ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๓ · หน้า 268a

སྦྱོར་བའོ་ཞེས་དེའི་དོན་ཉིད་ཀྱི་ཕྱིར། དེ་ནི་དེ་དག་གི་ཞེས་བརྗོད་པར་བྱའོ། །ཡང་ན་ཡན་ལག་ཐ་དད་པས་ཐ་དད་པར་སྒྲོ་བཏགས་ནས་དེ་དག་གི་ཚོགས་པ་ཁོ་ནའོ་ཞེས་ཐ་སྙད་བསྟན་པར་བྱའོ། །མང་པོ་རྣམས་ཀྱི་སྟེ། དཔེར་ན་རྒྱལ་པོའི་སྐྱེས་བུ་གཟུགས་མཛེས་པ་ཅན་

ཤོག་ཅེས་པ་ལྟ་བུ་སྟེ། རང་གི་དོན་གྱི་སྤྱི་ལ་འཇུག་བཞིན་པའི་ངག་གི་ཚིག་རྣམས་ཐམས་ཅད་ཀྱི། ཅིག་ཤོས་རྣམས་ཀྱི་ཡང་ངག་གི་དོན་རྗོད་པར་བྱེད་པ་ཉིད་མ་སྤངས་པ་ན་སྦྱར་བར་བྱའོ། །དོན་གཞན་གྱི་རྗོད་པར་བྱེད་པ་སྔར་ཁོ་ནར་རྟོགས་པར་བྱས་ཟིན་ནོ་ཞེས་གསུངས་པ། སྔར་ཇི་སྐད་བཤད་

པ་བཞིན་ཞེས་པ་ནི་དེ་ནི་སྔོན་པོ་འབའ་ཞིག་མིན་ཨུཏྤལ་འབའ་ཞིག་ཀྱང་མ་ཡིན་ཞེས་པ་ལ་སོགས་པས་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ནི་ཚོགས་པའི་དོན་གྱིས་སོ་སོར་དོན་མེད་པ་ཉིད་དུ་སྟོན་པས། ཚོགས་པའི་དོན་གཞན་མངོན་པར་རྗོད་པར་བྱེད་པ་ཉིད་དུ་གསུངས་སོ། །བརྗོད་པ་ཡང་

ཞེས་པ་སྤྱི་དང་ཁྱད་པར་གྱི་སྒྲ་དག་མི་འགལ་བ་ན་སྤྱིའི་སྒྲས་ཁྱད་པར་རྣམས་མི་གཏོང་ཞིང་མི་ལེན་པའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་གསུངས་པ། དེ་ཙམ་འདོད་ཕྱིར་ཞེས་པ་ལ་སོགས་པའོ། །རང་གི་ཁྱད་པར་ཙམ་འདོད་པའི་ཕྱིར་ཞེས་པའི་དོན་ཏོ། །འདོད་པ་ནི་དེ་རྣམས་ལ་

ཐེ་ཚོམ་ཟ་བ་རྣམ་པར་གཅད་པ་དོན་དུ་གཉེར་བའོ། །ཙམ་གྱི་སྒྲ་ནི་ཁྱད་པར་གཞན་འདོད་པ་བསལ་བའི་ཆེད་དུའོ། །དེ་ལྟར་ནི་ཤིང་གི་སྒྲ་ལས་པ་ལ་ཤ་ལ་སོགས་པའི་ཡུལ་ཅན་ཁོ་ནའི་འདོད་པ་སྐྱེའི། བུམ་པ་ལ་སོགས་པའི་ཡུལ་ཅན་ནི་མ་ཡིན་ནོ། །གལ་ཏེ་ཡང་བུམ་པ་ལ་སོགས་པ་བཞིན་དུ་པ་ལ་

ཤ་ལ་སོགས་པ་རྣམས་ཀྱང་དོར་བར་འགྱུར་ན། དེ་ལ་ཡང་བུམ་པ་ལ་སོགས་པ་བཞིན་དུ་འདོད་པར་མི་འགྱུར་ན་འགྱུར་བ་ཡང་སྟེ། དེའི་ཕྱིར་དོར་བ་མ་ཡིན་ནོ། །གང་ཞིག་གང་རྣམས་ལ་འདོད་པའི་རྒྱུ་ཡིན་པ་དེས་དེ་རྣམས་དོར་བ་མ་ཡིན་ཏེ། དཔེར་ན་གཞལ་བྱ་ཉིད་ཀྱིས་མི་རྟག་པ་ཉིད་ལ་སོགས་

པ་རྣམས་བཞིན། སྤྱིའི་སྒྲ་ཡང་རང་གི་ཁྱད་པར་རྣམས་ལ་འདོད་པའི་རྒྱུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འོ་ན་ཉེ་བར་བླངས་པ་སྟེ་མ་བཏང་བའི་ཕྱིར་རོ་ཞེ་ན་གསུངས་པ། བླངས་མ་ཡིན་ཞེས་པ་ལ་སོགས་པ་སྟེ། བླངས་པ་མ་ཡིན་ཞིང་། རྟོགས་པར་བྱས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །

เล่ม ๑๙๓ · หน้า 268b

གང་ཞིག་གང་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེས་དེ་རྣམས་རྟོགས་པར་བྱས་པ་མ་ཡིན་ཏེ། དཔེ་དེ་ཁོ་ན་བཞིན། སྤྱིའི་སྒྲ་ཡང་རང་གི་ཁྱད་པར་རྣམས་ལ་ཐེ་ཚོམ་གྱི་རྒྱུའོ་ཞེས་པ་རྒྱུ་དང་འགལ་བའོ། །མཚུངས་ན་འང་དེ་དག་དོན་གཅིག་ཉིད། །ཅེས་པ་གང་དུ་སྤྱི་དང་ཁྱད་པར་གྱི་སྒྲ་གཉིས་ཀ་མི་སྤོང་

བ་དང་མི་ལེན་པ་དེར་དོན་གཅིག་པ་ཉིད་དེ་གཞི་མཐུན་པ་ཉིད་ཅེས་པའི་དོན་ཏོ། །ཇི་ལྟར་སྤྱིའི་སྒྲས་རང་གི་ཁྱད་པར་རྣམས་སྤོང་བ་མ་ཡིན་ཞིང་འདོར་བ་མ་ཡིན་པ་དེ་ལྟར་ཅི་ཁྱད་པར་གྱི་སྒྲས་ཀྱང་སྤྱི་ཡིན་ནམ་ཞེས་པའི་དྲི་བ་སྤོང་བར་བྱེད་པ་གསུངས་པ། དུ་མ་ཡིན་ཡང་ཞེས་པ་ལ་སོགས་

པ་སྟེ། གལ་ཏེ་ཡང་སྤྱི་དུ་མ་ཡིན་པ་དེ་ལྟ་ཡང་། དེའི་ཁྱད་པར་སྒྲས་ལེན་ཏེ་རྟོགས་པར་བྱས་སོ་ཞེས་པའི་དོན་ཏོ། །རྟོགས་པར་བྱེད་པ་ལས་ཐ་དད་པར་ལེན་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཤིང་ཤ་པའི་སྒྲས་དོན་གྱི་ཤིང་དང་ས་ལས་གྱུར་པ་དང་རྫས་སུ་ཡོད་པའི་སྤྱི་བླངས་ཀྱི་མ་དོར་

བ་འབའ་ཞིག་ཏུ་མ་ཟད་པ་བཞིན་ནོ། །ཅིའི་ཕྱིར་ཡང་ཁྱད་པར་གྱི་སྒྲས་སྤྱི་རྣམས་ཉེ་བར་ལེན་ཞེ་ན་གསུངས་པ། མི་འཁྲུལ་བས་ཤེས་པ་གང་གི་ཕྱིར་བྱེ་བྲག་ནི་སྤྱི་ལ་མི་འཁྲུལ་བ་སྟེ། སྤྱི་མེད་ན་བྱེ་བྲག་མེད་པའི་ཕྱིར་རོ། །དེའི་ཕྱིར་དེས་ཉེ་བར་ལེན་པའོ། །དེ་དག་ཁྱད་པར་དང་།

ཁྱད་པར་གཞི་ཉིད་འདོད་པ་མ་ཡིན་ཞེས་པ་ཤིང་ནི་ཤིང་ཤ་པ་ལ་སོགས་ལ་འཁྲུལ་པ་རྣམ་པར་གཅོད་པ་ལ་ལྟོས་སོ་ཞེས་པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡོད་དོ། །ཤིང་ཤ་པ་ནི་ཤིང་གི་སྤྱི་ལ་མི་འཁྲུལ་ཞིང་ལྟོས་པ་མ་ཡིན་ནོ་ཞེས་པས་མེད་དོ། །འཁྲུལ་པ་ཅན་གྱི་ཁྱད་

པར་དག་ལ་ནི་ཁྱད་པར་དང་ཁྱད་པར་གྱི་དངོས་པོ་མཚུངས་པ་སྟེ། དཔེར་ན་སྔོན་པོ་དང་ཨུཏྤ་ལ་དག་བཞིན་ནོ། །སྤྱི་དང་ཁྱད་པར་གྱི་སྒྲ་དག་ཕན་ཚུན་སྤོང་བ་བཀག་པ་ན། སྤྱིའི་སྒྲ་གཉིས་དག་དང་ཁྱད་པར་གྱི་སྒྲ་གཉིས་དག་ཕན་ཚུན་གྱི་དོན་སྤོང་བ་གྲུབ་བོ་ཞེས་པས་འདི་བསྒྲུབ་པར་

བྱ་བ་མ་ཡིན་ཞིང་། རྒྱུ་ནི་བསྒྲུབ་པར་བྱ་བའོ་ཞེས་པ་དེའི་ཕྱིར་དེ་ཁོ་ན་འདྲི་སྟེ། ཡང་འདི་ལ་ཅི་ཞིག་ཅེས་པ་ལ་སོགས་པའོ། །སྤྱི་དག་གི་རང་གི་སྤྱི་ལ་ལྟོས་པས་ཐ་དད་པའི་ཕྱིར་ལོགས་པར་ཉེ་བར་མ་བླངས་སོ། །ཁྱད་པར་ཁྱད་པར་གཞན་དོན་ཅན། །ཞེས་པ་ཤིང་ཉིད་ཀྱི་ཁྱད་

เล่ม ๑๙๓ · หน้า 269a

པར་ནི་ཤིང་ཤ་པ་ལ་སོགས་པ་སྟེ། ཕན་ཚུན་ལས་ཐ་དད་དོ་ཞེས་བྱས་ནས་སོ། །དེ་ཁོ་ན་སེང་ལྡེང་ལ་སོགས་པ་ལ་ལྟོས་པས་ཁྱད་པར་གཞན་ཡང་ངོ་ཞེས་པས་ཁྱད་པར་གཞན་ནོ། །འདིར་ནི་ཡུལ་གྱི་ཡུལ་ཅན་ངེས་པར་བསྟན་པ་ལས་སྒྲ་ནི་ཁྱད་པར་དང་ཁྱད་པར་གཞན་

ནོ་ཞེས་རྣམ་པར་ཤེས་པར་བྱའོ། །ཁྱད་པར་གྱི་སྒྲ་དང་ཁྱད་པར་གཞན་གྱི་སྒྲའི་དོན་ཞེས་པའི་དོན་ཏོ། །འགལ་བའི་ཕྱིར་ན་ཞེས་པ་གཏན་ཚིགས་སོ། །སྤྱིའི་དོན་འཕྲོག་པར་བྱེད་པའི་ཕྱིར་ཞེས་པ་འགལ་བ་ཉིད་ཀྱི་རྒྱུའོ། །རྒྱལ་པོའི་བུ་བཞིན་ཞེས་པ་ལ་དཔེ་སྟེ། རྒྱལ་པོའི་བུ་རྣམས་ཀྱི་ཕ་ནོངས་

པ་ན། སྤྱིའི་དོན་ནི་རྒྱལ་སྲིད་དོ། །དེ་དེ་རྣམས་ཀྱིས་ཐམས་ཅད་ཀྱི་སྟོབས་ཇི་ལྟ་བ་བཞིན་འཕྲོག་པ་ཉིད་ཀྱི་ཕྱིར་འགལ་བ་རྣམས་སོ། །དེ་ལས་ཀྱང་ཕན་ཚུན་གྱི་དོན་བཟོད་པ་མ་ཡིན་ཏེ། གང་སྤྱིའི་དོན་འཕྲོག་པ་དེ་རྣམས་ནི་ཕན་ཚུན་འགལ་བ་རྣམས་ཏེ། རྒྱལ་པོའི་བུ་བཞིན་སྤྱིའི་སྒྲ་རྣམས་

ཀྱང་དེ་ལྟ་བུའོ། །རང་བཞིན་ནོ། །གང་རྣམས་འགལ་བ་དེ་ནི་ཕན་ཚུན་གྱི་དོན་བཟོད་པ་མ་ཡིན་ཏེ། དེ་ཁོ་ན་བཞིན། ཁྱད་པར་གྱི་སྒྲ་རྣམས་ཀྱང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །དཔེར་ན་ཞེས་པས་སྤྱིའི་དོན་འཕྲོག་པ་ཉིད་སྟོན་ཏོ། །རྫས་གཅིག་འཕྲོག་པར་བྱེད་པའི་

ཕྱིར་ཞེས་པ། སྤྱིའི་དོན་འཕྲོག་པ་ཉིད་ཁོ་ནའི་རྗེས་སུ་བརྗོད་པའོ། །འོ་ན་འདི་ནི་འགལ་བ་ཉིད་ལ་གཏན་ཚིགས་ཡིན་གྱི། ཁྱད་པར་གཞན་སེལ་བ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་དེ་ལས་དེ་རབ་ཏུ་སྦྱར་བ་བརྗོད་ཅེ་ན། དེ་ཡང་དེའི་བརྒྱུད་པས་གཏན་ཚིགས་སོ་ཞེས་པས་སྐྱོན་མེད་དོ། །

འགལ་བ་ནི་སྤོང་བའི་གཏན་ཚིགས་སུ་བརྗོད་ལ། དེ་ཡང་སྤྱིའི་དོན་འཕྲོག་པ་ཉིད་ཀྱི་ཕྱིར་རོ། །སྤྱི་གཞན་ས་ལས་གྱུར་པ་ཉིད་ལ་སོགས་པའི་ཁྱད་པར་གང་བུམ་པ་ལ་སོགས་པ་རྣམས་ཡིན་ཞིང་དེ་རྗོད་པར་བྱེད་པའི་སྒྲ་རྣམས་དང་ལྷན་ཅིག་ཤིང་ཤ་པའི་སྒྲ་དོན་གཅིག་པ་འཕྲོག་པ་

ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤིང་གི་སྒྲ་དང་ངོ་། །དེའི་ཕྱིར་སྤོང་བའི་རྒྱུ་མེད་པའི་ཕྱིར་སེལ་བ་མ་ཡིན་ནོ་ཞེས་སེམས་བཞིན་པས་སྨྲས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ། །ཤིང་ཤ་པའི་སྤྱི་ནི་ཤིང་ཉིད་དོ། །དེ་ལས་གཞན་པ་ཉིད་ཀྱི་ཕྱིར་ས་ལས་གྱུར་པ་ཉིད་ནི་སྤྱི་གཞན་ནོ། །

เล่ม ๑๙๓ · หน้า 269b

དེའི་ཁྱད་པར་ནི་བུམ་པ་ལ་སོགས་པ་སྟེ་དེ་ནི་འབྲེལ་པ་མེད་པ་སྟེ། ཤིང་ཤ་པའི་སྒྲ་དང་འགལ་བ་མེད་པའི་ཕྱིར་ན། དེའི་སྒྲས་ཤིང་ཤ་པའི་སྒྲའི་རྫས་གཅིག་འཕྲོག་པ་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར་དེ་ཅིའི་ཕྱིར་སེལ་བར་བྱེད་དེ། འགལ་བ་མེད་པའི་ཕྱིར་འདི་སེལ་བ་མ་ཡིན་པ་ཁོ་

ནའོ་ཞེས་པའི་དོན་ཏོ། །སྤྱི་གཞན་ཁྱད་པར་དོན་རྣམས་ནི། །ཞེས་པས་དེ་ཁོ་ན་སེལ་བའི་རྒྱུ་འགལ་བ་སྟོན་ཏེ་འགལ་བའི་སྤྱི་ནི་སེལ་བའི་རྒྱུ་ཡིན་ཞིང་། འདིར་ཡང་གལ་ཏེ་ཡང་དངོས་སུ་འགལ་བ་མེད་མོད། བརྒྱུད་པས་ནི་ཡོད་པ་ཁོ་ནའོ། །དེ་སྟོན་ཏེ། ཤིང་གི་སྒྲས་ནི་ཞེས་པ་ལ་

སོགས་པའོ། །དེས་ཞེས་པ་ལ་སོགས་པ་སྟེ། ཤིང་ཤ་པའི་སྒྲའི་གྲོགས་པོ་ནི་ཤིང་གི་སྒྲ་སྟེ། དེའི་དོན་གྱི་སྤྱི་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེའི་སྒྲ་རྣམས་ནི་བུམ་པ་ལ་སོགས་པའི་སྒྲ་རྣམས་ཏེ། ས་ལས་གྱུར་པ་འཕྲོག་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཤིང་གི་སྒྲ་དེས་བུམ་པ་ལ་སོགས་

པ་བསལ་བར་བྱས་བཞིན་པ་ལ་ནི་ཤིང་ཤ་པའི་སྒྲས་རྗེས་སུ་ཡི་རང་སྟེ། གྲོགས་པོའི་དགྲ་བོ་བཞིན་ནོ། །དོན་གྱིས་དེ་དེ་ཞེས་པ་ཤིང་ཤ་པའི་སྒྲའི་དོན་ནི་ཤིང་ཤ་པའི་སྤྱིའོ། །དེ་ཡང་བུམ་པ་ལ་སོགས་པ་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་ལས་ལྡོག་པའོ། །དེ་ཉིད་ཀྱི་ཕྱིར་དོན་གྱིས་

རྟོགས་པར་བྱ་བའོ། །ཤིང་ཤ་པའི་སྒྲའི་ནི་དེ་ལ་བྱ་བ་ཡང་མ་ཡིན་ནོ། །དེ་ལྟ་ན་ཡང་ཤིང་ཤ་པའི་སྒྲ་དེས་བུམ་པ་ལ་སོགས་པ་བསལ་ལོ་ཞེས་རྟོགས་པར་བྱ་སྟེ། དེ་རྟོགས་པས་དོན་གྱིས་དེ་བསལ་བ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཞེས་པ། རིགས་པ་འདིས་ནི་ས་ལས་གྱུར་པའི་སྤྱི་ལས་སྤྱི་གཞན་

རྫས་ཉིད་དེ། དེའི་སྤྱི་ཡོད་པ་ཉིད་དང་དེའི་ཁྱད་པར་རྣམས་དང་ཡོན་ཏན་རྣམས་དང་ལས་རྣམས་དང་། དེ་རྣམས་ཀྱིའང་ཁྱད་པར་གཟུགས་ལ་སོགས་པ་རྣམས་དང་། འདེགས་པ་ལ་སོགས་པ་རྣམས་ཀྱང་རིམ་པ་ཇི་ལྟ་བར་རང་དང་འགལ་བའི་སྤྱིའི་སྒྲས་སེལ་བ་དང་བྱེ་བྲག་གི་སྒྲས་བཏང་

སྙོམས་སུ་བྱེད་པར་འབྲེལ་པ་དང་འབྲེལ་ལས་རིག་པར་བྱའོ། །ཅི་ལྟར་ཞེ་ན་གསུངས་པ། གྲོགས་པོའི་གྲོགས་པོའི་དགྲ་བོ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། འདིར་གྲོགས་པོའི་གྲོགས་པོ་ཞེས་གཉིས་བརྗོད་པ་ནི་རྒྱུད་པས་གྲོགས་པོར་རྟོགས་པར་བྱེད་པ་ལྷུར་ལེན་པར་རིག་པར་བྱའོ། །

เล่ม ๑๙๓ · หน้า 270a

གཞན་དུ་ན་གྲོགས་པོ་གཅིག་བྱས་པ་ཁོ་ནས་གྲོགས་པོར་རྟོགས་པས་སོ། །དེ་ལ་ཡོན་ཏན་དང་ལས་ནི་ཤིང་ཤ་པའི་སྒྲས་རྫས་ཀྱི་སྒྲ་སེལ་བར་བྱེད་བཞིན་པ་ལ་གྲོགས་པོའི་གྲོགས་པོའི་དགྲ་བོ་བཞིན་དུ་རྗེས་སུ་ཡི་རང་བར་བྱེད་དོ། །ཡོན་ཏན་གྱི་བྱེ་བྲག་གཟུགས་ལ་སོགས་པ་

རྣམས་དང་ལས་ཀྱི་ཁྱད་པར་འདེགས་པ་ལ་སོགས་པ་རྣམས་ནི་ཤིང་ཤ་པའི་སྒྲས་གྲོགས་པོའི་དགྲ་བོའི་གྲོགས་པོ་བཞིན་དུ་རྫས་ཀྱི་སྒྲས་གཟུགས་ལ་སོགས་པ་དང་འདེགས་པ་ལ་སོགས་པའི་སྒྲ་རྣམས་ཀྱི་གང་རུང་བ་བསལ་བར་བྱ་བཞིན་པ་རྣམས་ལ་བཏང་སྙོམས་སུ་བྱེད་དོ། །འོ་ན་ཤིང་

ཤ་པའི་སྒྲ་ཁོ་ནས་བུམ་པ་ལ་སོགས་པ་རྣམས་དངོས་སུ་སེལ་བ་མ་ཡིན་ནམ། དེ་ལྟར་ན་ཤིང་ཤ་པའི་སྒྲ་བརྗོད་པ་ཁོ་ན་ལས་དེས་སེལ་བ་རྟོགས་པས་སོ་ཞེ་ན་གསུངས་པ། དེ་ལ་ནི། དེ་ན་དངོས་སུ་དེ་སེལ་ཡིན། །ཞེས་པ་ལ་སོགས་པ་དངོས་སུ་མི་སེལ་བ་ལ་རིགས་པ་གསུངས་སོ། །

མ་གྱུར་ཅིག་ཅེས་པ་ལ་སོགས་པ་གལ་ཏེ་དངོས་སུ་སེལ་ན། སྡོང་པོའི་སྒྲ་བཞིན་དུ་ཤིང་གི་སྒྲ་དང་མཚུངས་པའི་དོན་ཅན་དུ་འགྱུར་རོ། །དེ་ལྟར་གྱུར་ན་སྐྱོན་ཞིག་ཏུ་འགྱུར་ཞེ་ན་གསུངས་པ། དེ་ལྟར་ཁྱད་པར་གཞན་རྣམས་ནི། །ཞེས་པ་ལ་སོགས་པའོ། །དེ་ལྟར་གྱུར་ན་པ་ལ་ཤ་ལ་

སོགས་པ་རྣམས་ཤིང་གི་སྒྲ་བཞིན་དུ་ཤིང་ཤ་པའི་སྒྲས་ཀྱང་སེལ་བར་མི་འགྱུར་རོ། །ཇི་ལྟར་ཤིང་གི་སྒྲ་ནི་བུམ་པ་ལ་སོགས་པ་སྤངས་པས་ཤིང་ལེན་པའི་ཕྱིར་པ་ལ་ཤ་ལ་སོགས་པ་རྣམས་སེལ་བ་མ་ཡིན་པ་དེ་ལྟར་ཤིང་ཤ་པའི་སྒྲས་ཀྱང་མི་སེལ་བར་འགྱུར་རོ། །འདིས་ནི་གང་ཤིང་པ་ལ་ཤ་ལ་

སོགས་པ་རྣམས་སྤོང་བ་དེ་ནི་ཤིང་གི་དོན་ཉེ་བར་འཛིན་པ་མ་ཡིན་ཏེ། བུམ་པ་ལ་སོགས་པའི་སྒྲ་བཞིན་ཤིང་ཤ་པའི་སྒྲ་ཡང་པ་ལ་ཤ་ལ་སོགས་པ་རྣམས་སྤོང་ངོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འདིར་ཡང་ཐལ་བར་འགྱུར་བ་དང་བཟློག་པས་གཏན་ཚིགས་ཀྱི་དོན་མངོན་པར་

བསལ་བར་བྱས་སོ། །ཉུང་ངུ་དང་མང་པོའི་དོན་སེལ་བར་བྱེད་པ་ཉིད་ཀྱིས་ཐ་དད་པ་ཉིད་ཀྱི་ཕྱིར་ཞེས་པ། ཤིང་ཤ་པའི་གསལ་བར་བྱ་བ་མང་པོ་ཉིད་དེ། པ་ལ་ཤ་ལ་སོགས་པ་སྤོང་བའི་ཕྱིར་རོ། །ཤིང་གི་སྒྲ་ནི་ཤིན་ཏུ་ཉུང་བ་སྟེ། པ་ལ་ཤ་ལ་སོགས་པ་རྣམས་མི་སྤོང་བའི་ཕྱིར་རོ། །

เล่ม ๑๙๓ · หน้า 270b

དེའི་ཕྱིར་ཡང་བསལ་བར་བྱ་བ་མི་མཚུངས་པ་ཉིད་ཀྱི་ཕྱིར་ཤིང་ཤ་པའི་སྒྲ་ནི་ཤིང་གི་སྒྲ་དང་མཚུངས་པའི་དོན་ཅན་མ་ཡིན་ནོ། །དེ་ལྟར་ནི་ཤིང་གི་སྒྲའི་དོན་ནི་ཤིང་ཉིད་དོ། །ཤིང་ཤ་པའི་སྒྲའི་ནི་དེ་ཡང་སྟེ། ཤིང་ཤ་པ་ཉིད་ཀྱང་ངོ་། །དེའི་ཕྱིར་བསལ་བར་བྱ་བ་ཉུང་ངུ་དང་མང་པོ་ཉིད་ཀྱི་ནི་ཐ་དད་པ་ཉིད་ཀྱི་

ཕྱིར་སྐྱོན་འདི་མ་ཡིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་ཤིང་ཤ་པའི་སྒྲ་དང་ཤིང་གི་སྒྲའི་དོན་ཤིང་ཉིད་ཡིན་པ་དེ་ལྟ་ན་ཡང་ཤིང་ཤ་པའི་སྒྲ་ལ་ཤིང་ཤ་པའི་དོན་དང་ལྡན་པ་ཉིད་ཀྱི་མཚན་ཉིད་ཀྱི་བྱེ་བྲག་ཡོད་དེ། དེས་ན་ཤིང་གི་དོན་ཉེ་བར་ལེན་པ་ཡོད་ན་ཡང་པ་ལ་ཤ་ལ་སོགས་

པ་མི་སེལ་བར་ཐལ་བར་འགྱུར་བ་མ་ཡིན་ནོ་ཞེ་ན། མི་རིགས་ཏེ་ཞེས་པ་ལ་སོགས་པ། ཇི་ལྟར་ཕ་རོལ་པོས་ཤིང་ཤ་པའི་སྒྲ་དག་མ་འདྲེས་པའི་དོན་དུ་བརྗོད་པས་དེ་ལྟར་འདིར་ཡང་འགྱུར་བར་བྱ་དགོས་སོ་ཞེས་པ་བསྡུས་པའི་དོན་ཏོ། །ཡང་གང་ཕ་རོལ་པོའི་ལྟར་འགྱུར་བར་བྱ་དགོས་སོ་ཞེས་

པའི་ངེས་པར་འདི་ཅི་ལས་ཤེ་ན། ཅི་ལས་ཀྱང་མ་ཡིན་གྱི། ཇི་ལྟར་ཕ་རོལ་པོས་འཇིག་རྟེན་པའི་གྲགས་པ་རྗེས་སུ་སྲུང་བས་ཏེ། འཇིག་རྟེན་ན་སྤྱི་དང་ཁྱད་པར་གྱི་སྒྲ་དག་མ་འདྲེས་པའི་དོན་ཅན་ཉིད་ཀྱི་ཕྱིར། ཤིང་ཤ་པ་དང་ཤིང་གི་སྒྲ་དག་ནི་དོན་ཐ་དད་པ་རྣམ་པར་གཞག་པ་དེ་ལྟར་

ཁོ་བོ་ཅག་གིས་ཀྱང་ངོ་ཞེས་པ་འདི་ཙམ་ཞིག་བརྗོད་པར་བྱའོ། །གལ་ཏེ་དེ་དེའི་བྱ་བ་མ་ཡིན་ན། འོ་ན་ཅི་ལྟར་ཤིང་ཤ་པའི་སྒྲ་ལས། སེལ་བ་ཤིན་ཏུ་མང་པོར་རྟོགས་པར་བྱ་ཞེ་ན་གསུངས་པ། དོན་གྱིས་ནི་འགྱུར་ཞེས་པ་ལ་སོགས་པའོ། །ཤིང་ཤ་པའི་སྒྲས་ཤིང་ཤ་པའི་དོན་རྟོགས་

པར་བྱས་པ་ན་ཤིང་ཤ་པ་ཉིད་ཀྱང་ངོ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཤུགས་ལས་ཤིང་ཉིད་རྟོགས་ཏེ། དེའི་ཕྱིར་དེས་དོན་གྱིས་བསལ་བར་བྱ་བཞིན་པ་བུམ་པ་ལ་སོགས་པ་ནི་རྨོངས་པས་སྒྲས་བྱས་པར་སེམས་པར་བྱེད་དོ། །ཡང་ཅི་ལྟར་རྟགས་ཉིད་དུ་མཚུངས་པ་ལ། དུ་བ་ལ་

སོགས་པ་ནི་དངོས་སུ་མེ་ལ་སོགས་པ་ལ་རྫས་ཉིད་ལ་སོགས་པ་རྟོགས་པར་བྱེད། གང་གསུངས་པ་རྟགས་ལས་ནི་གང་རྗེས་སུ་འབྲེལ་པ་ཅན་གྱི་རྟགས་ཅན་དེ་རྣམས་ཀྱང་རྟོགས་པར་བྱ་བའོ་ཞེས་སོ། །ཤིང་ཤ་པའི་སྒྲ་ནི་དངོས་སུ་ཤིང་ཤ་པ་ཉིད་ཁོ་ན་རྟོགས་པར་བྱེད་ཅིང་སྤྱི་

เล่ม ๑๙๓ · หน้า 271a

གཞན་རྣམས་ནི་ཤུགས་ལས་ཡིན་ནོ། །གཞན་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ལ་ལྟོས་པས་སྒྲ་རང་གི་དོན་རྟོགས་པའི་རྒྱུ་འདོད་ཅིང་། དེ་ཅི་ལྟར་རྫས་སུ་ཡོད་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་མ་ཡིན། དེ་མེད་ན་སྒྲ་

ཉེ་བར་དམིགས་པ་མ་ཡིན་པས་སོ་ཞེ་ན། སྐྱོན་འདི་མེད་དེ། དེ་ལ་དོན་གྱི་འབྲེལ་པ་ནི་སྐྱེས་བུས་བྱས་པ་མ་ཡིན་གྱི། འོན་ཀྱང་རང་བཞིན་ལས་ཏེ། དེ་ནི་གང་དང་གང་རང་བཞིན་གྱིས་མེད་ན་མི་འབྱུང་བར་གྱུར་པ་དེ་དང་དེ་ཁོ་ན་རྟོགས་པར་བྱེད་དོ། །སྒྲའི་འབྲེལ་པ་ནི་སྐྱེས་བུས་བྱས་པའི་

བརྡས་ཉེ་བར་འོངས་པ་སྟེ། རྫས་ཉིད་ལ་སོགས་པ་ལ་ཤིང་གི་སྒྲ་བརྡར་བྱས་པ་ཡང་མ་ཡིན་ནོ། དེ་ཅི་ལས་དེ་ལ་ལྟོས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན། དེའི་ཕྱིར་དེ་ནི་རྫས་ལ་སོགས་པ་རྣམས་ཀྱི་རྟོགས་པར་བྱེད་པ་པོ་མ་ཡིན་ནོ། །འོ་ན་སྒྲའི་འབྲེལ་པ་ཡང་སྐྱེས་བུས་མ་

བྱས་པ་ཁོ་ནར་བརྗོད་པར་འདོད་པ་ན་ནི། དེ་ལ་དེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་བ་ན་སྤྱི་གཞན་རྟོགས་པའི་རྒྱུ་ཉིད་དུ་འདོད་པ་ཁོ་ན་སྟེ། དེ་ཁྱད་པར་མེད་པར་གཟུང་བ་ན་ནི། འཁྲུལ་པའི་ཕྱིར་མི་འདོད་དོ་ཞེ་ན། དུ་བ་ལ་སོགས་པའི་རྟགས་ལ་ཡང་འདི་མཚུངས་པ་ཁོ་ན་སྟེ། དེ་ཡང་

འབར་བ་ཉིད་ལ་སོགས་པའི་སྤྱིའི་ཁྱད་པར་ཅན་དུ་མེ་ལ་སོགས་པ་ལ་རྟོགས་པར་ནུས་པ་མ་ཡིན་པས་སོ། །དེ་ལ་སྒྲ་ཁོ་ན་ལ་བརྩད་པ་ལ་རྗེས་སུ་ཆགས་པ་འདི་ཅི་ཡིན། གལ་ཏེ་ཁྱད་པར་ནི་ཁྱད་པར་གཞན་གྱི་དོན་ཞེས་པ། ཡོན་ཏན་གྱི་ཁྱད་པར་ནི་མངར་བ་དང་སྣུམ་པ་ཉིད་ལ་སོགས་པ་རྣམས་སོ། །

དེ་ལ་འདི་རྣམས་ཕན་ཚུན་སེལ་ན་གཞི་མཐུན་པ་ཉིད་དུ་འགྱུར་བར་བྱ་བར་མི་རིགས་ན། དེ་ཡང་ཡོད་དེ། དེ་ལྟར་ནི་ཙ་ར་ཀ་རུ་རོ་ནི་སྣུམ་པ་ཉིད་ལ་སོགས་པ་ཡོན་ཏན་གཞན་རྣམས་དང་གཞི་མཐུན་པ་ཉིད་དུ་ཉེ་བར་དམིགས་སོ། །དེ་ཅི་ལྟར་ཞེས་པ་ཅི་ལྟར་ཡང་རིགས་པ་མ་ཡིན་ནོ་ཞེས་

སེམས་པའོ། །འདིས་ནི་གཞི་མཐུན་པ་ཉིད་ཀྱི་ཕྱིར་མངར་བ་ལ་སོགས་པ་རྣམས་ཏིལ་ནག་པོ་བཞིན་དུ་མི་སེལ་བར་རྗེས་སུ་དཔག་ནས་འགལ་བའི་གཏན་ཚིགས་མ་ངེས་པ་ཉིད་དུ་གསལ་བར་བྱེད་དོ། །སེལ་བ་མེད་ན་ཡང་ཡོད་པའི་ཕྱིར་མངར་བ་དང་སྣུམ་པ་དང་གྲང་བ་ཉིད་ལ་སོགས་

เล่ม ๑๙๓ · หน้า 271b

པ་ལ་སེལ་བ་ནི་དོད་ཟླ་དང་འགལ་བའི་རྒྱུ་མ་ཡིན་པ་ཉིད་དེ། དེ་ཡོད་ཀྱང་མ་ཚང་བ་ན་དེ་མེད་པའི་ཕྱིར་རོ་ཞེས་པའོ། །གཞི་མཐུན་པ་ཉིད་ནི་ཞེས་པ་ལ་སོགས་པ། ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་གཞི་མཐུན་པ་ཉིད་གང་ཡིན་པ་འདི་ནི་དེའི་རྟེན་དང་མི་འགལ་བའི་ཕྱིར། མངར་བ་

ལ་སོགས་པ་རྣམས་ཀྱི་གང་རྟེན་དུ་གྱུར་པའི་རྫས་དེ་དང་དེ་རྣམས་མི་འགལ་བ་སྟེ། ཡོན་ཏན་རྣམས་ནི་རང་གི་རྟེན་དང་འགལ་བ་མ་ཡིན་པ་སྟེ། རྫས་ཁོ་ནའི་ཡོན་ཏན་མངར་པོའོ། །དེ་ཁོ་ནའི་ཡོན་ཏན་གྲང་བ་དང་སྣུམ་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ནི་རོའི་ཡོན་ཏན་གྱི་མ་ཡིན་

ཏེ། དེའི་ཕྱིར་རྫས་དེ་ལ་ཞུགས་པ་རྣམས་རོ་ལ་ཉེ་བར་གདགས་པར་བྱའོ། །འདོགས་པའི་རྒྱུ་མཚན་ནི་དོན་གཅིག་ལ་འཕྲོད་པ་འདུ་བའོ། །བཏགས་པའི་འབྲས་བུ་ནི་མངར་པོ་ཉིད་ནི་སྣུམ་པ་ལ་སོགས་པ་རྣམས་དང་ལྷན་ཅིག་སྤྱོད་པ་ཉིད་དུ་འཆད་པའོ། །དེ་ལས་ཀྱང་ཇི་ལྟར་དེ་

རྣམས་ཀྱི་རྟེན་དངོས་རྫས་ནི་མངར་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། མངར་པོ་རྫས་སོ། །གྲང་བའོ། །ལྕི་བ་ཉིད་དོ་ཞེས་བརྗོད་པར་བྱ་བ་དེ་ལྟར་བཏགས་པའི་རྟེན་མངར་བ་ཞེས་བྱ་བའི་རོ་ཡང་སྣུམ་པ་ཉིད་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མངར་པོ་ནི་སྣུམ་

པའོ་ལྕི་བ་ཞེས་བརྗོད་པར་བྱའོ། །དེ་ལྟར་བརྟགས་པ་ནི་འདིར་གཞི་མཐུན་པ་ཉིད་དུ་བརྟགས་པའོ་ཞེས་བརྗོད་པར་འགྱུར་རོ། །བརྟགས་པའི་དོན་གྱི་དབང་ལས་དངོས་པོར་ན་དེའི་བདག་ཉིད་འགྲུབ་པ་མ་ཡིན་ནོ་ཞེས་པས་ཇི་སྐད་བརྗོད་པའི་སྐྱོན་མེད་དོ། །མ་མཐོང་ཕྱིར་ན་སེལ་བ་ཉིད། །

ཉིད་ཀྱི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །མ་མཐོང་བ་ཉིད་ཁོ་ནའི་ཕྱིར་སེལ་བ་སྟེ་འགལ་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་ལྟར་བྱས་པ་ཉིད་རྟག་པ་རྣམས་ལ་མ་མཐོང་བའི་ཕྱིར་དེ་སེལ་བར་བྱེད་པ་དེ་ལྟར་ཁྱད་པར་གྱི་སྒྲ་ཁྱད་པར་གཞན་རྣམས་ལ་མ་མཐོང་

བའི་ཕྱིར་དེ་རྣམས་སེལ་ལོ། །ཅིའི་ཕྱིར་མ་མཐོང་ཞེ་ན་ཞེས་པ། ཤིང་ཤ་པའི་སྒྲ་པ་ལ་ཤ་ལ་སོགས་པ་ལ་མི་མཐོང་བའི་རྒྱུ་འདྲི་བའོ། །རང་བཞིན་པའི་དོན་ལ་ཡང་ཞེས་པ། རྒྱུ་དང་རྐྱེན་གྱི་རང་བཞིན་དུ་འབྲེལ་པ་ཉིད་ཀྱིས་ན་རང་བཞིན་པ་སྟེ། སྒྲའི་མཚན་ཉིད་ཀྱི་དོན་ཏོ་ཞེས་པ་

เล่ม ๑๙๓ · หน้า 272a

འདིར་དགོངས་པའོ། །ཤིང་ཤ་པ་ལ་སོགས་པའི་སྒྲ་ནི་ཤིང་ཤ་པ་ལ་སོགས་པ་བརྗོད་པར་འདོད་པ་ཁོ་ནས་རབ་ཏུ་སྦྱར་གྱི་པ་ལ་ཤ་ལ་སོགས་པ་བརྗོད་པར་འདོད་པས་ནི་མ་ཡིན་ནོ། །དེའི་ཕྱིར་ཤིང་ཤ་པ་བརྗོད་པར་འདོད་པའི་རང་བཞིན་ལ་འབྲེལ་པ་ཉིད་ཀྱི་ཕྱིར་

པ་ལ་ཤ་ལ་སོགས་པ་རྣམས་ལ་ཤིང་ཤ་པའི་སྒྲའི་སྦྱོར་བར་འགྱུར་བ་མ་ཡིན་ནོ། །དེ་ལས་ཀྱང་དེ་ལ་མ་མཐོང་བ་སྟེ། དེས་ན་རང་བཞིན་པའི་དོན་འདི་ལ་དེ་མ་མཐོང་བ་ཁྱད་པར་གཞན་སེལ་བར་ནུས་པ་དོར་ནས། གང་འགལ་བ་ཉིད་སྤོང་བའི་རྒྱུར་བརྗོད་པ་དེ་ནི་རིགས་པ་ལས་འདས་ནས་བདག་

མཚར་བར་སེམས་པའི་སྐྱེས་བུ་ཉིད་དོ་ཞེས་པའི་དོན་ཏོ། །འགལ་བ་ཉིད་ནི་ཉེ་བར་མཚོན་པ་ཙམ་སྟེ། གང་དེའི་ལྷག་པའི་རྒྱུ་གཞན་བཤད་པ་དེ་ཡང་རིག་པར་བྱའོ། །ཨེ་མ་བདག་ཅེས་སེམས་པ་གང་ཡིན་པ་དེ་ནི་བདག་མཚར་བ་ཅན་གྱི་སྐྱེས་བུ་སྟེ། དེའི་དངོས་པོ་ནི་བདག་མཚར་བར་

སེམས་པའི་སྐྱེས་བུ་ཉིད་དོ། །དེ་ཡང་མངོན་པའི་ང་རྒྱལ་ཉིད་དོ། །དེ་ནི་བདག་མཚར་བར་སེམས་པའི་སྐྱེས་བུའི་སྒྲའི་རབ་ཏུ་སྦྱོར་བ་ལའོ། །ཡང་གང་གིས་བདག་མཚར་བར་སེམས་པའི་སྐྱེས་བུའི་རྟོགས་པའོ་ཞེས་པ་འདི་ལྟར་བརྗོད་པ་འདི་ལ་མི་རིགས་པ་ཅི་ཞིག་ཡིན་ཞེ་ན།

ཁྱད་པར་གྱི་དོན་ཅན་གྱི་སྒྲ་རྣམས་ནི་སྤྱིའི་དོན་འཕྲོག་པར་བྱེད་པའི་ཕྱིར་རྒྱལ་པོའི་བུ་བཞིན་དུ་ཕན་ཚུན་འགལ་བ་རྣམས་སོ་ཞེས་པ་འདི་ཁོ་ན་རེ་ཞིག་མི་རིགས་ཏེ། དེ་ལྟར་ནི་སྤྱིའི་དོན་འཕྲོག་པར་བྱེད་པ་ཉིད་ནི་འགལ་བ་གཏན་ཚིགས་སུ་ཉེ་བར་བླངས་ཤིང་། དེ་ཡང་སྒྲ་རྣམས་ཀྱི་ཁྱད་

པར་གྱི་ཡུལ་ལ་སྤྱིའི་དོན་རྟོགས་པར་བྱེད་པའི་མཚན་ཉིད་ཡིན་ལ། རྒྱལ་པོའི་བུ་རྣམས་ནི་དེ་དང་རིགས་མི་མཐུན་པ་རྒྱལ་སྲིད་རང་གིར་བྱེད་པའི་མཚན་ཉིད་ཅན་ཏེ། གང་ཡོད་ན་རང་ཉིད་རྣམ་པར་རྒྱལ་བ་ནི་སྦྱིན་པ་ལ་སོགས་པའི་བྱ་བ་རྣམས་ལ་རང་དབང་དུ་འགྱུར་བའོ། །དེ་ལ་

གལ་ཏེ་སྒྲ་ལ་སོན་པའི་སྤྱིའི་དོན་ལེན་པར་བྱེད་པ་ཉིད་གཏན་ཚིགས་ཉིད་དུ་ཉེ་བར་ལེན་ན་ནི་དཔེ་གཏན་ཚིགས་དང་བྲལ་བར་འགྱུར་ཞིང་ཅི་སྟེ་རྒྱལ་པོའི་བུ་ལ་སོན་པ་ཡིན་ན་གཏན་ཚིགས་མ་གྲུབ་པ་ཉིད་དོ། །དེ་ལ་སྒྲ་ཙམ་ཞིག་ཐ་མི་དད་པ་ཡིན་གྱི་དོན་ཅུང་ཟད་ཀྱང་མ་ཡིན་ནོ། །དེ་

เล่ม ๑๙๓ · หน้า 272b

ལས་དོན་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་ལ་མི་ལྟོས་པའི་སྒྲ་ཙམ་ནི་འདོད་པ་ཙམ་ལས་འབྱུང་བ་སྟེ་ཡོད་པ་མ་ཡིན་པས་ཞེས་པའོ། །རྟོགས་པར་བྱ་བའི་དངོས་པོ་ནི་དངོས་པོས་འགྲུབ་སྟེ། ཇི་སྐད་དུ་གསུངས་པ། ཐ་དད་དངོས་ལ་རབ་གྲུབ་པ། །སྒྲ་མཚུངས་ཐ་དད་མེད་པ་ལས། །

རྗེས་དཔོག་རིགས་པ་མ་ཡིན་ཏེ། །སྐྱ་བོའི་རྫས་ལ་མེ་བཞིན་ནོ། །རིགས་གཞན་ལས་ནི་རབ་གྲུབ་པ། །སྒྲ་ཡི་སྤྱི་ནི་མཐོང་བ་ལས། །སྒྲུབ་བྱེད་མི་རིགས་ངག་ལ་སོགས། །གོ་ཉིད་ཕྱིར་ན་རྭ་ཅན་བཞིན། །ཞེས་སོ། །ཁྱད་པར་གྱི་སྒྲ་འབའ་ཞིག་པས་ནི་སྤྱིའི་དོན་ཁྱད་པར་བྱས་པའི་ཡུལ་ལ་

རྟོགས་པར་བྱ་བ་ཡང་མ་ཡིན་གྱི་འོ་ན་ཅི་ཞེ་ན། སྤྱིའི་སྒྲ་དང་ལྷན་ཅིག་པ་སྟེ། དེ་ལས་ཀྱང་གཉིས་ཀ་དག་ནི་འདུས་ནས་ཁྱད་པར་གྱི་སྒྲ་སྤྱིའི་དོན་ལེན་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དེ་ལས་ཁྱད་པར་གཞན་གྱི་སྒྲ་དང་འགལ་བ་ཡིན་ན་སྤྱིའི་སྒྲ་ཡང་འགྱུར་ན་ཡོད་པ་ཡང་མ་ཡིན་ཏེ། དེའི་

ཕྱིར་འདི་ནི་མི་རིགས་སོ། །གང་ཡང་། དེ་རྣམས་དངོས་སུ་དེ་སེལ་མིན། །སྤྱི་དང་མཚུངས་ཉིད་མ་གྱུར་ཅིག །གལ་ཏེ་དངོས་སུ་སེལ་ན་ནི་ཤིང་གི་སྒྲ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་བརྗོད་པ་དེ་ཡང་ཡང་དག་པ་མ་ཡིན་པ་ཁོ་ན་སྟེ། གང་ལ་སྒྲ་བརྡར་བྱས་པ་དེ་ཁོ་

ན་བརྗོད་ཅིང་། ཤིང་ཤ་པའི་སྒྲ་ཡང་ཤིང་ཤ་པ་ཁོ་ན་ལ་བརྡར་བྱས་ཀྱི་ཤིང་སྤྱི་ལ་ནི་མ་ཡིན་ནོ། །དེས་ན་གལ་ཏེ་ཡང་བུམ་པ་ལ་སོགས་པ་རྣམས་དེས་དངོས་སུ་སེལ་བ་དེ་ལྟ་ན་ཡང་ཤིང་ཉིད་ཉེ་བར་ལེན་པ་མ་ཡིན་ནོ། །གང་ཡང་འདི་ནི་དོན་གྱིས་ཉུང་ངུ་དང་ཤིན་ཏུ་མང་པོ་སེལ་བར་

འགྱུར་རོ་ཞེས་པ་འདི་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། ཁྱད་པར་ནི་གཉིས་ཀ་ལ་སོན་པ་ཉིད་ཀྱི་ཕྱིར་དང་། རང་གི་དོན་ཡང་ཁྱད་པར་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གང་ཡང་རུང་བའི་ཁྱད་པར་གྱིས་བརྗོད་པ་ལ་ཡང་གཉིས་ཀ་ལ་སོན་པའི་ཁྱད་པར་རྟོགས་པར་བྱའོ། །དཔེར་ན་

ལྷས་བྱིན་ནི་མཆོད་སྦྱིན་བྱིན་གྱི་སྤུན་དྲུང་ངོ་ཞེས་བརྗོད་པ་ན་མཆོད་སྦྱིན་བྱིན་གྱི་ཡང་སྤུན་དྲུང་ཉིད་ཡིན་པ་བཞིན་ནོ། །གང་ལྷས་བྱིན་མཆོད་སྦྱིན་བྱིན་གྱི་སྤུན་དྲུང་དུ་འགྱུར་གྱི། མཆོད་སྦྱིན་བྱིན་ནི་མ་ཡིན་ནོ་ཞེས་བརྗོད་པ་འདི་ནི་སྲིད་པ་ཡོད་པ་མ་ཡིན་པས་སོ། །ཇི་ལྟར་ཡང་ཤིང་

เล่ม ๑๙๓ · หน้า 273a

ཤ་པ་ནི་པ་ལ་ཤ་ལ་སོགས་པ་ལས་ཐ་དད་པ་དེ་ལྟར་བུམ་པ་ལ་སོགས་པ་ལས་ཀྱང་སྟེ། དེ་ལས་ཀྱང་ཤིང་ཤ་པ་བརྗོད་པ་ན་ཇི་ལྟར་པ་ལ་ཤ་ལ་སོགས་པ་གསལ་བ་རྟོགས་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་བསལ་བ་ཡང་སྟེ། དེའི་ཕྱིར་སྤྱི་

ལས་པ་ལ་ཤ་ལ་སོགས་པ་རྣམས་ནི་དེའི་དངོས་སུ་གསལ་བར་བྱ་བ་དང་བུམ་པ་ལ་སོགས་པ་རྣམས་ཀྱི་དོན་གྱིས་སོ་ཞེས་པས་རྣམ་པར་དབྱེ་བ་འདི་ཐོབ་པ་ཡིན། ཡང་ཅིའི་ཕྱིར་སློབ་དཔོན་གྱིས་བདག་ཉིད་མཚར་བར་སེམས་པའི་སྐྱེས་བུའི་འཇུག་པ་དང་། དེ་དོར་ནས་རིགས་

པ་ཁོ་ན་དགོད་པར་མཛད་ཅེ་ན། རིགས་པ་དང་བྲལ་བ་མང་པོ་རྗོད་པར་བྱེད་པ་རྣམས་ཀྱིས་ཀྱང་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་གཞག་པར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་རིགས་པ་ལས་དགོངས་ནས་བདག་ཉིད་མཚར་བར་སེམས་པའི་སྐྱེས་བུའི་འཇུག་པས་གང་རྣམས་དངོས་

པོའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བ་འདོད་པ་དེ་རྣམས་ཀྱིས་དེ་དོར་ནས་རིགས་པ་ཁོ་ནའི་རྗེས་སུ་འབྲང་བར་བྱའོ་ཞེས་བསལ་བར་བྱ་བའི་དོན་དུའོ། །འོ་ན་དེ་ལྟ་ན་ཞེས་པ་ལ་སོགས་པས། སྤྱིའི་སྒྲ་ནི་ཁྱད་པར་རྣམས་ལ་མ་མཐོང་བ་ཡོད་ན་ཡང་སེལ་བ་མེད་པའི་ཕྱིར་སེལ་བ་ནི་དེའི་རྒྱུ་

ཅན་མ་ཡིན་པ་ཉིད་དུ་སྨྲས་སོ། །མ་ཡིན་གཞན་ལྡན་མཐོང་བའི་ཕྱིར། །ཞེས་པས་མ་གྲུབ་པ་ཉིད་གསུངས་སོ། །དོན་དང་སྐབས་ལ་སོགས་པ་རྣམས་ཀྱིས་མཐོང་ཞེས་པའི་སོགས་པའི་སྒྲས་ཡང་དག་པར་འགྲོགས་པ་ལ་སོགས་པ་རྣམས་གཟུང་བར་བྱའོ། །དེ་ལ་དོན་

གྱི་ཤུགས་ཀྱིས་སྤྱིའི་སྒྲ་ནི་ཁྱད་པར་རྟོགས་པར་བྱེད་དེ། དཔེར་ན་གཟུགས་མཛེས་པའི་ཆེད་དུ་གཞོན་ནུ་མ་སྦྱིན་པར་བྱའོ་ཞེས་པ་ལྟ་བུ་སྟེ། ཚིག་མེད་ཀྱང་གཟུགས་མཛེས་པ་ཅན་གྱི་ཆེད་ཁོ་ནར་གཞོན་ནུ་མ་སྦྱིན་པ་གྲུབ་པ་ཁོ་ན་སྟེ། ཚིག་བརྗོད་པའི་ཤུགས་ལས་ཤིན་ཏུ་

གཟུགས་མཛེས་པའི་ཆེད་དུ་ཞེས་རྟོགས་པར་བྱའོ། །སྐབས་ཀྱི་ནི་བ་ལང་རྫི་ཟ་མ་ཟ་བའི་སྐབས་སུ་སིན་དྷ་ཝ་འོན་ཅིག་ཅེས་བརྗོད་པ་ན་ལན་ཚྭ་ཁོ་ན་ལ་རྟོགས་པར་འགྱུར་རོ། །ཡང་དག་པར་འགྲོགས་པས་ནི་བེའུ་དང་བཅས་པའི་བཞོན་མ་འོན་ཅིག་ཅེས་བརྗོད་པ་ན། བ་ལང་

เล่ม ๑๙๓ · หน้า 273b

བཞོན་མ་ཁོ་ན་རྟོགས་པ་ལྟ་བུའོ། །དེ་ལྟར་དེ་སྣང་ཐེ་ཚོམ་ཡིན། །ཞེས་པ་སྤྱིའི་སྒྲ་ཁྱད་པར་རྣམས་ལ་མཐོང་བ་ལ་གཏན་ཚིགས་གཞན་གསུངས་སོ། །ནག་པོའི་མངར་བ་ལ་སོགས་པ་རྣམས་ལ་སྔར་མཐོང་བ་པོའི་དེའི་རྣམ་པ་ཅན་གྱི་ཐེ་ཚོམ་གྱི་རྒྱུ་ཉིད་མ་ཡིན་ནོ། །འདིས་

ནི་གང་ཞིག་རང་གི་ཁྱད་པར་གྱི་རྣམ་པ་ཅན་གྱི་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་རང་གི་ཁྱད་པར་རྣམས་ལ་སྔར་མཐོང་བ་ཅན་ཡིན་ཏེ། འགྲེང་བ་ཉིད་བཞིན་སྤྱིའི་སྒྲ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གསུངས་སོ། །འོ་ན་མཉན་པར་བྱ་བ་ཉིད་ཀྱིས་མ་ངེས་པ་མ་ཡིན་ནམ། དེ་ནི་གང་དུ་ཡང་མ་མཐོང་

བ་སྟེ། ཐེ་ཚོམ་གྱི་རྒྱུ་ཡང་ངོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རང་གི་ཁྱད་པར་ནི་མཉན་པར་བྱ་བའི་བྱེ་བྲག་གི་བདག་ཉིད་རྣམས་ཁོ་ན་སྟེ། དེ་ལ་ཡང་དེ་མཐོང་བ་ཁོ་ནའོ། །གང་རྣམས་ལ་མ་མཐོང་བ་རྟག་པ་ལ་སོགས་པའི་ཚིག་གི་དོན་རྣམས་ནི་དེའི་ཁྱད་པར་མ་

ཡིན་ནོ་ཞེས་པས་འདི་བརྩད་པར་བྱ་བ་མ་ཡིན་ནོ། །སྤྱི་ཉིད་ཡོད་ན་ཞེས་པའི་ཁྱད་པར་འདིར་ཡང་ན་བལྟ་བར་བྱ་སྟེ། དེ་ཡང་སྤྱིའི་སྒྲའི་དབང་དུ་བྱས་པ་ལས་འཐོབ་བོ། །ཐེ་ཚོམ་མི་རིགས་ཕྱིར་ཞེ་ན། །ཞེས་པ་གལ་ཏེ་དོན་དང་སྐབས་ལ་སོགས་པ་དང་བཅས་པར་གྱུར་ན། ཐེ་

ཚོམ་གྱི་རྒྱུར་མི་འགྱུར་ཏེ། བྱ་རོག་གནས་པ་དང་བཅས་པའི་འགྲེང་བ་བཞིན་ན། ཐེ་ཚོམ་ཡང་ཡོད་དེ། དེའི་ཕྱིར་ཇི་ལྟར་རང་གི་ཁྱད་པར་རྣམས་ལ་ཉེ་བར་དམིགས་པ། སྔོན་མ་ཅན་ཉིད་དེ་ལྟར་དོན་ལ་སོགས་པ་དང་ལྷན་ཅིག་པ་ཉིད་མེད་ཀྱང་ངོ་ཞེས་པས་གཏན་ཚིགས་འགལ་

བའོ་ཞེས་སེམས་སོ། །ངེས་ལ་འབའ་ཞིག་ལས་དེ་ཡིན། །ཞེས་པ་ལ་སོགས་པ་སྟེ། ཁྱད་པར་དང་ལྷན་ཅིག་པ་ལས་ཐེ་ཚོམ་དུ་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དོན་དང་སྐབས་ལ་སོགས་པ་དང་ལྷན་ཅིག་པའི་སྤྱིའི་སྒྲ་ལས་ཤིང་ཤ་པ་ལ་སོགས་པ་ཁྱད་པར་ངེས་པ་ལ་

དུས་ཕྱིས་འབའ་ཞིག་པ་ལས་ཁྱད་པར་རྣམས་ལ་ཐེ་ཚོམ་ཡིན་ནོ། །འདིས་ནི་དོན་ལ་སོགས་པ་དང་ལྷན་ཅིག་པ་ཉེ་བར་དམིགས་པའི་དུས་ན་ཐེ་ཚོམ་གྱི་རྒྱུ་ཉིད་མི་འགྲུབ་པའི་ཕྱིར། གང་གི་ཚེ་ཡང་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པ་དེའི་ཚེ་དོན་ལ་སོགས་པ་དང་ལྷན་ཅིག་པ་ཉིད་དུ་དམ་

เล่ม ๑๙๓ · หน้า 274a

བཅས་པའི་ཕྱིར་འགལ་བ་ཉིད་མེད་དོ་ཞེས་སྟོན་པར་བྱེད་དོ། །ཁྱད་པར་ལ་འབའ་ཞིག་མེད་ཅེ་ན་ཞེས་པ་འབའ་ཞིག་པ་ནི་ཁྱད་པར་རྣམས་ལ་སྦྱོར་བ་ཉིད་མེད་དེ། དེ་རྗོད་པར་མི་བྱེད་པ་ཉིད་ཀྱི་ཕྱིར་སྒྲ་གཞན་བཞིན་ནོ། །མ་སྦྱར་བ་ཡང་ཐེ་ཚོམ་གྱི་རྒྱུ་ཉིད་དུ་འཐད་པ་མ་

ཡིན་ནོ་ཞེས་པའོ། །དེ་ལྟར་ན་ཡང་རང་གི་ཁྱད་པར་གྱི་རྣམ་པ་ཅན་གྱི་ཐེ་ཚོམ་གྱི་རྒྱུ་ཉིད་མ་གྲུབ་པོ། །ཉན་ལ་ལྟོས་ནས་མཐོང་བ་ཡིན། །ཞེས་པ་ལན་ནོ། །ཡང་ནམ་གྱི་ཚེ་ཉན་པ་པོ་ལ་ལྟོས་པས་སྦྱོར་བ་ཡིན་ཞེ་ན་གསུངས་པ། གང་གི་ཚེ་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་ཉན་པ་

པོས་ཤིང་གི་རང་བཞིན་ལ་ཐེ་ཚོམ་ཟ་བས། ས་ལས་གྱུར་པ་ཉིད་ལ་སོགས་པ་སྤྱི་རྣམས་ཀྱི་གང་ཡང་རུང་བའི་རང་བཞིན་རྟོགས་པའི་དོན་དུ། དེ་ལས་གཞན་པའི་སྤྱི་བསལ་བས་དོན་དུ་གཉེར་བར་འགྱུར་བ་དེའི་ཚེ། ས་ལས་གྱུར་པ་ཞེས་པ་ལས་གྱུར་པའི་སྒྲ་འབའ་ཞིག་པའི་སྦྱོར་བ་སྲིད་

དོ། །འོ་ན་ངེས་པ་ལ་ཞེས་པ་ལ་སོགས་པས་ཐེ་ཚོམ་མི་འཐད་པར་སྟོན་ཏོ། །འདྲི་བ་པོས་ནི་ཤིང་ངེས་པ་ཁོ་ན་སྟེ། དེ་ལྟར་ནི་འདི་ལྟར་འདྲི་སྟེ་ཅི་ཤིང་ནི་ས་ལས་གྱུར་པ་ཡིན་ནམ། འོན་ཏེ་འབྱུང་བ་ཆེན་པོ་ལྔ་ལས་གྱུར་པ་ཡིན་ཞེས་སོ། །དེ་ལྟར་འདྲི་བ་པོས་ཤིང་ངེས་པ་ལ་ཅི་ཞིག་ལས་

སྤྱིའི་སྒྲ་འབའ་ཞིག་ལས་ཐེ་ཚོམ་ཡིན། དེ་ཁོ་ན་གཏན་ཚིགས་མ་གྲུབ་པ་ཉིད་དོ། །དེའི་ངེས་པ་ལ་གཞན་གྱི་ཞེས་པ། བདེན་ཏེ་འདྲི་བ་པོས་ཤིང་ངེས་པ་ཁོ་ན་ལ། གང་གཞན་སྐབས་དེ་མི་ཤེས་ཤིང་། །ས་ལས་གྱུར་པའི་སྒྲ་འབའ་ཞིག་ཐོས་པར་གྱུར་པ་དེའི་ཐེ་ཚོམ་སྐྱེ་སྟེ།

སྔར་དོན་ལ་སོགས་པ་དང་ལྷན་ཅིག་པའི་ཁྱད་པར་མཐོང་བའི་ཕྱིར་རོ་ཞེས་སོ། །དེ་ལྟར་དོན་གྱི་སྤྱི་བྱེ་བྲག་ཏུ་རྟོགས་པར་བྱས་ནས། སྒྲའི་སྤྱི་བྱེ་བྲག་ཏུ་རྟོགས་པའི་ཆེད་དུ་གསུངས་པ། ཇི་ལྟར་ཡང་ཞེས་པ་ལ་སོགས་པའོ། །ཇི་ལྟར་དོན་རྣམས་ལ་དོན་བྱ་བ་གཅིག་བྱེད་པའི་གསལ་བའི་

ཁྱད་པར་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ། བློ་ལ་སོགས་པར་འཇུག་བཞིན་པ་སྤྱིའི་རྣམ་པ་ཐ་སྙད་བྱེད་པ་པོ་རྣམས་ཀྱིས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཞེན་བཞིན་པ། དོན་གཞན་རྣམ་པར་སེལ་བ་ཞེས་བྱ་བའི་སྤྱི་རྟོགས་པར་བྱེད་པ་དེ་བཞིན་དུ་སྒྲ་རྣམས་ལ་དེའི་འབྲས་བུ་

เล่ม ๑๙๓ · หน้า 274b

ཅན་ཡང་མ་ཡིན་པ་ལ་སོགས་པའི་སྒྲའི་རང་གི་མཚན་ཉིད་ཉམས་སུ་མྱོང་བས་བྱས་པའི་འཁྲུལ་པའི་བག་ཆགས་ཀྱིས་ཉེ་བར་དྲངས་པ་ལས་སྐྱེས་པ། བློ་ལ་ཡོད་པ། སྤྱིའི་རྣམ་པ། ཐ་སྙད་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་ཕྱི་རོལ་གྱི་སྒྲ་ཙམ་རྗེས་སུ་འགྲོ་བ་ཉིད་དུ་ལྷག་པར་ཞེན་པ། སྒྲ་

གཞན་རྣམ་པར་གཅོད་པ་ན་ཞེས་བྱ་བ་སྤྱི་རུ་རྣམ་པར་གཞག་པར་བྱའོ། །ཇི་ལྟར་ཞེས་པ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་འཆད་དོ། །མ་བྱས་པ་བསལ་བས་ཞེས་པ་རྒྱུ་ལ་གསུམ་པའོ། །མ་བྱས་པ་བསལ་བ་ནི་བྱས་པའི་དངོས་པོར་བརྗོད་པར་བྱ་སྟེ། ལྡོག་པ་ནི་ལྡོག་པ་དང་

ལྡན་པ་ལས་གཞན་མ་ཡིན་པས་སོ་ཞེས་བཤད་ཟིན་པས་སོ། །ལྡོག་པ་དང་རྣམ་པར་བསལ་བ་དང་རྣམ་པར་གཅོད་པ་ཞེས་པ་འདི་རྣམ་གྲངས་ཡིན་པས་སོ། །དེས་ན་འདི་སྐད་བཤད་པར་འགྱུར་ཏེ། མ་བྱས་པ་བསལ་བའི་རྒྱུས་བྱས་པ་ཉིད་བྱས་པའི་དངོས་པོའི་རྒྱུ་ཅན་གང་བྱས་པ་

ཉིད་བློ་ལ་སོ་སོར་སྣང་བའི་ཁྱད་པར་ནི་ཇི་ལྟར་དེའི་སྤྱི་ལས་ཏེ་བྱས་པའི་གསལ་བ་ལ་ཐུན་མོང་བ་ཉིད་ལས་མི་རྟག་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་དེ་ལྟར་སྒྲ་གཞན་རྣམ་པར་གཅད་པའི་རྒྱུས་རྣམ་པར་ཤེས་པའི་རྣམ་པའི་ཁྱད་པར་གྱི་ངོ་བོ་ནི་སྒྲ་ལ་རང་གི་སྤྱི་རུ་བརྗོད་པར་བྱ་ཞིང་། དེ་

ཉིད་ཀྱིས་སྒྲ་དོན་རྟོགས་པར་བྱེད་ཀྱི། རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་སྔར་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །སྒྲའི་གཅིག་དང་དུ་མ་ཉིད་དུ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། དེ་ལ་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་ཡང་སྟེ་སྒྲ་ལ་གཞན་འདིར་

རིག་པར་བྱ་སྟེ། གང་དུ་ཨཀྵ་ལ་སོགས་པའི་སྒྲ་ཐོས་པ་ལ། བརྗོད་པར་བྱ་བ་ཤིང་རྟའི་ཡན་ལག་ལ་སོགས་པ་ལ་ཐེ་ཚོམ་དུ་འགྱུར་ཏེ། སོགས་པ་སྨོས་པ་ལས་བ་རུ་ར་ལ་སོགས་པ་ལའོ། །དེ་ལ་སྒྲ་གཅིག་ཉིད་ཡིན་ནོ། །གཅིག་ནི་དོན་དུ་མ་དང་འབྲེལ་པ་རྣམས་ལ་ཐེ་ཚོམ་

གྱི་རྒྱུ་ཉིད་དུ་རབ་ཏུ་གྲུབ་སྟེ། དེའི་ཕྱིར་གཞན་ལ་བྱ་བ་ཉིད་བཞིན་དུ་དུ་མ་དང་འབྲེལ་པ་ཅན་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་གཅིག་ཅེས་རྟོགས་པར་བྱའོ། །དུ་མ་ལས་དེར་ཐེ་ཚོམ་ལའོ་ཞེས་པ། ཇི་ལྟར་བྷ་ཝ་ཏིའི་སྒྲ་ལ་སོགས་པ་ལ་འདྲ་བ་ཉིད་ལས་ཐེ་ཚོམ་དུ་འགྱུར་ཏེ། ཅི་འདི་ཤ་

เล่ม ๑๙๓ · หน้า 275a

ཏྲིའི་མཐའ་ཅན་གྱི་བདུན་པའི་གཅིག་གི་ཚིག་ཏུ་གྱུར་པ་ནའི་གཟུགས་ཡིན་ནམ། འོན་ཏེ་ཏིང་ངའི་མཐའ་འམ། འོན་ཏེ་བོད་པ་ཡིན། དེ་བཞིན་དུ་ཨ་སྱ་ཞེས་བརྗོད་པ་ན་ཐེ་ཚོམ་སྟེ། ཅི་འདི་དྲུག་པའི་མཐའ་ཅན་གྱི་ཚིག་གམ། འོན་ཏེ་ལོ་ཊའི་སྐྱེས་བུ་བར་པའི་

གཅིག་གི་ཚིག་གི་མཐའ་ཅན་ཡིན་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ལ། སྒྲ་མཚུངས་ན་ཡང་སྒྲའི་དབྱེ་བ་བལྟ་བར་བྱའོ། །ཅི་ཞིག་ཏུ་ཇི་ལྟ་བུར་ཞེ་ན་གསུངས་པ། དཔེར་ན་ཀ་ཨི་ཧ་ཞེས་པ་ལྟ་བུ་སྟེ། འདིར་ནི་འདུས་པ་ན་སྒྲའི་ངོ་བོར་གྱུར་པའི་ཐེ་ཚོམ་སྟེ། ཅི་འདི་དང་པོའི་མཐའ་ཅན་

ནམ་འོན་ཏེ་བདུན་པའི་མཐའ་ཅན་ཞེས་ཏེ། གཅིག་མ་ཡིན་པ་ཉིད་ཀྱང་རབ་ཏུ་གྲུབ་པོ། །དེ་ལྟར་འཇིག་རྟེན་གྱི་དོན་ལ་དང་སྒྲ་ལ་ཡང་ཐེ་ཚོམ་ཟ་བའི་ཕྱིར་ཐ་མི་དད་པ་དང་ཐ་དད་པ་ཡང་རིག་པར་བྱའོ། །ཡང་ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། སྒྲ་དོན་གཞན་རྣམ་པར་གཅད་པས་ཇི་

སྐད་བཤད་པའི་རང་གི་དོན་རྗོད་པར་བྱེད་པའོ་ཞེས་པའི་ཕྱོགས་འདི་ལ་གང་ལས་འདི་ཁས་བླང་བ། ཕྱོགས་བཞི་པོ་རྣམས་ལ་གང་སྔར་བརྗོད་པའི་སྐྱོན་དེ་རྣམས་ཅི་ལྟར་མེད་ཅེས་འདྲི་བའོ། །སྒྲ་གཞན་དོན་ལ་མ་མཐོང་ཕྱིར། །ཞེས་པ་སྒྲའི་དོན་སྨོས་པ་ནི་མི་མཐུན་ཕྱོགས་ཉེ་

བར་མཚོན་པ་སྟེ། མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར་ཞེས་པའི་དོན་ཏོ། །རང་དོན་ཆ་ཤས་ལ་མཐོང་ཕྱིར། །ཞེས་པ་འདིར་རང་རང་གི་དོན་ཡིན་ནོ། །འདི་ཡང་ཅི་ཡིན་ཞེ་ན། བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུའི་ཚོགས་པའོ། །དེའི་ཆ་ཤས་ནི་ཡན་ལག་སྟེ། བརྗོད་

འདོད་པ་དང་ལྡན་པའི་སྐྱེས་བུའོ། །ཆ་ཤས་ལའང་ཞེས་པ་བརྗོད་འདོད་ཅན་གྱི་འདི་རྣམ་གྲངས་སོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་ཇི་སྐད་བཤད་པའི་རང་གི་དོན་གྱི་ཆ་ཤས་རྣམས་མཐའ་ཡས་པ་དེ་ལྟ་ན་ཡང་གཅིག་ལ་ཡང་མཐོང་བའི་ཕྱིར་ཞེས་པ་སྟེ། ཡང་གི་སྒྲ་ནི་དུ་མ་

ལ་ཡང་ངོ་ཞེས་གསལ་བར་བྱེད་པའོ། །མཐུན་ཕྱོགས་ལ་ཁྱབ་པ་ནི་རྟོགས་པར་བྱེད་པ་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་ཆ་ཤས་སྨོས་ཏེ་ཁྱབ་པར་བྱེད་པ་མ་ཡིན་ན་ཡང་གོ་བར་བྱེད་པ་ཡིན་ནོ། །སྒྲ་ཡི་འབྲེལ་པ་སླ་བ་ཉིད། །ཇི་སྐད་བཤད་པའི་གཏན་ཚིགས་ཀྱི་ཕྱིར་རོ། །འཕྲུལ་

เล่ม ๑๙๓ · หน้า 275b

པ་ཉིད་ནི་ཡོད་མ་ཡིན། །རང་གི་དོན་མེད་ན་མེད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཞེས་པ་ལ་སོགས་པས་དོན་འདི་ཁོ་ན་གསལ་བར་བྱེད་དོ། །སྒོ་ནི་ཐབས་སོ། །སྒྲ་ནི་རྟགས་ཡིན་པ་ཉིད་ཀྱི་ཕྱིར་དང་། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཀྱིས་འབྲེལ་

པའི་སྟོབས་ཀྱིས་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་དག་ཀྱང་ཞེས་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་ཉེ་བར་རྗོད་པ་སྟེ། རྟགས་དེ་དང་མཚུངས་པ་ཁོ་ན་ལ་འཇུག་པ་དང་། དེ་དང་མི་མཚུངས་པ་ལ་མི་འཇུག་པ་ཁོ་ནའོ་ཞེས་པ་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་རང་

གི་ངོ་བོའོ། །དེ་ལ་དེ་དང་མཚུངས་པ་ལ་ནི་གདོན་མི་ཟ་བར་མ་ཡིན་ཞེས་པ། ངེས་པ་འདི་ནི་རིགས་མཐུན་པ་ཐམས་ཅད་ལ་འཇུག་པར་བརྗོད་པར་བྱ་བ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། འགའ་ཞིག་ལ་ཞེས་པ་ལ་སོགས་པའོ། །ཤིང་ལ་

སོགས་པའི་སྒྲ་ནི་ཤིང་ལ་སོགས་པ་ཐམས་ཅད་ལ་མཐོང་བ་སྲིད་པ་མ་ཡིན་པ་སྟེ། དེ་རྣམས་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །འདོད་རྒྱལ་བའི་སྒྲ་རྣམས་ནི་ཐམས་ཅད་དུ་མཐོང་བ་སྲིད་དེ། དེའི་ཡུལ་གཅིག་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ་དེའི་ཕྱིར་འགའ་ཞིག་ཏུ་ཞེས་གསུངས་

སོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བ་བཤད་པ་སླ་བའོ། །དེ་ལྟར་འགྱུར་མོད་དེ་དང་མི་མཚུངས་པ་རྣམས་མཐའ་ཡས་པ་ཉིད་ཀྱི་ཕྱིར་ལྡོག་པ་བཤད་པ་ཡང་ཐམས་ཅད་དུ་མི་སྲིད་པའོ་ཞེ་ན། དེའི་ཕྱིར་གསུངས་པ། མི་མཚུངས་པ་ལ་ནི་མཐའ་ཡས་པ་ཉིད་ཡོད་ན་ཡང་ཞེས་པ་གང་

ལ་སྒྲའི་དོན་མེད་པ་དེ་རྣམས་མཐའ་ཡས་པ་ཉིད་ཡོད་ན་འང་རང་གི་དོན་མེད་ན་སྒྲ་མེད་པའི་མཚན་ཉིད་ཅན་གྱི་ལྡོག་པ་བསྟན་པར་ནུས་ཏེ། མ་མཐོང་བ་ནི་མེད་པ་ཙམ་ཉིད་ཀྱི་ཕྱིར་རོ། །སྒྲ་དང་དོན་དག་འབྲས་བུ་དང་རྒྱུའི་དངོས་པོར་གྲུབ་པ་ལ་རྒྱུ་དོན་མེད་པ་ན། དེའི་འབྲས་བུ་སྒྲ་མེད་

པར་འགྱུར་རོ་ཞེས་པ་འདི་ཙམ་གྱིས་མ་མཐོང་བ་རྟོགས་པར་བྱས་པར་འགྱུར་རོ། །དེ་ལ་རྟེན་མཐོང་བ་མི་དགོས་ཏེ། དེ་མེད་ཀྱང་ལྡོག་པར་ངེས་པའི་ཕྱིར་རོ། །རྒྱུ་མེད་ན་འབྲས་བུ་སྲིད་པ་མ་ཡིན་པས་ཏེ། དེའི་ཕྱིར་ལྡོག་པ་ཡང་བཤད་པ་སླ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་པ་

เล่ม ๑๙๓ · หน้า 276a

གང་གི་ཕྱིར་མཐོང་བ་ནི་དེ་དང་མཚུངས་པ་ཐམས་ཅད་ལ་མི་སྲིད་ཅིང་། དེ་དང་མཚུངས་པ་མ་ཡིན་པ་ལ་ནི་མ་མཐོང་བ་སྲིད་པ་དེའི་ཕྱིར་རང་དང་འབྲེལ་བ་ཅན་རྣམས་ལས་ཏེ་རིགས་མཐུན་པ་རྣམས་ལས་གཞན་ལ་སྟེ། མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར།

དེ་རྣམ་པར་གཅོད་པ་རྗེས་སུ་དཔག་པའོ་ཞེས་པ། གང་དུ་རང་གི་དོན་མེད་པ་ལ་མ་མཐོང་བ་དེ་ནི་རྣམ་པར་གཅོད་པ་རྣམས་རྗེས་སུ་དཔོག་པ་ནི་རྗེས་སུ་དཔག་པར་རང་གི་དོན་ལ་མངོན་པར་བརྗོད་དོ་ཞེས་བཤད་པར་བྱའོ། །འདིས་ནི་གལ་ཏེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གཉིས་

ཀ་དག་ཀྱང་རྗེས་སུ་དཔོག་པ་ལ་ཡན་ལག་ཉིད་ཡིན་པ་དེ་ལྟ་ན་ཡང་ལྡོག་པ་གཙོ་བོ་ཉིད་ཀྱི་ཕྱིར་དེའི་སྒོ་ཁོ་ནས་གོ་བར་བྱེད་པ་ཉིད་དོ་ཞེས་སྟོན་ཏོ། རྗེས་སུ་འགྲོ་བའི་སྒོ་ཡིས་ནི། །ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །གལ་ཏེ་རྗེས་སུ་འགྲོ་བའི་སྒོ་ཁོ་ནས་མངོན་

པར་འདོད་ན། དེ་ལྟར་གྱུར་ན་ཤིང་གི་སྒྲ་དོན་ལ་སོགས་པ་དང་ལྷན་ཅིག་པ་ནི་ཤིང་ཤ་པ་ལ་སོགས་པ་རྣམས་ལ་རྗེས་སུ་འགྲོ་བ་ཡོད་དོ་ཞེས་པས། ཤིང་གི་སྒྲ་འབའ་ཞིག་པ་ལས་དངོས་པོ་གཅིག་ལ་ཤིང་ཤ་པ་ལ་སོགས་པར་སྣང་བར་ཐེ་ཚོམ་དུ་མི་འགྱུར་གྱི། འོན་ཀྱང་ངེས་པ་ཁོ་ནར་འགྱུར་

རོ། །ཅི་སྟེ་དུ་མ་ལ་མཐོང་བའི་ཕྱིར་ཐེ་ཚོམ་ཡིན་ན། དེ་ལྟ་ན་འོ་ན་དེ་ལ་ཐེ་ཚོམ་ཟ་བ་བཞིན་དུ་ས་ལས་གྱུར་པ་ཉིད་དང་རྫས་ཉིད་ལ་སོགས་པར་སྣང་བ་ལ་ཡང་ཐེ་ཚོམ་དུ་འགྱུར་ཏེ། ས་ལས་གྱུར་པ་ཉིད་ལ་སོགས་པ་ལ་དུ་མ་ལ་མཐོང་བའི་ཕྱིར་རོ། །ངེས་པ་ནི་མཐོང་སྟེ། གང་གི་ཕྱིར་དུ་མ་

ལ་ཡང་འཇུག་བཞིན་པ་ནི། གང་མེད་ན་མི་འགྱུར་བ་དེས་རྟོགས་པར་བྱེད་ཀྱི་ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་ལྡོག་པའི་སྒོ་ཁོ་ནས་རྗེས་སུ་དཔག་པ་སྟེ། འདི་ཁོ་ན་སྟོན་པ་གསུངས་པ། གང་གི་ཕྱིར་ནི་ཞེས་པ་ལ་སོགས་པའོ། །ལྡོག་པའི་སྒོ་ཁོ་ནས་རྟོགས་པར་བྱེད་པའོ་ཞེས་པ་

འདི་གཞུང་གཟུགས་པར་བྱ་བའི་ཆེད་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ། ཤེས་བྱའི་སྒྲ་ནི་ཡོད་པ་དང་རྫས་དང་ས་ལས་གྱུར་པ་དང་ཤིང་ཉིད་དེ། གཞི་རྣམས་ལ་ཐེ་ཚོམ་གྱི་རྒྱུ་སྟེ། གང་གི་ཕྱིར་དེ་ནི་དེ་རྣམས་མེད་ན་ཡང་མཐོང་བས་སོ། །འདི་ལྟར་དུ་ཕྱི་མ་རྣམས་

เล่ม ๑๙๓ · หน้า 276b

ལ་ཡང་བརྗོད་པར་བྱའོ། །ཡོད་པའི་སྒྲ་ནི་རྫས་དང་ས་ལས་གྱུར་པ་དང་ཤིང་ཉིད་དེ་གསུམ་རྣམས་ལའོ། །རྫས་ཀྱི་སྒྲ་ནི་ས་ལས་གྱུར་པ་དང་ཤིང་ཉིད་དེ་གཉིས་དག་ལའོ། །ས་ལས་གྱུར་པའི་སྒྲ་ནི་ཤིང་ཉིད་གཅིག་པུ་ལའོ། །དེས་ལ་གཞན་དུ་ཞེས་པ་ལ་རྒྱུ་མཚན་ནོ་ཞེས་འཇུག་

གོ། །གཞན་དུ་ཞེས་པ་ལུགས་དང་མཐུན་པས་ཏེ། ཤིང་གི་སྒྲ་ནི་ས་ལས་གྱུར་པ་དང་། རྫས་དང་ཡོད་པ་དང་ཤེས་བྱ་སྟེ་གཞི་རྣམས་ལ་ངེས་པའི་རྒྱུའོ། །དེ་ལྟར་ནི་དེ་ནི་དེ་རྣམས་ལ་ཡང་མཐོང་ཞིང་དེ་རྣམས་ལེག་པ་ལ་ཡང་མ་མཐོང་བས་སོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་

བརྗོད་པར་བྱ་སྟེ། ས་ལས་གྱུར་པའི་སྒྲ་ལ་སོགས་པ་རྣམས་ཀྱང་དེ་བཞིན་དུ་རེ་རེས་དམན་པས་རྫས་ཉིད་ལ་སོགས་པ་རྣམས་ལ་ངེས་པའི་རྒྱུར་ཤེས་པར་བྱའོ། །གལ་ཏེ་ཡང་མཐོང་བཞིན་དུ་བསྒྲུབ་པས་རྟོགས་པར་བྱེད་པར་འགྱུར་ན། རིམ་པ་ཇི་ལྟ་བས་བཞི་དང་གསུམ་དང་

གཉིས་དང་གཅིག་གི་དོན་ལ་ངེས་པ་དང་། དེ་ལྟར་ལུགས་ལས་ལྡོག་པར་འགྱུར་ཏེ། ཤེས་བྱའི་སྒྲ་ལ་སོགས་པ་རྣམས་ཡོད་པ་ཉིད་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དེ་མེད་ན་ཡང་མཐོང་བ་ཉིད་ཀྱི་ཕྱིར་ཐེ་ཚོམ་སྟེ། དེའི་ཕྱིར་ལྡོག་པའི་སྒོ་ཁོ་ནས་གོ་བར་བྱེད་པ་

ཉིད་དོ་ཞེས་པའོ། །འབྲེལ་པའི་སྒོ་མ་རྟོགས་པར་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་ནི་མེད་ན་མི་འབྱུང་བའོ། །དེ་ཁོ་ན་སྒོ་སྟེ། རྗེས་སུ་དཔོག་པའི་རྒྱུ་མཚན་ནོ། །དེ་ཡོངས་སུ་སྤངས་ནས་སྒྲ་ནི་བརྟགས་བཞིན་དུ་རང་གི་དོན་རྟོགས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། བཞིན་གྱི་སྒྲ་ནི་དཔེ་ཉིད་

ལའོ། །ཇི་ལྟར་དོན་གྱི་བདག་ཉིད་ཀྱི་རྟགས་ནི་མེད་ན་མི་འབྱུང་བའི་འབྲེལ་པའི་སྒོ་ནས་རྟོགས་པར་བྱེད་ཅིང་རང་གི་དོན་ལྡོག་པའི་སྒོ་ནས་རྟོགས་པར་བྱེད་པ་དེ་ལྟར་སྒྲ་ཡང་ངོ་ཞེས་རྟོགས་པར་བྱ་བའི་ཆེད་དུ་བརྟགས་བཞིན་ཞེས་པའི་ཚིག་གོ། །དེའི་ཆོས་དུ་མ་ཉིད་ན་ཞེས་པ། ཤིང་ཤ་

པ་ལ་སོགས་པའི་དབྱེ་བས་སམ། མེ་ཏོག་ཅན་དང་འབྲས་བུ་ཅན་ཉིད་ལ་སོགས་པའི་དབྱེ་བས་ཤིང་ལ་སོགས་པའི་དོན་ནི་ཆོས་དུ་མ་ཅན་ཉིད་ན་ཡང་། རྣམ་པ་ཐམས་ཅད་རྟོགས་པ་མི་སྲིད་པའི་ཕྱིར་རོ་ཞེས་པ། གལ་ཏེ་རྣམ་པ་ཐམས་ཅད་ཀྱིས་མེ་ཏོག་ཅན་དང་འབྲས་བུ་ཅན་ལ་

เล่ม ๑๙๓ · หน้า 277a

སོགས་པས་རྟོགས་པར་གྱུར་ན། དེའི་ཚེ་ཇི་སྐད་བཤད་པའི་འབྲེལ་པ་མེད་པར་སྒྲུབ་པ་ཁོ་ནས་རྟོགས་པར་འགྱུར་ན་དེ་ཡང་སྲིད་པ་མ་ཡིན་ཏེ། མེ་ཏོག་ཅན་ཉིད་ལ་སོགས་པའི་བྱེ་བྲག་རྣམས་ལ་འཁྲུལ་པའི་ཕྱིར་རོ། །ཇི་ལྟར་མཐོང་བ་བཞིན་དུ་རྟོགས་པ་ནི་སྒྲུབ་

པ་ཡིན་ཏེ། དེའི་ཕྱིར་སྒྲུབ་པས་རྟོག་པ་མ་ཡིན་གྱི་འོན་ཀྱང་དོན་གཞན་ལས་ལྡོག་པའི་སྒོ་ནས་སོ། །ཁྱད་པར་མི་བརྗོད་པའི་ཕྱིར་ཞེས་པ། དེ་རྣམས་ཕན་ཚུན་མེད་ན་ཡང་ཡོད་པའི་ཕྱིར་འཁྲུལ་པར་འགྱུར་ཞིང་། སྤྱི་བརྗོད་པར་བྱ་བ་ཡིན་ན་མ་ཡིན་ཏེ། དེ་ཐ་མི་དད་པའི་ཕྱིར་དང་།

དེ་མེད་ན་ཡང་སྒྲ་མེད་པའི་ཕྱིར་རོ། །གཞན་བཀག་པ་ནི་ཁྱབ་པའི་ཕྱིར། །ཞེས་པ་ཁྱབ་པ་ནི་རང་གི་ཁྱད་པར་མི་སྤོང་བའོ། །གཞན་བཀག་པ་ནི་ཇི་སྐད་བཤད་པའི་སྤྱིའོ། །དེ་ཁྱབ་པའི་ཕྱིར་ཏེ། རང་གི་ཁྱད་པར་རྣམས་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །གཞན་

བཀག་པའི་ཞེས་པ་ཀྲྀ་ཏའི་སྦྱོར་བའི་མཚན་ཉིད་ཅན་གྱི་བྱེད་པ་པོ་ལ་དྲུག་པ་འདིའོ། །དེ་ཁྱད་དོན་དང་ཐ་དད་མེད། །ཅེས་པ་གཞན་སེལ་བའི་ཁྱད་པར་བརྗོད་པ་རྣམས་དང་སྟེ། རྫས་ལ་སོགས་པའི་སྒྲ་རྣམས་དང་ཡོད་པ་ལ་སོགས་པའི་སྒྲ་གཞི་མཐུན་པའོ་ཞེས་པའི་དོན་ཏོ། །སྤྱིའི་

སྒྲའི་ནི་ཞེས་པ་ལ་སོགས་པ་སྟེ། སྤྱིའི་སྒྲའི་གང་བྱ་བ་སྟེ། རྟོགས་པར་བྱ་བའོ། །དེ་ཡང་ཅི་ལྟ་བུ་ཞེ་ན། དོན་གཞན་བསལ་བ་དེ་ནི་རང་གི་དོན་མ་སྤངས་པས་སོ། །འདིས་ནི་ཁྱབ་པར་བྱེད་པ་ཉིད་གསུངས་སོ། །ཇི་ལྟར་རིགས་མངོན་པར་བརྗོད་པ་ན། རིགས་གཞན་རྣམས་ཡོངས་

སུ་སྤོང་བ་དེ་ལྟར་དོན་གཞན་སེལ་བ་མངོན་པར་བརྗོད་པ་ན་རྫས་ཉིད་ལ་སོགས་པའི་ཁྱད་པར་རྣམས་ནི་མ་ཡིན་ཏེ། ཐ་མི་དད་པའི་དངོས་པོའི་ཡོད་པའི་སྒྲ་ལས་རྫས་མ་སྤངས་པ་ཉིད་ལ་སོགས་པའི་རྣམ་པ་ཅན་ནི་བློ་ལ་སོ་སོར་སྣང་བའི་ཕྱིར་རོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལའོ་ཅེས་

པའི་སྒྲ་ནི་དེའི་ཕྱིར་གྱི་དོན་ཅན་ནོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར། ཐ་དད་པའི་དོན་ཅན་རྫས་ལ་སོགས་པའི་སྒྲ་རྣམས་དང་ཡོད་པའི་སྒྲ་གཞི་མཐུན་པ་ཉིད་འཐད་པའོ། །ཅི་ལྟར་བྱས་ནས་ཤེ་ན་ཤེས་པ་གང་འདི་ནི་དངོས་པོའི་རང་བཞིན་འཛིན་པའི་ཉམས་སུ་མྱོང་བས་བྱས་པའི་

เล่ม ๑๙๓ · หน้า 277b

བག་ཆགས་ལ་བརྟེན་ནས། ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་མ་ཡིན་ཡང་དེའི་ཡུལ་ཅན་བཞིན་དང་། འབྲས་བུ་ཐ་མི་དད་པའི་དངོས་པོ་ལས་རབ་ཏུ་སྐྱེས་པའི་ཕྱིར་ཐ་མི་དད་པའི་དོན་འཛིན་པ་ལྟ་བུའི་རྣམ་པར་རྟོག་པ་སྐྱེའོ། །དེ་ལ་གང་དོན་གྱི་རྣམ་པར་སྣང་བ་ཐ་སྙད་བྱེད་པ་པོ་རྣམས་

ཀྱིས་ཕྱི་རོལ་གྱི་དོན་ཉིད་དུ་ལྷག་པར་ཞེན་པ་དེ་ལ་གཞི་མཐུན་པ་ཉིད་དུ་རྣམ་པར་གཞག་གི །རང་གི་མཚན་ཉིད་ལ་ནི་མ་ཡིན་ཏེ། བློ་ལ་མི་སྣང་བའི་ཕྱིར་རོ། །ཡོད་པ་མ་ཡིན་པ་ལས་ལོག་པའི་ངོ་བོར་སོ་སོར་སྣང་བཞིན་པ་དེ་ནི་ཐ་མི་དད་པའི་རྣམ་པའི་རྗེས་སུ་སོང་བར་སོ་སོར་སྣང་ཞིང་།

ཡོད་པ་མ་ཡིན་པ་ལས་ལྡོག་པ་དེ་ཁོ་ན་ནི་ཡང་རྫས་མ་ཡིན་པ་ཉིད་ལ་སོགས་པ་ལས་ཀྱང་ལོག་པ་སྟེ། རྫས་ཉིད་ལ་སོགས་པའི་རྣམ་པ་གཉིས་པ་དང་རྗེས་སུ་ལྡན་པ་དང་ཐ་མི་དད་པར་སོ་སོར་སྣང་ངོ་། །དེའི་ཕྱིར་དངོས་པོ་གཅིག་ཡོད་པ་ཉིད་དང་རྫས་ཉིད་དུ་གསལ་བཞིན་པ་ནི་

ཡོད་པའི་རྫས་སོ་ཞེས་ཡོད་པ་དང་རྫས་ཀྱི་སྒྲ་དག་གིས་བརྗོད་པར་བྱའོ་ཞེས་གཞི་མཐུན་པ་ཉིད་དུ་རྣམ་པར་གཞག་པར་བྱའོ། །དེ་ལྟར་ནི་རང་གི་དོན་ལ་མི་འཁྲུལ་ལོ་ཞེས་པ། ཚོགས་པའི་དོན་ནི་ཁྱད་པར་དུ་བྱས་པ་སྟེ། གལ་ཏེ་དེ་རྗོད་པར་བྱེད་པར་ཚིག་འགྱུར་ན། དེའི་ཚེ་དེ་མེད་

ན་ཡང་ཚིག་འཇུག་པའི་ཕྱིར་དེ་རྟོགས་པར་མི་འགྱུར་རོ། །གང་གི་ཕྱིར་ཚོགས་པ་ནི་སྒྲ་གཞན་ཁོ་ན་སྟེ་དེའི་རྗོད་བྱེད་ཡིན་པ་དེའི་ཕྱིར་འཁྲུལ་པ་མ་ཡིན་ནོ། །ཕྱི་མའི་ཡང་ཞེས་པ། རང་དབང་མེད་ཕྱིར་དེ་ལྡན་མིན། །ཞེས་པ་འདིའིའོ། །དངོས་སུ་འཇུག་ཕྱིར་ཞེས་པ་དེ་

དང་ལྡན་པའི་ཕྱོགས་བཞིན་དུ་ཡོན་ཏན་གྱི་ངོ་བོ་ཕན་བཏགས་པའི་དངོས་པོ་སྒྲས་བརྗོད་པར་བྱ་བ་མ་ཡིན་པས་ཏེ། དེར་ནི་ཡོན་ཏན་གཞན་གྱིས་ཕན་འདོགས་པ་འགལ་བའི་ཕྱིར་དོར་ཞིང་། འདིར་ནི་ཡོད་པ་ཉིད་ལ་སོགས་པའི་ཡོན་ཏན་གཞན་ལ་མ་ལྟོས་པར་ཡོད་པ་མ་ཡིན་པ་

བསལ་བའི་དངོས་པོ་ལ་སྒྲ་འཇུག་གོ། །དེ་སྟོན་ཏེ་དོན་གཞན་ཉེ་བར་བླངས་ནས་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་གཞན་དབང་ཉིད་ཡིན་པས་ཞེས་པ་སྟེ། གང་ཉེ་བར་བླངས་ནས་རྫས་ལ་སྒྲ་འཇུག་པ་གཞན་སེལ་བ་ཞེས་བྱ་བ་རིགས་ལ་སོགས་པ་ལྟར་དོན་གཞན་ཅུང་ཟད་ཅིག་

เล่ม ๑๙๓ · หน้า 278a

མ་ཡིན་ཏེ། དེའི་ཕྱིར་བར་ཆོད་པ་མེད་པའི་ཕྱིར་ཅི་ཞིག་ལས་གཞན་གྱི་དབང་ཉིད་ཡིན། དེ་ཁོ་ན་ནི་དངོས་པོ་ཡོད་པ་མ་ཡིན་པ་ལས་ལོག་པ་དངོས་སུ་བརྗོད་པར་བྱ་བ་སྟེ། དེའི་ཕྱིར་དེའི་ཁྱད་པར་གང་ཡིན་པ་དེ་ལ་ཐ་མི་དད་པའི་ཕྱིར་སྤོང་བར་བྱ་བ་མ་ཡིན་ནོ། །

དེ་ཉིད་ཀྱི་ཕྱིར་བཏགས་པའི་ཉེས་པ་ཡང་མེད་དེ། གཞན་དུ་ན་གཙོ་བོར་འཇུག་པའི་སྒྲ་ནི་རྫས་ལ་སོགས་པ་རྣམས་ལ་གདགས་པར་བྱ་བ་མ་ཡིན་པས་སོ། །འང་མ་ཡིན་ཞེས་པ་ལ་སོགས་པ་ཁྱད་པར་ནི་མཐའ་ཡས་པ་ཐུག་པ་མེད་པ་སྟེ། དེའི་ཕྱིར་མ་བརྗོད་པའི་སྐྱོན་མེད་དོ། །དེ་ལྡན་

ཁྱད་པར་ཁོ་ནར་བརྗོད། །དེ་ཡང་སྔར་ནི་བསལ་བ་ཡིན། །ཞེས་པ་འདིས་བཤད་པའོ། །ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་སྤྱི་མ་ཡིན་པའི་སྐྱོན་ཡང་མེད་དེ། གང་བཤད་པ། དེ་ལྡན་དོན་ནི་བུམ་སོགས་པའང་། །ཞེས་པ་ལ་སོགས་པས་སོ། །ཅིའི་ཕྱིར་མེད་ཅེ་ན་གསུངས་པ།

དོན་གཞན་སེལ་བ་ཙམ་ནི་ཐ་མི་དད་པའི་ཕྱིར་ཞེས་པ་སྟེ། འདིས་ནི་ཐ་དད་མེད་ཕྱིར་ཞེས་པ་འདི་བཀྲལ་བའོ། །ཐ་དད་ཡོད་ན་ནི་མཐའ་ཡས་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཞིང་། སྤྱི་མེད་པའི་སྐྱོན་དུ་ཡང་ངོ་། །གཞན་ནི་གཞན་ལ་མི་འཇུག་པ་ལས་དོན་གཞན་སེལ་བ་ཙམ་ནི་ཐ་མི་དད་པ་སྟེ།

དེ་ལ་ཅི་ལས་སྐྱོན་འདིའི་སྐབས་ཡིན། འོ་ན་གང་ཤེས་པའི་སྤྱིའི་རྣམ་པ་ནི་སྤྱིར་རྣམ་པར་གཞག་ཅིང་། དེ་ཡང་ཤེས་པ་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར། གཞན་ལ་མི་འཇུག་པ་སྟེ། ཅི་ལྟར་སྤྱི་ཡིན་ཞེ་ན་གསུངས་པ། རྫས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་སྟེ། རྣམ་

པར་ཤེས་པའི་རྣམ་པ་ཡང་སྤྱིའི་ངོ་བོར་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར་སྤྱི་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། འདི་མི་འདོད་པ་མ་ཡིན་པ་ཁོ་ནའོ། །འདི་སྐད་བཤད་པར་འགྱུར་ཏེ། ལོག་པའི་རྣམ་པར་རྟོག་པ་འདི་ཁོ་ན་དོན་རྣམས་ལ་གཅིག་གི་བདག་ཉིད་དུ་འཛིན་པ་སྟེ། དངོས་

པོར་ན་སྤྱི་ཞེས་བྱ་བ་མེད་པ་ཁོ་ནའོ། །སྐྱེ་བོ་འཁྲུལ་པའི་བསམ་པའི་དབང་ལས་སྤྱི་རུ་རྣམ་པར་གཞག་པ་འདི་བྱ་བ་འབའ་ཞིག་གོ། །ཐ་སྙད་བྱེད་པ་པོ་འཁྲུལ་པ་རྣམས་ནི་རང་གི་ཤེས་པའི་སྣང་བའི་ཕྱིར་བྱེ་བྲག་ཁོ་ན་ཕྱི་རོལ་གྱི་གསལ་བའི་ཁྱད་པར་ལ་རྗེས་སུ་སོང་བ་ལྟ་བུར་སྤྱིར་སེམས་

เล่ม ๑๙๓ · หน้า 278b

པར་བྱེད་དོ་ཞེས་བྱས་ནས་སོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་པ། དངོས་སུ་འཇུག་པའི་ཕྱིར་ཏེ། དེ་ལ་ནི་ཡོད་པ་ཉིད་ཀྱི་ཕྱིར་ཁྱད་པར་བྱེད་ཀྱི་ངོ་བོ་བརྗོད་པའི་ཕྱིར་དངོས་པོའི་རང་གི་ངོ་བོའི་བར་དུ་ཆོད་པར་བྱེད་དོ། །དེ་དང་འབྲེལ་པ་ཅན་གྱི་བུམ་པ་ཉིད་ལ་སོགས་པ་རྣམས་ནི་ཡོད་པ་ཉིད་དང་འབྲེལ་པ་

ཅན་མ་ཡིན་ཏེ། རིགས་ལ་རིགས་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི་སྒོ་ནས་དོན་དུ་མ་འདོད་པའི་རྒྱུ་མ་ཡིན་ནོ། །འདི་ལ་ནི་དངོས་སུ་ཡོད་པ་མ་ཡིན་པ་འགོག་པས་རང་གི་དོན་ལ་སྒྲ་འཇུག་ཅིང་། དེའི་ཕྱིར་དེའི་ཁྱད་པར་འདོད་པའི་རྒྱུ་ཉིད་དུ་འཐད་དེ། སྤྱི་གཞན་ལྡན་པ་མེད་པར་ཡང་ངོ་། །

དངོས་སུ་དོན་གཞན་བཀག་པའི་ཕྱིར་ཞེས་པ། དོན་གཞན་འགེགས་པའི་ཐབས་སུ་གྱུར་པ་རང་གི་དོན་རྗོད་པར་བྱེད་པ་ནི་དེ་སྐད་དུ་བཤད་དེ། རང་གི་དོན་དངོས་སུ་རྗོད་པར་བྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་ནི་དེ་ཉིད་ཀྱི་ཕྱིར་ཞེས་པ་འདིའི་དོན་བསྟན་ཏོ། །འདིར་ཡང་དངོས་པོར་ཡོད་པའི་

རིགས་གཞན་དང་ལྡན་པ་དགག་པ་བརྗོད་པར་འདོད་ཀྱི། བརྟགས་པའི་རིགས་གཞན་དང་ལྡན་པ་ཡང་ནི་མ་ཡིན་ནོ། །དེ་ལྟར་ནི་གང་ཡོད་པའོ་ཞེས་བརྗོད་པ་དེ་ཁོ་ན་དེ་དང་དེ་ལས་ལོག་པ་རྣམ་པ་གཞན་དུ་སོ་སོར་སྣང་བ་ནི་བརྟགས་པའི་སྤྱི་གཞན་དང་ལྡན་པར་དེ་ལྟ་དེ་ལྟར་རྣམ་པར་འབྱེད་པས་སོ། །

འདི་ཁོ་ན་ལ་རྣམ་པར་གནས་སོ་ཞེས་པ་ནི་རིགས་ཤིང་ལྡན་ནོ་ཞེས་པའི་དོན་ཏོ། །ཐ་མི་དད་པའི་ཕྱིར་གཅིག་ཉིད་དེ། དོན་གཞན་སེལ་བ་ནི་བློ་ལ་ཐ་མི་དད་པའི་ངོ་བོ་ཉིད་དུ་སོ་སོར་སྣང་བས་ན། ཐ་སྙད་ཀྱི་རྗེས་སུ་འགྲོ་བ་རྣམས་ཀྱིས་གཅིག་ཉིད་དུ་ལྷག་པར་ཞེན་པའོ་ཞེས་པས་དེ་གཅིག་ཉིད་དུ་རྣམ་

པར་གཞག་གོ། །རྟེན་མི་འཆད་པའི་ཕྱིར་རྟག་པ་ཉིད་དེ། རྟེན་ནི་དེའི་དོན་གྱི་བྱ་བ་བྱེད་པ་ཉིད་ཀྱིས་དེ་མི་བྱེད་པ་རྣམས་ལས་ལོག་པའི་ཁྱད་པར་རྣམས་ཡིན་ཞིང་དེ་རྣམས་ནི་རང་ཉམས་སུ་མྱོང་བའི་སྒོ་ནས་སྒྲའི་དོན་གྱི་རྒྱུ་མཚན་དུ་འགྱུར་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་རྣམས་

ཀྱང་ཆད་པ་མེད་པ་སྟེ་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་རྣམས་ཇི་སྙེད་པ་དེ་སྙེད་དེའོ་ཞེས་པས་རྟག་པ་ཉིད་དུ་བརྟག་པ་ཡང་འཐད་དོ། །དོན་མཐའ་དག་རྟོགས་པའི་ཕྱིར་ནི་རེ་རེ་ལ་ཡོངས་སུ་རྫོགས་པ་སྟེ། དོན་གཞན་སེལ་བ་ནི་པ་ལ་ཤ་ལ་སོགས་པ་ལ་སོ་སོར་བློ་ཡོངས་སུ་འཇུག་

เล่ม ๑๙๓ · หน้า 279a

པ་ན། ཐ་སྙད་ཀྱི་རྗེས་སུ་འབྲང་བའི་རྟོགས་པ་པོ་རྣམས་ཀྱིས་ཐམས་ཅད་ཀྱི་བདག་ཉིད་དུ་རྟོགས་སོ་ཞེས་པས་དེའི་རྟོགས་པའི་ངོར་རྣམ་པར་གཞག་པར་བྱ་བཞིན་པ་མཐའ་དག་པའི་དོན་ཡོངས་སུ་རྫོགས་པར་མི་འགལ་ལོ། །ཡོན་ཏན་འཕེལ་བའི་ཕྱིར་ཞེས་པ་རིགས་ཀྱི་

ཆོས་རྣམ་པར་གཞག་པ་ནི་འདི་ཁོ་ན་ལ་རིགས་པ་ཉིད་ཀྱི་ཕྱིར་རོ། །རིགས་དངོས་པོར་ཡོད་པའི་ཕྱོགས་ལ་ནི་ཇི་ལྟར་དེ་མི་འཐད་པ་དེ་ལྟར་སྤྱི་བརྟག་པའི་སྐབས་སུ་རིག་པར་བྱའོ། །གཞན་སེལ་ངེས་པ་སྤྱི་ལས་ཡིན། །ཞེས་པ་རྒྱུ་འགའ་ཞིག་ལས་ཀྱང་མ་ཡིན་ནོ་ཞེས་པའི་དོན་ཏོ། །སྔོན་པོ་

ལ་སོགས་པ་རྣམས་ཕན་ཚུན་གྱི་ངོ་བོ་ཡང་དག་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར། རོ་ལ་སོགས་པ་བཞིན་དུ་དེ་རྣམས་ཀྱང་ཐ་དད་དོ། དེ་ལས་ཐ་དད་པར་མཚུངས་པ་ལ་གཟུགས་ཀྱི་སྒྲས་རོ་ལ་སོགས་པ་རྣམས་སེལ་གྱི་ཁ་དོག་གང་ཡང་རུང་བ་བརྗོད་པ་ན་ཁ་དོག་ལྷག་མ་རྣམས་ནི་མ་ཡིན་

ཞེས་པ་འདི་ལ་ངེས་པའི་རྒྱུ་ཅི་ཡང་མེད་དོ། །འདིས་ནི་ཁས་བླངས་དང་འགལ་བ་སྨྲས་སོ། །འོ་ན་ཁྱོད་ལ་ཡང་རྩོད་པ་མཚུངས་པ་མ་ཡིན་ནམ། ཅིའི་ཕྱིར་གཟུགས་ཀྱི་སྒྲ་སྔོན་པོ་ལ་སོགས་པ་རྣམས་ཐམས་ཅད་ལ་འཇུག་ཅིང་། ཡང་ཁ་དོག་གང་ཡང་རུང་བ་བརྗོད་པ་ན་རོ་ལ་

སོགས་པ་རྣམས་ལ། གཞན་དུ་ལྷག་རྣམས་ལ་མི་འཇུག །ཅེས་པ་དེའི་ཕྱིར་སྨྲས་པ་གང་གི་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་རྫས་སུ་ཡོད་པའི་སྤྱི་གཟུགས་ཉིད་ཐ་མི་དད་པ་དེ་ལ་ནི། དེས་བྱས་པའི་ངེས་པ་སྟེ། གང་ལ་དེ་ཡོད་པ་དེ་ཁོ་ན་ལ་གཟུགས་ཀྱི་སྒྲ་འཇུག་ཅིང་དེ་ཡང་

སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་ཡོད་ཀྱི་རོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རྫས་སུ་ཡོད་པའི་སྤྱི་ཁས་བླང་བར་བྱའོ་ཞེས་པ་བསམས་པའོ། །འཇིག་རྟེན་གྲགས་པ་བརྩལ་མི་བྱ། །ཞེས་པའི་དབྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་མངོན་པར་ཞེན་པར་མི་བྱའོ་ཞེས་པའི་

དོན་ཏོ། །ཅིའི་ཕྱིར་ཞེ་ན། གསུངས་པས་སོ་ཞེས་པ་ལ་སོགས་པ་སྟེ། སྐྱེ་བོའི་ངེས་པའི་ཚིག་ནི་འཇིག་རྟེན་གྱི་ཐ་སྙད་དོ། །ཚོགས་པའི་སྒྲ་རྣམས་ནི་ཡོད་པ་ཉིད་ལ་སོགས་པ་དངོས་པོར་གྱུར་པའི་སྤྱི་རབ་ཏུ་འཇུག་པའི་རྒྱུ་མཚན་རྒྱུར་བྱས་ནས་དེ་དང་ལྡན་པ་ལ་འཇུག་མོད།

เล่ม ๑๙๓ · หน้า 279b

ཡོད་པ་ཉིད་ལ་སོགས་པ་རྫས་སུ་ཡོད་པའི་སྤྱི་ལ་རྒྱུ་མཚན་གཞན་མེད་པའི་ཕྱིར་ཡོངས་སུ་བཤད་པ་འདོད་རྒྱལ་བའོ་ཞེས་པས་འདི་ལྟར་མངོན་པར་ཞེན་པར་མི་བྱ་སྟེ། དངོས་པོར་གྱུར་པའི་སྤྱི་མི་རིགས་པའི་ཕྱིར་རོ། །མིང་ཡང་ཞེས་པ་ལ་སོགས་པ་ཐ་སྙད་ཀྱང་རྒྱུག་པར་མི་བྱ་ཞིང་མི་འདའ་བར་

བྱའོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཞེས་པ་གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་ལྟར་གསུངས་ཤིང་མངོན་པར་བརྗོད་པའོ། །ཡང་དག་པའི་དོན་ཅན་ཉིད་དུ་ཞེས་པ། གང་རྣམས་ལ་ཡང་དག་པའི་དངོས་པོར་གྱུར་པའི་སྤྱིའམ། རབ་ཏུ་འཇུག་པའི་རྒྱུ་མཚན་གྱི་ཡུལ་ཡོད་པ་དེ་རྣམས་དེ་

སྐད་དུ་བརྗོད་དེ། དེའི་དངོས་པོ་ནི་ཡང་དག་པའི་དོན་ཅན་ཉིད་དོ། །དེས་བརྩལ་བར་མི་བྱ་ཞིང་མངོན་པར་ཞེན་པར་མི་བྱ་སྟེ། འདི་ལྟར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །འཇིག་རྟེན་བཞིན་ཁོ་ན་རྗེས་སུ་རྟོགས་པར་བྱའོ་ཞེས་པ་ཇི་ལྟར་འཇིག་རྟེན་པ་མངོན་པར་མ་ཞེན་པར་

རྗེས་སུ་རྟོགས་པར་བྱེད་པ་དེ་ལྟར་ཁོ་བོ་ཅག་གིས་ཀྱང་རྗེས་སུ་རྟོགས་པར་བྱའོ། །དེ་ལྟར་འགྱུར་མོད་ཀྱི་དངོས་པོར་ཡོད་པའི་སྤྱི་མེད་པར་འཇིག་རྟེན་ན་ཡང་གཟུགས་ཀྱི་སྒྲ་རོ་ལ་སོགས་པ་རྣམས་ལ་བཞིན་དུ་སྔོན་པོ་ལ་སོགས་པ་རྣམས་ལ་འགྲུབ་པ་མ་ཡིན་པ་ཁོ་ནའོ་ཞེ་ན། དེའི་ཕྱིར་གསུངས་པ།

གྲུབ་པོ་ཞེས་པ་ལ་སོགས་པ་སྟེ། དངོས་པོར་ཡོད་པའི་སྤྱི་མེད་ཀྱང་། །ཀུན་རྫོབ་ཏུ་ཡོད་པའི་སྤྱི་ཁོ་ན་ལས་གཟུགས་ཀྱི་སྒྲ་འཇིག་རྟེན་ན་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་གྲུབ་ཀྱི་རོ་ལ་སོགས་པ་རྣམས་ལ་ནི་མ་ཡིན་ནོ། །དེར་ནི་སྔོན་པོ་ལ་སོགས་པ་ཁོ་ན་ལ་འཇུག་གི་རོ་ལ་སོགས་པ་རྣམས་ལ་

མ་ཡིན་ནོ། །རང་བཞིན་གྱིས་རང་ཉམས་སུ་མྱོང་བའི་སྒོ་ནས་རྣམ་པ་དེ་ལྟ་བུའི་སྤྱིའི་རྣམ་པ་རྣམ་པར་རྟོག་པའི་བློ་ལ་གཏོད་པར་བྱེད་དེ། གང་གིས་འཇིག་རྟེན་དེ་རྣམས་ཁོ་ན་ལ་གཟུགས་ཀྱི་ཐ་སྙད་བྱེད་ཅིང་ཅིག་ཤོས་ལ་མ་ཡིན་པའོ། །དེ་ལ་འདི་འགྱུར་མོད་གལ་ཏེ་དེ་འཇུག་པའི་རྒྱུ་མཚན་

ཀུན་རྫོབ་ཏུ་ཡོད་པའི་སྤྱི་སྔོན་པོ་ལ་སོགས་པ་ཁོ་ན་ལ་འཇུག་པར་འགྱུར་ན། གཟུགས་ཀྱི་སྒྲ་སྔོན་པོ་ལ་སོགས་པ་ཁོ་ན་ལ་འགྲུབ་པར་འགྱུར་མོད་དེ་ཡང་མེད་དེ། ཤིན་ཏུ་ཐ་དད་པར་མཚུངས་པ་ལ་སྔོན་པོ་ལ་སོགས་པ་ཁོ་ན་ལ་དེ་འཇུག་གི་རོ་ལ་སོགས་པ་ལ་མ་ཡིན་ནོ་ཞེས་པ་འདི་ཅི་ཞིག་

เล่ม ๑๙๓ · หน้า 280a

ལས་ཡིན། རོ་ལ་སོགས་པ་ལ་མི་འཇུག་པ་བཞིན་དུ་སེར་པོ་ལ་སོགས་པ་ལ་ཡང་མི་འཇུག་གོ་ཞེ་ན་གསུངས་པ། གཟུགས་ཉིད་ལ་ཡང་འདི་མཚུངས་སོ། །ཞེས་པ་ལ་སོགས་པ་སྟེ། ཁྱོད་ལ་ཡང་རྗེས་སུ་སྦྱོར་བ་འདི་མཚུངས་སོ་ཞེས་པའི་དོན་ཏོ། །འདི་ལ་

ཡོད་དོ་ཞེས་པ་ལ་སོགས་པས་རྗེས་སུ་སྦྱོར་བ་ཉིད་ཡོངས་སུ་སྤོང་ངོ་། །རང་བཞིན་ཐ་དད་པ་ཡོད་ན་ཡང་ཞེས་པ། སྔོན་པོ་ལ་སོགས་པ་རྣམས་ལ་རང་བཞིན་ཐ་དད་པ་ཡོད་ན་ཡང་ཞེས་པའི་དོན་ཏོ། །མིག་གཟུང་ཉིད་ལ་བྱ་བ་བྱས། །ཞེས་པ་མིག་གཟུང་ཉིད་ལ་སྟེ། ངེས་པའི་རྒྱུར་འདོད་པ་ལ་བྱ་བའི་

རྒྱུ་མཚན་ཅན་དུ་གཟུགས་ཀྱི་སྒྲ་འགྱུར་གྱི། རིགས་ཀྱི་རྒྱུ་མཚན་ཅན་དུ་ནི་མ་ཡིན་ནོ་ཞེས་ཁས་བླངས་པ་ལ་གནོད་པ་ཉིད་དུ་བྱ་བའི་རྒྱུ་མཚན་སྟོན་པར་བྱེད་པ། མིག་གིས་ཞེས་པ་ལ་སོགས་པའོ། །འོ་ན་དེ་ལྟར་ན་གཟུགས་ཉིད་ཀྱི་འཕྲོད་པ་འདུ་བ་བྱས་པར་འགྱུར་བ་མ་ཡིན་ནམ། སྒྲ་ནི་རིགས་ཀྱི་རྒྱུ་མཚན་

ཅན་ཁོ་ན་སྟེ། དེས་ན་བྱ་བ་བྱས་པའོ་ཞེས་བརྗོད་པར་བྱ་བ་ཅི་རིགས་ཤེ་ན་གསུངས་པ་མིག་གིས་གཟུང་བ་ཉིད་ཐ་མི་དད་ན་ཡང་ཞེས་པ་ལ་སོགས་པའོ། །འདི་ལྟར་དགོངས་ཏེ་ཐ་དད་རྣམས་ལ་ཐ་མི་དད་འཇུག་པ་མི་རིགས་པའི་ཕྱིར་ན། གཟུགས་ཉིད་ཐ་མི་དད་པའི་རྒྱུ་མཚན་དུ་རྟོག་པ་ལ།

གལ་ཏེ་ཡང་སྔོན་པོ་ལ་སོགས་པ་རྣམས་ལ་མིག་གིས་གཟུང་བྱ་ཉིད་ཐ་མི་དད་པ་འདོད་ན། དེ་ཁོ་ན་ལས་གཟུགས་ཞེས་པའི་མངོན་པར་བརྗོད་པ་ཐ་མི་དད་པར་འགྱུར་མོད། གཟུགས་ཉིད་ཀྱིས་ཅི་ཡིན་ཞེས་པའོ། །ཅི་སྟེ་ཞེས་པ་ལ་སོགས་པ་ལ་བསམ་པ་འདི་ཡིན་ཏེ། དངོས་པོའི་ནུས་པ་

རྣམས་ནི་ཐ་དད་པ་རྣམས་སོ། །དེས་ན་གཟུགས་ཉིད་ནི་མངོན་པར་བརྗོད་པ་ཐ་མི་དད་པ་འཇུག་པའི་རྒྱུ་མཚན་ཏེ། མིག་གིས་གཟུང་བྱ་ཉིད་ནི་གཟུགས་ཉིད་དང་འབྲེལ་པའིའོ་ཞེས་པའོ། །དེ་ལྟ་ན་ཡང་ཞེས་པ་ལ་སོགས་པས་ཁས་བླངས་དང་འགལ་བ་གསུངས་ཏེ། འཕྲོད་པ་འདུ་

བ་ནི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་གཟུགས་ཉིད་འཕྲོད་པ་འདུ་བར་མི་སྨྲའི། །འོན་ཀྱང་འཕྲོད་པ་འདུས་པ་ཉིད་མངོན་པར་གསལ་བའོ་ཞེ་ན། དེའི་ཕྱིར་གསུངས་པ། གཟུགས་ཉིད་མངོན་པར་གསལ་བ་ཞེས་པ་

เล่ม ๑๙๓ · หน้า 280b

སྟེ། བྱ་བས་བྱས་པར་ཐོབ་པོ་ཞེས་སྦྲེལ་བར་བྱའོ། །འདིས་ཀྱང་ཁས་བླངས་པས་གནོད་པ་གསུངས་ཏེ། གཟུགས་ཉིད་ལ་སོགས་པ་རྣམས་རང་གི་རྟེན་གྱིས་གསལ་བར་བྱ་བ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །མིག་གིས་གཟུང་བར་བྱ་བ་ཉིད་ཀྱང་ཞེས་པ་རང་བཞིན་གྱི་དབྱེ་བ་ཡོད་ན་ཅིའི་

ཕྱིར་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་མིག་གིས་གཟུང་བར་བྱ་བ་ཉིད་འཇུག་གི་རོ་ལ་སོགས་པ་རྣམས་ལ་ཡང་ནི་མ་ཡིན་ནོ་ཞེས་འདི་ལ་ཡང་ངེས་པའི་རྒྱུ་བརྗོད་པར་བྱའོ། །དེའི་ཕྱིར་གདོན་མི་ཟ་བར་ཤིན་ཏུ་རིང་བར་ཡང་ཕྱིན་ནས་རང་བཞིན་ཉིད་ལ་བརྟེན་པར་བྱ་སྟེ། གང་གིས་དེ་ཁོ་ན་ལ་མིག་གིས་

གཟུང་བར་བྱ་བ་ཉིད་དུ་འགྱུར་གྱི་རོ་ལ་སོགས་པ་རྣམས་ལ་ནི་མ་ཡིན་པ་འདི་འདྲ་བ་ནི་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་པའོ། །ཁྱོད་ཀྱིས་ཇི་ལྟ་བ་དེ་ལྟར་ཁོ་བོས་ཀྱང་ངོ་ཞེས་པས་རྩོད་པའི་ལན་མཚུངས་པའོ། །རྫས་སོགས་རྣམས་ལའང་ཐལ་བར་འགྱུར། །ཞེས་པ། གལ་ཏེ་

གང་དུ་མིག་གིས་གཟུང་བར་བྱ་བ་ཉིད་ཡིན་པ་དེར་གཟུགས་ཉིད་ཡིན་ན། རྫས་ལ་སོགས་པ་རྣམས་ལ་ཡང་གཟུགས་ཉིད་དུ་འགྱུར་ཏེ། དེ་རྣམས་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་ཏེ། རྫས་ཉིད་དང་གྲངས་དང་ཚད་རྣམས་དང་སོ་སོ་བ་ཉིད་དང་ལྡན་པ་དང་། རྣམ་པར་དབྱེ་བ་དག་དང་།

གཞན་ཉིད་དང་གཞན་མིན་པ་ཉིད་དག་དང་ལས་ནི་གཟུགས་ཅན་ལ་འཕྲོད་པ་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་རྣམས་སོ་ཞེས་པའི་ཚིག་ལས་སོ། །དཀར་མིན་སོགས་ལ་ཁྱད་མེད་འགྱུར། །ཞེས་པ་ངེས་པའི་རྒྱུ་མིག་གིས་གཟུང་བྱ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དང་ངེས་པའི་རྒྱུ་

གཞན་མེད་པའི་ཕྱིར་གཟུགས་སོ་ཞེས་པའི་བརྗོད་པའི་རྟོགས་པ་མཚུངས་པའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པ་ཐ་དད་པར་མི་འགྱུར་རོ། །གལ་ཏེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་སྔོན་པོ་ལ་སོགས་པ་རྣམས་གཟུགས་ཉིད་དུ་ཐ་མི་དད་པར་འདོད་ན། དེ་ལ་མིག་གིས་གཟུང་བར་བྱ་

བ་ཉིད་ཀྱི་ཕྱིར། དེ་བྱེ་བྲག་མེད་པ་ཡོད་ན་ཡང་། སྔོན་པོ་ཉིད་ལ་སོགས་པ་དང་ལྡན་པ་ལས་བྱེ་བྲག་ཏུ་འགྱུར་ན་མ་ཡིན་ཏེ། དེ་ཁོ་ན་མི་ལྡན་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་རྣམས་ལ་ནི་གང་ལས་སྔོན་པོ་ཉིད་ལ་སོགས་པ་འཕྲོད་པ་འདུ་བ་ངེས་པར་འགྱུར་བ་རྒྱུ་སོ་སོར་ངེས་པ་ཅུང་ཟད་ཀྱང་

เล่ม ๑๙๓ · หน้า 281a

ཡོད་པ་མ་ཡིན་པས་སོ། །ནུས་པ་ཐ་དད་པའི་རྒྱུ་ཡོད་དོ་ཞེ་ན། དེ་ལ་ཡང་གང་ལས་དེ་འགའ་ཞིག་ཁོ་ན་ལ་འཇུག་གི་གཞན་ཐམས་ཅད་ལ་མ་ཡིན་པའི་རྒྱུ་ཅི་ཞིག་ཡོད་ཅེས་པས་འདི་ནི་ལན་ལ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་ཞེས་པ། གང་གི་ཕྱིར་མིག་གིས་

གཟུང་བྱ་ཉིད་ནི་གཟུགས་ཉིད་དང་ལྡན་པའི་ངོར་གཏན་ཚིགས་ཉིད་དུ་རིགས་པ་མ་ཡིན་པ་དེའི་ཕྱིར་མིག་གིས་གཟུང་བྱ་ཉིད་མེད་པར་ངེས་པར་སྦྱོར་བ་ལས་སྔོན་པོ་ལ་སོགས་པ་རྣམས་ཁོ་ན་ལ་གཟུགས་ཀྱི་སྒྲ་འཇིག་རྟེན་ན་གྲགས་པའི་རྗེས་སུ་འབྲང་བར་བྱའི་རོ་ལ་སོགས་པ་རྣམས་ལ་

ནི་མ་ཡིན་ནོ། །གྲགས་པའི་རྒྱུ་མཚན་ཡང་ཀུན་རྫོབ་ཏུ་ཡོད་པའི་སྤྱི་ཁོ་ན་སྟེ། རྫས་སུ་ཡོད་པ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ། །སླར་ཡང་དོན་གཞན་ལས་ལྡོག་པའི་སྒོས་སྒྲ་རང་གི་དོན་རྟོགས་པར་བྱེད་དོ་ཞེས་པ་འདི་བསྟན་པར་བྱ་བའི་ཆེད་དུ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་

སོགས་པའོ། །རྗེས་འགྲོ་ཉིད་ལས་འགྲུབ་པར་འགྱུར། །ཞེས་པ་དོན་གཞན་ལས་ལྡོག་པ་ལ་མི་ལྟོས་པ་ཉིད་ན་རྗེས་འགྲོ་འབའ་ཞིག་པ་ཁོ་ན་ལས་ཁྱད་པར་གྱི་བརྗོད་པར་བྱ་བ་ངེས་པར་འགྱུར་གྱི། རྗེས་སུ་འགྲོ་བ་དང་ལྡོག་པ་ལྷན་ཅིག་པ་དག་ལས་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད།

འགྱུར་དུ་ཆུག་ཀྱང་དེ་ལ་གནོད་པ་མེད་པ་ཅི་ཡིན་ཞེ་ན་གསུངས་པ་འདོད་པ་ཡང་ཞེས་པ་ལ་སོགས་པའོ། །བྱེད་པ་པོའི་མཆོག་ཏུ་ཐོབ་པར་འདོད་པ་ནི་ཞེས་པ། བྱེད་པ་པོ་ཁོ་ནའི་སྟེ། བྱེད་པ་པོ་མིན་པའི་ནི་མ་ཡིན་ཞིང་བྱེད་པ་པོའི་སྒྲ་ནི་བྱེད་པ་པོ་མིན་པ་རྣམ་པར་གཅོད་པར་བྱེད་ཅིང་མཆོག་

ཏུ་འདོད་པ་རང་གི་དོན་དང་འབྲེལ་པར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་ཐོབ་པར་འདོད་པ་དེ་ཁོ་ན་སྟེ། ཤིན་ཏུ་ཐོབ་པར་འདོད་པ་མིན་པ་ནི་མ་ཡིན་ཤིན་ཏུ་ཐོབ་པར་འདོད་པའི་སྒྲ་ཡང་མཆོག་ཏུ་ཐོབ་འདོད་མིན་པ་རྣམ་པར་བསལ་ནས་བྱེད་པ་པོའི་སྒྲ་དོན་རང་གི་དོན་དང་སྦྱོར་བར་བྱེད་དོ། །དེ་ལྟར་

གཉིས་ཀ་ངེས་པར་གཟུང་བས་ཁྱད་པར་དུ་བྱས་པའི་དོན་ངེས་པའི་ཕྱིར་མངོན་པར་བརྗོད་པ་འབྲས་བུ་དང་བཅས་པ་ཉིད་དོ། །གང་ཡང་རུང་བ་ངེས་པར་གཟུང་བས་ནི་ཇི་ལྟར་ན། སྤྲིན་རྣམས་ཡོད་ན་ཆར་འབབ་པར་འགྱུར་རོ་ཞེས་པ་ལྟ་བུ་སྟེ། ཡོད་པ་ཁོ་ན་ཡིན་གྱི་མེད་པ་ནི་མ་ཡིན་གྱི་

เล่ม ๑๙๓ · หน้า 281b

མི་འགྱུར་བ་ཁོ་ནའོ་ཞེས་པའོ། །དེ་ལྟར་གང་ཡང་རུང་བའམ། གཉིས་ཀ་ངེས་པར་གཟུང་བས་མངོན་པར་བརྗོད་པ་འབྲས་བུ་དང་བཅས་པའི་ཕྱིར། ལྡོག་པ་ལས་ཀྱང་ཁྱད་པར་གྱི་དོན་མངོན་པར་བརྗོད་པར་འདོད་དེ། དེས་ན་དོན་གཞན་ལས་ལྡོག་པ་ལ་མི་ལྟོས་པ་ཉིད་ལ་སྒྲ་མི་འཐོབ་པོ་

ཞེས་པའོ། །དེ་ལྟར་ནི་གལ་ཏེ་བྱེད་པ་པོ་མིན་པའི་ཡང་མཆོག་ཏུ་འདོད་པ་ལས་ཡིན་ན། བྱེད་པ་པོའི་སྒྲ་བརྗོད་པ་དོན་མེད་པར་འགྱུར་ཞིང་། དེ་བཞིན་དུ་གལ་ཏེ་མཆོག་ཏུ་འདོད་པ་མ་ཡིན་པ་ཡང་ལས་ཡིན་ན། མཆོག་ཏུ་ཐོབ་པར་འདོད་པ་ཞེས་བརྗོད་པ་འབྲས་བུ་མེད་པར་འགྱུར་རོ། །དེའི་

ཕྱིར་དོན་གཞན་ལས་ལྡོག་པའི་སྒོ་ནས་སྒྲས་དོན་རྟོགས་པར་བྱེད་དོ་ཞེས་ཁས་བླང་བར་བྱའོ། །འོ་ན་ཡང་ཞེས་པ་ལ་སོགས་པ་ནི་དོན་གཞན་མེད་པ་ཙམ་སྒྲའི་དོན་དུ་སྒྲོ་བཏགས་ནས་རྩོད་པར་བྱེད་དོ། །སེལ་བ་སྨྲ་བ་པོ་ལ་དོན་གཞན་ལས་ལྡོག་པ་ཙམ་ལས་གཞན་པའི་བརྗོད་པར་བྱ་བ་ཡོད་

པ་མ་ཡིན་ཞིང་དོན་གཞན་ལས་ལྡོག་པ་ཡང་ལྡོག་པ་འབའ་ཞིག་པ་ཁོ་ནས་བྱ་བའོ་ཞེས་པས་ལྡོག་པ་ཁོ་ན་ལས་རྗོད་པར་བྱེད་པར་འགྱུར་རོ། །སྒྲས་དོན་གཞན་ལས་ལྡོག་པ་ཙམ་བྱ་བ་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན་དོན་གཞན་ལས་ལྡོག་པའི་སྒོ་རྣམས་བཏགས་པ་པའི་རང་གི་དོན་རྟོགས་པར་བྱེད་དོ་ཞེས་

གསལ་བར་བྱེད་པ་གསུངས་པ། འདི་འདི་ལྟར་འགྱུར་ན་ཞེས་པ་ལ་སོགས་པའོ། །དངོས་པོ་ཡི་ནི་གཙོ་བོར་ཞེས་པ་དངོས་པོ་ཡོད་པ་ཉིད་ཀྱི་སྤྱི་ཞེས་བྱ་བས་སྒྲའི་རྗེས་སུ་འགྲོ་བ་མི་འདོད་དེ་དེ་མི་རུང་བའི་ཕྱིར་རོ། །དེ་མི་རུང་བར་དངོས་པོ་རྣམས་ལ་མ་ཡིན་ཞེས་པ་ལ་སོགས་པས་སྟོན་ཏོ། །

བརྗོད་ཟིན་ཏོ་ཞེས་པ་རབ་ཏུ་བྱེད་པ་གཞན་དུའོ། །འདིར་ཡང་གལ་ཏེ་ཡང་སྤྱིར་འགྱུར་ན་ཞེས་པ་ལ་སོགས་པས་དང་། དེ་བཞིན་དུ་ཁྱད་པར་རྣམས་རང་གི་དབང་པོ་རྣམས་ཀྱིས་ཉེ་བར་དམིགས་ན་ཞེས་པ་ལ་སོགས་པས་ཀྱང་ངོ་། །རིགས་མེད་པར་ནི་ཞེས་པ་རིགས་དང་བྲལ་བ་སྟེ།

དངོས་པོར་ཡོད་པ་དང་བྲལ་བ་ཞེས་པའི་ཐ་ཚིག་གོ། །དོན་གཞན་སེལ་བས་ཁྱད་པར་དུ་བྱས་པའི་དོན་ལ་ཞེས་པ་བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུ་ལ་སྟེ། དེ་ནི་སྒྲའི་དོན་གྱི་རྟེན་ནོ་ཞེས་པས་དེ་ཁྱད་པར་དུ་བྱས་པར་བརྗོད་དོ། །གང་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། དོན་གཞན་

เล่ม ๑๙๓ · หน้า 282a

མེད་པའི་མཚན་ཉིད་ཅན་གྱི་ཡོད་པ་མ་ཡིན་པ་ཡང་དག་པར་རྗེས་སུ་འགྲོ་བར་ཁས་བླངས་ནས། བ་ལང་ལ་སོགས་པ་མེད་པ་ལས་ཡོད་པའི་བདག་ཉིད་དུ་རྟོགས་པར་བྱ་བར་མི་རིགས་སོ་ཞེས་པ་འདི་ཙམ་གྱིས་འདི་ཉེ་བར་བཀོད་པའོ། །དོན་གཞན་ལས་འདི་གཞན་སེལ་བ་

རྗེས་སུ་འགྲོ་བ་དང་རྣམ་པར་ལྡན་པར་བརྗོད་པའི་དེ་མ་ཐག་ཏུ་རྣམ་པར་འཇིག་པ་ཉིད་དུ་བརྗོད་དེ། དེ་མེད་པའི་གསལ་བར་བྱེད་པའོ་ཞེས་པ་ངག་གི་ལྷག་མའོ། །གང་འདི་ཁྱོད་ཀྱིས་གསལ་བའི་རིགས་གཅིག་རྗེས་སུ་འགྲོ་བ་གཙོ་བོ་འགྲུབ་པའི་དོན་དུ་བརྗོད་པ་དེ་ནི་མེད་པར་འགྲུབ་པ་ཡང་

གསལ་བར་བྱེད་དེ། ཅིའི་ཕྱིར་ན་གསལ་བ་འདི་ནི་མེད་པ་ཡང་དག་པར་རྗེས་སུ་འགྲོ་བ་ལས་མེད་པ་རྗེས་སུ་ལྡན་པ་ཅན་ཏེ། ས་ལ་སོགས་པ་རྣམས་དང་བ་ལང་ལ་སོགས་པ་རྣམས་ཕན་ཚུན་གྱི་བདག་ཉིད་རྣམས་ལ་ཡོད་པ་མ་ཡིན་ནོ། །གང་ཞིག་གང་དང་ལྡན་པ་དེའི་འདི་རྣམ་པར་འགྱུར་

བ་སྟེ། དཔེར་ན་ཞོ་འོ་མ་དང་ལྡན་པ་ནི་འོ་མའི་རྣམ་པར་འགྱུར་བ་ཡིན་པ་བཞིན། གསལ་བ་འདི་ཡང་མེད་པ་དང་ལྡན་པ་སྟེ། དེའི་ཕྱིར་གསལ་བ་འདི་ནི་མེད་པའི་རྣམ་པར་འགྱུར་བའོ་ཞེས་པའོ། །ཞོ་འོ་མ་དང་ལྡན་པ་ཞེས་པ་ནི་གྲངས་ཅན་གྱི་ལུགས་ཀྱི་དབང་དུ་བྱས་ནས་བརྗོད་པའོ། །གང་

ཞིག་གང་དང་ལྡན་པ་དེ་ནི་དེའི་རྣམ་པར་འགྱུར་བ་སྟེ། དཔེར་ན་ཞོ་འོ་མའི་བཞིན་གསལ་བ་འདི་ཡང་མེད་པ་དང་ལྡན་པའོ། །ཕ་རོལ་པོའི་འདོད་པས་རང་བཞིན་ནོ། །འདིར་ཡང་མེད་པའི་རྣམ་འགྱུར་རོ་ཞེས་པ་འདིས་མེད་པ་སྔོན་མ་ཅན་ཉིད་དུ་གསལ་བར་བསྒྲུབ་པར་བྱ་བའོ། །ཕྱོགས་སྔ་མ་

འདི་ལ་གྲངས་ཅན་གྱིས་བརྗོད་པ། གལ་ཏེ་གསལ་བ་ཐམས་ཅད་མེད་པའི་རྣམ་པར་འགྱུར་བར་བསྒྲུབ་པར་བྱ་བ་ཡིན་ན། དེ་ལྟར་གྱུར་ན་ཐམས་ཅད་ཀྱི་བདག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་མེད་པ་ལས་ཡོད་པའི་བདག་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །རྣམ་འགྱུར་ཐམས་ཅད་ཀྱི་རང་

གི་ངོ་བོ་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ། རང་བཞིན་ནི་རྣམ་འགྱུར་གྱི་རང་གི་ངོ་བོར་མཐོང་བའི་ཕྱིར། དེའི་རང་གི་ངོ་བོར་དཔག་གོ། །དེ་ལྟར་ནི་འོ་མའི་རྣམ་འགྱུར་ཞོ་ལ་སོགས་པ་རྣམས་དེའི་བདག་ཉིད་རྣམས་ཏེ། དེའི་བདག་ཉིད་ཀྱི་རང་བཞིན་རྣམས་ཁོ་ན་ནི་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རྣམ་འགྱུར་རྣམས་སོ། །

เล่ม ๑๙๓ · หน้า 282b

དེའི་ཕྱིར་རང་བཞིན་མང་ཐམས་ཅད་ཀྱི་བདག་ཉིད་དོ། །ཐམས་ཅད་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཡང་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། མེད་པ་ནི་ཐམས་ཅད་ཀྱི་བདག་ཉིད་དུ་མི་འཐད་པས་སོ། །དེ་ལས་ཀྱང་ཁྱད་པར་རྣམས་མེད་པ། སྔོན་མ་ཅན་མའོ་ཞེས་པ་གྲུབ་པ་སྒྲུབ་པའོ་ཞེས་པའོ། །ཐམས་

ཅད་མེད་པ་དང་ལྡན་ཞེས། ཁས་ལེན་བྱེད་པ་གང་ཡིན་ཞེས་པ། གལ་ཏེ། བ་ལང་ལ་སོགས་པའི་གསལ་བ་ཐམས་ཅད་མེད་པའི་རྣམ་པར་འགྱུར་བའོ་ཞེས་སྨྲ་ཞིང་། གསལ་བ་ཐམས་ཅད་མེད་པ་དང་ལྡན་ནོ་ཞེས་ཁས་ལེན་པར་བྱེད་པའོ། །གལ་ཏེའི་སྒྲ་ནི་ཁས་བླངས་པ་ཡོངས་སུ་གསལ་བར་

བྱེད་པའོ། །དེ་ལྟར། གྲངས་ཅན་ཁས་ལེན་པ་ཅན་དེའི། །དུ་མའི་བདག་ཉིད་ཕྱིར་ཡོད་པ། །ཡིན་ཞེས་ཅི་ཞིག་ཅི་ཡིས་འབྲེལ། ཁས་བླངས་པ་དང་ཕྱི་མ་མ་འབྲེལ་ལོ། །ཞེས་པའི་དོན་ཏོ། །དེ་ལ་བ་ལང་ལ་སོགས་པ་གཞན་ཅི་ཞིག་ཡིན་ཞེས་པ། ཕན་ཚུན་མེད་པ་ཁོ་ན་ནི་ཐ་སྙད་པའི་

བ་ལང་ལ་སོགས་པ་རྣམས་ཏེ། དེ་ལས་ཐ་དད་པ་གཞན་ནི་མེད་དོ། །ཕན་ཚུན་མེད་པ་ཡང་དངོས་པོ་མ་ཡིན་ཏེ། བརྟགས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དེའི་རང་བཞིན་ཉིད་ལ་ཅི་ལྟར་མེད་པ་ལས་ཡོད་པ་ཉིད་དུ་ཐལ་བར་འགྱུར། ཐམས་ཅད་ནི་ཞེས་པ་ལ་སོགས་པ་སྟེ། བ་ལང་ལ་སོགས་

པ་རྣམས་མེད་པའི་བདག་ཉིད་དུ་ཁས་ལེན་པ་ལ། དེའི་བདག་ཉིད་ཀྱི་ཕྱིར་མེད་པ་ནི་ཡོད་པའི་བདག་ཉིད་དུ་འཐོབ་བོ་ཞེས་པའི་ལན་རིགས་པ་ནི་མ་ཡིན་པས་ཏེ། ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གང་ཡང་བརྗོད་པ་ཞེས་པ། དེ་ལ་བརྗོད་པ་ནི། གལ་ཏེ་བ་ལ་སོགས་པའི་

གསལ་བ་ཐམས་ཅད་མེད་པའི་རྣམ་འགྱུར་ཡིན་ན་མེད་པ་དང་ཡོད་པ་དག་ལས་རྟོགས་པ་ཐ་མི་དད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་རྟོགས་པ་ནི། རྣམ་པར་འགྱུར་ལ་མཐོང་སྟེ། དཔེར་ན་འཇིམ་པའི་རྟོགས་པ་ཁམ་ཕོར་ལ་བཞིན་ཞེས་པའོ། །འདི་སྐད་བཤད་པར་

འགྱུར་ཏེ། མེད་པ་རྗེས་སུ་འགྲོ་བ་ལ་ནི་དེའི་རྣམ་པ་ཅན་ཁོ་ནའི་རྟོགས་པར་འགྱུར་གྱི། བ་ལང་ངོ་རྟའོ་ཞེས་དངོས་པོ་ཐ་དད་པའི་རྣམ་པ་ཅན་དུ་ནི་མི་འགྱུར་ན། འགྱུར་བ་ཡང་སྟེ། དེའི་ཕྱིར་གསལ་བ་ནི་མེད་པ་རྗེས་སུ་འགྲོ་བ་མ་ཡིན་ནོ། །གང་ཞིག་གང་ལས་ཐ་དད་པའི་རྣམ་པ་

เล่ม ๑๙๓ · หน้า 283a

ཅན་གྱི་རྟོགས་པས་རྟོགས་པར་བྱ་བ་དེ་ནི་དེའི་བདག་ཉིད་མ་ཡིན་ཏེ། དཔེར་ན་བ་ལང་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས་ངེས་པར་བྱ་བའི་རྟ་ནི་བ་ལང་གི་བདག་ཉིད་མ་ཡིན་པ་བཞིན། རྣམ་འགྱུར་རྣམས་ཀྱང་མེད་པའི་རང་བཞིན་ལས་ཐ་དད་པའི་རྣམ་པ་

ཅན་གྱི་རྟོགས་པས་ངེས་པར་བྱ་བའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འདིས་ནི་མེད་པའི་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དུ་སྨྲས་སོ། །འཇིམ་ཁྱད་མེད་ལ་ཁམ་ཕོར་སོགས། །བློ་ཐ་དད་པ་གལ་ཏེ་འདོད། །ཅེས་པ་འཇིམ་པ་རྣམས་ལས་ཁམ་ཕོར་ལ་སོགས་པ་ཐ་མི་དད་དེ། དེ་

ལ་ཐ་མི་དད་པའི་རྣམ་པ་ཅན་གྱི་རྟོགས་པར་ཐལ་བར་འགྱུར་བ་ལ་གལ་ཏེ་རྟོགས་པ་ཐ་དད་པ་ཐ་དད་པ་འདོད་དེ། འཇི་བ་ལ་འཇི་བའི་རྟོགས་པ་དང་ཁམ་ཕོར་ལ་སོགས་པ་ལ་ཁམ་ཕོར་ལ་སོགས་པའི་རྟོགས་པའོ། །དེ་ལྟར་གྱུར་ན། མེད་ཁྱད་མེད་ན་ཡང་སྟེ་མེད་པའི་རྒྱུ་ལ་ཐ་དད་མེད་ན་

ཡང་། བ་ལང་ལ་སོགས་པའི་གསལ་བ་མེད་པ་དང་ལྡན་པ་ལའང་། ཐ་དད་བློ་ནི་སྟེ། བ་ལང་ངོ་རྟའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་རྟོགས་པ་ཐ་དད་པ་ཅིས་བཟློག །རྣམ་པ་ཅིས་ཞེས་པ། དབྱིབས་ཀྱི་ཁྱད་པར་གྱིས་སམ། སྐྱེས་བུའི་དོན་གྱི་དབང་གིས་སོ། །སྒྲའི་ཁྱད་པར་

གོམས་པའི་དབང་ལས་ཞེས་པ། ཐོག་མ་མེད་པར་སྒྲའི་ཐ་སྙད་བརྒྱུད་པ་ནི། སྒྲའི་བྱེ་བྲག་གིས་བྱས་པ་དེའི་རྣམ་པ་ཅན་གྱི་རྟོགས་པ་སྐྱེད་པའི་ཆེད་དུ་གང་བག་ཆགས་ཡིན་པ་དེ་ནི་སྒྲའི་ཁྱད་པར་གོམས་པ་སྟེ། དེའི་དབང་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པ་སྐྱེ་བར་འགྱུར་རོ། །

འདིས་ནི་དེའི་བདག་ཉིད་ན་ཡང་དེ་ལས་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས་ངེས་པར་བྱ་བ་ཉིད་ཁམ་ཕོར་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་མ་ངེས་པ་ཉིད་དུ་བཤད་དོ། །དེས་ན་མེད་པ་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དུ་རིགས་པ་མ་ཡིན་ནོ། །གང་ཡོད་པ་ལས་ཐ་མི་དད་ནའང་

དངོས་པོར་ཡོད་པའི་ཕྱིར་མངོན་སུམ་གྱིས་ཡོངས་སུ་བཅད་པ་བ་ལང་ལ་སོགས་པ་རྣམས་ནི། སྒྲ་གོམས་པའི་དབང་ལས་དེ་ལྟར་ཡོངས་སུ་བཅད་པ་སྟེ། མངོན་སུམ་དུ་བྱས་པའི་དངོས་པོ་ལ་སྒྲའི་བརྡ་བྱ་བར་ནུས་ཀྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེ་རྣམས་ཀྱིས་མེད་པ་ཉིད་དུ་འདོད་

เล่ม ๑๙๓ · หน้า 283b

པར་བྱ་བ་ལ་ནི་ཅི་ལྟར་ཐ་དད་པའི་རྣམ་པ་ཅན་གྱི་རྟོགས་པས་ངེས་པར་བྱ་བ་ཉིད་ཡིན་ཞེས་པ་འདིའི་ཕྱིར་ན་གསུངས་པ། ཁྱོད་ཀྱི་ཡང་ནི་ཞེས་པ་ལ་སོགས་པའོ། །ཡོན་ཏན་རྣམས་ཀྱི་ངོ་བོ་མཆོག །གང་མཉམ་པའི་གནས་སྐབས་ན། ཕྱིན་ཅི་མ་ལོག་པའི་རང་བཞིན་དེ་ནི་དབང་པོ་

ལས་འདས་པ་ཉིད་ཀྱི་ཕྱིར། མཐོང་བ་ཡུལ་གྱི་དངོས་པོར་ཉེ་བར་མི་འགྲོའོ། །གསལ་བའི་གནས་སྐབས་སུ་དེ་རྣམས་ཀྱི་ངོ་བོ་དེ་ནི། སྒྱུ་མ་བཞིན་དུ་ཤིན་ཏུ་གསོག་རང་བཞིན་གྱིས་སྟོང་པའོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང་ཁྱོད་ཀྱང་དངོས་པོའི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཅན་མ་ཡིན་པ་ཁོ་ནར་ཐ་

སྙད་ཁས་བླང་བར་བྱའོ་ཞེས་པས་བརྩད་པ་མཚུངས་སོ། །ལྐོག་ཤལ་ལ་སོགས་པ་མཐོང་ཕྱིར། །ཞེས་པ་ལ་སོགས་པ་དེ་ལ་འཇིག་པ་སྨྲ་བ་པ་ཡིས་བརྗོད་པ། གང་ཞིག་མཐོང་བ་ལས་གང་ཞེས་འཇིག་རྟེན་ན་རྟོགས་པར་འགྱུར་བ་དེ་ཁོ་ན་དེར་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་

པ་མཐོང་བ་ལས་བ་ལང་གི་རྟོགས་པར་འགྱུར་བའི་ལྐོག་ཤལ་ལ་སོགས་པ་ཁོ་ན་ནི་བ་ལང་ཡིན་པ་བཞིན་ནོ། །དོན་གཞན་ལ་རྟོགས་པ་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ལས་ཡིན་ཏེ། དེའི་ཕྱིར་དོན་གཞན་མེད་པ་ཁོ་ན་བདག་ཉིད་གཞན་རྣམས་སོ་ཞེས་པའོ། །འདིས་ནི་གང་མཐོང་བ་ལས་གང་

རྟོགས་པར་འགྱུར་བ་དེ་ཁོ་ན་དེར་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་མཐོང་བ་ལས་བ་ལང་གི་རྟོགས་པར་འགྱུར་བའི་ལྐོག་ཤལ་ལ་སོགས་པ་རྣམས་ཁོ་ན་བ་ལང་ཡིན་པ་བཞིན། བདག་ཉིད་གཞན་ལ་རྟོགས་པ་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ལས་འགྱུར་རོ་ཞེས་འབྲས་བུ་

གསུངས་སོ། །འདི་གྲངས་ཅན་པས་སླར་བ་སྒྲུབ་པར་བཤད་པ། གལ་ཏེ་ལྐོག་ཤལ་ལ་སོགས་པ་མཐོང་བ་ལས་བ་ལང་གི་རྟོགས་པར་འགྱུར་ན། དེ་ལྟར་གྱུར་ན་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་རོ་ཞེས་གང་བརྗོད་པ་དེ་མི་རིགས་

ཏེ་ཞེས་སོ། །བདག་ཉིད་གཞན་མེད་པའི་རྒྱུ་མཚན་ཅན་དུ་རྟོགས་པ་ཐམས་ཅད་ཁས་ལེན་ན། ཅི་ལྟར་བ་ལང་གི་རྟོགས་པའི་རྒྱུ་མཚན་ལྐོག་ཤལ་ལ་སོགས་པ་ཉིད་ཡིན་ཞེས་པའི་ཐ་ཚིག་གོ། །འདིས་ནི་ཁས་བླངས་པ་ཉམས་པ་སྨྲས་ཏེ། དཔེ་ལ་རང་གི་ཕྱོགས་བཏང་བའི་ཕྱིར་རོ་

เล่ม ๑๙๓ · หน้า 284a

ཞེས་པ་གྲུབ་མཐའ་དང་འགལ་བའི་ཕྱིར་རོ། །ཁྱོད་ཀྱིས་འདོད་པས་ཞེས་པ། ཁྱོད་ཀྱིས་ནི་ལྐོག་ཤལ་ལ་སོགས་པ་རྣམས་ཁོ་ན་བ་ལང་ངོ་ཞེས་འདོད་པས་སོ། །ཁོ་བོ་ཅག་གི་འདོད་པས་ནི་ཕན་ཚུན་བསལ་བྱ་དེ་ཐ་དད་དེ། བ་ལང་དང་ལྐོག་ཤལ་ལ་སོགས་

པ་རྣམས་ནི་འདི་རྣམས་ལ་གསལ་བར་བྱ་བ་ཐ་དད་པའོ་ཞེས་བྱས་ནས་སོ། །གང་གི་ནི་ཞེས་པ་སེལ་བ་སྨྲ་བའིའོ། །ཁས་བླངས་ནས་ཞེས་པ་ལ་སོགས་པ་ཁྱོད་ཀྱི་ནི་ལྐོག་ཤལ་ལ་སོགས་པ་ཚོགས་པ་ཁོ་ན་ལ་བ་ལང་ངོ་ཞེས་འདོད་དེ། དེའི་ཕྱིར་དེ་ཁས་བླངས་ནས་དཔེ་འདི་རང་གི་འདོད་པ་དང་

འགལ་བ་ཡང་བརྗོད་པའོ། །འདི་སྐད་བཤད་པར་འགྱུར་ཏེ། ཇི་ལྟར་ཁྱོད་ཀྱི་ལྐོག་ཤལ་ལ་སོགས་པ་ཚོགས་པ་མཐོང་བ་ལས་བ་ལང་གི་རྟོགས་པ་ཡིན་པ་དེ་ལྟར་ངེད་ཀྱི་ཡང་བདག་ཉིད་གཞན་མེད་པ་མ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པའོ་ཞེས་པའོ། །སྒྲ་ཐ་དད་པ་ལས་ནི་ཞེས་པ་

ལ་སོགས་པ་ལྐོག་ཤལ་ལ་སོགས་པ་སྒྲའི་ནི་ལྐོག་ཤལ་ལ་སོགས་པ་རྣམས་ལ་ལྐོག་ཤལ་ལ་སོགས་མ་ཡིན་པ་བསལ་བྱ་སྟེ། བ་ལང་གི་སྒྲའི་ཡང་བ་ལང་ལ་བ་ལང་མ་ཡིན་པ་བསལ་བྱའོ། །གང་གི་ཕྱིར་དེ་ལྟར་བསལ་བྱ་ཐ་དད་པ་དེའི་ཕྱིར་ལྐོག་ཤལ་ལ་སོགས་པ་རྣམས་ལ་ལྐོག་ཤལ་ལ་སོགས་པ་མ་ཡིན་པ་

སེལ་བས་ལྐོག་ཤལ་ལ་སོགས་པའི་རྟོགས་པ་དང་བ་ལང་ལ་བ་ལང་མ་ཡིན་པ་རྣམ་པར་གཅོད་པས་བ་ལང་གི་རྟོགས་པའོ། །དེ་ལྟར་ན་འདིར་ཡང་བདག་ཉིད་གཞན་མེད་པ་མཐོང་བ་ཁོ་ན་ལས་བདག་ཉིད་གཞན་བ་ལང་ལ་རྟོགས་པ་རང་གི་འདོད་པས་སོ་ཞེས་པས་ཁས་བླངས་པ་ཉམས་

པ་མེད་དོ། །དེ་མི་ལྟོས་ཞེས་པ་ལ་སོགས་པ་ནི་གྲངས་ཅན་པས་བདག་ཉིད་གཞན་མེད་པ་མཐོང་བ་ལས་ཀྱང་བདག་ཉིད་གཞན་ལ་རྟོགས་པར་འགྱུར་རོ་ཞེས་པ་མ་གྲུབ་པ་ཉིད་དུ་བསྟན་པའི་ཆེད་དུ་བཤད་པའོ། །དེ་ལྟོས་མེད། བདག་ཉིད་གཞན་རྟོགས་པའོ། །ཅིའི་ཕྱིར་ཞེ་ན།

ངེད་ཀྱི་ནི་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྒྲུབ་པའི་ངོ་བོ་ཁོ་ནས་བ་ལང་ཞེས་སོ། །རང་གི་རྣམ་པར་རྟོག་པས་སྤྲུལ་པ་ཞེས་པ་འདི་ནི་རང་གི་རྣམ་པར་རྟོག་པས་དབྱེ་བར་བྱས་པའོ། །འདི་སྐད་བཤད་པར་འགྱུར་

เล่ม ๑๙๓ · หน้า 284b

ཏེ། རང་གི་རྣམ་པར་རྟོག་པའི་དབང་ལས་འདི་ནི་འདི་ལྟར་དུ་བརྗོད་པར་བྱའོ། །རིགས་པ་ནི་མ་ཡིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། སེལ་བ་མེད་པར་ཞེས་པ་ལ་སོགས་པའོ། །ལྐོག་ཤལ་ལ་སོགས་པ་རྣམས་ལ་ནི་ཞེས་པ་ལ་སོགས་པ་ནི་འདི་ཁོ་ནའི་འགྲེལ་པའོ། །

ལྐོག་ཤལ་ལ་སོགས་པའི་སྒྲ་ནི་སྤྱིའི་ངོ་བོར་རང་གི་དོན་རྟོགས་པར་བྱེད་དེ། དེ་ཡང་སྤྱིའི་ངོ་བོ་རྟོགས་པ་ན་དོན་གཞན་མེད་པ་ལ་མི་ལྟོས་པར་མི་འགྱུར་རོ་ཞེས་སྔར་བསྒྲུབས་ཟིན་པ་ཁོ་ནའོ། །འོ་ན་དངོས་པོའི་རང་གི་མཚན་ཉིད་རྟོགས་པ་ནི་དོན་གཞན་མེད་པ་རྟོགས་པ་ལ་མི་ལྟོས་པ་བ་ལང་

ཞེས་སྒྲུབ་པ་ཁོ་ནས་འགྱུར་རོ་ཞེ་ན་གསུངས་པ། རང་གི་ངོ་བོ་ནི་ཞེས་པ་ལ་སོགས་པའོ། །རང་གི་ངོ་བོ་ནི་རང་གི་མཚན་ཉིད་དེ། དེ་རྟོགས་པ་ན་གལ་ཏེ་དོན་གཞན་མེད་པ་ལྟོས་པར་བྱ་བ་མ་ཡིན་མོད། དེ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བརྗོད་པར་བྱ་བ་ཐ་སྙད་པའི་ངོ་བོ་ནི་བ་ལང་ལ་

སོགས་པ་རྣམས་ལ་དོན་གཞན་སེལ་བ་ལ་མི་ལྟོས་པར་རྟོགས་པ་མ་ཡིན་ནོ། །དེ་ཡང་རྣམ་པར་དཔྱད་པའི་ཆེད་དུ་སྐབས་སུ་བྱས་པའོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ནོ། །གང་བརྗོད་པ་ཞེས་པ། འདི་སྐད་དུ་བརྗོད་དེ། གལ་ཏེ་བདག་ཉིད་གཞན་མེད་པ་མཐོང་བ་ལས་

བདག་ཉིད་གཞན་ལ་རྟོགས་པར་འགྱུར་ན། དང་པོའི་རྟོགས་པ་འཇུག་པ་མེད་པ་ཁོ་ན་སྟེ། ཅིའི་ཕྱིར་ན། དེ་ལ་བདག་ཉིད་གཞན་མེད་པ་མཐོང་བ་མེད་པའི་ཕྱིར་ཞེས་པའོ། །འདིར་དང་པོའི་རྟོགས་པ་ནི་གང་འཁོར་བར་ཐོག་མར་སྐྱེས་པ་སྟེ་དེ་མེད་པའོ། །དེའི་ཚེ་གཞན་གྱི་བདག་

ཉིད་མ་མཐོང་བའི་ཕྱིར། བདག་ཉིད་གཞན་ཡང་མ་བཟུང་བས། དེ་མེད་པས་ཉེ་བར་མཚོན་པའི་བདག་ཉིད་གཞན་ཡང་གཟུང་བར་མི་ནུས་སོ་ཞེས་པས་ཁས་བླངས་པ་ཉམས་པའོ། །ཐོག་མ་མེད་ཕྱིར་འདོད་པ་གྲུབ། །ཅེས་པ་འདི་ནི་འདོད་པ་ཁོ་ན་སྟེ། དང་པོའི་རྟོགས་པ་ཁས་

མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་ཁས་བླངས་པ་ཉམས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཡང་ཞེས་པ་ལ་སོགས་པས་ཕ་རོལ་པོ་ཁོ་ན་ལ་སྐྱོན་འདི་སླར་ཐལ་བར་འགྱུར་བར་བྱེད་དོ། །རིགས་དང་ལྡན་པ་ལ་ཁྱབ་པར་ནུས་པ་མ་ཡིན་ཞེས་པ། གལ་ཏེ་ཁྱད་པར་ཐམས་

เล่ม ๑๙๓ · หน้า 285a

ཅད་ལ་སྒྲ་སྦྱར་བར་ནུས་པ་ཉིད་ན། དེ་ལྟ་ན་རིགས་དང་ལྡན་པའི་དངོས་པོ་སྒྲས་ཁྱད་པར་ནུས་མོད། དེ་སྲིད་པ་མ་ཡིན་ཏེ། རིགས་དང་ལྡན་པ་རྣམས་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་མ་བྱས་པར་སྒྲས་རྟོགས་པར་ནུས་པ་ཡང་མ་ཡིན་ནོ། །

དེ་ལྟར་འགྱུར་མོད་ཀྱི་གཅིག་ཡིན་པ་ཉིད་ཀྱི་ཕྱིར་རིགས་ཀྱིས་ཁྱབ་པར་ནུས་སོ་ཞེ་ན་གསུངས་པ། ཡང་མིན་ཞེས་པ་ལ་སོགས་པ་སྟེ། ཁྱབ་པར་ནུས་པ་ཞེས་དཀྱུས་མ་དང་སྦྲེལ་ལོ། །གལ་ཏེ་རེ་ཞིག་རྟེན་ལས་ཐ་དད་པའི་རིགས་ནི་རྟེན་མཐའ་དག་ལ་འཇུག་པར་རྟོག་

ན། དེའི་ཚེ་གཉིས་ཉིད་ལ་སོགས་པ་བཞིན་དུ་རྟེན་མཐོང་བ་སྔོན་དུ་འགྲོ་བར་དེ་མཐོང་བར་འགྱུར་ན། རྟེན་རྣམས་ནི་མཐའ་ཡས་པའི་ཕྱིར་མཐོང་བ་སྲིད་པ་ཡང་མ་ཡིན་ནོ། །ཅི་སྟེ་རྟེན་སོ་སོ་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རྟེན་གཅིག་མཐོང་ན་ཡང་

འཛིན་པར་འདོད་ན་དེའི་ཚེ་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་རྟེན་དང་འདྲ་བར་མཐའ་ཡས་པ་ཉིད་ཀྱི་ཕྱིར་འབྲེལ་པ་མེད་པའོ། །ཅི་སྟེ་རྟེན་ལས་ཐ་མི་དད་ན་དེ་ལྟར་ན་ཡང་ཁྱད་པར་ལྟ་བུའི་སྐྱོན་ཏེ། ཁྱད་པར་རྣམས་ལས་ཐ་མི་དད་པ་ནི་དེ་ཁོ་ན་བཞིན་དུ་མཐའ་ཡས་པ་ཉིད་ཀྱི་ཕྱིར་

རོ། །དེ་ལྟར་རིགས་སྨྲ་བ་ཁོ་ན་ལ་དང་པོའི་རྟོགས་པ་མེད་པར་ཐལ་བར་འགྱུར་རོ། །གང་ཡང་བརྗོད་པ་ཞེས་པ་གལ་ཏེ་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པར་འགྱུར་ན། རྟོགས་པ་འཇུག་པ་ཉིད་མེད་དེ། ཅིའི་ཕྱིར་ན་བསལ་བར་བྱ་བ་

བདག་ཉིད་གཞན་མཐའ་ཡས་པ་ཉིད་ཀྱི་ཕྱིར་ཏེ། བདག་ཉིད་གཞན་ཐམས་ཅད་མེད་པ་མཐོང་བ་མེད་དོ་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་བདག་ཉིད་གཞན་རྣམས་ཐམས་ཅད་བསལ་བས་རྟོགས་པ་ཡིན་ན་བ་ལང་མ་ཡིན་པའི་དོན་དེ་རྣམས་མཐའ་ཡས་

པ་ཉིད་ཀྱི་ཕྱིར་མི་མཐོང་སྟེ། བ་ལང་གི་ཁྱད་པར་བཞིན་ནོ། །དེ་ལས་ཀྱང་དེ་བསལ་བས་བ་ལང་རྟོགས་པ་མ་ཡིན་ཏེ། དེ་ཁོ་ན་བཞིན་ཞེས་པའོ། །གང་རྣམས་མཐའ་ཡས་པ་དེ་རྣམས་ཐམས་ཅད་མཐོང་བ་མ་ཡིན་ཏེ། བ་ལང་གི་ཁྱད་པར་བཞིན་བསལ་བྱ་རྣམས་ཀྱང་

เล่ม ๑๙๓ · หน้า 285b

མཐའ་ཡས་པ་ཉིད་དོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །གང་མཐའ་ཡས་པ་ཉིད་ནི་དེ་བསལ་བས་བ་ལང་རྟོགས་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་ཁྱད་པར་རྣམས་མཐའ་ཡས་པ་ཉིད་དེ་བསལ་བས་བ་ལང་རྟོགས་པར་མི་འགྱུར་བ་བཞིན། བ་ལང་མ་ཡིན་པའི་དོན་

རྣམས་ཀྱང་མཐའ་ཡས་པ་ཉིད་དོ། །ཁྱབ་བྱེད་དང་འགལ་བའོ། །དེ་ལས་ཀྱང་ཁས་བླངས་པ་ཉམས་པའོ། །དེ་ཡང་མི་རིགས་ཏེ། ཅི་ལས་ཤེ་ན། སྤྱི་ཡིས་ངེས་པར་སེལ་བའི་ཕྱིར། །ཤིང་མ་ཡིན་དུ་མི་འགྱུར་རོ། །ཞེས་པ་འདི་ལྟར་སྤྱིའི་ངོ་བོས་ངེས་པར་སེལ་བའི་ཕྱིར་རོ། །དེ་ནི་

གཞན་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཤིང་གི་སྒྲ་དེ་ནི་རིགས་གཞན་བུམ་པ་ལ་སོགས་པ་རྣམས་རྫས་སོ་སོར་འདི་བུམ་པར་མི་འགྱུར་རོ་ཞེས་པ་འདི་ལྟར་སེལ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་རྣམ་པར་གཅད་བྱར་བརྗོད་པར་འདོད་པས་སྤྱིའི་ཆོས་གཅིག་གིས་སོ། །སྤྱིའི་ཆོས་གཅིག་

པོ་གང་རྣམ་པར་གཅད་བྱར་བརྗོད་པར་འདོད་པ་ངེས་ཏེ་རྒྱུར་གྱུར་པས་སེལ་བར་བྱེད་དོ། །ཅིའི་ཕྱིར་སེལ་ཞེ་ན། སྐབས་གཞན་དུ་བསྟན་པའི་ཕྱིར་དེ་ཁོ་ནའི་སྤྱིའི་ཆོས་ཀྱིས་སོ་ཞེས་རྣམ་པར་ཤེས་པར་བྱའོ། །འདི་སྐད་བཤད་པར་འགྱུར་ཏེ། སྤྱིའི་ཆོས་རྣམ་པར་གཅད་བྱར་བརྗོད་པར་འདོད་

པས་ཐོབ་པའི་ཐ་མི་དད་པའི་ངོ་བོ་རྣམས་ཤིང་དུ་མི་འགྱུར་རོ་ཞེས་པ་འདི་ལྟ་བུ་བུམ་པ་ལ་སོགས་པའི་རྣམ་པར་གཅད་པར་བྱ་བ་རྣམས་སེལ་བར་བྱེད་དོ་ཞེས་པའོ། །དེའི་ཕྱིར་ཤིང་མ་ཡིན་པ་ཉིད་ལ་སོགས་པ་ནི་མཐའ་ཡས་པ་ཉིད་དུ་མ་གྲུབ་སྟེ། སྤྱིའི་ངོ་བོ་ཐ་མི་དད་པ་ཉིད་ཀྱི་ཕྱིར་

རོ། །འདི་ལ་ཡང་བཤད་པ་ཞེས་པ་ལ་སོགས་པ་སྟེ། སྒྲ་གཞན་དོན་ནི་མ་མཐོང་ཕྱིར། །ཞེས་པ་འདིར་བཤད་དོ། །རིགས་མི་མཐུན་ལ་མ་མཐོང་བ་ཙམ་གྱིས་རྗེས་སུ་དཔག་པའོ་ཞེས་པ། གང་ཞིག་གང་ལ་མ་མཐོང་བ་དེ་ནི་དེ་སེལ་བར་བྱེད་ཅིང་། ཤིང་གི་སྒྲ་ཡང་རང་གི་དོན་མེད་པའི་རིགས་མི་

མཐུན་ལ་མ་མཐོང་བ་སྟེ། རྒྱུ་མེད་ན་འབྲས་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་མཐའ་ཡས་པ་ཉིད་ཡོད་ན་ཡང་རྗེས་སུ་དཔོག་པ་འཐད་དོ། །ཉེས་པ་འདི་ནི་ཁྱོད་ཉིད་ལ། །ཞེས་པ་རྟོགས་པ་འཇུག་པ་མེད་པའི་སྐྱོན་ནོ། །ཅི་ལྟར་ཞེ་ན་གསུངས་པ། གལ་ཏེ་རང་གི་རིགས་མཐུན་ལ་

เล่ม ๑๙๓ · หน้า 286a

ཁྱབ་པས་ཞེས་པ་ལ་སོགས་པ་སྟེ། གང་གི་སྒྲུབ་པས་རྟོགས་པར་བྱེད་པ་དེའི་རྗེས་སུ་འགྲོ་བ་གཙོ་བོའོ་ཞེས་པས། རང་གི་རིགས་མཐུན་པ་མཐའ་དག་ལ་ཁྱབ་པར་སྒྲས་འཇུག་པར་བྱ་ན། དེ་ཡང་མི་སྲིད་དེ། རིགས་མཐུན་པ་རྣམས་མཐའ་མེད་པ་ཉིད་

ཀྱི་ཕྱིར་དང་། རིགས་ནི་དེ་རྣམས་དང་ཐ་མི་དད་པའི་ཕྱིར་ཡང་ངོ་། །དེའི་ཕྱིར་དཔེར་ན་ཞེས་པ་ལ་སོགས་པ་སྟེ། རྭ་ཅན་ཉིད་ནི་རྟ་ལས་ལྡོག་བཞིན་པས་རྟ་མ་ཡིན་པ་ཉིད་རྟོགས་པར་བྱའོ། །དེ་ཡང་དངོས་པོར་ཡོད་པའི་སྤྱི་སྨྲ་བ་རྣམས་ཀྱིས་ཀྱང་རྟ་མ་ཡིན་པ་ཉིད་ཅེས་བྱ་བའི་དངོས་པོར་

ཡོད་པའི་སྤྱི་དམ་བཅས་པ་ཅུང་ཟད་ཀྱང་མེད་དོ། །གང་རྣམས་རྟ་མ་ཡིན་པ་བ་ལང་ལ་སོགས་པ་དེ་རྣམས་ཀྱང་རྭ་ཅན་ཉིད་ཀྱིས་སོ་སོར་ཁྱབ་པར་མི་བྱེད་དོ། །གང་རྣམས་དེ་དང་རིགས་མི་མཐུན་པ་རྟ་དེ་རྣམས་ཀྱང་སོ་སོར་མི་སེལ་བ་ཁོ་ནའོ། །དེ་སྟེ་ཡང་དེ་ལ་ཇི་ལྟར་སྤྱི་

རིགས་མི་མཐུན་པ་བསྒྲིབས་པའི་ཕྱིར་རྟར་མི་འགྱུར་རོ་ཞེས་ལྡོག་པའི་བློར་འགྱུར་ཞིང་། རྟ་ལས་ལོག་པའི་བ་ལང་ལ་སོགས་པ་རྣམས་ལ་སྤྱིའི་རྣམ་པས་རྟ་མ་ཡིན་པའོ་ཞེས་རྗེས་སུ་འཇུག་པའི་བློ་ཡང་ཡིན་པ། དེ་ལྟར་འདིར་རིགས་པ་སྟེ། སྒྲ་ཡང་རྟགས་དང་ལྡན་པ་ལས་བ་ལང་ལ་སོགས་

པའི་སྒྲ་ལས་ཀྱང་། བ་ལང་ལ་སོགས་པ་ལ་རྗེས་སུ་འཇུག་པའི་བློ་ཡིན་ཞིང་། བ་ལང་མ་ཡིན་པ་ལ་སོགས་པ་རྣམས་ལ་ཡང་ལྡོག་པའི་བློར་འགྱུར་རོ། །འདི་སྐད་བཤད་པར་འགྱུར་ཏེ། གང་རྟགས་ཡིན་པ་དེ་ནི་སྤྱིར་རིགས་མི་མཐུན་པ་རྣམ་པར་གཅོད་པར་བྱེད་ཅིང་རང་གི་དོན་

རྟོགས་པར་བྱེད་དེ། དཔེར་ན་རྭ་ཅན་ཉིད་བཞིན་སྒྲ་ཡང་རྟགས་ཡིན་ནོ་ཞེས་པ་རང་བཞིན་ནོ། །གང་ཡང་གལ་ཏེ་བདག་ཉིད་གཞན་མེད་པ་མཐོང་བ་ལས་བདག་ཉིད་གཞན་ལ་ལྟོས་པར་འགྱུར་ན་བདག་ཉིད་གཞན་མེད་པ་ཡང་གཅིག་པུ་སྟེ། དེ་ལས་བདག་ཉིད་གཞན་

ཐམས་ཅད་ལ་ལྟོས་པ་གཅིག་ཏུ་ཐལ་བར་འགྱུར་ཞིང་ཐམས་ཅད་ཚུལ་གཅིག་པ་ཅན་གྱི་རྟོགས་པས་རྟོགས་པར་འགྱུར་ཏེ། བྱེ་བྲག་གི་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་དཀར་པོ་ཉིད་ཀྱི་ཁྱད་པར་ཐ་མི་དད་པ་ཉིད་ཀྱི་ཕྱིར། ཀུ་མུད་དང་དུང་ནི་དཀར་པོའོ་ཞེས་ཀུ་མུད་

เล่ม ๑๙๓ · หน้า 286b

ལ་སོགས་པ་རྣམས་ཐ་མི་དད་པའི་རྣམ་པ་ཅན་གྱི་རྟོགས་པས་རྟོགས་པར་བྱ་བ་བཞིན་ནོ། །ཅི་སྟེ་བདག་ཉིད་གཞན་མེད་པ་གཅིག་མ་ཡིན་ན། །དེ་ལས་སོ་སོའི་བདག་ཉིད་ལ་རྟོགས་པ་སྣ་ཚོགས་པ་ཉིད་དུ་ཐལ་བར་འགྱུར་ཏེ། སྒྲ་འཇུག་པའི་རྒྱུ་མཚན་ཐ་དད་པ་ཉིད་ཀྱི་

ཕྱིར་རོ། །ཁ་ར་ནི་དཀར་བ་མངར་བ་དྲི་ཞིམ་པ་ལ་བསིལ་བའོ་ཞེས་པ་ཇི་ལྟ་བ་བཞིན་ནོ། །འདི་གཉིས་ཀ་མི་འདོད་ཅེས་པ་ཁས་བླངས་པ་ཉམས་པའོ་ཞེས་བརྗོད་པ། དེ་ལ་སླར་སྒྲུབ་པ་གསུངས་པ། བདག་ཉིད་གཞན་མེད་ཁས་བླངས་ནས། །གཅིག་དང་དུ་མ་ཉིད་

རྟོགས་པ། །རིགས་མིན་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་དངོས་པོ་འདི་ལ་འགྱུར་རོ་ཞེས་པ་ལྷག་མའོ། །གཅིག་ཉིད་དང་དུ་མ་ཉིད་ནི་དངོས་པོ་ཁོ་ན་ལ་སྲིད་ཀྱི་དངོས་པོར་མེད་པ་ལ་ནི་མ་ཡིན་ནོ། །གཞན་མེད་པ་དེ་ཁས་བླངས་ནས་གཅིག་དང་ཅིག་ཤོས་མ་ཡིན་པ་ཉིད་རྟག་

པར་མི་རིགས་སོ། །གང་ཡང་། རིགས་ཀྱི་ཆོས་ནི་རྣམ་གནས་ཕྱིར། །ཞེས་པ་འདིར་གཞན་སེལ་བ་གཅིག་ཉིད་དུ་རྣམ་པར་གཞག་པ་དེ་ནི་བློའི་སྣང་བ་ལ་བརྟེན་ནས་ཉེ་བར་བཏགས་པའོ། །ཁྱོད་ཀྱིའང་བསལ་མིན་ནུས་རྣམས་ལས། །ཐལ་བར་འགྱུར་བར་མཚུངས་སོ་ཞེས་

པ་ལྷག་མའོ། །བསལ་བར་མིན་པ་ནི་ཡོན་ཏན་རྣམས་མཉམ་པའི་གནས་སྐབས་གཙོ་བོ་སྟེ། དེ་ལ་ཆེན་པོ་ལ་སོགས་པ་རྣམ་པར་འགྱུར་གྱི་ནུས་པ་རྣམས་གཅིག་ཉིད་ན་རྒྱུ་ཐ་མི་དད་པ་ཉིད་ཀྱི་ཕྱིར་རྣམ་འགྱུར་ཐ་དད་པར་མི་འགྱུར་ཞིང་། ཐ་དད་པ་ཉིད་ན་གཙོ་བོ་གཅིག་ཉིད་དུ་

འགལ་བར་ནུས་པ་རྣམས་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ནུས་པ་དེ་རྣམས་དངོས་པོར་ཡོད་པ་ཁོ་ནར་ཞེས་ཁས་བླང་བར་ནུས་པ་ཡང་མ་ཡིན་ཏེ། གཅིག་དང་གཅིག་མིན་ཉིད་འགལ་བའི་ཕྱིར་རོ། །གང་ཡང་གལ་ཏེ་བདག་ཉིད་གཞན་མེད་

པ་མཐོང་བ་ལས་བདག་ཉིད་གཞན་ལ་རྟོགས་པ་ནི་དབང་པོ་ལས་བྱུང་བ་ཡང་ངོ་ཞེས་པས། མེད་པ་ནི་སྒྲ་ལ་སོགས་པ་རྣམས་ལས་གང་ཡང་རུང་བར་འཐོབ་སྟེ། རྣ་བ་ལ་སོགས་པའི་གཟུང་བྱ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྒྲ་ལ་སོགས་པ་རྣམས་ལས་གང་ཡང་རུང་བ་མ་ཡིན་

เล่ม ๑๙๓ · หน้า 287a

ནོ། །དེའི་འཛིན་པ་པོ་དབང་པོ་དྲུག་ལ་ཡོད་དོ་ཞེས་པ་འདི་འོངས་ན། འདི་གཉིས་ཀ་ཡང་འདོད་པ་མ་ཡིན་ནོ་ཞེས་བྱ་བ་བརྗོད་པ་དེའི་ལན་འདི་སྟེ། སྒྲའི་བརྗོད་བྱའི་དོན་ལ་འདི། །བསམ་བྱ་ཞེས་པ་ལ་སོགས་པའོ། །མངོན་སུམ་གྱི་དོན་ནི་བསྟན་དུ་མེད་

པ་ཞེས་པ་སོ་སོར་རང་གིས་རིག་པར་བྱ་བ་བརྗོད་དུ་མེད་པའོ། །བསྟན་པར་བྱ་བའང་རྟོགས་པ་སྟེ། གང་འདི་སྐད་དུ་བདག་ཉིད་གཞན་མེད་པ་ནི་བདག་ཉིད་གཞན་ནོ་ཞེས་བརྗོད་པ་དེ་ནི་བསྟན་པར་བྱ་ཞིང་བརྗོད་པར་བྱ་བའི་དོན་གྱི་ངོར་བཤད་ཀྱི་དབང་པོའི་སྤྱོད་ཡུལ་ནི་མ་ཡིན་ནོ། །དེའི་ཕྱིར་

འདི་མངོན་སུམ་པ་དབང་པོའི་སྤྱོད་ཡུལ་འཕེན་པར་རིགས་པ་མ་ཡིན་ཏེ། དེ་བསྟན་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བ་མེད་དོ། །དམིགས་ཀྱིས་དགར་བ་ཚིག་གི་འདི་ཞེས་པ་དམིགས་ཀྱིས་དགར་བ་ནི་ལོགས་སུ་བྱེད་པར་བྱས་པའོ། །སླར་

ཡང་ངག་ལས་དམིགས་ཀྱིས་བཀར་བ་པ་ནི་འདི་ཞེས་པ་གཞན་སེལ་བའོ། །ཡང་ཅི་ལྟར་ན་ཡན་ལག་རྣམ་པར་ཕྱེ་བ་མེད་པའི་ངག་གཅིག་ལས་ཚིག་དམིགས་ཀྱིས་བཀར་བར་ནུས་ཤེ་ན། ཡན་ལག་རབ་ཏུ་བརྟགས་པ་དང་ཚུལ་གསུམ་པའི་བློས་རྣམ་པར་དབྱེ་བར་བྱེད་པའི་ཕྱིར་ཏེ། དེ་ཉིད་

ཀྱི་ཕྱིར་གསུངས་པ་རྣམ་པ་རྟགས་ལའོ་ཞེས་པའོ། །ཅིའི་ཕྱིར་རྣམ་པར་དབྱེ་བ་ལ་ཡིན་ཞེ་ན། ངག་གི་དོན་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ངག་དོན་སོ་སོར་སྤོབས་པའི་མིང་ཅན་ནི། དེ་ཡིས་ཏེ་ཚིག་གི་དོན་གྱིས་ཐོག་མར་མ་བྱང་བ་རྣམས་ལ་སྐྱེད་དོ། །ཚིག་གི་དོན་མི་ཤེས་པ་ནི་སྔར་བློས་

ངག་གི་དོན་རྟོགས་པར་བཟོད་པ་མ་ཡིན་ཏེ། དེའི་ཕྱིར་ཆ་ཤས་མེད་པའི་ངག་གི་དོན་རྟོགས་པའི་ཐབས་ཉིད་ཀྱི་ཕྱིར་ན། རང་བཞིན་དང་རྐྱེན་བཞིན་དུ་རྗོད་པར་བྱེད་པ་ཉིད་དུ། མེད་ཀྱང་ཚིག་གི་དོན་བརྟགས་སོ། །ངག་གི་དོན་དུ་སྣང་བ་དེ་ནི་ཉན་པ་པོའི་རྒྱུད་ལ་འབྱུང་བ་གང་ཡིན་པ་

ཡང་ངག་ལས་ཉན་པ་པོ་ལ་ཉེ་བར་སྐྱེ་ཞིང་། སྨྲ་བ་པོའི་རྒྱུད་ལ་འབྱུང་བ་གང་ཡིན་པ་ཡང་ངག་ཀུན་ནས་སློང་བ་པོའོ། །དེ་ལ་སྔ་མའི་དབང་དུ་བྱས་ཏེ། ངག་དོན་སྤོབས་པ་ཞེས་བྱ་གང་། །དེ་ཡིས་དང་པོར་ཉེ་བར་བསྐྱེད། །ཅེས་སོ། །འདི་སྐད་བརྗོད་དེ། ངག་གི་དོན་ཉིད་ནི་དེའི་

เล่ม ๑๙๓ · หน้า 287b

རབ་ཏུ་སྦྱོར་བ་པོ་ཉིད་ཀྱི་ཕྱིར། དེའི་དོན་དུ་སྨྲ་བ་པོས་ངག་སྦྱར་མོད་ཀྱི། ངག་གི་སྒྲོན་མ་ལས་ཕ་རོལ་པོའི་ངག་གི་དོན་གྱི་ཡུལ་ཅན་གྱི་སྤོབས་པར་འགྱུར་རོ་ཞེས་པའོ། །གང་ཡང་ངག་ཀུན་ནས་སློང་བ་པོ་ངག་དེ་ཉིད་དང་དེའི་དོན་ནི་སྒྲའི་དོན་དངོས་ངག་གོ་ཞེས་འདིར་འཆད་པར་

འགྱུར་རོ། །ངག་གི་དོན་ཉིད་ནི་དེས་གཞལ་བར་བྱ་བ་ཉིད་ཀྱི་ཕྱིར་དེ་ནི་འབྲས་བུའི་རྟགས་ངག་གིས་རྗེས་སུ་དཔག་པར་བྱ་བ་སྟེ། དུ་བས་མེ་བཞིན་ནོ། །ཚིག་གི་མེད་ཀྱང་ཞེས་པ་བརྗོད་པར་བྱ་བ་ཉིད་དུ་མེད་པའོ། །གང་གི་ཕྱིར་ངག་ཁོ་ན་སྒྲ་དངོས་ཏེ། དེ་ཁོ་ན་དོན་དང་འབྲེལ་པའི་ཕྱིར་རྗོད་

པར་བྱེད་པ་ཉིད་དོ། །ཚིག་རྣམས་ནི་མ་ཡིན་ཏེ། ཡི་གེ་བཞིན་དུ་ཐ་སྙད་ཀྱི་ཡན་ལག་ངག་གི་དོན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་རོ། །གང་སྨྲས་པ། མེད་ཀྱང་ནང་གི་བ་ཡི་ནི། །སྒྲ་རྣམས་ཡོད་དོ་ཞེས་སེམས་ཏེ། །རྟོགས་པ་པོ་ཡི་ནུས་མེད་དེ། །འཛིན་པའི་ཐབས་ཁོ་ན་དེའོ། །ཞེས་སོ། །

ཚིག་དེ་ངག་ལས་འབྲས་བུའི་དོན་དུ་བཀར་བ་ནི་ལུང་ཇི་ལྟ་བར་རབ་ཏུ་བརྟགས་པས་དོན་རྣམ་པར་གཞག་པར་བྱའོ་ཞེས་པའོ། །གང་གི་ལུང་གང་ཡིན་པ་འགའ་ཞིག་རྣམས་ཀྱིས་བརྗོད་པར་བྱ་བ་ཐ་དད་པའི་ཚིག་གི་དོན་ཅན་ནོ་ཞེས་པ་ལུང་སྟེ། ཕ་རོལ་པོ་རྣམས་ཀྱི་རིགས་དང་། གཞན་

རྣམས་ཀྱི་འབྲེལ་པ་དང་འགའ་ཞིག་རྣམས་ཀྱི་དེ་དང་ལྡན་པའོ་ཞེས་པའོ། །ཅིའི་ཕྱིར་དགར་བ་ནི་ཞེས་བརྗོད་པར་བྱ་ཞེ་ན་གསུངས་པ། འབའ་ཞིག་ནི་མི་སྦྱོར་བའི་ཕྱིར་རོ་ཞེས་པ། འཇིག་རྟེན་པའི་སྦྱོར་བ་ལས་སྒྲ་རྣམས་ཀྱི་དོན་ངེས་པར་གཟུང་བར་བྱ་ཞིང་འཇིག་རྟེན་ན་ཡང་ཚིག་འབའ་ཞིག་

པའི་སྦྱོར་བ་མེད་དེ། གང་དུ་ཡང་བྱ་བའི་ཚིག་གཞན་མ་ཐོས་པ་ཤིང་པླཀྵའོ་ཞེས་པ་དེར་ཡང་ཡོད་དོ། །འགྱུར་རོ་དག་ལྷུར་བྱེད་པ། སྐྱེས་བུ་དང་པོ་རབ་ཏུ་མ་སྦྱར་བཞིན་པ་ཡོད་དོ་ཞེས་རྟོགས་པར་བྱའོ། །དེ་སྐད་དུ་ཡང་བཤད་པ། གང་ཡང་འདི་ཅི་ཞེས་དྲིས་ཤིག །ཡོད་པ་བ་ལང་

རྟ་ཞེས་ཀྱང་བརྗོད་པའི་དྲི་བ་ཁོ་ན་བྱ་བ་སྟེ། དེ་ལ་རབ་ཞུགས་མཐོང་བའི་ཕྱིར། །ཞེས་སོ། །ཇི་ལྟ་བུར་མེད་པ་ལ་རབ་ཏུ་བརྟགས་པས་དོན་བརྗོད་པར་བྱ། ཅི་ཞིག་ཡིན་ཞེ་ན་གསུངས་པ་རང་བཞིན་དང་རྐྱེན་བཞིན་དུ་ཞེས་པ། ཚིག་སྨྲ་བ་པོས་ནི་རང་བཞིན་ལ་སོགས་པའི་

เล่ม ๑๙๓ · หน้า 288a

དབྱེ་བ་མེད་པའི་ཚིག་དོན་ལ་རབ་ཏུ་སྦྱོར་ཞིང་རང་བཞིན་དང་རྐྱེན་དག་ནི་འབའ་ཞིག་པའི་ཚིག་གི་དོན་ལ་རྟེན་པར་བྱེད་པ་སྟེ། འབའ་ཞིག་པ་དག་སྦྱོར་བ་ནི་མེད་དོ། །མ་སྦྱར་བ་དག་ནི་ཡོད་པ་ཉིད་དུ་ངེས་པར་གཟུང་བར་ནུས་པ་ཡང་མ་ཡིན་ཏེ། དེས་ན་དེ་དག་

མེད་པ་ཁོ་ནའོ། །དེ་ལྟ་ཡང་ཇི་ལྟར་དེ་དག་གི་དོན་རབ་ཏུ་བརྟགས་པས་བརྗོད་པར་བྱ་བ་དེ་ལྟར་ཚིག་གིའོ། །འོ་ན་གཞན་གྱིས་རབ་ཏུ་བརྟགས་པ་དེ་ཁོ་ན་ཚིག་གི་དོན་དུ་འགྱུར་མོད། མེད་པའི་དོན་ལ་འབད་པ་འདིས་ཅི་བྱ་ཞེ་ན་གསུངས་པ། དེ་ཡང་རབ་ཏུ་བརྟགས་པ་

ཞེས་པ་ལ་སོགས་པ། ལུང་འདི་ལས་གཞན་པའི་ལུང་རྣམས་ལ་མི་རིགས་པའི་དོན་འཛིན་པ་ཇི་ལྟ་བ་དེ་ལྟར། ཁྱད་པར་རྣམས་ལ་རིགས་སྒྲ་མིན། །ཞེས་པ་ལ་སོགས་པས་བཤད་ཟིན་ཏོ། །དེའི་ཕྱིར་དོན་གཞན་རིགས་པ་དང་ལྡན་པ་གཞན་སེལ་བ་ཞེས་བྱ་བ་འདི་ཉེ་བར་འཕངས་

པ་ཡིན་ནོ། །འདི་རིགས་པ་དང་ལྡན་པ་ཉིད་དུ་ཡང་བསྒྲུབས་ཟིན་ཏེ། སྒྲ་དོན་གཞན་ནི་མ་མཐོང་ཕྱིར། །ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཚིག་གི་དོན་འཛིན་པའི་ཐབས་ཅན་ཞེས་པ་ཚིག་གི་དོན་བརྟགས་པའི་དགོས་པ་སྟོན་ཏོ། །ཚིག་གི་དོན་འཛིན་པ་གང་གིས་ཐབས་ཡིན་པ་

དེ་དེ་སྐད་བརྗོད་དོ། །རང་ཉིད་ཁོ་ནས་ཚིག་གི་དོན་རྣམས་རྗེས་སུ་འཛིན་པ་ལས་སེམས་ཀྱིས་རྣམ་པར་གནས་པའི་ཁྱད་པར་གྱི་ངོ་བོ་ཅན་དབྱེ་བ་མེད་པའི་ངག་གི་དོན་སྣང་བ་སྐྱེ་ཞེས་བྱ་བར་འོས་པ་ཉིད་དོ། །ཤེས་རབ་བཟང་པོའི་སྤོབས་པ་ཅན་སོ་སོར་ངེས་པའི་དབྱེ་བ་ཡོངས་སུ་

གཅོད་པའི་བྱ་བའོ་ཞེས་བྱ་བར་འོས་པ་ཉིད་དོ། །དེ་ལྟར་ནི་འདིས་འདི་ལྟར་དང་འདི་ལྟར་བྱ་བར་འོས་སོ་ཞེས་པ་བྱ་བར་འོས་པའི་གཞི་སྟེ། དེའི་དངོས་པོ་ནི་དེ་སྐད་གྱུར་པའི་བྱ་བ་དེའི་ཡུལ་ཅན་ནོ། །ཇི་ལྟར་བསྒྲུབས་པའི་བྱ་བའི་བར་མ་ཆད་པར་ཤེས་རབ་དང་སྤོབས་པ་གང་

ལ་ཉེ་བར་སྐྱེས་པ་ན་རབ་ཏུ་འཇུག་པའམ་བཏང་སྙོམས་སུ་བྱེད་དོ། །དང་པོར་ཞེས་པ་གང་རྣམས་སྒྲ་དོན་གྱི་འབྲེལ་པ་མ་གོམས་པ་དེ་རྣམས་ནི། ཚིག་གི་དོན་འཛིན་པའི་ཐབས་ཅན་ངག་གི་དོན་རྟོགས་པར་བྱེད་དོ། །གང་རྣམས་སྒྲ་དང་དོན་གྱི་འབྲེལ་པ་གོམས་པ་ལས་ངག་

เล่ม ๑๙๓ · หน้า 288b

གི་དོན་ལ་མཁས་པ་ཉེ་བར་སྐྱེས་པ་དེ་རྣམས་ཀྱི་ཡན་ལག་མེད་པའི་ངག་ཁོ་ན་ལས་ཆ་ཤས་མེད་པའི་ངག་གི་དོན་གྱི་ཡུལ་ཅན་གྱི་སྤོབས་པར་འགྱུར་རོ། །གལ་ཏེ་ཚིག་དང་དེའི་དོན་ཏེ། འདི་གཉིས་ཀ་བརྡ་ལས་བྱུང་བ་ཡིན་ན། འོ་ན་སྒྲ་དང་དོན་དངོས་ངག་ཅི་ཞིག་ཡིན་ཞེ་ན་གསུངས་

པ། ངག་ཉིད་ཁོ་ན་དང་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་འདི་ཡིན་ཞེ་ན་གསུངས་པ། དེ་དག་ཐ་མི་དད་པ་ཉིད་ཀྱི་ཕྱིར་ཞེས་པ། ངག་ལ་ཚིག་ལ་སོགས་པ་ཆ་ཤས་སུ་གྱུར་པ་རྣམས་མ་ཡིན་ཞིང་། ངག་གི་དོན་ལ་ཚིག་གི་དོན་རྣམས་ཀྱང་མ་ཡིན་ཏེ། དེ་རྣམས་རབ་ཏུ་བརྟགས་

པ་ཉིད་ཀྱི་ཕྱིར། རང་བཞིན་དང་རྐྱེན་བཞིན་དང་། དེ་དག་གི་དོན་བཞིན་ནོ། །གང་གཞན་ཚིག་ལ་སྒྲ་འཛིན་པར་མངོན་པར་རློམ་ཞིང་ཚིག་གི་དོན་ལ་ཡང་སྒྲའི་དོན་འཛིན་པར་མངོན་པར་རློམ་པ་ཕྱིན་ཅི་ལོག་པའོ། །དེ་ནི་རབ་ཏུ་བརྟགས་པ་ལས་ཏེ་ལྕགས་ཀྱུ་མེད་པ་ཉིད་ཀྱི་ཕྱིར་

ཏེ། རང་དབང་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །རང་དབང་ཉིད་ཀྱང་དོན་ལ་མི་ལྟོས་པ་ཉིད་ཀྱིས་ཏེ། དེ་ཉིད་ཀྱི་ཕྱིར་ཡང་འདི་ནི་དངོས་པོ་ལས་འདས་ནས་འཇུག་བཞིན་པ་ནི་རྣམ་པར་གཅད་པར་མི་ནུས་སོ། །ཡང་གང་རྣམས་ཞེས་པ་ལ་སོགས་པ་སྟེ་སྤོབས་པ་སྨོས་པ་ནི་ངག་

ཀུན་ནས་སློང་བར་བྱེད་པ་ཉེ་བར་མཚོན་པའོ། །དེའི་ཕྱིར་དེས་བརྗོད་འདོད་ཀྱང་འཕེན་ཏེ། སྤོབས་པ་དང་བརྗོད་འདོད་སྤངས་ནས་ཞེས་པའི་དོན་ཏོ། །དེ་ལས་གཞན་ཕྱི་རོལ་གྱི་དོན་བ་ལང་ལ་སོགས་པའམ། ངག་ཕྱི་རོལ་གྱི་དོན་རྣམས་ཀྱི་འབྲེལ་པ་ཕན་ཚུན་ཕན་འདོགས་

པའི་མཚན་ཉིད་ཅན་སྒྲ་དོན་དུ་རྟོགས་པར་བྱེད་པ་དེ་རྣམས་ཀྱི་ཡང་དེ་རྟོགས་པ་ཙམ་སྟེ། རིགས་པ་མེད་པ་དོན་གྱིས་སྟོང་པ་ཞེས་པའི་དོན་ཏོ། །འདིས་ནི་སྤོབས་པ་དང་བརྗོད་འདོད་ནི་ངག་གི་དོན་ཏོ་ཞེས་རང་གི་ལུགས་གསལ་བར་བྱེད་དོ། །ཅིའི་རྒྱུས་རྣམ་པར་རྟོག་པ་ཙམ་ཡིན་ཞེ་ན་

གསུངས་པ། ཇི་ལྟར་གོམས་བཞིན་ཞེས་པ་ལ་སོགས་པ་སྟེ། གང་དང་གང་གོམས་པ་ནི་ཇི་ལྟ་བར་གོམས་པའོ། །རང་གི་རྐྱེན་གྱི་རྗེས་བྱེད་པས། །ཞེས་པ། རང་གི་རྐྱེན་ནི་རྣམ་པར་ཤེས་པའི་རྟེན་བག་ཆགས་ཏེ་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་སོ། །ཕྱི་རོལ་གྱི་དོན་མེད་ཀྱང་གང་

เล่ม ๑๙๓ · หน้า 289a

ལས་གོམས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་རྣམ་པ་དུ་མ་ཅན་སྐྱེ་སྟེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ནམ་དེའི་འབྲེལ་པ་ནི་ངག་གི་དོན་དུ་འཐད་པ་མ་ཡིན་ནོ། །ཡང་ཡང་དུ་དོན་གོམས་པ་སྒྲའི་དོན་འཛིན་པ་སྟེ། དེས་བྱས་པ་རྣམ་པར་ཤེས་པ་ལ་ནུས་པའི་ཁྱད་

པར་ནི་དོན་གོམས་པའི་བག་ཆགས་ཏེ་དེ་ལ་ལྟོས་པའོ། །དེའི་རྒྱུ་མཚན་ཅན་དོན་བྱ་བ་རྟོགས་པ་ངོ་བོ་སྣ་ཚོགས་པ་སྐྱེའོ། །རྟོགས་པ་པོས་དོན་བྱ་བ་སྤོབས་པ་གང་ཞིག་སྐྱེས་པས་རྟོགས་པ་དེ་ནི་དོན་བྱ་བ་རྟོགས་པ་ངོ་བོ་སྣ་ཚོགས་སྐྱེ་བའོ། །ངག་གི་བག་ཆགས་རབ་ཏུ་སད་པའི་རྒྱུ་

མཚན་ཉིད་དུ་བསྟན་པའི་ཆེད་དུ་ངག་ལས་ཞེས་བཤད་དོ། །རང་གི་རྐྱེན་དང་རྗེས་སུ་མཐུན་པ་ཉིད་དུ་ཞེས་པ། གང་ཞིག་གི་བག་ཆགས་གང་འདྲ་བ་དེའི་དེ་དང་རྗེས་སུ་མཐུན་པ་ཁོ་ནའི་སྤོབས་པ་ཉེ་བར་སྐྱེའོ་ཞེས་པའི་དོན་ཏོ། །སྟག་ལ་སོགས་པ་ཐོས་པ་བཞིན་དུ་ཞེས་པ། སྟག་མེད་

ཀྱང་སྟག་གནས་སོ་ཞེས་བརྗོད་པ་ན་སྟག་གིས་སྒྲུབ་པར་བྱེད་པ་གནས་པའི་བྱ་བར་སྣང་བའི་རྟོགས་པ་ཉེ་བར་སྐྱེ་སྟེ། སོགས་པའི་སྒྲས་ཆུ་ཀླུང་གི་འགྲམ་ན་བུ་རམ་གྱི་ཤིང་རྟ་ཡོད་ཅེས་པ་ལ་སོགས་པ་གཟུང་ངོ་། །དེ་ཁྱད་པར་མེད་ན་ཡང་སྟེ་ངག་གི་དོན་ཁྱད་པར་མེད་པ་ལ།

དོན་བྱ་བ་རྟོགས་པའི་རྣམ་པར་རྟོག་པ་སྐྱེའོ་ཞེས་དཀྱུས་མ་དང་སྦྲེལ་ལོ། །སྒེག་པའི་སྙན་དངགས་ཐོས་པ་ལས། །ཞེས་པ། མཆུ་དང་འོ་མ་འཛིན་པ་ལ་སོགས་པ་བསྔགས་པའི་ངག་ཐོས་པ་ལས། དངོས་པོ་ཐ་མི་དད་ན་ཡང་ཆགས་པ་ཅན་རྣམས་ལ་འདོད་ཆགས་དང་རྗེས་སུ་

མཐུན་པའི་རྟོགས་པར་འགྱུར་ཏེ། ཡིད་དུ་འོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་ཡིད་འབྱུང་བ་དང་རྗེས་སུ་མཐུན་པ་སྟེ། ཡིད་དུ་མི་འོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །འདི་ངག་ལ་ངག་གི་ཡུལ་ཉིད་ལ་སྲིད་པ་ཡང་མ་ཡིན་ཏེ། ཡུལ་ནི་གཅིག་གི་

ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ངག་ནི་ངག་དོན་གྱི་རང་གི་ངོ་བོ་ལ་འཁྲུལ་པར་སྟོན་ཅིང་། གང་ཞིག་གང་ལས་འཁྲུལ་པ་དེ་ནི་དེ་རྟོགས་པར་བྱེད་པ་མ་ཡིན་ཏེ། མི་རྟག་པ་ཉིད་ལ་ལུས་ཅན་མ་ཡིན་པ་ཉིད་བཞིན། ངག་ཀྱང་ངག་དོན་གྱི་རང་གི་ངོ་བོ་ལ་འཁྲུལ་པའོ་ཞེས་པ་ཁྱབ་བྱེད་

เล่ม ๑๙๓ · หน้า 289b

དང་འགའ་བ་གསུངས་སོ། །འོ་ན་གང་གི་ཡང་སྤོབས་པ་ནི་ངག་གི་དོན་ཞེས་འདོད་པ་མ་ཡིན་ནམ། དེའི་ཡང་དེ་ནི་རྣམ་པར་རྟོག་པ་ཙམ་མ་ཡིན་ཞིང་། སྤོབས་པ་ཐ་མི་དད་ན་ཡང་སྒེག་པའི་སྙན་དངགས་ཐོས་པ་ལས་ཇི་སྐད་བཤད་པའི་རྟོགས་པ་ཐ་དད་པ་མཐོང་བའི་ཕྱིར་རོ་ཞེ་ན་

འདི་ཡོད་པ་མ་ཡིན་ཏེ། གང་ངག་གིས་ཀུན་ནས་བསྐྱེད་པའི་རྟོགས་པ་ངག་དོན་གྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་པའི་ཕ་རོལ་པོ་ཁོ་ན་ལ་སྐྱོན་འདི་སྟོན་གྱི། ཁོ་བོ་ཅག་ལ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པ་ཉིད་དུ་ཁས་

བླངས་པའི་ཕྱིར་རོ། །ད་ནི་སྤོབས་པ་མངོན་སུམ་དང་རྗེས་སུ་དཔག་པ་ངག་གི་ནང་དུ་འདུས་པར་བསྟན་པའི་ཆེད་དུ་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་ལྷས་བྱིན་པ་དཀར་མོ་མངོན་དུ་དེད་ཅིག་ཅེས་པ་ལ་སོགས་པའི་ངག་ལས་གང་ཉན་པ་པོ་ལ་སྤོབས་པ་སྐྱེ་བ་དེ་ནི་མཆོད་

སྦྱིན་གྲོང་ཁྱེར་སྐྱ་སྣར་གྱི་བུར་སོང་ཅིག་ཅེས་པ་ལ་སོགས་པ་ངག་གཞན་རྣམས་ཀྱི་དོན་གང་ཡིན་པ་དེ་རྣམས་ལས་ལོག་པའི་དོན་ལ་སྤོབས་པ་སྤྱི་དང་ཁྱད་པར་ལ་འདོད་དོ། །དེ་ལྟར་ན་ངག་རྣམས་ཇི་སྙེད་པ་དེ་སྙེད་ཁོ་ནའི་སྤོབས་པ་རྣམས་དེའི་དོན་གྱི་ཡུལ་ཅན་ནོ་ཞེས་བརྗོད་པར་

འགྱུར་རོ། །འདིས་ནི་སྤོབས་པ་དུ་མ་ཉིད་དུ་སྟོན་ཅིང་། སྤོབས་པའི་སྤྱི་ངག་ཀུན་ནས་སློང་བར་རྟོགས་པའི་ཡུལ་ཡོད་དོ་ཞེས་གསལ་བར་བྱེད་དོ། །ཡུལ་དུ་མའི་གཞི་ཅན་ནི་རྟོགས་པའི་སྤྱིའོ། །འབྲེལ་པ་ཤེས་པའི་ཞེས་པ། གང་སྒྲ་དང་དོན་ངག་གིས་འབྲེལ་པ་ཤེས་པའོ། །

འདིས་ནི་ངག་རྟོགས་སོ་ཞེས་དགོངས་པས། གང་ཞིག་སྤྱིའི་ངོ་བོ་ནི་དོན་ལ་འབྲེལ་པ་ཤེས་པའི་རྟགས་ལས་རྟོགས་པར་འགྱུར་བ་དེ་ནི་རྗེས་སུ་དཔག་པ་སྟེ། དུ་བ་ལས་མེ་རྟོགས་པ་བཞིན། སྨྲ་བ་པོའི་སྤོབས་པ་ལས་ཉན་པ་པོའི་སྤོབས་པ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གསུངས་སོ། །

གང་ཞིག་ངག་ལས་རྟོགས་པ་ནི་ཞེས་པ་ལ་སོགས་པས་ནི། གང་རང་རིག་པར་བྱ་བ་དེ་ནི་རང་རིག་པའི་མངོན་སུམ་གྱི་ནང་དུ་འདུ་སྟེ། འདོད་ཆགས་ལ་སོགས་པ་བཞིན་སྤོབས་པ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ཁོ་ནའོ། །རེ་ཞིག་རིགས་ན་ཞེས་པ་ལ་སོགས་པ་སྟེ། རྒྱུ་མཚན་

เล่ม ๑๙๓ · หน้า 290a

ཅན་རྣམས་ནི་རིགས་དང་ཡོན་ཏན་དང་བྱ་བ་དང་རྫས་ཀྱི་སྒྲ་རྣམས་སོ། །དེ་རྣམས་ལ་རང་ཉིད་ཇི་ལྟ་བའི་རྒྱུ་མཚན་དང་ལྡན་པའི་དོན་དུ་མ་གཞན་སོ་སོར་སྤྱིའི་ངོ་བོས་མངོན་པར་བརྗོད་པ་སྲིད་དོ། །འདོད་རྒྱལ་བ་དངོས་པོ་གཅིག་ལ་ཉེ་བར་ལྷུང་བ་རྣམས་ལ་ནི་ཅི་

ལྟར་ཡིན། དེ་རྣམས་ལ་བརྗོད་པར་བྱ་བ་སྤྱི་ཡོད་པ་མ་ཡིན་པས་ཏེ། སྤྱི་ནི་དུ་མ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་འདོད་རྒྱལ་བ་རྣམས་སྤྱིའི་དོན་མི་བརྗོད་པའི་ཕྱིར་ཁས་བླངས་པ་ཉམས་པ་སྨྲས་སོ། །འདོད་རྒྱལ་བ་ལའང་ཞེས་པ་ལ་སོགས་པས་ཌིཏ་ཐ་ལ་སོགས་པ་རྣམས་

དུ་བ་ཉིད་དུ་སྟོན་ཅིང་། དེ་ལ་ཡང་སྤྱི་ཡོད་དོ་ཞེས་སྒྲུབ་པར་བྱེད་དོ། །འདོད་རྒྱལ་བ་ནི་ཞེས་པ་ལ་སོགས་པ་ཀཱ་ཎ་དང་ཀུཎ་ཌ་ལ་སོགས་པ་སྟེ། ཡོན་ཏན་ཚོགས་པ་རྗོད་པར་བྱེད་པ་འདོད་རྒྱལ་པ་ཌིཏ་ཐ་ལ་སོགས་པའི་སྒྲའོ། །ཚོགས་པ་དེའི་ཆ་ཤས་ཀཱ་ཎ་དང་ཀུཎ་ཌ་ལ་

སོགས་པ་རྣམས་ཏེ། དེ་རྣམས་ཐ་དད་པར་སྤྱི་ཡིས་བརྗོད་དོ། །དེའི་ཕྱིར་ཇི་ལྟར་ཤིང་གི་སྒྲ་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ཐ་དད་པ་བརྗོད་ཅིང་སྤྱི་བརྗོད་པ་དེ་ལྟར་ཚོགས་པའི་སྒྲ་ཌིཏ་ཐ་ལ་སོགས་པའི་སྒྲ་ཡང་ངོ་། །དེའི་ཕྱིར་ཁས་བླངས་པ་ཉམས་པ་མ་ཡིན་

ནོ། །འོ་ན་ཅི་ཞེས་པ་ལ་སོགས་པ་རྣམས་ཏེ། གལ་ཏེ་གཉིས་ཀ་ཡང་སྤྱི་རྗོད་པར་བྱེད་པ་དག་ཡིན་ན་རིགས་དང་ཚོགས་པའི་སྒྲ་དག་ལ་ཁྱད་པར་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་པ་བསམས་པའོ། །ཅུང་ཟད་ཀྱང་མེད་དོ་ཞེས་པ་ཆ་ཤས་འདི་ཙམ་གྱིས་ཁྱད་པར་

མེད་པ་ཁོ་ནའོ་ཞེས་པ་དགོངས་པའོ། །རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་སྟེ། གཞན་དུ་ན་འདི་ནི་རིགས་ཀྱི་སྒྲའོ། །འདི་ནི་ཚོགས་པའི་སྒྲའོ་ཞེས་པ་ཐ་དད་དུ་མི་འཐད་པར་འགྱུར་རོ། །འོ་ན་ཆ་ཤས་རྣམས་ལ་དངོས་དང་ཉེ་བར་བཏགས་པས་འཇུག་

པ་ཉིད་ཀྱི་ཁྱད་པར་དུ་འགྱུར་བ་མ་ཡིན་ནམ། རིགས་ཀྱི་སྒྲ་ནི་སོ་སོར་ཡན་ལག་རྣམས་ལ་དངོས་སུ་འཇུག་ཅིང་། ཚོགས་པའི་སྒྲ་ནི་ཉེ་བར་བཏགས་པ་སྟེ། ཇི་སྐད་དུ་སྤྱི་བརྟགས་པ་རྒྱས་པར། འདི་ནི་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་ཏེ། རབ་ཏུ་

เล่ม ๑๙๓ · หน้า 290b

གྲགས་པའི་དབང་ལས་རིགས་ཀྱི་སྒྲ་ནི་སོ་སོར་ཡང་ཚོགས་པ་ཅན་རྣམས་ལ་འཇུག་སྟེ། ཚོགས་པའི་སྒྲ་ནི་སོ་སོར་ཚོགས་པ་ཅན་རྣམས་ལ་ཉེ་བར་གདགས་པར་བྱའོ་ཞེ་ན། དེའི་ཕྱིར་གསུངས་པ། རབ་ཏུ་གྲགས་པའི་དབང་དུ་བྱས་པ་ཞེས་པ་ལ་སོགས་པའོ། །

ཕག་པའི་གསལ་བའི་ཡན་ལག་རྣམས་ལ་ཡང་ཕག་པའི་སྒྲ་བཏགས་པ་ལས་འཇུག་སྟེ། དཔེར་ན་གྲོང་གི་ཕག་བཟའ་བྱ་མིན་ནོ་ཞེས་བརྗོད་པ་ན་ཆ་ཤས་རྣམས་ཀྱང་བཟའ་བྱ་མིན་པ་ལྟ་བུའོ། །ཁ་ཅིག་ཏུ་གཙོ་བོར་ཆ་ཤས་རྣམས་ལ་འཇུག་སྟེ། ཇི་སྐད་དུ། བྷ་ར་ཏི་ཧ་

རིས་སྨྲས་པ། ཆུ་སོགས་རྣམས་ལ་སོགས་པའི་སྒྲས་ས་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གྲངས་ལ་སོགས་པ་ལ་མི་ལྟོས་པ་ཉིད་ཀྱིས་ན་ཆ་ཤས་རྣམས་ལ་གཙོ་བོར་འཇུག་པ་ཉིད་དུ་སྟོན་ཏོ། །གྲངས་ལ་སོགས་པ་ལ་ལྟོས་པ་དང་བཅས་པ་ཉིད་ན་ཀཱརྵཱ་པ་ཎ་དང་དཔག་

ཚད་དང་གྲུ་བཞི་ལ་སོགས་པའི་སྒྲ་བཞིན་དུ་ཕྱོགས་གཅིག་ལ་འཇུག་པ་ཉིད་དུ་མི་འགྱུར་རོ། །དེ་ལ་གྲངས་ལ་མི་ལྟོས་པ་ཐིགས་པ་དང་ཁྱོར་པ་གང་ལ་སོགས་པ་སྟེ། གྲངས་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་ཐིགས་པ་འཇུག་ཅིང་དུ་མ་ལ་ཡང་ཡོད་དོ། །ཆུའི་སྒྲ་ནི་

ཚད་ལ་མི་ལྟོས་པ་སྟེ། ལྟེ་བ་དང་བརླ་དང་པུས་མོ་ཙམ་ཉིད་ལ་སོགས་པ་མི་ལྟོས་པའི་ཕྱིར་རོ། །དབྱིབས་ལ་མི་ལྟོས་པ་སྟེ། རིང་པོ་དང་ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཁུ་ཚུར་དང་མདུད་པ་དང་རྣ་རྒྱན་ལ་སོགས་པ་རྣམས་ཀྱི་ཆ་

ཤས་ནི་ཁུ་ཚུར་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །ཡན་ལག་ཁྱད་པར་ཅན་ལ་ཞེས་པ། ངེས་པའི་ཡན་ལག་གི་ཁྱད་པར་ཚོགས་པ་རྗོད་པར་བྱེད་པ་བརྒྱ་ལ་སོགས་པའི་སྒྲ་རྣམས་ཡན་ལག་ལ་འཇུག་པ་རྣམས་མ་ཡིན་ནོ། །ཁ་དོག་ཁྱད་པར་ཅན་ལ་ཁྲ་བོ་

དང་འདྲེན་མ་ཞེས་པ་ནི་སྔོན་པོའམ། དམར་པོ་ཁྲ་བོའི་ཡན་ལག་ལ་འཇུག་པ་མ་ཡིན་ནོ། །རེ་རེ་ལ་ཡོངས་སུ་རྫོགས་པ་སྟེ་ཞེས་པ་དང་། ཆ་ཤས་རེ་རེ་ལ་གཙོ་བོར་རབ་ཏུ་སྦྱར་རོ་ཞེས་པའི་དོན་ཏོ། །གཙོ་བོ་ཞེས་པ་འདི་ཅི་ལས་ཤེ་ན། ཕྱི་མ་ལ་ཉེ་བར་བཏགས་པ་ཞེས་

เล่ม ๑๙๓ · หน้า 291a

པའི་ཚིག་ལས་སོ། །གྲོང་གི་སྒྲ་ནི་ཁང་པ་དང་ཞིང་དང་ལམ་དང་ལྕགས་རི་དང་སབ་མ་དང་སྐྱེས་བུ་ལ་སོགས་པ་ཚོགས་པ་རྗོད་པར་བྱེད་པ་སྟེ། དེ་ཕྱོགས་གཅིག་སྐྱེས་བུ་ལ་འཇུག་པའོ། །ལུས་ཀྱི་ལས་ཀྱིས་བདག་གི་ལས་བཤད་པ་ཞེས་པ་འདིར་ལུས་ཀྱི་སྒྲ་ལག་པ་

དང་རྐང་པ་ལ་སོགས་པ་ཚོགས་པ་ལ་འཇུག་བཞིན་པ་ནི་དེའི་ཆ་ཤས་ཁོ་ན་ལ་ཉེ་བར་བཏགས་པའོ། །སྤྱི་བརྟགས་པ་རྒྱས་པར་ནི། ཆ་ཤས་རྣམས་ལ་ཉེ་བར་བཏགས་པས་འཇུག་པ་ཉིད་མང་བ་ཉིད་དུ་མཐོང་ངོ་ཞེས་རིགས་ཀྱི་སྒྲ་ལས་ཚོགས་པའི་སྒྲ་ཁྱད་པར་དུ་བྱེད་པ་ཉིད་ཀྱིས་

བཤད་དོ། །འདི་ནི་ཕྱོགས་ཙམ་བསྟན་པའོ། །ཡང་འདི་ནི་འདིར་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་གསལ་བ་སྟེ། ཚོགས་པའི་སྒྲ་ནི་ཚོགས་པ་གཅིག་གི་ནང་དུ་འདུས་པའི་རིགས་མི་མཐུན་དང་རིགས་མཐུན་ཡང་ཐ་མི་དད་པར་བརྗོད་དེ། རིགས་ཀྱི་སྒྲ་ནི་དེའི་

རིགས་མཐུན་པ་ཁོ་ནའི་ཚོགས་པ་དང་ཚོགས་པ་མ་ཡིན་པ་ཡང་ངོ་ཞེས་པའོ། །འོ་ན་གང་འདི་ཉིད་ཉི་མ་ལ་སོགས་པའི་སྒྲ་གསལ་བ་གཅིག་ལ་ཉེ་བར་ལྟུང་བ་དེ་རྣམས་ཅི་ལྟར་སྤྱི་བརྗོད་པ་ཡིན་ཞེ་ན། དེ་ལ་ཡང་ཉི་མ་ལ་སོགས་པ་རྣམས་ཀྱི་གནས་སྐབས་ཐ་དད་པས་ཐ་དད་

པའི་ཕྱིར་དུ་མ་ཉིད་ཡོད་དོ་ཞེས་པས་མི་སྐྱོན་ནོ། །འབྲེལ་པ་མ་བྱས་པ་ཞེས་པ། འབྲེལ་པ་མི་ཤེས་པའི་རྟོགས་པ་པོའོ། །ཅི་ལྟར་རྗེས་སུ་དཔག་པ་ཡིན་ཞེས་པ་མ་ཡིན་པ་ཁོ་ནའོ་ཞེས་པ་བསམས་པའོ། །འབྲེལ་པ་ཞེས་མ་བྱས་པའི་སྒྲ་ལས་སྐྱེས་པའི་རྟོགས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་

མ་ཡིན་ཏེ། དཔེར་ན་གང་ཞིག་གི་ཀླ་ཀློའི་སྒྲ་ལས་སྐྱེས་པའི་ཐེ་ཚོམ་བཞིན། འབྲེལ་པ་བྱེད་པའི་དུས་སུ་འདི་པ་ན་སའོ་ཞེས་པ་འདི་ལ་ཡང་རྟོགས་པ་ནི་རྣམ་པ་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་ལ་མ་ཡིན་ཞེས་པ་ལ་སོགས་པས་ནི་མ་གྲུབ་པ་ཉིད་དུ་གསུངས་སོ། །

རྟོགས་པས་ཞེས་པ་ལ་སོགས་པས་ནི། འདི་ཁོ་ན་ལ་འཐད་པའོ། །རྟོགས་པས་ཞེས་པ་འབྲེལ་བ་རྟོགས་པས་ཞེས་བྱ་བའི་དོན་ཏོ། །འདི་ནི་སྒྲ་དང་ཞེས་པ་ལ་སོགས་པས་རྟོགས་པ་དེ་སྟོན་ཏོ། །འོ་ན་འདི་སྒྲ་ཡང་ཉེ་བ་མངོན་སུམ་པའི་དངོས་པོའི་སྤྱི་རྗོད་པར་བྱེད་པ་མ་ཡིན་ནམ།

เล่ม ๑๙๓ · หน้า 291b

དེས་ན་ཅི་ཞིག་ལས་དེས་པ་ན་སའི་དོན་འགྲུབ་ཅེ་ན། སྐྱོན་འདི་མེད་དེ་ཇི་ལྟར་འབྲེལ་པ་རྟོགས་པའི་ཤིང་གི་སྒྲ་སྤྱི་རྗོད་པར་བྱེད་པ་ཡང་གང་གི་ཚེ་མདུན་ན་གནས་པའི་པ་ལ་ཤ་ལ་སོགས་པ་ལ་ཤིང་འདི་ཆོད་ཅིག་ཅེས་སྦྱོར་བ་དེའི་ཚེ་ཤིང་གི་བྱེ་བྲག་ཁོ་ན་ལ་འཇུག་པ་དེ་ལྟར་འདི་སྒྲ་ཡང་ངོ་། །འོ་ན་

ཅི་ཞེ་ན། མིང་བྱེ་བྲག་ཏུ་རྟོགས་པའོ་ཞེས་པ། པ་ན་སའི་སྒྲས་དེར་མིང་བྱེ་བྲག་ཏུ་རྟོགས་པ་ཙམ་བྱ་བའོ་ཞེས་པའི་དོན་ཏོ། །འདི་ཁོ་ན་གསལ་བར་བྱེད་པ་གསུངས་པ། འབྲེལ་པ་རབ་ཏུ་བསྟན་པའི་དོན་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །མིང་ཅན་

གང་གི་དོན་ཡིན་པ་དེ་ནི་དེ་སྐད་ཅེས་བརྗོད་དེ། གང་འདིའི་སྒྲ་པ་ན་སའི་དོན་ཅན་དང་པ་ན་སའི་སྒྲ་གཞི་མཐུན་པ་ཉིད་དེ་ནི་འབྲེལ་པ་བསྟན་པའི་དོན་ཅན་ནོ། །འོ་ན་བརྗོད་པར་བྱ་བ་གཅིག་ལ་སྒྲ་དག་འཇུག་པ་ནི་གཞི་མཐུན་པ་ཉིད་དོ། །དེའི་ཚེ་ཡང་འབྲེལ་པ་མི་ཤེས་པ་ཉིད་ཀྱི་ཕྱིར་པ་ན་

སའི་སྒྲའི་དོན་མེད་པ་ཁོ་ན་སྟེ། དེ་ཅི་ལས་གཞི་མཐུན་པ་ཉིད་ཡིན་ཞེ་ན། བརྡར་བྱེད་དུ་འཇུག་པ་པོས་མིང་ཉིད་ཀྱིས་པ་ན་སའི་དོན་ལ་འཇུག་པའི་ཕྱིར་དེའི་ཚེ་འདི་སྒྲའི་དོན་ལ་ངེས་པར་སྦྱར་ཏེ། དེའི་ཕྱིར་དེ་ལ་འཇུག་གོ་ཞེས་པས་མི་སྐྱོན་ནོ། །འདིར་འདི་དོན་ཡིན་ཏེ། མིང་དང་མིང་ཅན་

གྱི་འབྲེལ་པ་རྟོགས་པ་ཙམ་གྱི་དོན་ཅན་ཁོ་ན་དེའི་ཚེ་པ་ན་སའི་སྒྲའི་ཡིན་ཏེ། འདིའི་སྒྲའི་ཡུལ་པ་ན་ས་ལ་མིང་ཉིད་དུ་ངེས་པར་སྦྱར་བའོ་ཞེས་པའོ། །ཡང་ཅི་ལྟར་དེ་དང་འབྲེལ་པ་རབ་ཏུ་བསྟན་པར་ནུས། ཇི་ཙམ་གྱིས་འདི་དེ་ལ་འཇུག་པའི་རྒྱུ་མཚན་དངོས་པོར་ཡོད་པ་ཅུང་ཟད་

ཀྱང་ཁྱེད་ཀྱིས་འདོད་པ་མ་ཡིན་ནོ་ཞེས་གསུངས་པ། གཉིས་ཀའི་བརྗོད་པར་བྱ་བའོ་ཞེས་བྱས་ནས་སོ་ཞེས་པ། པ་ན་ས་དང་འདིའི་སྒྲ་གཉིས་ཀ་དག་ཀྱང་རྗོད་བྱེད་དུ་འོས་པའམ། གཉིས་དག་གིས་བརྗོད་པར་ནུས་པའོ་ཞེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། སྒྲ་རྣམས་

འདོད་པ་ཙམ་གྱིས་འཇུག་པ་ཉིད་ཀྱི་ཕྱིར་དོན་རྣམས་ཐམས་ཅད་ལ་རུང་བ་སྟེ། དེའི་ཕྱིར་འཇུག་པའི་རྒྱུ་མཚན་གཞན་མེད་ཀྱང་འབྲེལ་པ་བསྟན་པར་ནུས་སོ། །དེའི་དོན་ཉིད་མ་ཡིན་པའི་ཕྱིར་ནི་མིང་གི་དོན་ཅན་པ་ན་སའི་སྒྲ་ཡིན་ནོ་ཞེས་པ་པ་ན་ས་དེས་དོན་དང་ལྡན་པ་

เล่ม ๑๙๓ · หน้า 292a

མ་ཡིན་པ་ཉིད་ཀྱི་ཕྱིར། པ་ན་སའི་སྒྲ་ནི་མིང་བྱེ་བྲག་ཏུ་རྟོགས་པའི་དགོས་པ་ཅན་ནོ་ཞེས་པའི་དོན་ཏོ། །འོ་ན་དེ་ཁོ་ན་ཞེས་པ་ལ་སོགས་པ། འདིའི་སྒྲ་དང་དོན་དག་གི་འབྲེལ་པ་གང་ཡིན་པ་དེ་ཁོ་ན་སྒྲའི་སྒྲུབ་པའི་ངོ་བོར་བརྗོད་པར་བྱ་བར་འགྱུར་ཞིང་། དེ་

ལས་ཀྱང་ཁྱད་པར་འདི་ཁོ་ནས། སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ལས་ཚད་མ་གཞན་དུ་འགྱུར་རོ་ཞེས་སེམས་པའོ། །ཚད་མ་གཞན་གྱིས་ཉེ་བར་དམིགས་ནས་ཞེས་པ་མངོན་སུམ་ལ་སོགས་པས་སོ། །ཡང་ཇི་ལྟར་མངོན་སུམ་གྱིས་འབྲེལ་པ་ཅན་དག་ཉེ་བར་དམིགས། ཇི་ཙམ་དུ་

སྒྲ་དང་དོན་དག་ནི་སྤྱིའི་ངོ་བོ་དག་གོ་ཞེས་བསྒྲུབས་ཟིན་ཅིང་། མངོན་སུམ་སྤྱིའི་ཡུལ་ཅན་ཡང་མ་ཡིན་ནོ་ཞེ་ན། ཕ་རོལ་པོའི་འདོད་པས་འདི་སྐད་བཤད་པའོ། །ཡང་ན་ཚད་མ་གཞན་གྱི་རྗེས་ལ་བྱུང་བའི་ཤེས་པ་སྟེ། འབྲས་བུ་ལ་རྒྱུས་ཉེ་བར་བཏགས་པའི་ཕྱིར་ཚད་མ་གཞན་གྱི་སྒྲས་

བརྗོད་དོ་ཞེས་པས་མི་སྐྱོན་ནོ། །ཡིད་ཀྱིས་བརྟགས་པའོ་ཞེས་པས་འབྲེལ་པ་ནི་འབྲེལ་པ་ཅན་ལས་ཐ་དད་པར་མེད་པ་ཁོ་ན་སྟེ། འབྲེལ་པ་ཅན་དག་ཕན་ཚུན་ལྟོས་པའི་དབང་ལས་རྣམ་པར་བརྟགས་པ་འབའ་ཞིག་གོ། །གང་བརྟགས་པ་དེ་ནི་འགའ་ཞིག་ཏུ་ཡང་དོན་བྱ་བ་ལ་སྦྱོར་བ་མ་ཡིན་

ཞིང་དོན་བྱ་བའི་དོན་ཅན་ནི་རྟོགས་པ་ལྡན་པ་རྣམས་ཀྱི་རྩོམ་པ་ཐམས་ཅད་དོ་ཞེས་པས་འབྲེལ་པ་རྗེས་སུ་དཔག་པར་འོས་པ་མ་ཡིན་ནོ། །གང་བརྟགས་པ་དེ་ནི་རྗེས་སུ་དཔག་པར་འོས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་འབྲེལ་པ་བཞིན་སྒྲ་དང་དོན་གྱི་

འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །འོ་ན་སྤྱི་བརྟགས་པ་ཡིན་ན། ཡང་ན་རྗེས་སུ་དཔག་པར་བྱའོ་ཞེ་ན། དེ་ལ་རང་གི་མཚན་ཉིད་ཁོ་ན་གཞན་གྱི་ངོ་བོས་རྗེས་སུ་དཔག་པར་བྱ་བའོ་ཞེས་པ་འདི་བཤད་ཟིན་ཏོ། །ཅི་སྟེ་ཉེ་བར་འཇལ་བ་ལ་སོགས་པ་ལྷག་མ་ཅི་ལྟར་ཞེས་

པ་སོགས་པའི་སྒྲས་ནི་ཞེས་གྲགས་པ་ཉིད་དུ་སྲིད་པ་ལ་སོགས་པ་གཟུང་བར་བྱའོ། །ཕྱོགས་འདི་ལྷག་མ་བཤད་པ་ཡིན་ཞེས་པ་ཇི་སྐད་བཤད་པའི་ཕྱོགས་འདི་ཁོ་ནས་ཉེ་བར་འཇལ་བ་ལ་སོགས་པ་རྣམས་ཇི་ལྟར་སྲིད་པ་བཞིན་དུ་ཚད་མ་མ་ཡིན་པ་ཉིད་དང་། ཚད་མ་གཞན་མ་ཡིན་

เล่ม ๑๙๓ · หน้า 292b

པ་ཉིད་དུ་བཤད་པར་རིག་པར་བྱའོ། །ཇི་སྐད་བཤད་པའི་ཕྱོགས་དེ་ཉེ་བར་འཇལ་བའི་དབང་དུ་བྱས་ནས་གསུངས་པ། རེ་ཞིག་ཉེ་བར་འཇལ་བ་ནི་ཞེས་པ་ལ་སོགས་པ་སྟེ། བ་ལང་དང་བ་མེན་ལ་སོགས་པ་རྣམས་ལ་ཞེས་པས་ལུང་སྟོན་ཏོ། །འདྲ་བར་རྟོགས་པའི་དོན་ཅན་ཞེས་

པ་འདྲ་བར་ངེས་པའི་རྒྱུ་མཚན་ཞེས་པའི་དོན་ཏོ། །རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བའོ་ཞེས་པ་འདི་དེའི་མཚན་ཉིད་དོ། །རབ་ཏུ་གྲུབ་པ་ནི་ཚད་ལས་ངེས་པ་བ་ལང་ལ་སོགས་པ་ཡིན་ཞིང་། དེ་དང་ཆོས་མཐུན་པ་ཉིད་དེ་ཆོས་མཚུངས་

པ་ཉིད་ནི་རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་དོ། །དེ་ལས་བ་ལང་ལ་སོགས་པ་ལ་ལྟོས་པས་བ་མེན་ལ་སོགས་པ་འདྲ་བ་ཉིད་སྒྲུབ་པར་བྱེད་ཅིང་འགྲུབ་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ། །དེ་ལ་གཞན་ལས་ཐོས་ནས་ཞེས་པ། བ་ལང་ལྟ་བུ་ནི་བ་མེན་ནོ་ཞེས་པ་ལ་སོགས་པ་

ཡིད་ཆེས་པའི་ཚིག་ཐོས་པ་སྔོན་མ་ཅན། བརྗོད་པར་འདོད་པའི་རྟེན་གྱི་བ་མེན་ལ་སོགས་པ་འདྲ་བ་ཉིད་རྟོགས་པ་གང་དེ་ནི་སྒྲ་ལས་བྱུང་བ་ཁོ་ན་སྟེ། སྒྲ་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ལས་བྱུང་བ་ཡང་རྗེས་སུ་དཔག་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །ཕྱི་རོལ་གྱི་དོན་

ལ་ནི་སླུ་བ་ཉིད་ཀྱི་ཕྱིར་ན་དེ་ཚད་མ་ཉིད་ཁོ་ན་མེད་དོ་ཞེས་པ་དགོངས་པའོ། །རང་ཉིད་ཀྱིས་ཡིན་ན་ནི་དོན་གཉིས་ཞེས་པ། རང་ཉིད་ཁོ་ནས་བ་ལང་དང་བ་མེན་གཉིས་མངོན་སུམ་གྱིས་རྟོགས་ནས། ཡིད་ཀྱིས་འདྲ་བ་ཉིད་དུ་གང་གི་ཚེ་འདི་དག་རྟོགས་པ་དེའི་ཚེ་ཉམས་སུ་མྱོང་ཟིན་

པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར། རྟོགས་པ་དེ་དྲན་པ་ལ་སོགས་པ་བཞིན་དུ་ཚད་མ་ཁོ་ནར་མི་འགྱུར་ན། ཅི་ཞིག་ལས་ཚད་མ་གཞན་དུ་འགྱུར། །རྣམ་པ་གཞན་དུ་ན་བ་ལང་དང་མ་ཧེ་མངོན་སུམ་གྱིས་མཐོང་ནས་གང་གི་ཚེ་འདི་ལས་འདི་མི་འདྲ་བའོ་ཞེས་པ་དེ་དག་མི་འདྲ་བར་

རྟོགས་པ་དེའི་དེ་ཡང་ཚད་མ་གཞན་དུ་འགྱུར་རོ་ཞེས་པ་དགོངས་པའོ། །དེ་ལྟར་རྟོགས་པ་ན་མ་ཡིན་ཞེས་པ། ཚད་མ་ཡིན་པས་རྟོགས་བཞིན་པ་ནི། དྲན་པ་ལ་སོགས་པས་རྟོགས་པ་ལྟར་འདྲ་བ་ཉིད་ནི་གཞལ་བྱ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱོགས་ཅན་ལེན་གྱིས་

เล่ม ๑๙๓ · หน้า 293a

སྨྲས་པ། ལུང་གིས་བྱས་པའི་འདུ་བྱེད་ལས་དྲན་པ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས་མཚུངས་པ་ཉིད་ཅེས་བྱ་བའི་འབྲེལ་པ་རྟོགས་པ་ནི་ཉེ་བར་འཇལ་བའི་དོན་ཏོ་ཞེས་སོ། །བ་ལང་ལྟ་བུ་བ་མེན་ནོ་ཞེས་པའི་ལུང་འདིས་བྱས་པའི་འདུ་བྱེད་གང་ཡིན་པ་དྲན་

པའི་ཤེས་པའི་རྒྱུ་སྟེ། དེ་ལས་དྲན་པ་གང་ཡིན་པ་དེ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས། གང་མཚུངས་པ་ཞེས་བྱ་བའི་འབྲེལ་པ་རྟོགས་པ་སྟེ། མིང་དང་མིང་ཅན་གྱི་འབྲེལ་པ་ཡོངས་སུ་གཅོད་པ་དེ་ཉེ་བར་འཇལ་བའི་ཡུལ་ལོ། །འདི་སྐད་བཤད་པར་འགྱུར་ཏེ། དང་པོར་རེ་ཞིག་

བ་ལང་ལྟ་བུར་བ་མེན་ནོ་ཞེས་སྒྲས་ཡོངས་སུ་གཅོད་ཅིང་། དེ་ལས་བ་མེན་མཐོང་བ་དྲན་པ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ཁོ་ན་ལས་འདི་ལྟར་འདི་བ་མེན་ནོ་ཞེས་ཞེན་པར་བྱེད་དོ་ཞེས་པའོ། །འདི་ཡང་གལ་ཏེ་ཇི་ལྟར་ལུང་ལས་ཡོངས་སུ་གཅད་པ་དེ་ལྟར་མ་མཐོང་བ་ཡང་ཡོངས་སུ་

གཅོད་པར་བྱེད་ན་ནི། དེས་ན་དྲན་པ་ཁོ་ན་སྟེ་ཚད་མ་མ་ཡིན་ནོ། །ཅི་སྟེ་འདིའི་ཞེས་ཁྱད་པར་ངོ་ཤེས་པ་ལས་ཁྱད་པར་དུ་རྟོགས་པར་བྱེད་ན་དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་སྟེ་ཚད་མ་གཞན་མ་ཡིན་ནོ། །དེ་ལྟར་ནི་གང་བ་ལང་དང་མཚུངས་པ་དེ་བ་མེན་ནོ་ཞེས་རྣམ་པར་གཞག་པ་ན། འདྲ་བའི་

རྟགས་ལས་ཁྱད་པར་རྟོགས་པས་སོ། །འདི་སྐད་བཤད་པར་འགྱུར་ཏེ། མཐོང་བཞིན་པའི་གོང་བུ་ནི་ཆོས་ཅན་ནོ། །འདི་བ་མེན་ནོ་ཞེས་པའི་མིང་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །སྒྲ་ཉམས་སུ་མྱོང་བ་ལས་མདུན་ན་གནས་པ་དག་ལ་གང་བ་ལང་དང་བ་མེན་འདྲ་བའི་སྤྱི་དེ་ནི་ཕྱོགས་ཀྱི་ཆོས་སོ། །

ལུང་ཉམས་སུ་མྱོང་བའི་བློ་ལ་གནས་པའི་བ་མེན་ནི་དཔེའོ་ཞེས་པའོ། །ཐབས་མཐའ་ཡས་པ་ཅན་ཡང་མཚུངས་སོ་ཞེས་བྱ་བ་འབྲེལ་པ་རྟོགས་པའོ་ཞེས་པས། ཉེ་བར་འཇལ་བ་ཁོ་ན་ལ་ངོར་དགའ་བ་ཅི་ཞིག་ཡིན། དཔེར་ན་གང་སྣ་མཐོ་བ་དེ་ནག་པ་སྟེ་གང་རྟ་ལ་ཞོན་པ་དེ་བྱམས་

པའོ་ཞེས་པ་ལྟ་བུའོ། །འདི་ཚད་མ་ཡང་མ་ཡིན་ནོ། །རི་ཁྲོད་པས་ན་སྨྲས་པ། ཉེ་བར་འཇལ་བ་ཡང་འདྲ་བ་ཉིད་དུ། ཉེ་བར་མ་གྲུབ་པའི་དོན་ལ་བློ་སྐྱེ་བ་སྟེ། དཔེར་ན་བ་མེན་མཐོང་བ་བ་ལང་དྲན་པའི་ཞེས་སོ། །དེ་ཡང་བཟུང་ཟིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་དྲན་པ་ལ་སོགས་

เล่ม ๑๙๓ · หน้า 293b

པ་བཞིན་དུ་ཚད་མ་ཉིད་དུ་མི་འཐད་དོ། །དེ་ལྟར་འགྱུར་མོད་ཀྱི། གཟུང་བ་ཙམ་ཁོ་ན་འཛིན་པར་གྱུར་པ་ན་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདྲ་བས་ཁྱད་པར་དུ་བྱས་པའོ། །དེ་ནི་དེ་ལྟར་སྔར་བཟུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟུང་ཟིན་པའི་ཡུལ་ཅན་

ཉིད་མ་གྲུབ་བོ་ཞེ་ན། འདི་མི་རིགས་ཏེ། མངོན་སུམ་ཁོ་ན་ལས་དེ་རྟོགས་པའི་ཕྱིར་རོ། །འདྲ་བས་ཁྱད་པར་དུ་བྱས་པ་ཁོ་ནར་དེ་སྔར་ཡང་ཡོངས་སུ་བཅད་པས་སོ། །འདི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་སྟེ། རྣམ་པ་གཞན་དུ་ན་སྔར་བ་ལང་མཐོང་ནས་ཕྱིས་མ་ཧེ་མཐོང་བའི་

ཡང་བ་ལང་ལ་འདྲ་བའི་བློར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདྲ་བས་ཁྱད་པར་དུ་བྱས་པའི་དངོས་པོ་འཛིན་བཞིན་པ་ཡང་ཚད་མ་གཞན་དུ་རྟགས་པའི་ཆེད་དུ་ནུས་པ་མ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་དེ་ཡང་འགའ་ཙམ་ཞིག་གིས་ཁྱད་པར་དུ་བྱས་པ་འཛིན་ཞེས་པས་ཚད་མ་གཞན་ཉིད་དུ་

བརྟག་པར་བྱ་ན། མངོན་སུམ་ལས་ཡོངས་སུ་གཅད་པའི་ཨུཏྤ་ལ་སྔོན་པོའི་རྫས་ལ་གང་དུས་ཕྱིས་འབྱུང་བའི་ཨུཏྤ་ལ་སྔོན་པོ་ཞེས་འཛིན་པར་དེ་ཡང་ཚད་མ་གཞན་དུ་བརྟག་པར་བྱ་བ་སྟེ། འདི་ལ་ཡང་སྔར་ཨུཏྤ་ལ་སྔོན་པོའོ་ཞེས་པའི་རྣམ་པ་འདིས་མངོན་སུམ་ལས་ཡོངས་སུ་བཅད་

པ་མ་ཡིན་པ་ཁོ་ན་སྟེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་དེ་ནི་དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་མངོན་སུམ་ཁོ་ནའི་ནང་དུ་འདུས་པར་རིག་པར་འགྱུར་རོ། །ཐ་སྙད་ལ་མཁས་པའི་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་འདིར་

ཐལ་བར་འགྱུར་རོ་ཞེ་ན། འདི་མི་རིགས་ཏེ། བརྡ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་བརྡ་མངོན་པར་མི་ཤེས་པ་ཡང་དེ་ལྟར་ཡོངས་སུ་གཅོད་པར་འགྱུར་རོ། །དབང་པོ་ལས་བྱུང་བ་བརྡ་ལ་ལྟོས་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་ངེས་པར་རྟོགས་པ་མི་གནས་པར་

གྱུར་ན་མི་རུང་ངོ་། །དེ་ལྟར་ནི་ཨུཏྤ་ལ་སྔོན་པོའི་བདག་ཉིད་དུ་གང་དངོས་པོ་རྣམ་པར་གནས་པ་དེ་ཁོ་ན་ལ། འདོད་པ་ལས་སེར་པོའི་སྒྲ་བརྡར་བྱས་པ་ན། འགའ་ཞིག་སྔོན་པོ་ཞེས་ཞེན་ཅིང་། ཁ་ཅིག་སེར་པོར་ཞེས་སོ། །དེའི་ཕྱིར་མི་ཤེས་པར་གྱུར་ན། ཅི་ལྟར་དེའི་དངོས་པོ་

เล่ม ๑๙๓ · หน้า 294a

རྣམ་པར་གནས་པ་ཡིན་ཞེས་པའོ། །དངོས་པོ་ཇི་ལྟ་བའི་བརྡ་ནི་མེད་དེ། དེ་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་དང་། འདོད་པ་ཡང་དངོས་པོ་ལ་རྟེན་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གལ་ཏེ་མཐོང་བཞིན་པ་ལས་གཞན་པའི་ལྐོག་གྱུར་ལ་འདི་དང་དེ་འདྲའོ་

ཞེས་འདྲ་བ་ཉིད་ཀྱི་བློ་ནི་ཚད་མ་གཞན་དུ་རྟོག་ན། མཐོང་བཞིན་པ་ལས་གཞན་པའི་ལྐོག་གྱུར་ལ་འདི་དང་དེ་མི་འདྲ་བའོ་ཞེས་མི་འདྲ་བ་ཉིད་ཀྱི་བློ་ཡང་ཚད་མ་གཞན་བདུན་པར་ཅིའི་ཕྱིར་བརྟག་པར་བྱ་བ་ཉིད་མ་ཡིན་ཞིང་། དངོས་པོ་མེད་པའི་ཚད་མ་ལས་ཕྱི་རོལ་དུ་མ་གྱུར་པ་ཉིད་ཀྱི་

ཕྱིར་ཞེ་ན། མ་ཡིན་ཏེ་འདི་ནི་དངོས་པོའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད། ཕན་ཚུན་མེད་པའི་ངོ་བོ་ཉིད་ཀྱིས་ན་མི་འདྲ་བའི་བློའི་ཡུལ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཡུལ་ཁོ་ན་སྟེ། དེ་ལས་ཀྱང་དངོས་པོ་མེད་པའི་ཡུལ་ཅན་ཉིད་དུ་འཐད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་

འདྲ་བའི་བློའི་ཡུལ་ལ་ཡང་ཚུལ་འདི་ཡོད་དོ་ཞེས་པས་འདྲ་བའི་བློ་ཡང་དངོས་པོ་མེད་པའི་ཚད་མ་ལས་ཕྱི་རོལ་དུ་མ་གྱུར་པར་ཐལ་བར་འགྱུར་རོ། །ཅི་སྟེ་འདྲ་བ་ཉིད་ཀྱི་ཁྱད་པར་ལ་མི་ལྟོས་པ་ཁྱད་པར་མེད་པ་ཁོ་ནར་མཐོང་བཞིན་པ་ལ་ལྟོས་པ་སྔོན་མཐོང་བ་ཤེས་པ་མཐོང་བཞིན་པ་ནི་

ཉེ་བར་འཇལ་བའོ་ཞེས་རྟོགས་ན་དེ་ལ་ཡང་ནག་པ་ཡོངས་སུ་བཅད་དེ། དུས་ཕྱིས་དེའི་བུ་ཡང་རྟོགས་ནས། འདི་ལྟར་དེ་ནི་འདིའོ་ཕའོ་ཞེས་ཞེན་པར་བྱེད་པ་དེ་ལའང་སྔར་བཟུང་བའི་ནག་པ་ལ་ཕྱིས་མཐོང་བཞིན་པའི་བུ་ལ་ལྟོས་པའི་ཕ་ཉིད་དུ་རྟོགས་པ་སྲིད་པ་ཁོ་ནའོ། །དེ་བཞིན་

དུ་སྐས་ཀྱི་ཕྲེང་བ་ལ་འཛེག་པ་ན། སྤང་ལེབ་དང་པོ་འདས་ཤིང་། སྤང་ལེབ་གཉིས་པ་ཐོབ་པ་ན། འདས་ཟིན་པའི་སྤང་ལེབ་ལ། འདི་ལས་དེ་སྔ་མའོ་ཞེས་མཐོང་བཞིན་པའི་སྤང་ལེབ་ལ་ལྟོས་པས་རྣམ་པར་ཤེས་པར་འགྱུར་རོ་ཞེས་པས་དེ་ཡང་ཉེ་བར་འཇལ་བ་ཉིད་དུ་འགྱུར་ན།

དེ་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ཚད་མ་ཉིད་དུ་མི་རིགས་སོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་གཞན་རྣམས་ཀྱང་སྟེ། གང་ཚད་མ་གཞན་ཉིད་དུ་བཏགས་པའི་ཚད་མ་དེ་རྣམས་ཀྱང་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལས་མི་གཞན་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་

เล่ม ๑๙๓ · หน้า 294b

ཉིད་ཡིན་པར་འདོད་པ་སྤང་བར་བྱ་བ་རྣམས་ཡིན་ནོ། །དེ་ལ་ཞེ་དྲག་པ་ནི་ཞེ་དྲག་ཅིང་བརྗོད་ནས་ངེས་པར་བསྟན་པ་འཇུག་པར་བྱེད་པ་བརྒྱུད་པར་འོས་པའི་ཚིག་སྟེ་དཔེར་ན་ནགས་འདི་ན་གནོད་སྦྱིན་གནས་སོ་ཞེས་པ་ལྟ་བུའོ། །འདི་ཡང་བརྗོད་པར་འདོད་པ་ན་སྒྲ་ལས་བྱུང་བ་ཉིད་

ལས་ཐ་མི་དད་དེ། ཕྱི་རོལ་གྱི་དོན་ལ་ནི་འདིའི་ཚད་མ་ཉིད་ཁོ་ན་མེད་དོ། །སྲིད་པ་ཞེས་བྱ་བ་གང་དུ་གང་སྲིད་པ་དེ་གཟུང་བ་ལས་སྲིད་པ་ཅན་དུ་ཡོད་པ་ཉིད་འཛིན་པ་སྟེ། དཔེར་ན་ཁལ་འཛིན་པ་ལས་བྲེ་གང་ཡོད་པ་ཉིད་དུ་གཟུང་བ་ལྟ་བུའོ། །འདི་ཡང་ཚོགས་པ་རྣམ་པར་གཞག་པ་ཡི། །

རྒྱུ་ནི་ཚོགས་པ་ཅན་ཡིན་ནོ་ཞེས་པས། ཁལ་འབྲས་བུའི་རྟགས་ཁོ་ན་ལས་འཛིན་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའི་ནང་དུ་འདུས་པའོ། །དོན་གྱིས་གོ་བ་ལ་སོགས་པ་རྣམས་ནི་སྔར་ཁོ་ནར་བསྒྲུབ་པར་བྱས་སོ་ཞེས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་སྟེ། ཚད་མ་དག་

གཉིས་ཁོ་ནའོ་ཞེས་པ་འདི་ནི་གནས་པའོ། །ལེའུ་ལྔ་པའོ།། །།ཚད་མ་གཉིས་སུ་གནས་སོ་ཞེས་པ་ཚད་མ་དག་གོ། །གཉིས་དག་ཁོ་ནའོ་ཞེས་གང་དམ་བཅས་པ་དེ་སྒྲ་ལས་བྱུང་བ་ལ་སོགས་པ་རྣམས་ཚད་མ་གཞན་ཉིད་བཀག་པས་རྣམ་པས་གནས་སོ་ཞེས་དམ་བཅའ་

བརྟན་པར་བྱེད་པ་ཉིད་སྟོན་ཏོ། །དེ་ལ་ཚད་མ་བརྗོད་པའི་དགོས་པ་ནི་སྔར་ཁོ་ནར་བརྗོད་ཟིན་ཏོ། །ཚད་མ་ལྟར་སྣང་བ་རྣམས་ཀྱི་ནི་བརྗོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་ཕྱོགས་སྔ་མ་ཉེ་བར་དགོད་པ་གསུངས་པ། ཅི་སྟེ་ཅིའི་དོན་ཞེས་པ་ལ་སོགས་པའོ། །ཚད་མ་ནི་དངོས་པོའི་དེ་ཁོ་ན་ཉིད་

རྟོགས་པའི་ཐབས་ཏེ། དེའི་ཕྱིར་དེ་ཉེ་བར་སྟོན་པ་ནི་དོན་དང་ལྡན་ནོ། །དེ་སྐད་དུ་ཡང་བཤད་པ། གང་གི་ཕྱིར་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་ལ་ཞེས་སོ། །ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ལ་ནི་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བྱ་བ་མ་ཡིན་ནོ་ཞེས་པའོ། །

གང་ལ་དགོས་པ་མེད་པ་དེ་བྱ་བ་མ་ཡིན་ཏེ། ཇི་ལྟར་དགོས་པ་མེད་པ་གཞན་འགའ་ཞིག་བཞིན། ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ཡང་དགོས་པ་མེད་པའོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །སོགས་པའི་སྒྲས་ནི་ཕྱོགས་དང་། གཏན་ཚིགས་དང་། དཔེའི་

เล่ม ๑๙๓ · หน้า 295a

སྐྱོན་རྣམས་གཟུང་ངོ་། །ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི་ཞེས་པ་ལ་སོགས་པས་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་དེ། ཇི་ལྟར་ཡན་ལག་རིག་པར་སྨྲ་བ་རྣམས་ཀྱི་ཕྱོགས་གྲུབ་པར་གྱུར་པ་དེ་ལྟར། ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི། །མ་གྱུར་ཅིག་སྟེ་འགྱུར་བ་

མིན་ནོ་ཞེས་པའི་དོན་ཏོ། །མཉམ་ནས་མ་ཚང་ལ་སོགས་བརྗོད། །དེའི་ཕྱོགས་འགྲུབ་པ་ངེས་པར་ཟློག་པའི་དོན་དུའོ་ཞེས་པ་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པར་གསུངས་པ། ཕྱོགས་འགྲུབ་པ་ངེས་པར་བཟློག་པའི་ཆེད་དུ་མ་ཚང་བ་ཉིད་ལ་སོགས་པ་སྒྲུབ་བྱེད་ཀྱི་སྐྱོན་རྣམས་བཤད་དོ་

ཞེས་པའོ། །ངག་ཙམ་ལ་མཁས་པ་དངོས་པོའི་དེ་ཁོ་ན་ཉིད་མི་ཤེས་པ་དེ་རྣམས་སྒྲུབ་བྱེད་ལྟར་སྣང་བ་ཙམ་གྱིས་ཀྱང་བསྒྲུབ་བྱ་འགྲུབ་པར་འགྱུར་རོ་ཞེས་པའི་ཕྱོགས་གང་ཡིན་པ་དེ་འགྲུབ་པ་བཟློག་པའི་ཆེད་དུ་སྒྲུབ་པར་བྱེད་པའི་སྐྱོན་རྣམས་བཤད་དོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ན་ཚད་མ་

ལྟར་སྣང་བ་སྟོན་པའི་དགོས་པ་ནི་ལྡོག་པར་རྟོགས་པ་སེལ་བའོ་ཞེས་བརྗོད་པར་འགྱུར་རོ། །དེ་ཕྱིར་དེ་སྟོན་པ་ཉིད་ནི་ཞེས་པ་གང་གི་ཕྱིར་མ་ཚང་བ་ཉིད་ལ་སོགས་པ་རྣམས་ཀྱིས་བསྒྲུབ་བྱ་གྲུབ་པར་མི་འགྱུར་བ་དེའི་ཕྱིར། མ་ཚང་བ་ཉིད་ལ་སོགས་པ་དེ་རྣམས་སྟོན་པ་ནི་རིགས་པའི་ལན་

དུ་བརྗོད་པ་ཡིན་ནོ། །དེར་སྣང་བ་ནི་རྗོད་བྱེད་པ་ཉིད་ལ་སོགས་པ་ལྟར་སྣང་བ་རྗོད་པར་བྱེད་པ་ནི། ལྟག་ཆོད་དུ་སྟེ་ཞེས་པ་དེ་ལྟར་སྣང་བ་རྗོད་པར་བྱེད་པ་ནི། ལྟག་ཆོད་རྣམས་ཀྱི་ནང་དུ་འདུའོ་ཞེས་སྟོན་ཏོ། །ལེན་ལྟར་སྣང་སུན་འབྱིན་པ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་དེ་

སྟོན་པ་རིགས་པའི་ལན་ཡིན་ཞེ་ན་གསུངས་པ། གང་གི་ཕྱིར་འདི་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་སྟོན་པ། ལན་གྱི་སྐྱོན་ཡིན་ཞེ་ན་གསུངས་པ་འདིས་མ་ཡིན་ཞེས་པ་ལ་སོགས་པའོ། །ཕྲད་མ་ཕྲད་ལ་མི་འདོད་བརྗོད། །

ཞེས་པ་ཕྲད་པ་དང་ལྷན་ཅིག་པའི་མ་ཕྲད་པ་ནི་ཕྲད་མ་ཕྲད་དོ། །དེ་ཡོད་པ་ལ་གཏན་ཚིགས་ཀྱི་མི་འདོད་བརྗོད། དུས་གསུམ་པ་ལ་ཡང་མི་འདོད་བརྗོད། །ཅིའི་ཕྱིར་ཞེ་ན་གཏན་ཚིགས་ཀྱི་ཞེས་འཇུག་གོ། །དེ་ལ་ཕྲད་དང་མ་ཕྲད་ལ། །གཏན་ཚིགས་མི་འདོད་བརྗོད་པ་ཞེས་པ་འདི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด