར་རོ། །གཞན་ཡང་སྟོན་པ་པོ་བརྩེ་བས་འཇིག་རྟེན་གྱིས་
เล่ม ๑๙๒ · หน้า 211a
ཤེས་པར་བྱ་བའི་ཕྱིར་སྨྲ་བ་ན་འཇིག་རྟེན་གྱི་བརྡ་ཉིད་ཀྱི་རྗེས་སུ་འབྲངས་ནས་སྨྲ་བས། དེའི་ཕྱིར་འཇིག་རྟེན་ལ་གྲགས་པ་ལས་ཀྱང་དོན་དེ་འགྲུབ་པར་འགྱུར་གྱི་དེ་ལ་འདོད་པ་མེད་པའི་ཕྱིར་སྐྱེས་བུས་མ་བྱས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་ཁྱེད་ཅག་ལུང་གང་
ཡང་རུང་བས་འཇུག་པར་མི་འགྱུར་ཏེ། ཐམས་ཅད་དུ་ཐེ་ཚོམ་ཟ་བར་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་ཀླན་ཀ་འདི་བསལ་བར་བྱ་བའི་ཕྱིར། མངོན་སུམ་དང་ནི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། གང་ལ་ཐེ་ཚོམ་ཟ་ན་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མངོན་པར་
འདོད་པའི་དོན་དེ་ལྟ་བུ་ཡིན་པ་མི་འགལ་བ་དེས་འཇུག་པ་ན་མཛེས་པ་ཡིན་གྱི། གང་དེ་ལྟ་བུ་མ་ཡིན་པའི་ཕྱིར་མི་སྣང་བ་དེ་ལ་ཚད་མའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དོན་དུ་མི་འགྱུར་བའི་ཐེ་ཚོམ་ཙམ་སྐྱེ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རིག་བྱེད་ལ་ཡང་རིགས་པ་འདིས་འཇུག་པར་
འགྱུར་རོ་ཞེ་ན། རིག་བྱེད་སྒྲ་ལ་དེ་ལྟ་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་ལས་རྟོགས་ཞེས་བྱ་བ་ནི་རང་ཉིད་ཀྱི་ཚད་མར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེས་ན་ཚད་མས་བརྟགས་ནས་དེ་ལ་འཇུག་པར་རིགས་པ་མ་ཡིན་ཏེ། གཞན་ལས་ཚད་མ་ཉིད་དུ་ཐལ་བར་འགྱུར་
བའི་ཕྱིར་རོ། །དེས་ནི་ཡུལ་གཉིས་རྣམ་པར་དག་པ་སྲིད་པ་ཡང་མ་ཡིན་ཏེ། འདི་ལྟར་རིག་བྱེད་དུ་སྔ་མ་དང་ཕྱི་མའི་ངོ་བོ་འཆི་འཕོ་བ་དང་སྐྱེད་པའི་ངོ་བོ་ཅན་གྱི་གང་ཟག་ནི་རིམ་གྱིས་བྱེད་པ་པོ་ཡིན་གྱི། ལས་དང་འབྲས་བུ་ལ་ལོངས་སྤྱོད་པ་ཡིན་ནོ་ཞེས་རིག་བྱེད་ལས་འདོན་པ་ཡིན་ལ་དེ་ཡང་
རིགས་པ་མ་ཡིན་ནོ་ཞེས་བདག་རྟག་པར་བཤད་ཟིན་ཏོ། །དེ་བཞིན་དུ་དངོས་པོ་འགའ་ཞིག་རྟག་པ་ཉིད་དུ་འདོན་པ་དེ་ཡང་བརྟན་པའི་དངོས་པོ་རྟག་པར་མི་རིགས་པ་ཉིད་དུ་བསྟན་ཟིན་ཏོ། །དེ་བཞིན་དུ་སྤྱི་ལ་སོགས་པ་མངོན་སུམ་མ་ཡིན་པ་ཡང་མངོན་སུམ་ཉིད་དུ་འདོད་པ་དང་། དེ་
བཞིན་དུ་རིམ་གྱིས་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་དངོས་པོ་ལ་མི་སྲིད་པ་ཡང་བསྟན་པ་དང་། དེ་བཞིན་དུ་ཁྱད་པར་དུ་བྱར་མེད་པ་སྔར་བྱེད་པ་པོ་མ་ཡིན་པ་གཞན་ལ་ལྟོས་ནས་སྐྱེད་པར་བྱེད་པ་ཉིད་དང་། དེ་བཞིན་དུ་གྲུབ་ཟིན་པ་བྱ་བ་མ་ཡིན་པ་ཡང་གཞན་ལ་བརྟེན་ནས་
เล่ม ๑๙๒ · หน้า 211b
གནས་པ་བསྟན་པ་དང་། དེ་བཞིན་དུ་རྒྱུས་འཇིག་པ་ཞེས་བྱ་བ་ལ་སོགས་པ་ཚད་མ་དང་འགལ་བ་རྣམ་པ་མང་པོ་དམིགས་ན། དེ་ཇི་ལྟར་དེ་ལྟ་བུར་གྱུར་པའི་ལུང་གི་རྟོག་པ་དང་ལྡན་པ་འཇུག་པར་འགྱུར། གང་ཡང་གཞོན་ནུ་མ་ལེན་གྱི་འབྲེལ་པ་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བའི་
ཕྱིར་སྒྲུབ་པར་བྱེད་པ་གཞན་སྨྲས་པ་དེ་ནི་འཕྲལ་ལ་བྱས་པའི་གཏམ་རྒྱུད་ཀྱི་ངོ་བོ་ཟློས་གར་ལ་སོགས་པས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཕྲལ་བཅས་དོན་ཅན་གཏམ་རྒྱུད་ཆོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟགས་པའི་དོན་གཏམ་རྒྱུད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱ་སྟེ། འདི་ནི་འཕྲལ་བྱས་པའི་དོན་ཡང་ཡིན་ལ། གཏམ་རྒྱུད་ཀྱང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཆོས་ནི་འདོད་པས་བཀོད་པའི་དོན་ཉིད་དོ། །དེ་ཅི་ཞིག་བརྗོད་པ་ཡིན་ཞེ་ན། སྒྲ་དོན་ཐོག་མ་མེད་རྟོགས་པ། །ཞེས་བྱ་བ་སྨོས་ཏེ། སྒྲ་ནི་ཡི་གེའི་རང་བཞིན་ནོ། །དེའི་དོན་
ནི་ཅི་སྟེ་དེ་དག་ཐོག་མ་མེད་པ་ཡིན་པའི་ཕྱིར་ནུས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཐོག་མ་མེད་པ་ཉིད་ཡིན་ཏེ། ནུས་པ་ལས་དངོས་པོ་ཐ་མི་དད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བཞིན་དུ་འབྲེལ་པ་བྱེད་པའི་ཐབས་མེད་པའི་ཕྱིར་འབྲེལ་པ་མི་བྱེད་པར་རྗེས་སུ་དཔག་པར་བྱ་བ་
ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་བྱེད་པའི་ཐབས་དང་འབྲེལ་པ་དེ་ནི་དེ་བྱེད་པ་མ་ཡིན་ཏེ། དཔེར་ན་འཇི་བ་དང་དབྱུ་གུ་དང་འཁོར་ལོ་དང་ཆུ་དང་སྐུད་པ་ལ་སོགས་པའི་རྒྱུའི་ཚོགས་པ་མེད་པའི་རྫ་མཁན་གྱི་བུམ་པ་བཞིན་ནོ། །སྐྱེས་བུ་ཐམས་ཅད་ཀྱང་འབྲེལ་པ་བྱེད་པའི་ཐབས་དང་བྲལ་
བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ནོ། །ཉན་པ་པོ་ལ་འབྲེལ་མེད་ན། །སྨྲ་བ་པོ་ཡིས་གང་ཞིག་རྟོགས། །ཞེས་བྱ་བ་ལ་སོགས་པས་སྐྱེས་བུ་ཐམས་ཅད་ཐབས་དང་བྲལ་བ་ཉིད་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རྒྱུ་
བཞིན་དུ་འབྲེལ་པ་བརྗོད་པ་མེད་པར་རྗེས་སུ་དཔག་པར་འགལ་བར་འགྱུར་རོ་ཞེ་ན། མ་བསྟན་པ་ཡི་རྗེས་དཔག་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བསྟན་པའི་རྗེས་སུ་དཔོག་པའི་གཏན་ཚིགས་ཐབས་དང་བྲལ་བའི་ཕྱིར་ཞེས་བྱ་བ་འདི་མ་གྲུབ་པ་ཡིན་ནོ། །རྒན་པོ་
เล่ม ๑๙๒ · หน้า 212a
རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་མ་གྲུབ་པ་དེ་ཉིད་སྟོན་པ་ཡིན་ཏེ། གང་འདི་རྒན་པོ་རྣམས་ཀྱི་འབྲེལ་པ་རྟོགས་པ་ཡང་ནས་ཡང་དུ་མཐོང་བ་དེ་ཉིད་འབྲེལ་པ་སྟོན་པའི་ཐབས་ཡིན་ནོ། །གང་གི་ཕྱིར་མ་རྟོགས་པར་ནི་གཞན་ལ་སྟོན་པར་ནུས་པ་མ་ཡིན་ནོ། །རྟོགས་པ་
ལས་ཞེས་བྱ་བ་ནི་འབྲེལ་པ་རྟོགས་པ་ལའོ། །དེ་ནི་ཉམས་ཞེས་བྱ་བ་ནི་ཐབས་ཉམས་པའོ། །དེ་ལྟར་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ། རེ་ཞིག་སྒྲ་དོན་ཐོག་མ་མེད། །ཅེས་བྱ་བ་ལ་སོགས་པས་གང་སྨྲས་པ་དེ་ལ་གལ་ཏེ་སྒྲ་དང་དོན་དག་གི་ཐོག་མ་མེད་པ་ཉིད་རྟག་
པ་ཉིད་དུ་མངོན་པར་འདོན་ན་དེ་མ་གྲུབ་སྟེ། ཁྱབ་པར་བྱེད་པའི་སྐད་ཅིག་མ་འཇིག་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་བརྒྱུད་པ་ཡིན་ན་དེའི་ཚེ་མ་ངེས་པ་ཉིད་དང་འགལ་བ་ཉིད་ཡིན་ཏེ། འབྲེལ་པ་ཅན་དག་ལས་འབྲེལ་པ་ཐ་མི་དད་པའི་ཕྱིར་དེ་དང་མི་འདྲ་བ་མི་རྟག་པ་ཉིད་
དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐབས་དང་བྲལ་བ་ཉིད་ཀྱིས་ནི། །ཞེས་གང་སྨྲས་པ་དེ་ཡང་མ་གྲུབ་སྟེ། གང་གི་ཕྱིར་ཐ་དད་ན་ཡང་དོན་ཁ་ཅིག་རང་བཞིན་གྱི་མིག་ལ་སོགས་པ་བཞིན་དུ་རྣམ་པ་གཅིག་ཏུ་རྟོགས་པ་སྐྱེད་པར་བྱེད་པ་ལ་ནུས་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ལྟ་
ཡིན་དང་སྨྲ་བ་པོ་དང་ཉན་པ་པོ་དག་གི་དོན་གཅིག་ཏུ་ངེས་པའི་ཤེས་པ་འབྲེལ་པ་འཛིན་པ་ཐབས་ཡིན་ནོ་ཞེས་དགོངས་པའོ། །གང་ཡང་རྒན་པོ་རྣམས་ཀྱིས་ཡང་ནས་ཡང་དུ་རྟོགས་བཞིན་པ་ནི་ཐབས་ཡིན་ཞེས་སྨྲས་པ་དེ་ལ་ཡང་། རྒན་པོ་དག་ལས་དོན་རྟོགས་མིན། །དེ་དག་ཀྱང་ནི་རང་
ཉིད་ལས། །མི་ཤེས་གནས་ཏེ་ཞེས་བསྟན་ཟིན་ཏོ། །དེ་ལྟ་མིན་ན་ཉམས་ཞེས་བྱ་བ་ནི་གལ་ཏེ་རྒན་པོ་རང་ཉིད་མི་ཤེས་པ་ཡིན་ན་ཡང་འབྲེལ་པ་རྟོགས་པར་བྱེད་དོ་ཞེས་འདོན་ན་དེའི་ཚེ་མཐོང་བ་དང་འགལ་ཏེ། ལོང་བས་གཟུགས་མཐོང་བར་དམ་འཆའ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །
འདུས་པ་ཉིད་ལའང་འདི་འདྲ་བའི། །སྒྲུབ་བྱེད་བཞིན་ན་བརྗོད་པར་བྱ། །ཞེས་གང་སྨྲས་པ་འདི་ལ། ཐམས་ཅད་བསྡུས་པའི་ཁྱབ་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་བསྡུས་པའི་ཁྱབ་པ་གྲུབ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །
เล่ม ๑๙๒ · หน้า 212b
འདིས་ནི་འདི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཉིད་ཡིན་པར་བསྟན་ཏེ། གཞན་ལ་ནི་ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་གཞན་དུ་བྱ་བར་མི་ནུས་པ་དེ་ཉིད་ཀྱི་ཕྱིར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ཟློག་པ་སྒྲུབ་པར་བྱེད་པ་
མི་སྲིད་ལ། ཕན་ཚུན་འགལ་བའི་རང་བཞིན་གཉིས་གཅིག་ལ་སྲིད་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་དེ་ཉིད་བསྟན་པའི་ཕྱིར། དོན་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་འདུས་པ་ཉིད་
དུ་བསྟན་ཏེ། ཡི་གེ་རྣམས་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་འདི་ཐམས་ཅད་མི་འཐད་དོ་ཞེས་བསྟན་ཟིན་ཏོ། །དེས་ན་ཁྱབ་པ་གྲུབ་པོ། །འོན་ཏེ་རིག་བྱེད་འདོད་པར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིའི་ཁྱབ་པ་ཐམས་ཅད་ཉེ་བར་བསྡུས་ནས་གྲུབ་པ་མ་ཡིན་ནམ། འདི་ལྟར་རིག་
བྱེད་རྣམས་ཀྱི་བྱེད་པ་པོ་ནི་ནམ་ཡང་དམིགས་པ་མ་ཡིན་ནོ་ཞེ་ན། རིག་བྱེད་འདོན་པའི་བརྗོད་བྱ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཁྱབ་པ་ངེས་མ་ཡིན། །ཞེས་བྱ་བ་ནི་འདུས་པ་ཉིད་བཞིན་དུའོ། །གང་གི་ཕྱིར་འདུས་པ་ཉིད་ཀྱི་བསྒྲུབ་བྱ་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་གྱི་འདི་ནི་ཐེ་
ཚོམ་ཟ་བ་ཡིན་ནོ། །འདི་ཉིད་སྟོན་པ་ནི་རྣམ་པ་དེ་ལྟ་ཞེས་བྱ་བ་ལ་སོགས་པ་སྟེ་རྣམ་པ་དེ་ལྟ་ཞེས་བྱ་བ་ནི་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ་བ་ལ་སོགས་པའོ། །རྣམ་པ་དེ་ལྟ་བུའི་ཡི་གེའི་རིམ་པ་གལ་ཏེ། སྐྱེས་བུ་ཐམས་ཅད་ཀྱིས་བྱ་བར་ནུས་པ་མེད་པར་ངེས་པར་བྱ་བ་ཡིན་ན་དེ་ཁྱབ་པ་ངེས་
པར་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པས་དེ་ཉིད་ངེས་པར་ནུས་པ་མ་ཡིན་ནོ་ཞེ་ན། སྐྱེས་བུ་མ་ལུས་པ་ཡི་ཆོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ངེས་པ་ངེས་པའོ། །འོན་ཏེ་ཆོས་ལ་སོགས་པའི་ཉེ་བར་བསྟན་པ་ལ་གླགས་ལྟ་བ་ཉིད་ལ་
སོགས་པ་རིག་བྱེད་ཀྱི་ཆོས་རྣམས་ནི་སྐྱེས་བུས་བྱས་པའི་ཆོས་མ་མཐོང་བའི་ཕྱིར་རིག་བྱེད་སྐྱེས་བུས་བྱས་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། དེ་ཇི་ལྟར་ཐེ་ཚོམ་ཟ་བའི་མ་གྲུབ་པར་འགྱུར་ཞེས་དོགས་པ་ལ། རིག་བྱེད་སྐྱེས་བུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་གལ་ཏེ་མ་མཐོང་བ་དེ་
เล่ม ๑๙๒ · หน้า 213a
ལྟ་ན་ཡང་མ་མཐོང་བ་ཙམ་ནི་ཚད་མ་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བ་གྲུབ་པ་ཁོ་ན་སྟེ། རེས་འགའ་ལ་ལར་སྐྱེས་བུ་རྣམས་རྣམ་པ་དེ་ལྟ་བུའི་རིག་བྱེད་ཀྱི་ཆོས་རྣམས་ཀྱི་བྱེད་པ་པོར་འགྱུར་བ་ཡིན་ནོ་སྙམ་ན། མ་མཐོང་བ་ཙམ་ནི་གྲུབ་པ་ཡང་མ་ཡིན་ཏེ། རིག་བྱེད་ཀྱི་འདོད་པས་ལོག་
པར་གཡེམ་པ་ནི་འདོད་པ་ལོག་པར་སྤྱོད་པ་སྟེ་མ་ལ་སོགས་པ་ལ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཉེ་བར་བསྟན་པ་ནི། བ་ལང་ཅན་གྱི་མཆོད་སྦྱིན་ལས་ཇི་སྐད་དུ་མཆོད་སྦྱིན་བྱེད་པ་ན་ཆུ་སོག་པར་བྱའོ། །རྩྭ་གཅད་དོ། །མའི་གན་དུ་ཉལ་པོ་ལ་འགྲོའོ། །སྲིང་མོའི་གན་དུ་འགྲོའོ། །
རུས་གཅིག་པའི་གན་དུ་འགྲོའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུ་སྟེ། མཆོད་སྦྱིན་ནི་མཆོད་སྦྱིན་བྱེད་པའི་ཚེའོ། །རྟའི་མཆོད་སྦྱིན་ལ་སོགས་པར་ཡང་སྲོག་ཆགས་གསོད་པ་ཉེ་བར་བསྟན་ཏེ། ཇི་སྐད་དུ། རྟ་གསོད་པ་ཡིས་མཆོད་པའི་ཕྱིར། །དབུས་མའི་ཞལ་ལ་ཕྱུགས་རྣམས་
ནི། །ལྔ་བརྒྱ་བདུན་ཅུ་རྩ་བདུན་གྱི། །ཕྱུགས་རྣམས་གསད་པར་བྱ་བ་ཡིན། །ཞེས་སྨྲས་པ་དེ་ལྟ་བུའོ། །བརྫུན་ནི་བརྫུན་གྱི་ཚིག་ཡིན་ལ། །དེ་ཡང་། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་བུ་འཕྲོག་ཚེ་བརྫུན་བྱས་གནོད་མེད་
དེ། །བརྫུན་ལྔས་ལྟུང་བར་འགྱུར་བ་མིན། ཞེས་སྨྲ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་སྨྲ་བ་ནི་བརྗོད་པའོ། །དེ་བཞིན་ཞེས་བྱ་བ་ནི་སྡུད་པའོ། །རིག་བྱེད་ཀྱི་ཆོས་མེད་པ་ལ་སོགས་པ་ལ་ཡང་མཐོང་ངོ་ཞེས་འབྲེལ་ཏོ། །སྨྲ་དཀའ་བ་ནི་
བརྗོད་པར་དཀའ་བའོ། །སྨད་པ་ནི་ཡིད་དུ་མི་འོང་བ་ཉིད་དོ། །རིང་བ་ནི་ཆོད་པ་སྟེ། ཤོག །དབང་པོ་རྟ་བཟངས་དག་དང་ཅིག །ཅེས་བྱ་བ་བཞིན་ཏེ། འདིར་ཤོག་ཅེས་བྱ་བ་འདི་ཅིག་ཅེས་བྱ་བ་ཆོད་པ་འདི་དང་འབྲེལ་ཏེ། ཤོག་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །མི་སྙན་ཞེས་བྱ་བ་རྩུབ་པའོ། །སོགས་པའི་
སྒྲས་ཚིག་ཆད་པ་དང་གླུ་རྟ་དང་། བསྟོད་པ་ལ་སོགས་པ་བཟུང་ངོ་། །དུག་སེལ་འབྱོར་པ་ཞེས་བྱ་བ་ནི་དུག་སེལ་བ་ལ་འབྱོར་པ་སྟེ། ནུས་པའི་མཐུ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དུག་སེལ་དང་འབྱོར་པ་ཞེས་བྱ་བར་བསྡུ་བ་བྱ་བ་སྟེ། འབྱོར་པ་ནི་རྣམ་པར་འབྱོར་པ་སྟེ། དབང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด