ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད

ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๓ · หน้า 241b

དབྱི་བར་བྱས་པ་ལས་གཞི་མཐུན་པ་ཉིད་དུ་འགྱུར་རོ་ཞེ་ན། འོ་ན་གང་གི་ཚེ་ཡོད་པ་ཉིད་ཙམ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་ལྡན་པའི་དོན་ཅན་མི་འཐད་པ་དེའི་ཚེ་འཐོབ་པ་མ་ཡིན་ནོ། །དེའི་ཚེ་ཡོད་པ་ནི་རྫས་ཀྱིས་ཞེས་འདོད་པ་ཡང་མ་ཡིན་ནོ། །འོ་ན་རྐྱེན་ཐམས་ཅད་བདག་ཉིད་རང་ཉིད་ཡང་དག་

པར་ཞུགས་པའི་ངོ་བོ་ཉིད་ཀྱི་ཕྱིར། འབྲེལ་པའི་སྒྲས་ཀྱང་རེ་ཞིག་འབྲེལ་པ་ཡོད་པ་བརྗོད་པར་བྱ་བ་མ་ཡིན་ན། རིགས་ཀྱི་སྒྲ་ཡིས་ག་ལས་ཡིན། །དེ་ཅི་ལྟར་བརྗོད་པར་བྱ་བ་དང་བཅས་པ་ཉིད་དུ་དོགས་པ་ཡིན་ཞེ་ན་གསུངས་པ། འབྲེལ་པའང་འདིར་ཞེས་པ་རང་གི་ཆོས་ཀྱིས་

བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་འབྲེལ་པ་བརྗོད་པར་བྱ་བར་བཤད་པ་ནི་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། འབྲེལ་པ་ཅན་གྱི་ཆོས་ཀྱིས་སོ། །ཡང་ཅི་ལྟར་འབྲེལ་པ་ཅན་གྱི་ཆོས་ཀྱིས་བཤད་པར་བྱ་བ་ཡིན་ཞེ་ན་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་འདིར་སྒྲའི་དོན་འགའ་ཞིག་

སྒྲ་འགའ་ཞིག་གིས་བརྗོད་པར་བྱ་བཞིན་པ་ནི་འབྲེལ་པ་ཅན་གཞན་ལ་དོགས་པ་ཉེ་བར་སྐྱེ་བའི་རྒྱུ་སྟེ། དེ་ལྟར་ནི་སྡུད་པ་ཡིན་ཞིང་སྡུད་པའི་སྒྲ་བརྗོད་པ་ན། ཕ་རོལ་དོགས་པ་ཉེ་བར་སྐྱེ་བའི་རྒྱུར་འགྱུར་ཏེ། དེ་ཁོ་ན་རྒོལ་བས་ཉེ་བར་ལེན་པ་ནི་ཅིའི་ཞེས་དོགས་པ་སྐྱེད་པར་བྱེད་པ་

ཡིན་པས་སོ། །དངོས་པོ་ཡང་དངོས་པོ་བསྒྲུབ་པའི་སྒྲས་བརྗོད་པར་བྱ་བ་ནི་ངེས་པར་ཡུལ་གཞན་ལ་དོགས་པ་སྐྱེད་པར་བྱེད་དོ་ཞེས་གསུངས་པ། དངོས་པོ་གཞན་གྱིས་སྦྱོར་བར་བྱ། །ཞེས་པའོ། །འོ་ན་རིགས་ལ་ཡང་འདི་སྐད་བརྗོད་པར་འཐད་པ་མ་ཡིན་ནམ། རིགས་

ཀྱི་སྒྲས་བརྗོད་པར་བྱ་བའི་རིགས་ཀྱང་འབྲེལ་པ་ཅན་གྱི་ངོ་བོར་བརྗོད་པར་བྱ་སྟེ། རྟའི་འམ་བ་ལང་གི་རིགས་སོ་ཞེས་པའོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། འབྲེལ་པ་ཅན་ཡིན་ནའང་རིགས་ནི་རིགས་ཀྱི་ངོ་བོར་གཏོང་བ་མ་ཡིན་ཞིང་། འབྲེལ་པ་ནི་འབྲེལ་པ་ཅན་

ཉིད་ཡིན་ན་རང་གི་ངོ་བོ་ཉམས་པ་ཁོ་ནའོ་འབྲེལ་པ་གཞན་མེད་ན། འབྲེལ་པ་ཅན་ཉིད་མི་འཐད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཉིད་ནི་འབྲེལ་པའོ་ཞེས་པ་དངོས་པོ་ཉིད་དུ་འདི་སྟོན་པར་མཛད་དེ། དངོས་པོ་བྱས་ནས་བརྗོད་ཅེས་པའི་

เล่ม ๑๙๓ · หน้า 242a

དངོས་པོ་ཞེས་པའི་དགོངས་པས་གསུངས་པའོ། །དངོས་པོའང་གཞན་གྱིས་སྦྱར་བར་བྱ། །ཞེས་པ། གང་དངོས་པོ་ཡིན་པ་དེ་ནི་གཞན་གྱིས་སྦྱར་བར་བྱ་བས་ཏེ་ཆོས་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ་ཞེས་པའི་རང་བཞིན་གསུངས་སོ། །དེའི་

ཕྱིར་འབྲེལ་པ་ཅན་གྱི་ཆོས་ཀྱི་འབྲེལ་པ་བརྗོད་པར་བྱའོ་ཞེས་བྱས་ནས་དོགས་པའོ་ཞེས་པས་འབྲེལ་པའི་སྒྲས་ནི་འདི་ངོ་བོ་གཞན་གྱིས་བརྗོད་པར་བྱ་བར་མཐོང་སྟེ། དེ་ཡང་ཡོད་པའི་སྒྲ་དང་ཡོད་པའི་འབྲེལ་པའོ་ཞེས་གཞི་མཐུན་པའོ། །དེའི་ཕྱིར་ཡོད་པའི་སྒྲས་ཀྱང་

འབྲེལ་པ་ཅན་ཉིད་དུ་བརྗོད་པར་བྱའོ་ཞེས་རེས་འགའ་ཕ་རོལ་པོས་ཁས་ལེན་པ་ན་བྱེད་པས་ན་དོགས་པར་བྱས་ནས་དགག་པར་བརྗོད་དོ་ཞེས་སྟོན་ཏོ། རང་གི་ཆོས་ཀྱིས་ནི་ཞེས་པ། རང་གི་ངོ་བོས་ནི་འབྲེལ་པ་རྗོད་པར་བྱེད་པའི་སྒྲ་མེད་དོ་ཞེས་པའོ། །འདི་སྟེ་ཞེས་པ་བསྙེགས་

པར་རུང་བའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་གྱུར་པ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་བརྗོད་པའི་ངོར་དོགས་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་འདི་རིགས་ཀྱི་སྒྲས་བརྗོད་པར་བྱ་བ་ཉིད་དུ་འཐད་པ་མ་ཡིན་ནོ་ཞེས་པའོ། །བྱེ་བྲག་གི་སྒྲ་རྣམས་ཀྱིས་ཞེས་པ་ལ་སོགས་པས་སྐྱོན་སྔ་མ་མེད་པ་ལས་

ཕྱོགས་གཞན་དགོད་པའོ། །རྫས་ལ་སོགས་པ་རྣམས་ནི་བྱེ་བྲག་གི་སྒྲ་རྣམས་སོ། །དེ་རྣམས་དང་གཞི་མཐུན་པ་ཉིད་ནི་དོན་གཅིག་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །རྫས་གང་ཁོ་ན་ལ་ཡོད་པ་ཉིད་འཇུག་པའི་རྒྱུ་མཚན་ཉེ་བར་བླངས་ནས་ཡོད་པའི་སྒྲ་འཇུག་པ་དེ་ཁོ་ན་རྫས་ཀྱི་སྒྲ་རྫས་

ཉིད་ཀྱི་རྒྱུ་མཚན་ཅན་ཏེ་དེའི་ཕྱིར་གཞི་མཐུན་པ་ཉིད་འཐད་དེ། དེ་དང་ལྡན་པ་བརྗོད་པ་ན་ཡོད་པའི་རྫས་ཞེས་པའོ། །འབྲེལ་པ་མི་ནུས་པ་ཉིད་ཀྱང་མ་ཡིན་ཏེ། དེ་ཙམ་ནི་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཁྱད་པར་རྣམས་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་དེ་རྣམས་ཀྱི་རིགས་དང་ལྡན་པ་ཙམ་

གང་སྤྱིའི་ངོ་བོའོ། །དེ་ཡང་གཅིག་ཉིད་ཀྱི་ཕྱིར་འབྲེལ་པ་སླ་བའོ། །འཁྲུལ་པ་མེད་པ་ཡང་སྟེ། དེ་མེད་ན་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ཞེས་པ་ངག་ཉེ་བར་དགོད་པའི་དོན་ཏོ། །དེ་ལྡན་ཞེས་པ་རིགས་ལྡན་ཞེས་པའི་དོན་ཏོ། །རང་དབང་མེད་ཕྱིར་ཞེས་པ་ཕ་རོལ་ལ་ལྟོས་པའི་ཕྱིར་

เล่ม ๑๙๓ · หน้า 242b

ཞེས་པའི་ཐ་ཚིག་གོ། །རང་དབང་མེད་པ་ཉིད་དེ་སྟོན་པ་གསུངས་པ། དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའོ། །རིགས་དང་རང་གི་ངོ་བོ་ཡང་ཞེས་ཟླས་དབྱེ་བའོ། །རང་གི་ངོ་བོའི་སྒྲས་སྒྲའི་རང་གི་ངོ་བོ་གསུངས་སོ། །དེ་དག་ཉེ་བར་སྒྱུར་བར་བྱེད་པ་ནི་གཙོ་བོ་མ་ཡིན་པ་གང་གི་ཡིན་པ་དེ་དེ་

སྐད་བཤད་དོ། །ཙམ་སྨོན་པ་ནི་རྫས་ལ་རྟོགས་པའི་ཆོས་གཞན་གྱི་བྱེ་བྲག་དགག་པའི་དོན་ཏོ། །ཡང་ཅི་ལྟར་ན་རང་གི་ངོ་བོ་རྫས་ཀྱི་ཞར་ལ་བྱུང་བ་ཡིན། ཇི་ཙམ་དུ་རིགས་ཁོ་ན་དེའི་ཞར་ལ་བྱུང་བ་སྟེ། སྒྲ་ནི་རང་གི་ངོ་བོས་ཁྱད་པར་དུ་བྱས་པའི་རིགས་བརྗོད་ཅིང་། དེ་ལ་ཕྱིས་ཀྱི་དུས་སུ་སྒྲའི་

རང་གི་ངོ་བོས་ཁྱད་པར་དུ་བྱས་པའི་རྫས་སོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཕན་འདོགས་པ་དང་ཕན་འདོགས་པ་ཅན་རྣམས་ནི་ཕན་འདོགས་པ་ཅན་རང་གི་ཁྱད་པར་དུ་བྱེད་པ་ལ་ལྟོས་པ་ཅན་གྱིར་འགྱུར་ཏེ། ཁྱད་པར་དུ་བྱེད་པ་ནི་གཙོ་བོའི་ཕན་འདོགས་བྱེད་ཆེན་པོ་ལ་འཇུག་བཞིན་པ་ཉིད་ཀྱི་ཕྱིར་རོ། །

དཔེར་ན་རབ་ཏུ་མྱོས་མ་ནི་རང་གི་འགྲམ་པ་བྱུག་པ་ལ་སོགས་པའི་འདུ་བྱ་བ་སྔོན་དུ་སྒྲུབ་ཅིང་། དེ་ནས་འདུས་བྱས་པའི་དབང་གིས་མངོན་པར་འབྲེལ་པ་ནི། ཆེས་མཆོག་ཏུ་གྱུར་པའི་ཕན་འདོགས་པ་དེ་ལ་བྱེད་པ་བཞིན་ནོ། །དངོས་སུ་ནི་མ་ཡིན་ནོ་ཞེས་པ་བར་དུ་མ་ཆོད་པས་མ་ཡིན་པའོ། །དེར་

གཏོགས་པའི་བུམ་པ་ལ་སོགས་པའི་ཁྱད་པར་མ་འཕངས་པའི་ཕྱིར་ཞེས་པ། གང་དེ་རིགས་དང་ལྡན་པ་དེར་གཏོགས་པ་གང་ཁྱད་པར་བུམ་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་མ་འཕངས་པའི་ཕྱིར་ཞེས་པའི་དོན་ཏོ། །རིགས་དང་རང་གི་ངོ་བོ་སྨོས་པ་ནི་གཉིས་ཀས་བར་དུ་ཆོད་པས་ན་ལྷག་

པར་གཞན་གྱི་དབང་ཉིད་རབ་ཏུ་བསྟན་པའི་དོན་དུའོ། །ཅི་སྟེ་འཕེན་པ་ཞེས་བྱ་བ་འདི་ཅི་ཞིག་མི་གཏོང་བའོ། །འོ་ན་བུམ་པ་ལ་སོགས་པ་རྣམས་ཀྱང་མ་བཏང་བ་མ་ཡིན་ནམ། ཡོད་པ་ཉིད་ཀྱི་རྟེན་ཉིད་ཀྱི་ཕྱིར་ཏེ། དེའི་རྟེན་ཡང་བརྗོད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། བུམ་པ་ཉིད་ལ་སོགས་པ་

རྣམས་མི་འཕེན་པའི་ཕྱིར་རོ། །ཡོད་པའི་སྒྲ་ནི་ཡོད་པ་ཉིད་ཀྱི་གཞན་གྱི་དབང་ཉིད་ཀྱི་ཕྱིར་དེ་ལས་ཐ་དད་པའི་ངོ་བོ་བུམ་པ་ཉིད་ལ་སོགས་པ་རྣམས་མི་འཕེན་ནོ། །བུམ་པ་ཉིད་ལ་སོགས་པའི་ངོ་བོ་ཡང་དག་པར་གནས་པ་ལས་དངོས་པོ་དེ་བུམ་པའམ་སྣམ་བུར་འགྱུར་གྱི། རང་ལས་ནི་མ་

เล่ม ๑๙๓ · หน้า 243a

ཡིན་ཏེ། དངོས་པོ་ཙམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བུམ་པའི་སྒྲས་བུམ་པ་ཉིད་ལ་སོགས་པ་དང་མ་འདྲེས་པ་ལས། བུམ་པ་ལ་སོགས་པ་རྣམས་མི་འཕེན་པ་དེ་ལྟར་ཡོད་པའི་སྒྲས་ཀྱང་ངོ་། །དེ་ལས་ཅི་ཡིན་ཞེ་ན། དེའི་ཕྱིར་དེ་ཁོ་ན་དེའི་

ཁྱད་པར་མ་ཡིན་པ་ཉིད་ན་གཞི་མཐུན་པ་ཉིད་མེད་དོ། །ཅི་ལྟར་བྱས་ནས་ཤེ་ན། གལ་ཏེ་ཡོད་པའི་སྒྲས་བུམ་པ་ལ་སོགས་པ་རྣམས་མི་འཕེན་ན། དེ་བས་ན་དེ་རྣམས་དེའི་བྱེ་བྲག་མ་ཡིན་ཏེ། མ་འཕངས་པའི་བྱེ་བྲག་རྣམས་ནི་མཐོང་བ་མ་ཡིན་པས་སོ། །དེའི་ཁྱད་པར་མ་ཡིན་པའི་ཕྱིར་ཡང་དེའི་

སྒྲ་དང་གཞི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཁྱབ་པ་ཡོད་པ་མིན་པ་ལ། །ཞེས་བྱ་བ་ལ་སོགས་པའོ། །ཁྱབ་པ་ནི་འཕེན་པ་སྟེ་ཇི་ལྟར་གཟུགས་ཀྱི་སྒྲས་མངར་བ་ལ་སོགས་པ་རྣམས་མི་འཕེན་ན། དེའི་ཁྱད་པར་མ་ཡིན་པ་ཉིད་ཀྱི་ཕྱིར། དེའི་སྒྲ་རྣམས་དང་གཞི་

མཐུན་པ་ཉིད་དུ་མི་འགྱུར་ཏེ་གཟུགས་སྐྱུར་བའོ་ཞེས་པ་མི་འགྱུར་བ་ལྟར་རོ། །ཁྱབ་པ་ན་ནི་འགྱུར་ཏེ་གཟུགས་སྔོན་པོའོ་ཞེས་པའོ། །དཔེར་ན་ཞེས་པ་ལ་སོགས་པ་དཔེ་ཉེ་བར་སྟོན་པའོ། །དཀར་བའི་སྒྲའི་རང་གི་བརྗོད་པར་བྱ་བའི་ཡོན་ཏན་ནི་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་དཀར་

པོ་ཉིད་དོ། །དེ་ནི་དེ་ཙམ་གྱིས་ཁྱད་པར་དུ་བྱས་པའི་རྫས་བརྗོད་པའི་ཕྱིར་ཡོད་ཀྱང་རྫས་ཀྱི་བདག་ཉིད་དེ་ལ་མངར་པོ་ལ་སོགས་པ་རྣམས་འཕེན་པ་མ་ཡིན་ཏེ། དེ་ནི་དཀར་པོ་ཉིད་བཞིན་དུ་མངར་པོ་ཉིད་ལ་སོགས་པ་རྣམས་འཇུག་པའི་རྒྱུ་མ་ཡིན་པས་སོ། །དེའི་ཕྱིར་དེའི་ཁྱད་པར་མིན་པ་

ཉིད་དོ་ཞེས་པ། མི་འཕེན་པའི་ཕྱིར་མངར་པོ་ཉིད་ལ་སོགས་པ་རྣམས་དཀར་པོའི་ཁྱད་པར་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་འདིར་ཡང་ཐལ་བར་འགྱུར་རོ་ཞེས་པ་བསྒྲུབ་པར་བྱ་བ་ལ་དཔེ་ལ་བསྒྲུབ་པའི་དོན་ཉེ་བར་སྦྱོར་བར་བྱེད་དེ། ཡོད་པའི་སྒྲས་བུམ་པ་ལ་སོགས་པ་རྣམས་མི་

འཕེན་ཅིང་། མི་འཕེན་པའི་ཕྱིར་ཡང་དེའི་ཁྱད་པར་ཉིད་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་འདིས་ཕ་རོལ་པོ་ལ་མི་འདོད་པ་འབྱུང་བའི་ཆེད་དུ། གང་ཞིག་ཁྱད་པར་དུ་བྱས་པའི་ཡོན་ཏན་རྣམ་པར་བཅད་པས་རྫས་གང་ཡིན་པ་བརྗོད་པ་དེ་ནི་དེར་གཏོགས་པའི་ཁྱད་པར་གཞན་མི་འཕེན་པ་

เล่ม ๑๙๓ · หน้า 243b

ཡིན་ཏེ། དཀར་པོའི་སྒྲ་བཞིན་ཡོད་པའི་སྒྲ་ཡང་དེ་ལྟ་བུའོ་ཞེས་ཁྱབ་པར་བྱེད་པ་འགལ་བ་དང་། དེ་བཞིན་དུ་གང་རྣམས་གང་རྗོད་པར་བྱེད་པའི་སྒྲས་མ་འཕངས་པ་དེ་རྣམས་ནི་དེའི་ཁྱད་པར་རྣམས་མ་ཡིན་ཏེ། དཔེར་ན་མངར་པོ་ལ་སོགས་པ་རྣམས་དཀར་པོ་བཞིན། བུམ་པ་ལ་

སོགས་པ་རྣམས་ཀྱང་ཡོད་པ་ཉིད་རྗོད་པར་བྱེད་པའི་སྒྲས་མ་འཕངས་པ་རྣམས་སོ་ཞེས་པ་ཁྱབ་བྱེད་མེད་པ་དང་། དེ་བཞིན་དུ་གང་རྣམས་གང་གིས་བརྗོད་པར་བྱ་བའི་ཁྱད་པར་རྗོད་པར་བྱེད་པ་རྣམས་སུ་མི་འགྱུར་བ་དེ་རྣམས་དང་དེ་གཞི་མཐུན་པ་ཉིད་དུ་འགྱུར་བ་མ་ཡིན་ཏེ། འདི་ལྟ་སྟེ་སྐྱུར་པོ་ལ་

སོགས་པའི་སྒྲ་རྣམས་དང་གཟུགས་ཀྱི་སྒྲ་བཞིན་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱང་ཡོད་པའི་སྒྲའི་བརྗོད་པར་བྱ་བའི་ཁྱད་པར་རྗོད་པར་བྱེད་པ་རྣམས་སུ་མི་འགྱུར་རོ་ཞེས་པ་ཁྱབ་པར་བྱེད་པ་མེད་པ་ཁོ་ན་སྟོན་ཏེ། འདིར་རིགས་ཀྱི་སྒྲས་དེ་དང་ལྡན་པ་བརྗོད་དོ་ཞེས་པ་འདི་བཤད་དོ། །དེ་ལྡན་

ལ་ཡང་སྒྲ་ལྡན་པའི་རྐྱེན་ཕྱིས་པ་ལས་སམ། ཐ་དད་མེད་པར་ཉེ་བར་བཏགས་པ་ལས་འཇུག་པ་ཡིན། དེ་ལ་ལྡན་པའི་རྐྱེན་གྱི་ཕྱོགས་ལ་དཀར་པོ་ལ་སོགས་པ་བཞིན་དུ་རྗོད་པར་བྱེད་པ་སྲིད་དོ་ཞེས་བརྗོད་པར་བྱ་བ་ཉིད་ཡོད་པ་ལ་སྐྱོན་གསུངས་སོ། །ཐ་དད་མེད་པར་ཉེ་བར་གདགས་པ་ལ་ནི་སྒྲོ་

བཏགས་པའི་ཡོད་པ་ཉིད་ཀྱི་ངོ་བོ་དེ་ཁོ་ན་རྗོད་པར་བྱེད་པའི་ཕྱིར་བརྗོད་པར་བྱ་བ་ཉིད་དུ་དེ་ལྡན་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་གསུངས་པ། ཉེ་བར་བཏགས་ཕྱིར་ཞེས་པའོ། །རང་གི་ངོ་བོ་ཞེས་པ་གང་རྣམས་སྒྲའི་རང་གི་ངོ་བོ་བརྗོད་པར་བྱ་བར་འདོད་པ་དེའི་ལུགས་ཀྱིས་སོ། །

ཡང་ན་རིགས་ཞེས་པ་གང་རྣམས་རིགས་ཏེ། རང་གི་ངོ་བོ་ནི་མ་ཡིན་ནོ། །དེ་དང་ལྡན་པ་ལ་ཉེ་བར་བཏགས་པ་ཞེས་པ་རིགས་དང་ལྡན་པ་ལའོ། །རང་གི་ངོ་བོ་བརྗོད་པར་བྱ་བར་སྨྲ་བ་རྣམས་ཀྱི་ནི་རིགས་ལ་ཡང་ཉེ་བར་བཏགས་པའོ། །འདི་ནི་གཏན་ཚིགས་ཉེ་བར་སྟོན་པའོ། །གང་

ཞིག་གང་ལ་ཞེས་པས་རྗེས་འགྲོའོ། །ཡང་དག་པའི་དོན་སྨོས་པ་ནི་ཉེ་བར་བཏགས་པ་ལས། དེ་ལྟར་རྟོགས་པར་ཀུན་ནས་བསྟན་པའི་དོན་དུ་ངེས་པར་སྟོན་པ་བརྟག་པར་བྱའོ། །གང་ཞིག་གང་ལ་ཉེ་བར་བཏགས་པ་དེ་ནི་དོན་དེ་ཡང་དག་པར་བརྗོད་པ་མ་ཡིན་ཏེ། འདི་ལྟ་སྟེ།

เล่ม ๑๙๓ · หน้า 244a

སྐྱེས་བུ་ལ་རྒྱལ་པོའི་སྒྲ་བཞིན། རིགས་ཀྱི་སྒྲ་ཡང་དེ་དང་ལྡན་པ་ལ་ཉེ་བར་བཏགས་པའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །དཔེ་ལ་བསྒྲུབ་པར་བྱ་བ་མ་ཚང་བ་ཉིད་དུ་དོགས་པར་བྱ་བ་མ་ཡིན་ཏེ། འདོད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་བཤད་པ།

ཁྲི་ཡི་སྒྲ་ནི་རྟེན་ཇི་བཞིན། །ཁྲི་རྣམས་ཁོ་ནར་རྣམ་གནས་པ། །དེ་ཉིད་དུ་བརྗོད་དེ་ལྟར་ནི། །རིགས་སྒྲ་རྫས་རྣམས་ལ་འཇུག་གོ། །ཞེས་སོ། །འདི་ནི་རྒྱལ་པོའོ་ཞེས་ཉེ་བར་བཏགས་བཞིན་པའི་རྒྱལ་པོའི་སྒྲ་ནི་ཡང་། ཡང་དག་པའི་དོན་དུ་འབངས་རྗོད་པར་བྱེད་པ་མ་ཡིན་པས་སོ། །

ཉེ་བར་བཏགས་པ་ཁོ་ན་ནི་དེ་ལྟར་འགྱུར་བ་མ་ཡིན་པས་ཏེ། འབངས་ཀྱི་སྒྲ་བཞིན་ནོ། །རྒྱལ་པོའི་དོན་དེ་ཁོ་ན་ནི་གཞི་ཐ་དད་པར་བརྗོད་པར་བྱའོ་ཞེས་པས་ཉེ་བར་བཏགས་པར་འགྱུར་རོ། །ཉེ་བར་བཏགས་པ་ནི་འདྲ་བའི་རྒྱུ་ཅན་ཉིད་ཀྱི་ཕྱིར་འདྲ་བ་བརྟག་པའི་ཆེད་དུ་དེ་དང་ལྡན་པ་ལ་ཡང་

ཞེས་པ་ལ་སོགས་པས་རྣམ་པར་དཔྱོད་པ་རྩོམ་མོ། །འོ་ན་ཕ་རོལ་ལ་ཡང་དེའི་ཁྱད་པར་དུ་བྱེད་པའི་རང་གི་ངོ་བོ་དོན་དམ་པར་མེད་པ་ཁོ་ན་མ་ཡིན་ནམ། ཉེ་བར་བཏགས་པའི་ཚིག་ལས་སོ། །དེ་ལྟར་ན་འདྲ་བ་མེད་པ་ཉིད་ལ་ཡང་ཉེ་བར་བཏགས་པ་དམིགས་ཏེ་བདག་པོ་དང་འབངས་

དག་ལའོ། །དེའི་ཕྱིར་ཡོན་ཏན་འདྲ་བ་དགག་པའི་འབད་པ་ནི་དོན་མེད་པའོ་ཞེ་ན། སྐྱོན་འདི་མེད་དེ་ཡོན་ཏན་དང་ཡང་དག་པར་སྦྱར་བས་བྱས་པའི་ངོ་བོ་ལྡོག་པས་ན། བརྗོད་པར་བྱ་བའི་ངོ་བོ་གཞན་མེད་པའི་ཕྱིར་བརྗེད་པར་བྱ་བ་མེད་པར་ཐལ་བ་ལ། ཕ་རོལ་པོ་རེས་འགའ་

འདྲ་བ་ལ་བརྟེན་པས་སོ་སོར་གནས་པར་འདོད་དེ། དེའི་ཕྱིར་ཡོན་ཏན་འདྲ་བ་དགག་པའི་ཚིག་གོ། །དེ་ལ་འདྲ་བ་ཉིད་ནི་འདྲེ་བར་བྱེད་པ་ལས་གྲུབ་པར་འགྱུར་རམ། རང་ཉིད་ཁོ་ན་ལས་སམ། རྟེན་གཞན་ལས་ཏེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་རྟོགས་པ་འཕོ་བ་

ལས་མ་ཡིན་ཞེས་པ་འདིས་ནི་འདྲེ་བར་གྲུབ་པའི་འདྲ་བ་ཉིད་མེད་དོ་ཞེས་དམ་བཅའ་བ་གསལ་བར་བྱེད་དོ། །རྟོགས་པ་འཕོ་བས་ནི་འདྲ་བ་ཉིད་ཡོད་པ་ཁོ་ན་ངེས་པར་བྱེད་པ་འབའ་ཞིག་སྟེ། བྱེད་པ་ནི་མ་ཡིན་ནོ། །ཡོན་ཏན་གྱི་ཕན་འདོགས་པ་ལས་ཀྱང་མ་ཡིན་ཞེས་

เล่ม ๑๙๓ · หน้า 244b

པ་འདིས་ན་གཞན་གྱིས་བྱས་པའི་འདྲ་བ་ཉིད་མེད་པ་ཉིད་དུ་དམ་བཅའོ། །ཡང་ཅི་ལྟར་དོན་སོ་སོ་ལ་ངེས་པ་སྐད་ཅིག་གིས་འཇིག་པའི་རྟོགས་པ་རྣམས་དོན་གཞན་ལ་འཕོ་བ་སྲིད་ཅེ་ན། འདི་བདེན་ཏེ་མི་སྲིད་པ་ཁོ་ནའོ། །དེ་ལྟ་ན་ཡང་རྣམ་པར་ཤེས་པ་འདྲ་བ་གཞན་སྐྱེ་བ་ལ་ཐ་དད་

མེད་པར་བཏགས་པའི་ཕྱིར་འཕངས་པའོ་ཞེས་བརྗོད་པའོ་ཞེས་པས་སྐྱོན་མེད་དོ། །རིགས་དང་དེ་དང་ལྡན་པ་གཉིས་ཀ་དག་རང་ཉིད་ཁོ་ན་ལས་འདྲ་བ་སྟེ། རིགས་ལ་སོགས་པ་རྣམས་ཀྱི་ངོ་བོ་རང་གི་རྟེན་དང་མཚན་ཉིད་མི་མཐུན་པ་ཅུང་ཟད་ཀྱང་ཉེ་བར་དམིགས་པ་མ་ཡིན་པ་སྟེ།

དེའི་ཕྱིར་དེ་དག་གི་འདྲེ་བ་གྲུབ་པ་ཁོ་ན་འདྲེ་བ་ཉིད་དོ་ཞེས་སེམས་པར་འགྱུར་བས་འདྲི་སྟེ། ཅི་ལྟར་རྟོགས་པ་འཕོ་བ་ལས་མ་ཡིན་ཞེ་ནའོ། །ཉེ་བར་བཏགས་པ་ཡིན་ན། བློ་ཡི་ངོ་བོ་ཐ་དད་ཕྱིར། །ཞེས་པ་རིགས་ལ་འཇུག་པའི་སྒྲ་དེ་དང་ལྡན་པ་ལ་ཉེ་བར་གདགས་པར་བྱ་བ་ཡིན་ན་ནི།

ཉེ་བར་བཏགས་པ་ཡིན་པ་ལ་རྣམ་པ་མཚུངས་པ་ཅན་གྱི་བློར་འགྱུར་བ་ཡང་མ་ཡིན་ནོ། །འདི་དཔེས་རྟོགས་པར་བྱེད་དེ། བྲན་ལ་རྒྱལ་པོར་བཏགས་པ་བཞིན། །ཞེས་པའོ། །དཔེར་ན་ཞེས་པ་ལ་སོགས་པས་ནི་འདི་ཁོ་ན་འཆད་དོ། །ཉེ་བར་བཏགས་པ་ཡང་ཞེས་པ་ལ་སོགས་

པས་ཕྱོགས་ཆོས་ཉེ་བར་སྟོན་ཏོ། །དེ་ལྟར་དེ་དང་ལྡན་པ་ལ་ཉེ་བར་བཏགས་པར་བརྗོད་པའི་ཕྱིར་རིགས་ལ་དངོས་སོ་ཞེས་བརྗོད་པར་འགྱུར་རོ། །དེ་འདིས་གང་དག་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་དེ་དག་ནི་འདྲ་བ་མ་ཡིན་ཏེ། འདི་ལྟ་སྟེ། རྒྱལ་པོ་

དང་ཁོལ་པོ་དག་བཞིན། རིགས་དང་དེ་དང་ལྡན་པ་དག་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་དག་གོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འོ་ན་ཉེ་བར་བཏགས་པ་སེང་གེའི་སྒྲ་དང་། དངོས་བྲམ་ཟེའི་ཁྱེའུའི་སྒྲས་ཀྱང་བྲམ་ཟེའི་ཁྱེའུ་

རྗོད་པར་བྱེད་པའི་ཕྱིར་མ་ངེས་སོ་ཞེ་ན། དེ་སྤང་བའི་ཆེད་དུ་གཅིག་སྨོས་པར་བྱ་སྟེ། དངོས་དང་ཉེ་བར་བཏགས་པའི་སྒྲ་གཅིག་གི་བརྗོད་པར་བྱ་བའི་ཕྱིར་རོ་ཞེས་བྱའོ། །ཡང་ཅི་ལྟར་རྗེ་བོ་དང་འབངས་དག་དངོས་དང་བཏགས་པའི་སྒྲ་གཅིག་གི་བརྗོད་པར་བྱ་བ་ཉིད་ཡིན། ཇི་ཙམ་དུ་

เล่ม ๑๙๓ · หน้า 245a

གང་ཁོ་ན་ང་ཡིན་པ་དེ་ཁོ་ན་འདིའོ་ཞེས་སྒྲ་ཐ་དད་ཀྱི་བརྗོད་པར་བྱ་བ་ཉིད་ཁོ་ནའོ། །ཅི་སྟེ་རྒྱལ་པོའི་སྒྲ་གཅིག་ཁོ་ནས་ངོ་བོ་དང་བྲན་དག་གཉིས་ཀ་བརྗོད་ན་ནི། སེང་གེའི་སྒྲ་ཁོ་ནས་གཉིས་ཀ་དག་རྗོད་པར་བྱེད་པའི་ཕྱིར་རོ། །ཁྱད་པར་དུ་བྱེད་པ་ཡོད་ན་ཡང་མ་ངེས་པ་དེ་

ཁོ་ནའོ། །ཅི་སྟེ་བྲམ་ཟེའི་ཁྱེའུ་ལ་སོགས་པ་གང་ཉེ་བ་མ་ཡིན་པ་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་ན། བྲམ་ཟེའི་ཁྱེའུ་གཅིག་མ་ཡིན་པའི་ཚིག་གི་རྟོགས་པར་བྱ་བ་ཉིད་ན་ནི། རྒྱལ་པོ་དང་བྲན་དག་ཀྱང་ཚིག་གཞན་མ་གཏོགས་པར་རྒྱལ་པོའི་སྒྲ་འབའ་ཞིག་པས་རྗོད་པར་བྱེད་པ་

རྟག་པར་བྱ་བ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་གཅིག་སྨོས་པ་བྱས་པ་ན་ཡང་དཔེ་སྒྲུབ་པར་བྱེད་པ་མ་ཚང་བའོ་ཞེ་ན། གཞན་ཡང་འདིར་འདྲ་བ་ཉིད་ནི་ཁྱད་པར་ཅན་ཁོ་ན་ཕ་རོལ་པོས་མངོན་པར་འདོད་དེ། གང་ཡོད་ན་གཉིས་ཀ་ལ་ཡང་དབང་པོའི་ཤེས་པ་རྣམ་པ་མཚུངས་པར་འགྱུར་བའོ་

རྣམ་པ་གཞན་དུ་ན། དངོས་པོ་ཐམས་ཅད་ཤེས་བྱ་ཉིད་ལ་སོགས་པའི་ཆོས་འགའ་ཞིག་གི་ཡོད་པ་ཉིད་དང་འདྲ་བ་ཡོད་དོ་ཞེས་པས་དངོས་པོ་ཐམས་ཅད་ཡོད་པའི་སྒྲའི་བརྗོད་པར་བྱ་བར་འགྱུར་རོ། །དེ་འགོག་ན་ཡང་ཁས་བླངས་པས་གནོད་པའོ། །དེའི་ཕྱིར་ཁྱད་པར་ཅན་

ཁོ་ནར་འདྲ་བ་ཕ་རོལ་པོས་འདོད་ཅིང་། དེས་ན་དགག་པ་ཡང་དེ་ཁོ་ན་ལ་བྱ་སྟེ། སེང་གེ་དང་བྲམ་ཟེའི་ཁྱེའུ་དག་ལ་རྣམ་པ་དེ་ལྟ་བུའི་འདྲ་བ་ཡོད་པ་ཡང་མ་ཡིན་ཞིང་། འཇིག་རྟེན་དུ་གྲགས་པ་ཡང་མ་ཡིན་ན་དེ་མ་ངེས་པ་ག་ལ་ཡིན། དེའི་ཕྱིར་ཁྱད་པར་བྱེད་པས་དོན་མ་ཡིན་

ནོ། །ཡང་འདིར་ཅི་ལྟར་ཁྱབ་པ་ཡིན། །འདི་ལ་འགལ་བ་འགའ་ཞིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འདྲེས་པས་གྲུབ་པའི་རིགས་དང་དེ་དང་ལྡན་པ་དག་འདྲ་བ་ཉིད་དུ་འགྱུར་ན། དེས་ན་རིགས་ལ་ཡོད་པའི་སྒྲ་དངོས་དང་། དེ་དང་ལྡན་པ་

ལ་ཉེ་བར་བཏགས་པའོ་ཞེས་པའི་ཐ་དད་འདིར་འགྱུར་བ་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་ཇི་ལྟར་རིགས་རང་བཞིན་གྱིས་ཡོད་པའི་ངོ་བོ་ཡིན་པ་དེ་ལྟར་དེ་དང་ལྡན་པ་ཡང་ཡིན་ཞིང་། ཡོད་པའི་ངོ་བོ་ཉིད་ཀྱང་ཡོད་པའི་སྒྲའི་འཇུག་པའི་རྒྱུ་མཚན་ནོ་ཞེས་པ་གཉིས་

เล่ม ๑๙๓ · หน้า 245b

ཀ་ལ་དངོས་ཉིད་དུ་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ཡོད་པ་ཉིད་ནི་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཁོ་ན་ལ་ཐ་མི་དད་པའི་ཡོད་པའི་སྒྲ་རིགས་ཀྱི། དེ་དང་ལྡན་པ་རྣམས་ལ་ནི་མ་ཡིན་ཏེ། དེ་རྣམས་ཐ་དད་པ་ཉིད་ཀྱི་ཕྱིར་ཞེ་ན། གལ་ཏེ་དེ་ལྟ་ན་ཡོད་པའི་ངོ་བོ་ཉིད་ནི་ཡོད་

པའི་སྒྲ་འཇུག་པའི་རྒྱུ་མཚན་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྗེས་སུ་འགྲོ་བའི་ངོ་བོ་ཉིད་དོ། །དེ་ལས་ཀྱང་རིགས་གཞན་ལ་ཡང་དེ་རབ་ཏུ་འཇུག་པར་འགྱུར་ཏེ། དེ་ལ་ཡང་དེའི་ངོ་བོ་ཡོད་པའི་ཕྱིར་རོ། །གལ་ཏེ་ཐ་དད་པ་རྣམས་ལ་ཐ་མི་དད་པའི་སྒྲ་འཇུག་པ་མ་ཡིན་ཞེ་ན་ཐ་དད་

པའི་རིགས་རྣམས་ལ་རིགས་ཀྱི་སྒྲ་ཐ་མི་དད་པ་ཅི་ལྟར་འཇུག་དེ་ལ་རིགས་ཐམས་ཅད་ལ་ཁྱབ་པའི་རིགས་གཞན་གང་སྒྲ་འཇུག་པའི་རྒྱུ་མཚན་དུ་འགྱུར་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་རིགས་རྣམས་ལ་སྒྲའི་རང་གི་ངོ་བོ་ཁོ་ན་ཐ་མི་དད་པའི་རྒྱུ་མཚན་རྒྱུར་བྱས་ནས་

འཇུག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་རིགས་དང་ལྡན་པ་དག་ལའང་དེ་ཉིད་ལ་བརྟེན་ནས་འཇུག་པར་འགྱུར་ཏེ། དེ་ལས་ཀྱང་དངོས་དང་ཉེ་བར་བཏགས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་མི་འགྱུར་ན། དེ་ཡང་འདོད་དེ། དེའི་ཕྱིར་འདྲེས་པས་གྲུབ་པའི་འདྲ་བ་ཉིད་མེད་དོ་

ཞེས་པས་ཁྱབ་པ་གྲུབ་བོ། །འོ་ན་ཉེ་བར་བཏགས་པ་ལ་རྗོད་པར་བྱེད་པ་མེད་པའི་ཕྱིར། སྤྱི་ལས་ཉེ་བར་བཏགས་པ་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན། གལ་ཏེ་ཡང་གཉིས་ཀ་དག་སྒྲའི་དོན་ཉིད་ན། གཉིས་ཀ་ལ་འབྲས་བུར་ཐལ་བར་འགྱུར་ཏེ། བ་ལང་ཁྱེར་ལ་ཤོག་ཅེས་

བརྗོད་པ་ན་མི་བླུན་པོ་ཡང་ཁྱེར་འོང་བར་འགྱུར་རོ་ཞེ་ན། ཕ་རོལ་པོས་དངོས་དང་ཉེ་བར་བཏགས་པ་སྒྲའི་བརྗོད་བྱ་ཉིད་དུ་རྟོགས་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་དེ་ལྟར་བཤད་དོ་ཞེས་པས་མི་སྐྱོན་ནོ། །འདྲ་བ་ཉིད་ནི་དབང་པོའི་རྟོགས་པ་འཕོས་པས་ཡོངས་སུ་གཅད་པར་བྱ་

བའམ། སྒྲ་ལས་བྱུང་བའི་རྟོགས་པ་འཕོས་པས་ཡིན། དེ་ལ་དབང་པོའི་རྟོགས་པ་འཕོས་པས་རིགས་དང་དེ་དང་ལྡན་པ་དག་གི་འདྲ་བ་ཉིད་ངེས་པར་བྱ་བ་མ་ཡིན་ནོ་ཞེས་པ་འདི་ཕལ་ཆེར་བསྒྲུབས་ཟིན་ཏེ། སྤྱི་མི་མཐོང་བར་སྒྲུབ་པར་བྱེད་པས་སོ། གལ་ཏེ་ཡང་

เล่ม ๑๙๓ · หน้า 246a

སྤྱི་འགྱུར་དུ་ཆུག །དེར་དེའི་གཞན་མཐོང་སྟེ། རྟེན་མི་མཐོང་བའི་ཕྱིར་མི་འགྱུར་རོ་ཞེས་པ་ལ་སོགས་པས་སོ། །སྣང་རུང་མ་ཡིན་པ་དང་ལྷན་ཅིག་འགའ་ཞིག་གི་ཡང་འདྲ་བ་ཉིད་རྟོགས་པར་ནུས་པ་མ་ཡིན་ཞིང་། སྒྲ་ལས་བྱུང་བའི་རྟོགས་པས་འཕོ་བར་ཡང་

ངེས་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། རིམ་གྱིས་བརྗོད་པ་མ་ཡིན་ཕྱིར། །ཞེས་པ་སྟེ་རིགས་དང་དེ་དང་ལྡན་པ་དག་ལ་ནི་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུ་རིམ་གྱིས་སྒྲ་སྦྱོར་བ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གལ་ཏེ་རིགས་ལ་དང་དེ་དང་ལྡན་པ་ལ་རིམ་པས་སྒྲ་སྦྱོར་བར་

གྱུར་ན། དེ་ལས་སྒྲ་ལ་རིགས་ལ་རྟོགས་པ་གང་འདྲ་བར་འགྱུར་བ་དེ་འདྲ་བ་ཁོ་ན་དེ་དང་ལྡན་པ་ལ་ཡང་ཞེས་པ་རྟོགས་པ་འཕོ་བར་འགྱུར་ན། རིམ་པས་སྒྲ་སྦྱོར་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཅིག་ཅར་ཁོ་ནའོ། །དེ་ལས་ཀྱང་རྟོགས་པ་གཅིག་ཁོ་ནའོ་ཞེས་པས། གང་ལས་རྟོགས་

པ་འཕོ་བ་ཡིན་ཞེས་པ་འདི་ནི་གཏན་ཚིགས་སོ། །ཀུན་ད་དུང་སོགས་དཀར་པོ་བཞིན། །ཞེས་པ་ཆོས་མི་མཐུན་པ་ཉིད་ཀྱི་རྗེས་འགྲོའོ། །རིགས་དང་དེ་དང་ལྡན་པ་དག་ལ་སྒྲ་ཅིག་ཅར་ཞེས་པ་ཉེ་བར་སྦྱོར་བའོ། །འདིས་ནི་དོན་གྱིས་གོ་བས་རིམ་གྱིས་སྒྲ་སྦྱོར་བ་མེད་པར་སྟོན་ཏོ། །གང་ལ་སྒྲ་

ལས་བྱུང་བའི་རྟོགས་པ་འཕོ་བ་དེ་ལ་རིམ་གྱིས་དེའི་རྒྱུས་སྒྲ་སྦྱོར་ཏེ། འདི་ལྟ་སྟེ་ཀུན་ད་ལ་སོགས་པ་རྣམས་ལ་བཞིན། རིགས་དང་དེ་དང་ལྡན་པ་དག་ཀྱང་སྒྲ་ལས་བྱུང་བའི་རྟོགས་པ་འཕོ་བའི་རྒྱུས་རིམ་གྱིས་སྒྲ་སྦྱོར་བ་མེད་དོ། །རྒྱུ་མི་དམིགས་པའོ། །རྟོགས་པ་འཕོ་བ་བཀག་པས་

ཀྱང་འདྲ་བ་ཉིད་མེད་པའི་ཐ་སྙད་འགྲུབ་པའི་ཆེད་དུ་རང་བཞིན་མི་དམིགས་པ་གསལ་བར་བྱས་སོ་ཞེས་པས་དེའི་སྦྱོར་བ་བརྗོད་པར་བྱ་སྟེ། རྟོགས་པ་འཕོ་བ་ལས་འདྲ་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ། རྟོགས་པ་འཕོ་བ་ལས་ནི། གང་འདྲེས་པས་འགྲུབ་པའི་འདྲ་བ་ཉིད་ངེས་པར་

བྱ་བ་དེ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །རང་ཉིད་ལས་འདྲ་བ་ཉིད་དུ་མི་འགྱུར་མོད། རིགས་ཀྱིས་ཉེ་བར་བསྒྱུར་བའི་ཕྱིར་ནི་རྫས་དེ་རང་ཉིད་དེའི་ངོ་བོ་མ་ཡིན་ཡང་དེ་ལྟར་རབ་ཏུ་གསལ་ཏེ། ཇི་ལྟར་ཤེལ་དང་ཉེ་བར་གཞག་པའི་དབང་ལས་རང་ཉིད་དེའི་ངོ་བོ་མ་ཡིན་པ་ཡང་

เล่ม ๑๙๓ · หน้า 246b

དེའི་ངོ་བོ་ཉིད་བཞིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། ཡོན་ཏན་གྱིས་ཕན་འདོགས་ཕྱིར་དེའི་ངོ་བོ་ལ། རབ་གྱུར་འགྱུར་ཞེས་པ་ལ། རབ་གྱུར་ཞེས་པ་ཡུལ་གྱི་ཡུལ་ཅན་རབ་ཏུ་གྱུར་པའི་བློ་བསྟན་ཏེ་རབ་ཏུ་གྱུར་པའི་བློར་འགྱུར་རོ་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་སྐྱོན་འདི་འགོད་པར་བྱེད་དེ།

ཇི་སྲིད་དུ་མཐོང་བ་ཁོ་ནས་རྫས་ལ་རབ་ཏུ་གྱུར་པའི་བློ་ཡིན་ཞེ་ན། བློ་མེད་ཀྱང་ཞེས་པ་ཡོན་ཏན་རབ་ཏུ་གྱུར་པའི་བློ་མེད་པར་ཡང་ཞེས་པའི་དོན་ཏོ། །གལ་ཏེ་ཤེལ་བཞིན་དུ་ཡོན་ཏན་གྱིས་ཉེ་བར་བསྒྱུར་བའི་ཕྱིར། དེ་དང་ལྡན་པ་ཡོན་ཏན་གྱི་རང་གི་ངོ་བོར་འགྱུར་ན། དེ་ལྟར་གྱུར་ན་མཆོག་ཏུ་

སྔོ་བའི་རས་ཞེས་རྫས་ལ་ཁྱད་པར་གྱི་རབ་ཏུ་གྱུར་པའི་བློ་ལ་མ་ལྟོས་པའི་རབ་ཏུ་གྱུར་པའི་བློར་འགྱུར་རོ། །ཁྱད་པར་རབ་ཏུ་གྱུར་པ་མ་བཟུང་བར་ཁྱད་པར་དུ་བྱ་བ་ལ་རབ་ཏུ་གྱུར་པའི་བློར་འགྱུར་བ་ཡང་མ་ཡིན་ཏེ། རྫས་ལ་རང་ཉིད་ལས་རབ་ཏུ་གྱུར་པ་དང་ཉམས་པ་མེད་པའི་ཕྱིར་རོ། །སྣམ་བུ་ནི་

རང་ཉིད་ཁོ་ན་ལས་སྣམ་བུ་གཞན་ལས་རབ་ཏུ་གྱུར་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ཉིད་ལ་སོགས་པ་བརྟེན་པར་བྱས་པའི་ཡོན་ཏན་ལས་ཏེ། ཉེ་བ་མ་ཡིན་པའི་དངོས་པོའི་རང་གི་ངོ་བོ་ལས་ཤེས་པ་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་གྱི་སྒྲ་ཡང་འདིར་འདྲེས་པའི་ཡོན་ཏན་རྗོད་པར་

བྱེད་པ་ཡིན་གྱི། དཀར་པོ་ཉིད་ལ་སོགས་པ་རྣམས་དེས་ཡོན་ཏན་བརྗོད་པར་འདོད་པ་རྣམས་ནི་མ་ཡིན་ཏེ། ཆེས་འཚེད་པར་བྱེད་པ། ཆེས་གཅོད་པར་བྱེད་པ་ཞེས་ཡོན་ཏན་རབ་ཏུ་གྱུར་པ་ལ་ལྟོས་པ་མེད་པ་ཁོ་ནར་ཕུལ་དུ་གྱུར་པའི་རྟོགས་པར་མི་འགྱུར་རོ། །ཡང་ཅིའི་ཕྱིར་

ཡོན་ཏན་རབ་ཏུ་གྱུར་པ་ལ་ལྟོས་པ་མེད་པར་རྫས་ལ་རབ་ཏུ་བྱུང་བའི་བློར་ཐལ་བར་འགྱུར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཉེ་བར་གཞག་པས་དེའི་ངོ་བོ་ཉིད་ཉེ་བར་བསྒྲུབ་པ་ན་ཤེལ་ལ་ཉེ་བའི་རྟེན་རྟོགས་པ་ལ་ལྟོས་པའི་ཚོན་གྱི་བློ་འཇུག་པ་མ་ཡིན་ཏེ། ཅིའི་ཕྱིར་

ཞེ་ན་གསུངས་པ། མ་བྱང་བ་ལ་ཞེས་པ་ལ་སོགས་པ་སྟེ། མ་བྱང་བ་ལ་ཤེལ་དང་ཉེ་བར་གཞག་པ་དག་ལ་ཐ་དད་པའི་བློར་གྱུར་པ་མ་ཡིན་ཏེ། དེ་ནི་ཤེལ་འདི་ཁོ་ན་རྣམ་པ་འདིའོ་ཞེས་ལྷག་པར་ཞེན་ཏོ། །བྱང་བ་ལ་ནི་དམར་པོ་འདི་ནི་ཤེལ་ལོ་ཞེས་ངེས་པ་མི་འཐད་པ་ཁོ་ནའོ། །རབ་ཏུ་གྱུར་པ་

เล่ม ๑๙๓ · หน้า 247a

སྨོས་པ་ནི་ཡོན་ཏན་ལ་ལྟོས་པའི་རྟོགས་པ་གཞུང་གཟུགས་པའི་དོན་དུ་སྟེ། གཞན་དུ་ན་ངེས་པར་བྱ་བཞིན་པའི་རིགས་ཀྱང་རིགས་དང་ལྡན་པའི་དོན་ལ་ཕན་འདོགས་པར་འཇུག་ཅིང་། དེ་ལས་ཀྱང་དེས་ཕན་འདོགས་པ་ལས་དེ་ལྟར་སྣང་ངོ་ཞེས་ཁ་ཅིག་སོ་

སོར་གནས་སོ། །རབ་ཏུ་གྱུར་པ་ནི་ངེས་པར་སྦྱོར་བ་ལས་དེར་ངེས་པ་ལ་ལྟོས་པའི་རྟོགས་པས་ཡོངས་སུ་གཅད་པར་བྱ་བ་ཁོ་ན་སྟེ། རྫས་ནི་རང་ཉིད་ལས་རབ་ཏུ་གྱུར་པ་མེད་པའི་ཕྱིར་རོ། །རྫས་ནི་རང་ཉིད་ལས་རྫས་གཞན་ལས་ཕུལ་དུ་བྱུང་བར་བྱ་བར་ནུས་པ་མ་ཡིན་ཏེ། རང་གི་

ངོ་བོ་ཙམ་གྱིས་སྨྲ་བར་རམ་རྟོགས་པར་ནུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར། འོ་ན་རིགས་པ་ནི་རབ་ཏུ་གྱུར་པ་མེད་པའི་ཕྱིར། དེ་ལ་མི་ལྟོས་པའི་ཁྱད་པར་ཅན་རྟོགས་སོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཁྱད་པར་ཅན་རྟོགས་པ་ནི་སྔོན་པོ་ལ་སོགས་པ་ལ་ནི་ཁྱད་པར་ལ་ལྟོས་པ་སྟེ། དེས་ན་ཡོད་པ་ལ་

སོགས་པའི་ཁྱད་པར་ལ་ལྟོས་པ་ནི་ཁྱད་པར་ཅན་ལ་ཡོད་པ་ལ་སོགས་པའི་རྟོགས་པ་སྔོན་པོ་ལ་སོགས་པ་རྟོགས་པ་བཞིན་དུའོ་ཞེས་བཤད་པར་འགྱུར་རོ། །གཞན་དུ་ན་གལ་ཏེ་རང་གི་རྟེན་ལ་མ་བཟུང་བའི་ཡང་བ་ལང་ཉིད་ལ་སོགས་པའི་རིགས་ཀྱིས་བ་ལང་ལ་སོགས་པ་རྟོགས་པར་བྱེད་ན་གང་གི་ཚེ་འདི་ནི་རྫས་

ཅི་ཞིག་གོ་ཞེས་རྫས་ཙམ་ཉེ་བར་དམིགས་པ་ན་བ་ལང་ཉིད་ལ་སོགས་པ་རྣམས་གཟུང་བྱ་མ་ཡིན་པ་དེའི་ཚེ་ཡང་བ་ལང་ལ་སོགས་པ་ངེས་པར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རིགས་ལ་ལྟོས་པ་མེད་པར་དེ་དང་ལྡན་པ་ལ་རྟོགས་པ་ནི་མ་ཡིན་ནོ། །གང་ཞིག་ཁྱད་པར་ལ་ལྟོས་པར་

རྟོགས་པ་ཡོངས་སུ་གཅད་པར་བྱ་བ་དེ་ནི་ཡོན་ཏན་ཕུལ་དུ་བྱུང་བས་བསྒྲུབས་པའི་ཡོན་ཏན་འདྲ་བ་ཉིད་མ་ཡིན་ཏེ། དབྱུག་པ་ཅན་བཞིན། དེ་དང་ལྡན་པ་དང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ནི་ཤེལ་གྱི་དཔེས་སྦྱར་བར་བྱའོ། །འདྲེས་པའི་ངོ་བོའི་

ཕྱིར་ཀུན་ལ། །ལོག་པའི་ཤེས་པར་ཐལ་བར་འགྱུར། །ཡོན་ཏན་གྱིས་ཕན་འདོགས་པ་ལས་དེའི་ངོ་བོ་ཉིད་དུ་ཁས་བླངས་པ་ནའོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ནི་ཞེས་པ་ལ་སོགས་པ་སྟེ། འདྲེས་པའི་ཁྱད་པར་ནི་ཡོན་ཏན་ཞེས་པ་དོན་གཅིག་པའོ། །སྒྲ་ལས་བྱུང་བའི་

เล่ม ๑๙๓ · หน้า 247b

རྟོགས་པ་ཐམས་ཅད་ནི་དོན་རྣམས་ལ་འདྲེས་པའི་ངོ་བོས་བར་དུ་ཆོད་པ་སྟེ། དེའི་ཕྱིར་གལ་ཏེ་ཡོན་ཏན་གྱིས་ཕན་འདོགས་པའི་ཕྱིར་ཡོན་ཏན་ཅན་ལ་དེའི་ངོ་བོ་ཉིད་དུ་འགྱུར་ན། དེ་ལྟར་གྱུར་ན་ཇི་ལྟར་ཤེལ་སྔོན་པོའོ་ཞེས་འཛིན་པ་ནི་དོན་ཇི་ལྟ་བ་ཡིན་པའི་རྟོགས་པ་སྟེ། ཤེལ་ནི་རང་ཉིད་ལས་

སྔོན་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་བུམ་པའོ་ཞེས་པ་ལ་སོགས་པ་སྒྲ་ལས་བྱུང་བའི་རྟོགས་པ་ཐམས་ཅད་ཇི་ལྟ་བའི་དོན་ཅན་མ་ཡིན་པར་འགྱུར་ཏེ། རྫས་ནི་རང་ཉིད་ལས་བུམ་པ་ལ་སོགས་པའི་ངོ་བོ་མེད་པའི་ཕྱིར་རོ། །འདོད་པའང་མ་ཡིན་ནོ། །དེ་འདིས་ནི་གང་ཞིག་དོན་ཇི་ལྟ་བ་བཞིན་པའི་

རྟོགས་པའི་ཡུལ་དེ་ནི་ཁྱད་པར་དུ་བྱེད་པའི་རང་གི་ངོ་བོ་མ་ཡིན་ཏེ། འདི་ལྟ་སྟེ་དབྱུག་པ་ཅན་བཞིན། དེ་དང་ལྡན་པའང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ཁྱབ་པ་མེད་པར་འདི་ལ་དོགས་པར་བྱ་བ་མ་ཡིན་ཞིང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་ནི་མི་

འདོད་པ་ཉིད་དོ། །སྤྱི་ལ་སོགས་པ་མང་ཉིད་ནའང་། །ཞེས་པ་ལ་སོགས་པ་སྟེ། སོགས་པ་སྨོས་པ་ལས་ཡོན་ཏན་དང་བྱ་བ་འཛིན་ནོ། །ཅིག་ཅར་འཛིན་བྱེད་རྣམས་ལ་ཡང་། །ཞེས་པ། གང་གི་ཚེ་དུས་གཅིག་ཏུ་རྟོགས་པ་པོ་མང་པོ་རྣམས་ཁྱད་པར་ཐ་དད་པ་རྣམས་ཀྱི་དོན་གཅིག་རྟོགས་

པར་བྱེད་པ་དེའི་ཚེ། ཕན་འདོགས་པ་ནི་འགལ་བར་འགྱུར། །ཡོན་ཏན་བྱས་པའོ། །དེ་དཔེར་བརྗོད་ཀྱིས་སྟོན་པ་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་འགལ་བར་འགྱུར་ཞེ་ན། མི་ནུས་ཞེས་པ་ལ་སོགས་པ། འདིར་རྟོགས་པ་གསུམ་སྟེ། གང་ཡང་

རུང་བའི་ཡོན་ཏན་གྱི་ངོ་བོ་རྟོགས་པའམ། ཐམས་ཅད་ཀྱི་ཡང་ཕྱོགས་གཅིག་རྣམས་ཀྱིས་སམ། བདག་ཉིད་ཐམས་ཅད་ཀྱི་ཐམས་ཅད་ཁོ་ནའི་ཡིན་ཞེས་པའོ། །དེ་ལ་རེ་ཞིག་རེ་རེ་ཁོ་ནའི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གང་ལས་གཅིག་ཁོ་ནའི་ངོ་བོ་རྟོགས་པར་འགྱུར་གྱི་གཞན་མ་

ཡིན་པ་ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་པས་སོ། །ཡང་ན་རྟོགས་པ་པོ་རྣམས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། རྟོགས་པ་པོ་གཅིག་གི་ངོར་ཁྱད་པར་གཅིག་ཁོ་ནའི་ངོ་བོའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཕྱོགས་གཅིག་གི་ཡོན་ཏན་གྱི་ངོ་བོ་ཉམས་སུ་མྱོང་

เล่ม ๑๙๓ · หน้า 248a

བར་ནུས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མཐའ་དག་ཅེས་པ་ལ་སོགས་པ་སྟེ། གལ་ཏེ་ཕྱོགས་གཅིག་གི་ཁྱད་པར་གྱི་ངོ་བོ་རྟོགས་པར་གྱུར་ན། དེའི་བུམ་པ་ཞེས་དེའི་ཕྱོགས་གཅིག་རྟོགས་པར་འགྱུར་ཏེ། དེ་ལྟར་ས་ལས་གྱུར་པའོ་

རྫས་སོ་ཞེས་པ་ལ་སོགས་པའོ། །གསུམ་པའི་ཕྱོགས་ལ་ནི་སྐྱོན་གསུངས་པ། ཀུན་གྱིས་ཡིན་ན་འདྲེས་མཐོང་འགྱུར་རོ། །ཞེས་པ། ཀུན་གྱིས་ཏེ། བུམ་པ་ཉིད་དང་ས་ལས་གྱུར་པ་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱི་དངོས་པོ་མཐའ་དག་ལ་ཅིག་ཅར་ཕན་འདོགས་ན། དེའི་ངོ་བོ་

བླངས་པ་ན། བུམ་པ་ལ་སོགས་པའི་ངོ་བོ་རྣམ་པར་ཕྱེ་ནས་འཛིན་པ་མེད་པའི་ཕྱིར། རྣམ་པར་དབྱེ་བ་མེད་པས་ཕན་ཚུན་ཡང་དག་པར་ཐ་དད་པའི་ངོ་བོ་དུ་མ་འཛིན་པར་འགྱུར་གྱི། རྣམ་པར་དབྱེ་བས་ནི་མ་ཡིན་ཏེ། བུམ་པ་འདིའོ་ས་ལས་གྱུར་པའོ་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན་

གསུངས་པ། ཅིག་ཅར་ངོ་བོ་ཐམས་ཅད་རྟོགས་པའི་ཕྱིར་ཞེས་པ། གང་ལས་རྫས་དེ་ཐམས་ཅད་ཀྱི་ངོ་བོ་ཅིག་ཅར་རྟོགས་པར་འགྱུར་པའོ། །དེས་ན་འདི་ལྟར་ཕན་འདོགས་པ་འགལ་བའི་ཕྱིར་བུམ་པ་ལ་སོགས་པའི་ངོ་བོར་འཛིན་པར་མི་འགྱུར་ན་དེ་ཡང་ཡོད་དོ། །དེ་འདིས་ནི་གང་ཞིག་

ཅིག་ཅར་ཁྱད་པར་དུ་མའི་རྗེས་སུ་བསྒྲུབས་པའི་རྟོགས་པས་ཡོངས་སུ་གཅད་པར་བྱ་བ་དེ་ནི་ཁྱད་པར་གྱི་ངོ་བོ་རྟོགས་པ་མ་ཡིན་ཏེ། འདི་ལྟ་སྟེ། དཔུང་རྒྱན་དང་རྣ་རྒྱན་ཞེས་པ་བཞིན་དེ་དང་ལྡན་པའི་དངོས་པོ་ཡང་དེ་ལྟ་བུའོ་ཞེས་འགལ་བས་ཁྱབ་པ་གསུངས་སོ། །ཁྱད་པར་རྣམས་ལ་

ཞེས་པ་ལ་སོགས་པས་དེ་དང་ལྡན་པའི་ཕྱོགས་ལ་རྗོད་པའི་སྐྱོན་ཕྱོགས་གཞན་རྣམས་ལ་བསྒྲེ་བ་སྟོན་པ་སྟེ། བྱེད་ཕྱི་མས་ནི་འདི་ཁོ་ན་ལ་འཐད་པ་གསུངས་སོ། །རིགས་ཀྱི་ངོ་བོ་ནི་ཁྱད་པར་རྣམས་ལས་མི་རིགས་ཤིང་། སྒྲའི་རང་གི་ངོ་བོ་ནི་རིགས་ལ་དང་། སྒྲའི་རང་གི་ངོ་བོ་དང་ལྡན་

པའི་རིགས་ཀྱི་ངོ་བོ་ནི་འབྲེལ་པ་ལའོ། །འབྲེལ་པ་ཅན་གྱི་ངོ་བོས་དབེན་པའི་དོན་གྱི་བདག་ཉིད་ནི་ཚིག་གི་ཡུལ་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་གདོན་མི་ཟ་བར་ཞེས་གསུངས་སོ། །འོ་ན་དེ་དང་ལྡན་པའི་ཕྱོགས་ལས་ཁྱད་པར་གྱི་ཕྱོགས་ཀྱི་བྱེ་བྲག་ཅི་ཞེ་ན། དེ་དང་ལྡན་པའི་ཕྱོགས་ལ་ཡོད་པའི་

เล่ม ๑๙๓ · หน้า 248b

རིགས་ཀྱི་ངོ་བོར་ཡོད་པའི་སྒྲས་རྗོད་པར་བྱེད་པ་སྟེ། ཁྱད་པར་གྱི་ཕྱོགས་ལ་ནི་རྫས་ལ་སོགས་པའི་ངོ་བོར་རོ། །དེ་ལྟར་ན་དེ་རྣམས་ཁྱད་པར་གྱི་ངོ་བོར་བརྗོད་པར་བྱས་པར་འགྱུར་རོ་ཞེས་པ་བྱེ་བྲག་གོ། །དེ་ལ་ཡང་རྫས་ཉིད་ལ་སོགས་པ་རྣམས་ལ་དངོས་དང་། ཁྱད་པར་རྣམས་ལ་ཉེ་བར་

བཏགས་པའོ་ཞེས་སྔ་མ་ཁོ་ན་ལྟར་སྐྱོན་བརྗོད་པར་བྱ་བ་སྟེ། དངོས་དང་བཏགས་པའི་འཇུག་པ་ཉིད་དང་། རིགས་ཀྱིས་བརྗོད་པ་མ་ཡིན་པ་དང་། ཡོན་ཏན་གྱི་ཕན་འདོགས་པ་འགལ་བའོ། །སྲིད་པ་ལས་ཞེས་པ་རིགས་རྗོད་པར་བྱེད་པ་ན། རབ་གྱུར་འགྱུར་ཏེ། བློ་མེད་པར་ཞེས་པ་འདི་

མི་སྲིད་པའི་ཕྱིར་རོ། །འབྲེལ་པ་རྗོད་པར་བྱེད་པ་ན་ཡང་སྟེ། འདི་ཉིད་ཀྱི་ཕྱིར་སྲིད་པ་སྨོས་པའོ། །འོ་ན་སྔར་འབྲེལ་པ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བཤད་ན། དེ་ཅི་ལྟར་ད་ལྟར་ཡོད་པའི་ངོ་བོ་རྗོད་པར་བྱེད་པ་ལ་བརྟེན་པ་ཡིན། ཡང་ཅི་ལྟར་འདིར་ཐ་དད་མེད་པར་ཉེ་བར་གདགས་པ་འབྲེལ་

པའི་ཡན་ལག་ཏུ་བྱ་བ་ཡིན། སྔ་མ་ནི་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཀུན་བཤད་པའི་དོན་ཅན་ལ་སྒྲ་ཐ་དད་མེད་པར་ཉེ་བར་གདགས་པ་མི་འཐད་པའི་ཕྱིར་རྗོད་པར་མི་བྱེད་པར་བཤད་པ་སྟེ། འབྲེལ་པར་ཡང་ཡོད་པ་ཉིད་དུ་གྱུར་པ་མ་ཡིན་པ་ཁོ་ན་ཡིན་ན། དེ་ཅི་ལྟར་དེའི་

ཡོད་པ་ཉིད་དམ་ཡོད་པའི་སྒྲ་དང་ཐ་དད་མེད་པར་གདགས་པ་ཡིན། ཐ་དད་མེད་པར་གདགས་པ་མེད་ནའང་ཅི་ལས་སྔར་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་ཅི་སྟེ་ཡོད་པ་ཉིད་དང་ཐ་མི་དད་པ་ཉེ་བར་གདགས་པས་དེ་བརྗོད་པར་བྱ་ན། ཅི་ལྟར་ཡོད་པ་དང་སྦྱོར་བའི་སྒྲ་དག་གཞི་མཐུན་པ་

ཉིད་དུ་མི་འཐད་ཅེ་ན། སྐྱོན་འདི་མ་ཡིན་ཏེ། འབྲེལ་པ་རྗོད་པར་བྱེད་པར་ཁས་བླངས་ནས་སྐྱོན་འདི་བརྗོད་པའི་ཕྱིར་རོ། །གལ་ཏེ་ཡང་འབྲེལ་པ་བརྗོད་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་དེ་དང་ལྡན་པའི་ཕྱོགས་ཀྱི་སྐྱོན་འདའ་བ་མེད་དེ། རིགས་ལྡན་དང་མཚུངས་པར་ནུས་པ་ཉིད་ཀྱི་ཕྱིར་

རོ་ཞེས་བསྟན་པའི་དོན་དུ་འདི་བཤད་དོ། །དེ་ལྡན་ཡང་ཞེས་པ་ལ་སོགས་པས་འདིའི་ཕྱོགས་གཞན་ཉིད་ཁོ་ན་སེལ་བར་བྱེད་དོ། །འོ་ན་ཡང་བཤད་པ་ཞེས་པ་ལ་སོགས་པས་ཕྱོགས་གཞན་ཉིད་སྟོན་ཏོ། །འདིར་ཐ་དད་པ་དང་ཐ་མི་དད་པའི་ངོ་བོས་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་

เล่ม ๑๙๓ · หน้า 249a

ཅི་ཞེ་ན། རིགས་ལྡན་དེ་རྣམས་ཀྱི་གང་བྱེ་བྲག་མེད་པའི་ངོ་བོ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་དེ་ཁོ་ན་ཁྱད་པར་གྱི་ངོ་བོ་ལ་མ་རེག་པར་བརྗོད་པར་བྱ་བའོ། །དེ་ལྟ་ན་ཡང་ཁྱད་པར་གྱི་ཕྱོགས་ལས་ཕྱོགས་གཞན་ཁོ་ན་འདིའོ་ཞེས་སེམས་སོ། །གལ་ཏེ་དེ་ལྟ་ན་ཞེས་

པ་ལ་སོགས་པས། རིགས་དང་སྦྱོར་བའི་ཕྱོགས་དག་གི་ནང་དུ་འདི་འདུས་པའི་ཕྱིར་ཕྱོགས་གཞན་ཉིད་འགེགས་པར་བྱེད་དོ། །ཡང་ཅི་ལྟར་དེ་ལྡན་ཙམ་ཡོད་པ་ཉིད་དམ་འབྲེལ་པར་འགྱུར་ཞེ་ན་གསུངས་པ། དེ་དང་ལྡན་པ་ཙམ་ནི་ཞེས་པ་ལ་སོགས་པ། ཙམ་གྱི་སྒྲས་ཁྱད་པར་སེལ་བ་ནི།

སྤྱི་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ངོ་བོ་སྒྲའི་དོན་བརྗོད་པར་འགྱུར་རོ། །དེ་ཡང་རབ་ཏུ་འཇུག་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱ་བ་མ་ཡིན་ཞིང་། ཡོད་པ་ཉིད་དམ་འབྲེལ་པ་མ་གཏོགས་པར་གཞན་ཉེ་བར་དམིགས་པ་མ་ཡིན་ཏེ། དངོས་པོའི་རྐྱེན་ནི་དེ་ཁོ་ན་ལ་བྱས་

པའི་ཕྱིར་རོ། །འདི་ལུང་གིས་བསྟན་པའི་ཆེད་དུ་གསུངས་པ། ཚིག་སྡུད་དང་བྱེད་ལྡན་དང་དེ་ཕན་རྣམས་ལ་ཞེས་པ་ལ་སོགས་པའོ། །འབྲེལ་པ་བརྗོད་པར་བྱ་བ་ཉིད་ལ་ལུང་སྟེ། རྒྱལ་པོའི་སྐྱེས་བུ་ཉིད་འཚེད་པར་བྱེད་པ་ཉིད་ཉེ་བའི་བ་ལང་གི་བུ་ཉིད་ཅེས་པའོ། །ཚིག་སྡུད་ལ་སོགས་པ་འདི་རྣམས་

ལ་རང་དང་བདག་པོའི་དང་བྱ་བ་དང་བྱེད་པ་ཅན་གྱི་དང་བུ་རྒྱུད་དང་བུ་རྒྱུད་དང་ལྡན་པའི་འབྲེལ་པ་བརྗོད་པར་བྱ་སྟེ་རིམ་པ་ཇི་ལྟ་བར་རོ། །དེས་ན་འདིར་ཡང་ཡོད་པའི་སྒྲ་ནི་བྱེད་ལྡན་གྱི་མཐའ་ཅན་ཉིད་ཀྱི་ཕྱིར་འབྲེལ་པ་རྗོད་པར་བྱེད་པར་འགྱུར་རོ། །གཞན་རྣམས་ནི་འདི་ཁོ་ནའི་དམིགས་བསལ་

བཤད་དེ། གཞན་དུ་ཞེས་པ་ལ་སོགས་པའོ། །འདི་ཡོན་ཏན་བརྗོད་པ་ཉིད་ལ་ལུང་སྟེ་གྲགས་པས། ཚིག་སྡུད་ལས་ལྕི་རྩུབ་ཉིད་དང་། བྱེད་ལྡན་ལས་འགྲོ་བའི་ངང་ཅན་ཉིད་དང་། དེ་ཕན་ལས་ལག་ལྡན་ཉིད་དོ། །འདིར་རིགས་ཙམ་བརྗོད་ཀྱི་འབྲེལ་པ་ནི་མ་ཡིན་ནོ། །ཐ་མི་དད་

པའི་ངོ་བོའི་དེ་ཕན་ལས་དཀར་བ་ཉིད་དེ། དཀར་པོའི་སྒྲ་ནི་ལྡན་པའི་རྐྱེན་གྱི་མཐའ་ཅན་གྱིའང་རང་བཞིན་གྱིས་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་འདིར་ཡང་ཡོན་ཏན་ཁོ་ན་བརྗོད་པར་བྱ་བའོ། །མི་འཁྲུལ་བ་ཉིད་ཀྱི་འབྲེལ་པ་ལས་ནི་ཅི་ལ་ཡོད་པ་ཉིད་ཡིན། ཚིག་གི་དོན་ནི་ཡོད་པ་ཉིད་ལ་

เล่ม ๑๙๓ · หน้า 249b

འཁྲུལ་པ་ནི་མ་ཡིན་ནོ་ཞེས་པ་སྟེ། འདིར་ཡོད་པ་ཉིད་དེ་ཁོ་ན་བརྗོད་པར་བྱ་བའི་འབྲེལ་པ་ནི་མ་ཡིན་ནོ། །དེ་ལྡན་བུམ་པ་ལ་སོགས་དོན། །ཞེས་པ་ལ་སོགས་པས་ནི་དུ་མ་ལ་མི་འཇུག་པ་ཉིད་ཀྱི་གཏན་ཚིགས་གསལ་བར་བྱས་སོ། །སྤྱིའི་དོན་དེ་ཇི་ལྟ་བུ་ཞེས་པ་ནི་ཚད་མའི་འབྲས་བུའོ། །

གང་དུ་མ་ལ་འཇུག་པ་མ་ཡིན་པ་དེ་ནི་སྤྱི་མ་ཡིན་ཏེ། རང་གི་མཚན་ཉིད་བཞིན་དེ་དང་ལྡན་པ་ཡང་དེ་ལྟ་བུའོ། །ཁྱབ་པར་བྱེད་པ་མེད་པའོ། །སྤྱི་ནི་དུ་མ་ལ་འཇུག་པ་ཡིན་ནོ་ཞེས་པ་ལྡོག་པའོ། །དེ་ཡང་ཞེས་པ་ལ་སོགས་པས་གཏན་ཚིགས་ཉིད་ཀྱི་དོན་རྣམ་པར་འབྱེད་དོ། །ཅི་ལྟར་ཞེས་

པ་ལ་སོགས་པ་རྣམས་ཀྱིས་དམ་བཅའ་བའི་དོན་ཏོ། །འོ་ན་ཡང་ཞེས་པ་ལ་སོགས་པས་བསྒྲུབ་བྱ་གྲུབ་པ་ཉིད་སྨྲས་ཏེ། དེ་ལྡན་ནི་སྤྱིའི་ངོ་བོ་ཉིད་དུ་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་མི་འདོད་པ་ཉིད་སྤྱིའི་ངོ་བོ་སྒྲོ་བཏགས་པར་གསལ་བར་བྱེད་པ་གསུངས་པ། ཅིའི་དོན་དུ་ཞེས་པ་ལ་སོགས་

པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པ་གྲུབ་པ་བསྒྲུབ་བྱ་ཉིད་ཀྱི་ལན་འདེབས་སོ། །འདི་ལྟར་སེམས་ཏེ། འབྲེལ་པ་བྱ་བར་སླ་བ་ཉིད་དང་། མི་འཁྲུལ་བར་སྨྲ་བས་ཡོད་པའི་སྒྲས་སྤྱི་རྗོད་པར་བྱེད་པ་ཉིད་ལ་བརྟེན་ཏེ། ཁྱད་པར་གྱི་སྒྲ་རྣམས་དང་གཞི་མཐུན་པ་ཉིད་ཁས་བླངས་པའི་

ཕྱིར་ཡང་ངོ་། །སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་གཞི་མཐུན་པ་ཉིད་འཐད་པ་མ་ཡིན་པས་སོ། །དེ་ལྟར་ནི་སྤྱིའི་སྒྲ་ལས་ཁྱད་པར་མེད་པར་འཇུག་བཞིན་པའི་བློ་ནི་ཁྱད་པར་གྱི་སྒྲ་རྣམས་ཀྱིས་ཁྱད་པར་གཞན་རྣམས་ལ་རྣམ་པར་བཅད་ནས། ཁྱད་པར་དུ་བྱས་པའི་ཡུལ་ལ་རྣམ་པར་

འཇོག་སྟེ། དེ་སྤྱི་མེད་ན་འཐད་པ་མ་ཡིན་ནོ་ཞེས་པའོ། །འདིར་ཡང་སྤྱི་དང་དེ་ལྡན་པ་ཞེས་ཁས་ལེན་པ་ན། རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། ཡོད་པ་ཉིད་ལ་སོགས་པ་སྤྱིའི་དེ་ལྡན་ཉིད་དུ་འགྱུར་བའམ། བུམ་པ་ལ་སོགས་པ་དེ་ལྡན་གྱི་མཚུངས་པ་ཉིད་ཅེས་པའོ། །དེ་ལ་སྔ་མ་མི་

སྲིད་དོ་ཞེས་སྟོན་པ་གསུངས་པ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ཏེ། རིགས་རྣམས་ལ་རིགས་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་རྣམ་པར་རྟོག་པ་གཉིས་

เล่ม ๑๙๓ · หน้า 250a

པ་ཁས་བླང་བར་བྱའོ་ཞེས་སྟོན་པ་གསུངས་པ། དེའི་ཕྱིར་ཞེས་པ་ལ་སོགས་པའོ། །དོན་ལ་ཞེས་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་དེ་ལྡན་ལ་སྟེ་བུམ་པ་ལ་སོགས་པ་ལའོ། །དེ་ལྟར་འགྱུར་བ་སླ་སྟེ། འོ་ན་དེ་ཁོ་ན་ལའོ་ཞེ་ན། འདི་ལ་གསུངས་པ། དེ་ཡང་ཞེས་

པ་ལ་སོགས་པའོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །འབའ་ཞིག་གོ་སྨོས་པས་ནི་བརྗོད་པར་བྱ་བ་མཚུངས་པ་སེལ་བར་བྱེད་དེ། སྒྲ་ཁོ་ན་རྗོད་པར་བྱེད་པ་སྟེ། འདི་རྣམས་མཚུངས་ཀྱི་བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ཅུང་ཟད་ཀྱང་ཞེས་པའི་

དོན་ཏོ། །དེ་དང་ལྡན་པ་འགའ་ཞིག་གིས་ཀྱང་མ་ཡིན་ཞེས་བརྗོད་པར་བྱེད་པ་མཚུངས་པ་ཁོ་ནས་འདི་རྣམས་མཚུངས་ཏེ། བརྗོད་པར་བྱ་བ་དེ་ལྡན་གྱི་དངོས་པོའི་ངོ་བོ་འབའ་ཞིག་གིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཡོད་པ་ཉིད་ཀྱི་སྒྲའི་རང་གི་ངོ་བོས་དེ་ལྡན་བརྗོད་པར་བྱ་སྟེ། འབྲེལ་པ་

ཡང་ཡོད་པ་ཉིད་ཀྱི་ངོ་བོས་སོ། །དེའི་ཕྱིར་ཡོད་པ་ཉིད་དམ་འབྲེལ་པའི་བརྗོད་པར་བྱ་བས་དེ་ལྡན་དང་མཚུངས་པར་འགྱུར་རོ་ཞེ་ན་གསུངས་པ། ཡོད་པ་ཉིད་དང་སྦྱོར་བ་དག་ཀྱང་ཞེས་པ་ལ་སོགས་པ་ནི། ཁྱད་པར་རིགས་དང་དེ་སྦྱོར་ལ། །ཉེས་པ་མཚུངས་ཏེ་རྣམས་ལའང་། །ཞེས་པ་ལ་སོགས་པས་

སྔར་ཁོ་ནར་བསལ་ཟིན་ཏེ། རིགས་དང་སྦྱོར་བ་དག་དེ་ལྡན་ཉིད་དུ་རྗོད་པར་བྱེད་པའོ། །གལ་ཏེ་བུམ་པ་ལ་སོགས་པ་རྣམས་ལ་སྒྲ་མཚུངས་ཏེ། དེའི་ཚེ་སྒྲ་དེ་ཁོ་ན་སྒྲ་ཉིད་ཀྱིས་དེ་ལྡན་ནི་དེ་རྣམས་ཀྱི་སྤྱི་ཉིད་དུ་འགྱུར་ཏེ་ཞེ་ན་གསུངས་པ། རྒྱུ་མཚན་མེད་མིན་ཞེས་པ་ལ་སོགས་པ་སྟེ། སྒྲ་ནི་དེ་

རྣམས་ཀྱི་རྗོད་པར་བྱེད་པ་ཉིད་ཀྱི་འབྲེལ་པ་ཅན་ཉིད་ཡིན་ཞིང་འབྲེལ་པ་ཅན་ཉིད་དེ་ཁོ་ན་ནི་རྒྱུ་མཚན་མེད་པར་འཐད་པ་མ་ཡིན་ཏེ། གང་གི་རིགས་ཀྱི་སྒྲ་རྒྱུ་མཚན་ཅན་ཡིན་ནོ་ཞེས་ལེན་པའོ། །འདིས་ནི་རྒྱུ་མཚན་ཅན་གྱི་སྒྲ་གང་ཞིག་གི་གང་ལ་རྒྱུ་མཚན་མེད་པ་དེ་ནི་དེ་ལ་སྦྱོར་བར་འོས་པ་མ་ཡིན་

ཏེ། དབྱུག་པ་ཅན་གྱི་སྒྲ་དབྱུག་པ་དང་བྲལ་བའི་སྐྱེས་བུ་ལ་བཞིན། བུམ་པ་ལ་སོགས་པ་རྣམས་ལ་ཡང་རྒྱུ་མཚན་ཅན་རིགས་ཀྱི་སྒྲའི་རྒྱུ་མཚན་མེད་དོ་ཞེས་པ་རྒྱུ་མ་དམིགས་པ་གསུངས་སོ། །དེའི་ཕྱིར་ཡང་ཞེས་པ་ལ་སོགས་པ་ལ། གལ་ཏེ་ཡོད་པའི་སྒྲས་སྤྱི་བརྗོད་པར་བྱ་བ་ན།

เล่ม ๑๙๓ · หน้า 250b

དེ་ལས་དེ་ཁྱད་པར་དུ་བྱ་བའི་དོན་དུ་བུམ་པ་ཞེས་བརྗོད་པར་བྱའོ་ཞེས་གཞི་མཐུན་པ་ཉིད་དུ་འགྱུར་རོ། །སྤྱི་རྗོད་པར་བྱེད་པ་མེད་ན་ནི་ཅི་ཞིག་ཅིའི་ཁྱད་པར་དུ་བྱ། དེ་ལས་ཀྱང་ཁས་བླངས་པ་ཉམས་པའོ། །ཅི་སྟེ་ཡང་ཞེས་པ། སྤྱི་དང་ཁྱད་པར་གྱི་དངོས་པོ་མེད་ན་ཡང་རྣམ་པ་གཞན་དུ་ཁྱད་པར་དུ་བྱེད་པ་དང་ཁྱད་

པར་དུ་བྱ་བ་ཉིད་གཞུང་འཛུགས་པར་བྱེད་དོ། །རྫས་གཞན་ལ་འཇུག་པ་མ་ཡིན་པ་ཞེས་པ། གཞན་མ་ཡིན་པའི་རྫས་ལ་འཇུག་པའི་ཡོད་པའི་ཡོན་ཏན་བུམ་པ་ལ་སོགས་པའི་རྫས་སོ། །ཡོད་པའི་ཡོན་ཏན་ཞེས་པ་ཡོད་པ་ཉིད་ཀྱི་ཡོན་ཏན་ཅན་ཞེས་པའི་དོན་ཏེ། འདིའི་ཡོད་པ་ཉིད་ཡོན་

ཏན་ཡིན་པ་ཞེས་བྱས་ནས་སོ། །འདིས་ནི་མི་མཚུངས་པ་ཉིད་སྨྲས་སོ། །དེ་ལྟར་མཚུངས་པ་མ་ཡིན་པ་ཉིད་ཡོད་ན་ཡང་ཡོད་པའི་སྒྲ་ལས་བུམ་པ་ལ་སོགས་པ་ལ་དོགས་པ་ན། ཁྱད་པར་བྱེད་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །ཤིན་ཏུ་སྔོ་བ་ལ་སོགས་པ་བཞིན་ཏེ། ཇི་ལྟར་སྔོན་

པོའི་ཡོན་ཅན་གྱི་རྫས་ནི། ཤིན་ཏུ་སྔོན་པོ་ལ་སོགས་པའི་རྫས་གཞན་ལ་དང་། དེའི་ཡོན་ཏན་ལ་མ་ཡིན་པ་ལ་འཇུག་པ་མ་ཡིན་ཞེས་པས་དེ་སྤྱི་མ་ཡིན་ཏེ། དེ་ལྟར་ཡང་སྔོན་པོ་ཞེས་བརྗོད་པ་ན་སྔོན་པོའི་སྒྲ་ལས། གང་འདི་སྔོན་པོ་ཞེས་བརྗོད་པ་དེ་ཅི། གཉིས་ལས་ཤིན་ཏུ་སྔོ་བ་ཡིན་ནམ། ཅི་

སྟེ་མང་པོའི་ནང་ན་ཤིན་ཏུ་སྔོ་བ་ཡིན་ཞེས་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་གཉིས་ཀྱི་ནང་ནས་ཆེས་སྔོན་པོའམ་མང་པོའི་ནང་ནས་ཆེས་སྔོན་པོ་ཞེས་ཁྱད་པར་གྱི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་བ་དེ་བཞིན་དུ་ཡོད་པ་ཞེས་བརྗོད་པ་ན་ཡོད་པ་ཉིད་ནི་དོན་དུ་མ་ལ་འཇུག་པ་ཉིད་ཀྱི་ཕྱིར་ན་གང་ཡོད་པ་

འདི་ནི་ཅི་བུམ་པའམ། འོན་ཏེ་སྣམ་བུ་ཡིན་ཞེས་བུམ་པ་ལ་སོགས་པ་ལ་དོགས་པར་འགྱུར་ཏེ། དེས་ན་དེའི་སྒྲ་རྣམས་ཀྱི་ཁྱད་པར་དུ་བྱ་སྟེ། བུམ་པའམ་སྣམ་བུའོ་ཞེས་པའོ། །གལ་ཏེ་གཅིག་ལ་འང་སྔོ་སོགས་བཞིན། །ཞེས་པ་གལ་ཏེ་གཅིག་ལ་སྟེ་ཐུན་མོང་མ་ཡིན་པའི་ངོ་བོའི་

རིགས་དང་ལྡན་པའི་རྫས་ལ་ཐུན་མོང་བ་ཡོད་པ་ཉིད་འཇུག་གོ་ཞེས་པ། དེ་ལ་ཡོད་པ་ཞེས་བརྗོད་པ་ན་བུམ་པ་ལ་སོགས་པ་ལ་དོགས་པར་འགྱུར་ཏེ། དཔེར་ན་སྔོན་པོ་ཞེས་བརྗོད་པ་ན་ཤིན་ཏུ་སྔོན་པོ་ལ་སོགས་པ་ལ་དོགས་པ་བཞིན་ཏེ། དེས་ན་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་འདོད་

เล่ม ๑๙๓ · หน้า 251a

པར་བྱའོ། །དེས་ན་འདི་ཡང་ཡོད་མིན། ཅིའི་ཕྱིར་ཞེ་ན་གསུངས་པ་སྔོན་པོའི་སྒྲ་ནི་ཞེས་པ་ལ་སོགས་པ་སྟེ། སྔོན་པོའི་སྒྲ་ནི་སྔོན་པོའི་ཡོན་ཏན་ཅན་གྱི་རྫས་རྗོད་པར་བྱེད་དེ། དེ་ཡང་ཤིན་ཏུ་སྔོ་བ་ལ་སོགས་པ་རྫས་གཞན་ལ་འཇུག་པ་མ་ཡིན་ནོ། །གང་

སྔོན་པོ་ཉིད་འཇུག་པའམ། དེའི་འབྲེལ་པ་དེ་ནི་སྒྲའི་དོན་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་འདིར་ཡང་། རྒྱུ་མཚན་མེད་མིན་དེ་ཡང་འདོད། །ཅེས་པ་འདི་མཚུངས་སོ་ཞེས་པས། །དཔེ་ཅན་དང་འདྲ་བར་དཔེ་ཡང་མ་གྲུབ་པ་ཁོ་ནའོ། །ཁས་བླངས་ནའང་ཞེས་པ། གལ་ཏེ་ཡང་དཔེ་གྲུབ་པར་

གྱུར་ན། དེ་ལྟ་ན་ཡང་ཡོད་པ་ཉིད་ལ་དེ་དང་མཚུངས་པ་ཉིད་མེད་དོ། །དེ་སྟོན་ཏེ། དེ་མིན་རིགས་ལ་རིགས་མེད་ཕྱིར། །ཞེས་པ་ཡོད་པ་ཉིད་རིགས་འདི་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཡོད་པ་མ་ཡིན་ནོ་ཞེས་པས། འདི་ལྟར་རིགས་མེད་པའི་ཡོད་པའི་རིགས་ནི་རིགས་ལྡན་མ་ཡིན་ཞེས་པའོ། །

ཡོད་པ་ཉིད་ལ་བུམ་པ་ཉིད་ལ་སོགས་པའི་རིགས་ཀྱི་བྱེ་བྲག་རྣམས་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྔོན་པོའི་ཡོན་ཏན་ལ་གཉིས་ལས་ཆེས་སྔོ་བ་ལ་སོགས་པའི་བྱེ་བྲག་རྣམས་བཞིན་ཏེ། གང་ལས་བྱེ་བྲག་དེ་རྣམས་ཉེ་བར་བླངས་ནས་རྫས་ལ་འཇུག་པའོ། །དེ་ཉེ་བར་མ་བླངས་ན་ཡང་དེའི་དངོས་

པོ་ལ་ཡང་དག་པར་ཕྱོགས་པའི་ངོ་བོ་ནི་བུམ་པ་མ་ཡིན། སྣམ་བུ་མ་ཡིན་ཏེ། དེའི་ཕྱིར་ཡོད་པའི་སྒྲ་ལས་བུམ་པ་ལ་སོགས་པའི་བྱེ་བྲག་ལ་དོགས་པར་རིགས་པ་མ་ཡིན་ནོ། །སྔོན་པོའི་ཡོན་ཏན་ནི་དབྱེ་བ་དུ་མ་སྟེ། དེ་རྫས་གཅིག་ལ་ཡང་འཇུག་བཞིན་པ་ནི། རང་གི་ཁྱད་པར་རྣམས་ཉེ་

བར་བླངས་ནས་ཇི་ལྟར་མངོན་པར་སྲིད་པར་འཇུག་གོ་ཞེས་པས། དེ་རྗོད་པར་བྱེད་པའི་སྔོན་པོའི་སྒྲ་ལས་གཉིས་ནས་ཆེས་སྔོ་བ་ལ་སོགས་པ་ལ་དོགས་པར་རིགས་སོ་ཞེས་སྟོན་ཏོ། །འོ་ན་དེ་ལྟར་ཞེས་པས་རྣམ་པ་གཞན་གྱི་བྱེ་བྲག་ལ་དོགས་པ་སྲིད་པར་གསུངས་སོ། །སྒྲ་ནི་གཞན་

དབང་སྟེ། ཡོན་ཏན་ལ་ལྟོས་ནས་འཇུག་པ་ཉིད་ཀྱི་ཕྱིར། ཁྱད་པར་འཕེན་པར་ནུས་པའོ། །དོན་ནི་དགོས་པ་ཉིད་ཀྱི་ཕྱིར་གཙོ་བོའོ། །དེས་ན་རིགས་ལྡན་གྱི་དོན་ནི་ཁྱད་པར་ཐམས་ཅད་འཕངས་ནས་འཇུག་སྟེ། དེ་ལས་ཀྱང་གལ་ཏེ་ཡང་བུམ་པ་ཉིད་ལ་སོགས་པ་རྣམས་ཡོད་པའི་

เล่ม ๑๙๓ · หน้า 251b

སྒྲའི་བརྗོད་པར་བྱ་བར་མི་འགྱུར་བ་དེ་ལྟ་ན་ཡང་། ཡོད་པ་ཉིད་དང་ལྡན་པའི་དོན་གྱིས་བུམ་པ་ལ་སོགས་པ་རྣམས་འཕངས་པ་ན་ཁྱད་པར་ལ་དོགས་པར་འགྱུར་རོ། །དེའི་ཕྱིར་ཁྱད་པར་དང་ཁྱད་པར་དུ་བྱ་བ་ཉིད་མ་ཡིན་པ་མེད་དོ། །ཡང་ཅི་ལྟར་དོན་གྱིས་ཁྱད་པར་མཐའ་དག་འཕེན་ཅེ་ན་སྨྲས་

པ། དེ་ལྡན་གྱི་དོན་ནི་གདོན་མི་ཟ་བར་ཞེས་པ་ལ་སོགས་པ་སྟེ། རིགས་ལྡན་གྱི་དོན་ནི་སྒྲས་ཉེ་བར་ལེན་ཅིང་། དེ་ཡང་ངེས་པར་སྦྱོར་བ་ཁོ་ན་ལས་བུམ་པ་ཉིད་ལ་སོགས་པའི་སྤྱི་འགའ་ཞིག་དང་རྗེས་སུ་འབྲེལ་ཏེ། དེ་ལས་ཀྱང་དེའི་སྤྱིའི་དབྱེ་བ་འཕེན་པ་ན་བུམ་པ་ལ་སོགས་པའི་བྱེ་བྲག་

འཕེན་པའོ་ཞེའོ། །རྟོགས་པ་འདི་ཡང་སེལ་བར་བྱེད་པ་གསུངས་པ། དོན་གྱིས་འཕེན་ནའང་མ་ངེས་པ། །ཞེས་སོ། །དོན་གྱིས་འཕངས་པ་ནི་ཞེས་པ་ལ་སོགས་པས་དོན་གྱིས་འཕེན་པའི་རང་གི་ངོ་བོ་གསུངས་ཤིང་། དེ་མེད་པར་འདིར་བསྟན་པའི་ཆེད་དུ་དཔེར་ན་ཉིན་པར་མི་ཟ་ཞེས་ཆོས་

མི་མཐུན་པ་ཉིད་ངེས་པར་བསྟན་ཏོ། །འདིར་ནི་ཞེས་པ་ལ་སོགས་པས་ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བར་ཕྱོགས་ཆོས་ཉེ་བར་བསྟན་ཏོ། །འཕངས་པ་ཡོད་པ་མ་ཡིན་ནོ་ཞེས་པ་ཆད་མའི་འབྲས་བུའོ། །གང་དུ་དོན་གྱིས་འཕངས་པ་དེར་ནི་མ་ངེས་པ་སྟེ། འདི་ལྟ་སྟེ་ཉིན་པར་

མི་ཟའོ་ཞེས་པ་འདིར་མཚན་མོ་ཟ་བ་ལའོ། །ཡོད་པ་ཞེས་བརྗོད་པ་ན་བུམ་པ་ལ་སོགས་པ་རྣམས་ལ་ངེས་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཐེ་ཚོམ་མོ་ཞེས་པ་རང་བཞིན་འགལ་བའོ། །གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཡིན་ན། སྤྱིའི་སྒྲས་ཀྱང་རང་གི་ཁྱད་པར་མི་འཕེན་

པར་འགྱུར་ཏེ། དེ་ལས་ཀྱང་དེ་རྣམས་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །གཞི་མཐུན་པ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཡིན་ན་ཡང་། གཞི་མཐུན་པ་ཉིད་དེ་ཡང་ཐེ་ཚོམ་ཁོ་ན་ཡོད་པ་ལ་ཉེ་བར་དམིགས་ཏེ། གང་སྨྲས་པ། ཐེ་ཚོམ་འདོད་ཕྱིར་ཁྱད་པར་ནི། །རང་གི་སྤྱི་ཡི་འདོར་མ་ཡིན། །བླངས་

མིན་ཐེ་ཚོམ་སྐྱེད་པའི་ཕྱིར། །མཚུངས་ནའང་དེ་དག་དོན་གཅིག་ཉིད། །ཅེས་སོ། །གལ་ཏེ་ཡང་དོན་ལས་དོན་ངེས་པ་ཁོ་ནར་འགྱུར་ན། ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མི་འཐད་དེ། རྣམ་གྲངས་ཀྱི་སྒྲ་བཞིན་ནོ། །དེ་དག་ལས་དོན་དེས་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེའི་ཕྱིར་

เล่ม ๑๙๓ · หน้า 252a

འདི་གསལ་བར་བྱའོ། །དེ་ལ་གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཞེས་པ་ལ་སོགས་པ་གང་བརྗོད་པ་དེ་རེ་ཞིག་བསམ་པར་བྱ་སྟེ། སྒྲ་འཕེན་པ་ཡང་གཞན་ཡིན་ལ། དོན་འཕེན་པ་ཡང་གཞན་ཡིན་ཏེ། སྒྲ་འཕེན་པ་ནི་མི་གཏོང་བའི་མཚན་ཉིད་ཅན་ཏེ།

དོན་འཕེན་པ་ནི་ངེས་པའི་མཚན་ཉིད་ཅན་ནོ། །དེ་ལ་ཐེ་ཚོམ་ལས་ངེས་པའི་མཚན་ཉིད་ཅན་གྱི་དོན་འཕེན་པ་མ་ཡིན་ནོ་ཞེས་བརྗོད་པ་ན། གལ་ཏེ་འོ་ན་གང་དུ་ཐེ་ཚོམ་ཟ་བ་དེར་མི་འཕེན་པ་ཡིན་ན་སྤྱིའི་སྒྲས་ཀྱང་། རང་གི་ཁྱད་པར་འཕེན་པ་མི་གཏོང་བའི་མཚན་ཉིད་ཅན་དུ་མི་འགྱུར་རོ་ཞེས་པ་ཅིས་

ན་ཅིར་ཐལ་བར་འགྱུར། གང་བརྗོད་པ་ཡང་གཞི་མཐུན་པ་ཉིད་མེད་པའི་ཆེད་དུ་མི་འཕེན་པ་ཞེས་པ་ལ་སོགས་པ་དང་། གང་ཡང་གལ་ཏེ་ཡང་དོན་ལས་དོན་ངེས་པ་ཁོ་ནར་ཞེས་པ་ལ་སོགས་པ་བརྗོད་པ་དེ་གཉིས་ཀ་ཡང་མི་རིགས་ཏེ། ཇི་ལྟར་ཁྱད་པར་སྨྲ་བའི་ལུགས་ཀྱིས་རིགས་ཀྱི་སྒྲ་ཁོ་ནས་

ངེས་ཟིན་པའི་ཁྱད་པར་ཐམས་ཅད་ལ་ཡང་ངེས་པའི་དོན་དུ་ཁྱད་པར་གྱི་མཉན་པ་མ་སྦྱར་བ་ན། གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་བ་མ་ཡིན་པ་ཁོ་ན་བ་དེ་ལྟར་དེ་ལྡན་གྱི་ཕྱོགས་སྨྲ་བའི་ལུགས་ཀྱིས་ཀྱང་འགྱུར་རོ་ཞེས་པ་འདི་བསམས་ཟིན་ཏོ། །གལ་ཏེ་

འོ་ན་དོན་འཕེན་པ་ངེས་པའི་བདག་ཉིད་ཡིན་ན། ཅི་ལྟར་དོན་འཕངས་པའི་བུམ་པ་ལ་སོགས་པ་རྣམས་ལ་བྱེ་བྲག་རེ་བར་འགྱུར་རོ་ཞེས་པ་འདི་བརྗོད་དེ། རེ་བ་ཞེས་བྱ་བ་ནི་དེ་རྣམས་ལ་ཐེ་ཚོམ་ཟ་བའི་ངེས་པ་དོན་དུ་གཉེར་བ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དོ། །གང་ཞིག་དོན་འཕངས་པ་འདོད་པ་དེ་

ནི་རྣམ་པ་འདི་ལྟ་བུའི་རེ་བ་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བྱེ་བྲག་ངེས་པར་ར་བ་སྟེ། དེ་ཁོ་ནའི་དབང་དུ་བྱས་ནས་འདི་བརྗོད་དོ། །ཡང་ན་མཁས་པས་རྩོད་པ་འདི་ཐམས་ཅད་ཀྱི་ལན་འཆད་པར་འགྱུར་རོ་ཞེས་པས་འདི་གཞག་གོ། །དེའི་ཕྱིར་ཞེས་པ་ལ་སོགས་པས་ཇི་སྐད་བཤད་པའི་རིགས་ལ་

སོགས་པ་རྗོད་པར་བྱེད་པ་དགག་པ་ཉེ་བར་སྡུད་པས་རང་གི་ཕྱོགས་ཁོ་ན་བསྟན་པར་མཛད་དོ། །འོ་ན་ཕ་རོལ་པོའི་ཕྱོགས་བཀག་པས་རང་གི་ཕྱོགས་འགྲུབ་པ་མི་འཐོབ་སྟེ། བསལ་ཏེ་འོངས་པ་དགག་པར་ཇི་སྐད་བཤད་པ་བཞིན་ནོ་ཞེ་ན། སྐྱོན་འདི་མེད་དེ། འདི་ལ་སྔར་ཁོ་ནར། བྱས་

เล่ม ๑๙๓ · หน้า 252b

སོགས་བཞིན་དུ་རང་དོན་ལ། །གཞན་སེལ་བས་ནི་རྗོད་པར་བྱེད། །ཅེས་སྒྲ་ལས་བྱུང་བ་རྗེས་དཔག་ལས་ཐ་མི་དད་པ་ཉིད་དུ་བསྒྲུབས་ཟིན་ཏོ། །དེ་ལ་ཚད་མ་གཞན་དུ་སྨྲ་བ་རྣམས་ཀྱིས་བསྒྲུབ་པའི་སྒོ་ནས་རིགས་ལ་སོགས་པ་རྣམས་རྗོད་པར་བྱེད་དོ་ཞེས་བཤད་པ། དེ་བཀག་པ་ན་དོན་དེ་

ཁོ་ན་རྣམ་པར་གནས་པ་འབའ་ཞིག་གོ། །འཆད་པར་འགྱུར་བའི་རང་གི་ཕྱོགས་སྒྲུབ་པར་བྱེད་པ་ཐུགས་ལ་བྱས་ནས་ཀྱང་འདི་སྐད་གསུངས་སོ། །ཡང་ཅི་འདིར་སེལ་བ་ཙམ་གྱི་བརྗོད་པར་བྱ་བ་ཉིད་དུ་མངོན་པར་འབྲེལ་ལམ། འོན་ཏེ་དེའི་ཁྱད་པར་དུ་བྱས་པ་ཡིན། དེ་ལས་ཅིར་འགྱུར་ན། གལ་

ཏེ་གཞན་སེལ་བ་ཙམ་ཡིན་ན། རང་དོན་ལ། གཞན་སེལ་བ་ཡིས་རྗོད་པར་བྱེད། ཅེས་པའི་གཞུང་འགལ་ཏེ། རང་གི་དོན་ལས་ཐ་དད་པར་གཞན་སེལ་བ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན་ལས་ལྡོག་པས་རྟོགས་པར་བྱ་སྟེ། སྒྲ་ནི་དོན་གཞན་

ལས་ལྡོག་པས་ཁྱད་པར་དུ་བྱ་བའི་དངོས་པོ་རྣམས་སྨྲའོ་ཞེས་པ་ལ་སོགས་པ་བསྟན་པ་དེ་ལྡན་གྱི་ཕྱོགས་གསལ་བར་བྱེད་པ་རྣམས་འགལ་ལོ། །ཅི་སྟེ་དེས་ཀྱང་ཁྱད་པར་དུ་བྱས་པ་ཡིན་ན། དེས་ན་མཉན་པ་གཞན་སེལ་བྱེད། །ཅེས་ཉམས་ཏེ། གང་གི་ཕྱིར་གཞན་སེལ་བར་བྱེད་དོ་

ཞེས་པ་ནི་རྗོད་པར་བྱེད་དོ་ཞེས་པའི་དོན་ཏེ། ཇི་ལྟར་དགག་ཚིག་གིས་འགོག་པར་བྱེད་དོ་ཞེས་པ་འདི་ལ་བཞན་ནོ། །སྒྲའི་བྱེད་པ་གཞན་སྲིད་པ་ནི་མ་ཡིན་ནོ། །དེ་ལྡན་གྱི་ཕྱོགས་ཀྱང་ཕྱོགས་གཞན་དུ་མི་འགྱུར་ཏེ། དེའི་ཕྱིར་དེ་ལྡན་གྱི་ཕྱོགས་ལ་བརྗོད་པའི་སྐྱོན་རྣམས་འདི་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན།

སྐྱོན་འདི་མེད་དེ། གཞན་སེལ་བ་ཁོ་ན་སྒྲའི་དོན་ཡིན་པས་སོ་འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་འདི་རང་གི་དོན་ཡིན་པ་དེ་ཁོ་ན་གཞན་སེལ་བྱེད་ཅེས་འདིར་གཞན་སེལ་གྱི་སྒྲས་བརྗོད་པས་སོ། །གཞན་སེལ་བས་ནི་རྗོད་པར་བྱེད། །ཅེས་པ་འདིའི་དགོས་པ་ནི་བཤད་ཟིན་

ཏོ། །གཞན་ཡང་ཁྱད་པར་གཅིག་བསྐུལ་ན་ཡང་གཞན་ལས་ལྡོག་པ་རྟོགས་པ་ལ། རྗེས་སུ་འགྲོ་བ་དང་ལྡོག་པས་བསྐུལ་བའི་ཐ་སྙད་རྟོགས་པར་སྒྲ་རྣམས་སྟོན་ཅིང་གཞན་སེལ་བས་རྗོད་པར་བྱེད་དེ། དངོས་པོ་དེའི་ཆ་འགའ་ཞིག་དོན་གཞན་ལས་ལྡོག་པས་རྟོགས་པར་

เล่ม ๑๙๓ · หน้า 253a

བྱའོ། །སྒྲ་ནི་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་ཁོ་ནའི་དངོས་པོ་རྣམས་རྗོད་པར་བྱེད་དོ་ཞེས་པ་ལ་སོགས་པ་གསུངས་པའོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ནི་མ་ཡིན་ནོ། །འོ་ན་རྗེས་སུ་འགྲོ་བ་ཙམ་སྟོན་པ་ཁོ་ནས་སམ་ལྡོག་པ་ཙམ་སྟོན་པ་ཁོ་

ནས་སྒྲའི་ཐ་སྙད་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་གཅིག་པུ་ལ་ནི་ཡོངས་སུ་སྤང་བར་བྱ་བ་མེད་ན་འབྲས་བུ་མེད་པའི་སྟོན་པ་ཡིན་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ཡོངས་སུ་སྤང་བར་བྱ་བ་གཅིག་ལ་འགའ་ཞིག་ལ་གནས་པ་མེད་ནའོ། །ལྡོག་པ་

མེད་པ་ཅན་གྱི་རྗེས་སུ་འགྲོ་བ་ཡང་མེད་ལ་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་ལྡོག་པ་ཡང་མེད་དེ། རང་གི་དོན་རྟོགས་པར་བྱེད་པ་ནི་རྗེས་སུ་འགྲོ་བ་ཡིན་ཞིང་འདི་ནི་ལྡོག་པ་མེད་པར་སྲིད་པ་ཡང་མ་ཡིན་ནོ། །རང་གི་དོན་ལས་དོན་གཞན་རྣམ་པར་གཅོད་པ་ནི་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་པར་

བརྟག་པར་འོས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་དེ་ལས་གཞན་ཟློག་པ་དང་། གང་གི་དོན་བརྗོད་པའི་བྱ་བ་གཉིས་ནི་མེད་དེ། རང་གི་དོན་ནི་ཐ་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་ན། དེ་བརྗོད་པ་ཁོ་ན་ལས་དེ་ལས་གཞན་པ་བཟློག་པ་རྟོགས་པའི་ཕྱིར་རོ། །ཇི་ལྟར་འདི་འདིའི་སྤུན་དྲུང་ངོ་ཞེས་བརྗོད་པ་ན་

སྤུན་དྲུང་ཉིད་ནི་གཉིས་ཀར་གྱུར་པ་ཉིད་ཀྱི་ཕྱིར་ན། གཅིག་ལ་སྤུན་དྲུང་དུ་བརྗོད་ན་ཡང་། མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་ཅིག་ཤོག་ཀྱང་སྤུན་དྲུང་ཉིད་དུ་རྟོགས་པ་དེ་ལྟར་དབྱེ་བར་བྱ་བ་གཉིས་དག་ལ། དབྱེ་བ་ནི་གཉིས་ཀར་གྱུར་པ་ཉིད་ཀྱི་ཕྱིར་དབྱེ་བ་གཅིག་བསྐུལ་བ་ན་ཡང་མེད་ན་མི་

འབྱུང་བ་ཉིད་ཀྱི་ཕྱིར་དེ་གཞན་ལས་ལྡོག་པའོ། །དེའི་ཕྱིར་ཡང་གང་ཞིག་མཉན་པས་དོན་གཞན་སེལ་བར་བྱེད་ན། དེ་དགག་པ་ཁོ་ན་དོན་སྤྱད་ཟིན་པ་ཅན་ཉིད་ཀྱི་ཕྱིར་རང་གི་དོན་རྟོགས་པའི་ཆེད་དུ་སྒྲ་གཞན་བཙལ་བར་བྱའོ་ཞེས་བརྗོད་པ་དེ་ཡང་མི་འཐད་དེ། གང་གི་ཕྱིར་སྒྲ་ནི་རང་གི་དོན་

ཁོ་ན་རྟོགས་པར་བྱེད་ཅིང་། རྟོགས་པར་བྱ་བའི་དོན་དེ་ལ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དོན་གཞན་ལྡོག་པ་རྟོགས་སོ་ཞེས་པས་སོ། །དེས་ན་དེ་ལྟར་སེལ་བ་ཁོ་ན་སྒྲའི་དོན་ཏེ་འགལ་བ་ཅི་ཡང་མེད་དོ་ཞེས་པའོ། །ཡང་སྒྲའི་དོན་འདི་ཅི་ཞེ་ན། གང་བརྗོད་འདོད་ཀྱི་སྤྱིའི་རྣམ་པ་འདི་ཡིན་

เล่ม ๑๙๓ · หน้า 253b

ཏེ། དེ་ཡང་བརྗོད་འདོད་ལ་མི་འཁྲུལ་ཞེས་པས་བརྗོད་འདོད་ལ་སྒྲ་ཚད་མ་ཉིད་དུ་བཤད་དོ། །འོ་ན་སྤྱི་སྒྲའི་དོན་ཡིན་ན་དེས་ན་ཇི་ལྟར་བློའི་སྣང་བ་སྒྲའི་ཡུལ་དུ་བརྗོད་ཅེ་ན། དེ་ཁོ་ན་སྤྱིར་གཞག་པར་བྱ་སྟེ། ཅི་ལྟར་ཞེ་ན། འདིར་དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་སམ། བདག་

དང་དབང་པོ་དང་ཡིད་དང་དོན་དང་ཕྲད་པ་རྣམས་སྤྱི་མེད་པར་ཐ་དད་པ་ཡིན་ཀྱང་གཟུགས་ཀྱི་ཤེས་པ་གཅིག་སྐྱེད་པར་བྱེད་པ་ཇི་ལྟ་བ་དེ་ལྟར་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱང་། ཕན་ཚུན་རྗེས་སུ་འགྲོ་བ་མེད་ན་ཡང་རང་ཉམས་སུ་མྱོང་བའི་སྒོ་ནས་རྣམ་པར་རྟོག་པའི་བག་ཆགས་སད་པར་

བྱེད་པ་རྣམས་ཀྱིས་ཐ་མི་དད་པར་སྣང་བའི་རྣམ་པར་རྟོག་པའི་ཤེས་པ་གཅིག་སྐྱེད་པར་བྱེད་དོ། །དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཅིག་པ་ཉིད་ཀྱིས་ན། གཞན་ལས་ཐ་དད་པ་རྣམས་དང་རྣམ་པར་རྟོག་པའི་བག་ཆགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། གང་དེའི་དབང་གིས་དེ་

རྣམས་ཀྱི་དེར་སྐྱེ་བཞིན་པའི་ངོ་བོ་ཐ་དད་པ་བསྒྲིབས་ཏེ། བདག་ཉིད་ཀྱི་སྣང་བ་ཐ་མི་དད་པ་དེ་རྣམས་ལ་སྒྲོ་བཏགས་ནས། དེ་རྣམས་ངོ་བོ་ཐ་མི་དད་པ་བཞིན་དུ་རྣམ་པ་འགའ་ཞིག་གིས་སྟོན་ཏོ། །དེའི་སྣང་བ་ཐ་མི་དད་པ་གང་ཡིན་པ་ནི་ཕྱི་རོལ་བཞིན་དང་། དོན་བྱ་བ་བྱེད་པ་བཞིན་དང་། གསལ་བ་

ཐ་དད་ལ་རྗེས་སུ་འགྲོ་བ་བཞིན་ཏེ། རྟོགས་པ་པོ་འཁྲུལ་པ་རྣམས་ཀྱིས་ཕྱི་རོལ་ཉིད་དུ་ཞེན་པར་བྱས་པའོ། །བློ་ལ་ཡོངས་སུ་འཇུག་པའི་དངོས་པོ་རྣམས་ཀྱི་ཕྱི་རོལ་ལྟ་བུར་ཀུན་དུ་འཕྲོ་བ་ཉིད་དེ་ནི་རྟོགས་པ་པོས་བསམ་པའི་ངོར་སྤྱིར་རྣམ་པར་གཞག་གོ། །ད་ནི་ཅི་ལྟར་གཞན་སེལ་བའི་སྤྱི་སྒྲའི་

དོན་ནོ་ཞེས་བརྗོད་ཅེ་ན། དེ་ཁོ་ན་ནི་གཞན་སེལ་བ་ཡིན་ནོ། །ཅི་ལྟར་ཇི་ཙམ་པས་ཕྱི་རོལ་རྣམས་ཀྱི་དོན་གཞན་ལས་ལྡོག་པ་དེ་ཁོ་ན་གཞན་སེལ་བ་ཡིན་ཏེ། ལྡོག་པ་དང་གཞན་སེལ་བ་དང་དོན་གཞན་རྣམ་པར་གཅོད་པ་ཞེས་པ་ལ་སོགས་པ་རྣམས་ནི་རྣམ་གྲངས་རྣམས་ཡིན་ཞིང་། ལྡོག་པ་

ནི་ལྡོག་ལྡན་ལས་གཞན་དུ་འདོད་པ་ཡང་མ་ཡིན་ཏེ། དེས་ན་ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱི་བདག་ཉིད་ཅི་ལྟར་གཞན་སེལ་བ་ཤེས་པའི་རྣམ་པའི་རང་བཞིན་དུ་འགྱུར་ཞེ་ན་སྐྱོན་མེད་དེ། དེ་ཁོ་ན་ཉིད་དཔྱོད་པར་བྱེད་པ་འཆད་པར་བྱེད་པ་རྣམས་དེ་ལྟར་རྣམ་པར་འབྱེད་པར་བྱེད་ཀྱི་ཅིག་

เล่ม ๑๙๓ · หน้า 254a

ཤོས་རྣམས་ནི་མ་ཡིན་ཏེ། དེ་རྣམས་ནི་བློ་ལ་ཡོད་པའི་རྣམ་པ་དེ་ཁོ་ན་དོན་བྱ་བར་རུང་བ་ཡིན་པར་སེམས་ཤིང་། བརྡ་དང་ཐ་སྙད་ཀྱི་དུས་དག་ཏུ་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཉིད་དུ་ཞེ་ན། དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང་

ལས་གཞན་སེལ་བ་ཕྱི་རོལ་གྱི་དོན་གྱི་ཡུལ་ལོ་ཞེས་བརྗོད་ཀྱི། དེ་ཁོ་ན་ཉིད་སེམས་པ་ན་མཁས་པ་རྣམས་ནི་སྣང་བ་ཐ་དད་པ་ལ་སོགས་པ་རྣམས་ཀྱི་ཕྱིར་ཐ་དད་པ་མེད་པར་མི་སེམས་སོ། །གཞན་ཡང་གང་ཐ་མི་དད་པའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་རྟེན་ནི་གཞན་སེལ་བ་ཁོ་

ནའོ་ཞེས་བསྟན་པའི་ཆེད་དུ་སྒྲའི་ཡུལ་གཞན་སེལ་བའོ་ཞེས་བཤད་དེ། དེ་ནི་དངོས་པོ་རྣམས་ལ་ཡོད་པའི་ཕྱིར་དང་མི་འགལ་བའི་ཕྱིར་རོ། །མཚུངས་པའི་བློའི་རྟེན་གྱི་དངོས་པོ་ནི་གཞན་སེལ་བར་མི་འགལ་ཏེ། དེ་ལྟར་ནི་འབྲས་བུ་གཅིག་པ་ཉིད་ཀྱིས་དེའི་འབྲས་བུ་ཅན་མ་ཡིན་

པ་རྣམས་ལས་ལྡོག་པའི་ཁྱད་པར་རྣམས་ནི་རང་ཉམས་སུ་མྱོང་བའི་སྒོ་ནས་འཁྲུལ་བའི་འབྲས་བུ་ཅན་གྱི་བག་ཆགས་ཀྱི་རྒྱུ་རྣམས་སུ་འགྱུར་ཞིང་སྤྱིའི་རྣམ་པ་རྗེས་སུ་འབྲེལ་པའི་བློ་སྐྱེད་པར་བྱེད་དོ་ཞེས་པ་འདི་བསྟན་ཏོ། །འདི་ལ་སྤྱི་སྨྲ་བ་རྣམས་རྒོལ་བར་བྱེད་དེ། གལ་ཏེ་ཤིང་ནི་ཤིང་མ་ཡིན་

པ་དག་ལས་ཐ་དད་པ་ཡིན་ན། དེ་ནི་བརྡའི་དུས་སུ་ཤིང་མིན་འཛིན་པ་མེད་པར་དེ་ལྟར་གཟུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་དང་། ཤིང་མི་ཤེས་པ་ཅན་གྱིས་དེ་རྣམ་པར་གཅོད་པའི་ངོ་བོ་ཤིང་མིན་ཡང་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཤིང་མིན་ཅི་ཞིག་ཅེས་དྲིས་པ་ན་སྨྲས་པ་གང་ཤིང་མ་ཡིན་

པའོ་ཞེས་དང་། ཤིང་ཅི་ཞིག་གང་ཤིང་མིན་མ་ཡིན་པའོ་ཞེས་ཕན་ཚུན་བསྟེན་པའི་ཉེས་པ་སྟེ། འདིའི་ཕྱིར་བློ་ལ་མི་གནས་པའི་དོན་ལ་གཞན་རྣམ་པར་གཅོད་པས་བརྡ་བྱ་བར་མི་ནུས་སོ་ཞེའོ། །དེ་རྣམས་ཀྱི་སྤྱི་ལ་བརྡ་བྱེད་པ་ན་ཡང་ཤིང་མིན་རྣམ་པར་བཅད་དམ་འོན་ཏེ་མ་ཡིན།

གལ་ཏེ་རྣམ་གཅོད་ན་སྔར་ཤིང་། །འཛིན་པ་མེད་ན་ཅི་ལྟར་ཤེས། །དེའི་ཚེ་རྟོགས་པ་པོས་ཤིང་ཤེས་པ་མ་ཡིན་པས་ཏེ། ཤིང་དང་ཤིང་མིན་ཤེས་པ་ཁོ་ནའི་ཆེད་དུ། དེ་དོན་དུ་གཉེར་བ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་རོ། །མི་ཤེས་པ་དེས་ཅི་ལྟར་བརྡ་ལ་ཤིང་མིན་རྣམ་པར་གཅོད་པ་རྟོགས་

เล่ม ๑๙๓ · หน้า 254b

པར་འགྱུར། མི་རྟོགས་ན་ཡང་གཞན་རྣམ་པར་མ་བཅད་པས་བཀོད་པའི་སྒྲ་ལས། དེ་ཡོངས་སུ་སྤངས་ནས་ཐ་སྙད་ལ་འཇུག་པ་མི་རིགས་ཏེ། ཤིང་ཤ་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །གང་རྣམ་པར་མ་བཅད་པས་གང་ལ་བརྡར་བྱས་པའི་སྒྲ་ནི་དེ་ལ་དེ་ཡོངས་སུ་སྤངས་པས་

འཇུག་པ་མ་ཡིན་ཏེ། འདི་ལྟ་སྟེ། ཤིང་ཉིད་ལ་ཤིང་ཤ་པ་ལ་སོགས་པ་ཁྱད་པར་རྣམ་པར་མ་བཅད་པར་བརྡར་བྱས་པའི་ཤིང་གི་སྒྲ་ནི་དེ་ཡོངས་སུ་སྤངས་པས་འཇུག་པ་མ་ཡིན་པ་བཞིན། ཤིང་གི་སྒྲ་ཡང་ཤིང་ཉིད་ལ་ཤིང་མིན་རྣམ་པར་མ་བཅད་པས་བརྡར་བྱས་པའོ། །འགལ་

བས་ཁྱབ་པའོ། །དེ་ལྟར་འགྱུར་མོད། སྤྱི་དངོས་པོར་སྨྲ་བ་ནི། འགའ་ཞིག་རྣམ་པར་བཅད་པས་ཅུང་ཟད་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མདུན་ན་གནས་པའི་དངོས་པོ་གཅིག་ཅིག་ཡང་དག་པར་བསྟན་ནས། འདི་ཤིང་ཡིན་ཞེས་བརྡར་བྱེད་ལ་དེ་ལྟར་བརྡའི་དུས་སུ་

མཐོང་བ་ཁོ་ནའི་སྤྱིའམ་དེ་དང་འབྲེལ་པ་ཅན་ནི་ཐ་སྙད་ཀྱི་དུས་སུ་ཡང་རྟོགས་སོ་ཞེས་པས་ཐལ་བར་འགྱུར་བ་མཚུངས་པ་མ་ཡིན་ནོ་ཞེ་ན། མི་མཚུངས་པ་མ་ཡིན་ཏེ་གང་གི་ཕྱིར་གཅིག་རབ་ཏུ་བསྟན་ནས་འདི་ཤིང་ངོ་ཞེས་སྨྲ་བ་ཡང་། ངེས་པར་བཟུང་ནས་བརྡ་བྱེད་དམ། འོན་ཏེ་ངེས་

པར་མ་བཟུང་བ་ཡིན། གལ་ཏེ་འདི་ཁོ་ན་ཤིང་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ངེས་པར་བཟུང་ནས་ཡིན་ན། སྔར་ཤིང་འཛིན་པ་མེད་པས་ཤིང་མིན་ཡོངས་སུ་མི་ཤེས་པ་ནི་ཅི་ལྟར་བརྡ་ལ་དེ་ཡོངས་སུ་བཅད་པ་རྟོགས་པར་བྱེད། ཅི་སྟེ་འདི་ཡང་ཤིང་སྟེ་གཞན་ཡང་ཡིན་ནོ་ཞེས་

ངེས་པར་མ་བཟུང་བ་ཡིན་ན། ཅི་ལྟར་རྟོགས་པ་པོ་ཐ་སྙད་ཀྱི་ཚེ་གཞན་ཡོངས་སུ་སྤངས་པས་འཇུག་ཅེས་པ་སྐྱོན་དེ་ཁོ་ནའོ། །ཅི་སྟེ་མཐོང་བ་ལས་བཟློག་པ་ནི་ཤེས་པར་སླ་བའི་ཕྱིར་སྐྱོན་མེད་དེ། གཅིག་འགའ་ཞིག་མཐོང་བ་དང་ལྡན་ཞིང་གཞན་ལ་དེ་དང་མི་མཐུན་པའི་རྣམ་

པ་ཅན་གྱི་བློ་ཉམས་སུ་མྱོང་བ་ལ་ནི་བརྡའི་དུས་ན་གཟུང་བའི་དངོས་པོ་དེ་ལས། དེ་ལས་བཟློག་པའི་རྣམ་པ་ཅན་འདི་ནི་གཞན་ནོ་ཞེས་ཆོས་མི་མཐུན་པ་ཉིད་ཀྱི་ངེས་པར་འགྱུར་རོ། །དེས་ནི་འདི་ཁོ་ན་ཤིང་ངོ་ཞེས་རབ་ཏུ་རྟོགས་པར་བྱས་ཏེ། གང་ཁོ་ན་ལ་དེ་མི་སྣང་བ་དེ་ཁོ་ན་ཤིང་མ་ཡིན་པར་

เล่ม ๑๙๓ · หน้า 255a

རང་ཉིད་ཀྱིས་རྟོགས་པར་འགྱུར་རོ། །རྣམ་པར་གཅོད་པ་སྨྲ་བ་ལ་འདི་མི་སྲིད་དེ། གཅིག་ཏུ་མཐོང་བའི་ངོ་བོ་ནི་འགའ་ཞིག་ལ་ཡང་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །མངོན་སུམ་གྱི་བརྡའི་དུས་བཟུང་བ་ནི་ཕྱིས་མི་རྟོགས་པའི་ཕྱིར་ཏེ། རྟོགས་པ་ཡོད་ན་ཡང་བརྡའི་དུས་སུ་གཟུང་བའི་

ཤིང་གི་གསལ་བ་ནི་གསལ་བ་གཞན་ལ་ཡང་དེ་ཁོ་ན་འདིའོ་ཞེས་རྟོགས་པར་མི་འགྱུར་ཏེ། དེ་ལྟར་ནི་ཇི་ལྟར་བུམ་པ་དེ་ལས་མཚན་ཉིད་མི་མཐུན་པ་དེ་ལྟར་པ་ལ་ཤ་ལ་སོགས་པའི་ཁྱད་པར་ཡང་སྟེ། རྗེས་སུ་འགྲོ་བའི་ངོ་བོ་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། དེ་ལྟར་ན་འོ་ན་འདི་ན་སེལ་བ་སྨྲ་བ་ལ་ཡང་

མཚུངས་ཏེ། གང་གི་ཕྱིར་དངོས་པོ་འདི་རྣམས་ཐ་དད་ཀྱང་འགའ་ཞིག་རྣམས་ནི་ངོ་ཤེས་ལ་སོགས་པའི་འབྲས་བུ་གཅིག་རང་བཞིན་གྱིས་བྱེད་ཀྱི་གཞན་རྣམས་ནི་མ་ཡིན་ཏེ། དེ་རྣམས་མཐོང་ནས་རྟོགས་པ་པོས་འདི་རྣམས་ནི་དེའི་རྒྱུ་སྟེ་གཞན་རྣམས་ནི་མ་ཡིན་ནོ་ཞེས་བློས་རྣམ་པར་ཕྱེ་ནས་ཕུང་པོ་གཉིས་སུ་

རྣམ་པར་འཇོག་གོ། །དེ་ལ་འདི་ནི་བརྒྱུད་པས་འབྲས་བུ་གཅིག་པ་ཅན་གྱི་དངོས་པོ་ལས་སྐྱེ་བའི་ཕྱིར། ཐ་མི་དད་པའི་དོན་འཛིན་པ་ཅན་ཡང་སྟེ། དེ་ཉམས་སུ་མྱོང་བ་ལས་སྐྱེ་བའི་རང་བཞིན་ལས་ཕྱི་རོལ་གྱི་དོན་དུ་ལྷག་པར་ཞེན་པའི་ངོ་བོ་ཅན་སྤྱིའི་རྣམ་པ་དང་ལྡན་པ་ངོ་ཤེས་པ་ལ། གང་འབྲས་བུ་གཅིག་

པའི་རྒྱུ་ཉིད་ཀྱིས་རྣམ་པར་ཕྱེ་བ་རྣམས་ཕྱི་རོལ་བཞིན་དང་དོན་བྱ་བ་བྱེད་པ་བཞིན་དང་། རྗེས་སུ་འགྲོ་བ་ཅན་གྱི་ངོ་བོ་འགའ་ཞིག་གི་རྗེས་སུ་སོང་བ་བཞིན་དུ་སོ་སོར་སྣང་ངོ་། །ཕྱི་རོལ་གྱི་དོན་གྱི་རང་བཞིན་དུ་ཞེན་པར་བྱས་པ་དེ་རྣམས་རྟོགས་ནས། རྟོགས་པ་པོའི་རྣམ་པར་རྟོག་པ་རྣམས་ལ་ཐ་མི་དད་པར་

རབ་ཏུ་སྣང་བ་རྣམས་རབ་རིབ་ཅན་གྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་རང་རང་གི་སྣང་བ་ཉམས་སུ་མྱོང་ན་ཡང་གཅིག་ཉིད་དུ་ལྷག་པར་ཞེན་པའི་ཕྱིར། དེ་རྣམས་བསྟན་ནས་འདི་རྣམས་ཤིང་ངོ་ཞེས་བརྡ་བྱས་པ་ན། འཁྲུལ་པ་དེས་དེ་ལ་རྗེས་སུ་འགྲོ་བའི་ངོ་བོ་གཅིག་བཞིན་དུ་མཐོང་ནས། དེའི་

རྒྱུ་མ་ཡིན་པ་ཉིད་དུ་རྣམ་པར་ཕྱེ་བ་དེ་ལས་བཟློག་པའི་རྣམ་པ་ཅན་རྣམས་ལ་ཤིང་མིན་ཉིད་དུ་བདེ་བླག་ཏུ་ལྷག་པར་ཞེན་པར་བྱེད་དོ། །དེ་ལ་ཐ་དད་པ་མཐོང་ཡང་གང་ཞིག་མཐོང་བ་དང་མ་མཐོང་བ་དག་གིས་འདི་ཤིང་དང་ཤིང་མིན་པ་རྣམ་པར་འབྱེད་པར་བྱེད་པ་དངོས་པོ་ཐ་མི་དད་པ་བལྟར་རུང་བ་

เล่ม ๑๙๓ · หน้า 255b

གཅིག་ནི་མེད་དེ། དེ་ནི་རྣམ་པར་ཕྱེ་བས་དབྱུག་པ་དང་དབྱུག་པ་ཅན་བཞིན་དུ་མི་འཛིན་པའི་ཕྱིར་རོ། །མ་བཟུང་བ་ཡང་ཉེ་བར་མ་མཚོན་པའི་ཕྱིར་རོ། །གཅིག་ལ་མཐོང་བའི་རྣམ་པ་ཡང་གཞན་ལ་ལྟ་བར་མི་ནུས་པའི་ཕྱིར་དེ་དང་དེ་མ་ཡིན་པ་དང་ལྡན་པ་དག་ཤིང་དང་ཤིང་མ་ཡིན་པ་ཉིད་ཡིན་ན་

གསལ་བ་གཅིག་ཁོ་ན་ཤིང་ཡིན་པར་འགྱུར་རོ། །འདིར་ཡང་སེལ་བའི་རང་གི་ངོ་བོ་མི་ཤེས་པ་རྣམས་ཀྱིས་དངོས་པོ་མེད་པ་ཙམ་གཞན་སེལ་བའོ་ཞེས་སྒྲོ་བཏགས་ནས་སུན་འབྱིན་བྱེད་པར་འདོད་པས་ཕ་རོལ་པོ་རྣམས་ཀྱིས་གང་སྨྲས་པ་དེ་གཞན་སེལ་བའི་རང་གི་ངོ་བོ་ལེགས་པར་བཤད་པ་ཁོ་

ནས་གསལ་ཞིང་ཕ་རོལ་མནན་ཏེ། དེ་སེལ་བའི་ཆེད་དུ་བདག་ཉིད་ཆེན་པོ་རྣམས་ཀྱིས་སོ་ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ། །བཤད་དོ་ཞེས་པ་དོན་གྱི་རྟོགས་པར་བྱ་བའི་ཆ་ཡང་དག་པར་བསྟན་པས་གཞན་སེལ་བ་ཁོ་ན་སྒྲའི་དོན་དུ་གཞུང་འཛུགས་པར་བྱེད་དོ། །རྣམ་མང་ཞེས་པ། ཤིང་

ཤ་པ་ལ་སོགས་པའི་ཁྱད་པར་གྱིས་དང་། མེ་ཏོག་ཅན་དང་འབྲས་བུ་ཅན་ལ་སོགས་པའི་ཁྱད་པར་གྱིས་རྣམ་པ་དུ་མ་ཉིད་ན་ཡང་ཞེས་པའི་དོན་ཏོ། །བརྗོད་པར་བྱ་བ་ཞེས་པ་ཤིང་ལ་སོགས་པའི་དོན་ཏོ། །དེ་ནི་ཉིད་རྣམ་པ་དུ་མ་ཉིད་ན་ཡང་སྒྲ་ལས་རྣམ་པ་ཐམས་ཅད་རྟོགས་པ་མེད་

དོ། །རང་དང་འབྲེལ་པ་རྗེས་མཐུན་ལས། །ཞེས་པ་ལ་རང་གི་འབྲེལ་པ་ནི་མེད་ན་མི་འབྱུང་བ་ཉིད་དེ་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་ནོ། །དེ་ཡང་དེའི་སྤྱི་ལ་ལྟོས་ནས་ཡིན་གྱི་ཁྱད་པར་ལ་ལྟོས་ནས་ནི་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་གང་འདྲ་བ་རྟོགས་པར་བྱེད་པ་ཉིད་

ཀྱང་དེ་འདྲ་བ་ཁོ་ནར་རིགས་སོ། །འདི་སྐད་བཤད་པར་འགྱུར་ཏེ། སྤྱི་ལ་ལྟོས་ནས་འདིའི་འབྲེལ་པ་ཡིན་ཞིང་། སྤྱི་ཡང་རྣམ་པར་གཅོད་པའི་ངོ་བོ་ཁོ་ནར་ཇི་སྐད་བཤད་པ་བཞིན་ཏེ། ལྟོས་ནས་ཡིན་གྱི་ཁྱད་པར་ལ་གཞན་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་གཅོད་པ་ཁོ་ན་བྱེད་ཅིང་

རྟོགས་པར་བྱེད་དོ་ཞེས་པའོ། །ཅི་སྟེ་སྒྲ་ཡིས་ཆ་ཅི་ཞིག་རྟོགས་པར་བྱེད་ཅེ་ན་གསུངས་པ། སྒྲ་ཡང་དུ་མའི་ཆོས་ལྡན་པ། །ཞེས་པ་ལ་སོགས་པ་སྟེ། རང་དང་སྤྱིའི་ཆོས་རྣམས་ཀྱི་ཆོས་དུ་མའོ། །གང་གི་དོན་ནི་འདའ་མིན་པ། །ཞེས་པ་སྤྱིའི་ཆོས་ཤིང་དང་སྒྲ་ཉིད་ལ་སོགས་པ་གང་གིས་

เล่ม ๑๙๓ · หน้า 256a

འཁྲུལ་བར་བྱེད་པ་མིན་ཞིང་རྟོགས་པར་བྱེད་པ་དེ་ཉིད་ཀྱིས་ཞེས་པ་འདིས་ཆོས་དེ་ཁོ་ན་རྟོགས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཉིད་ཀྱི་སྒྲས་ནི་གང་རྣམ་པར་བཅད་པ་དེ་བསྟན་ཏོ། །སྒྲ་ཡི་ཡོན་ཏན་སོགས་ཀྱིས་མིན། །ཞེས་པ་སོགས་ཀྱི་སྒྲས་སྒྲའི་ཤེས་བྱ་ཉིད་

ལ་སོགས་པ་རྣམས་གཟུང་ངོ་། །རྟོགས་བྱེད་མ་ཡིན་པ་ཉིད་ནི་དེ་རྣམས་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་དེ་རྣམས་ནི་ཤིང་གི་དོན་མེད་ཀྱང་རོ་ལ་སོགས་པ་རྣམས་ལ་མཐོང་གི །ཤིང་གི་སྒྲ་ཉིད་ལ་སོགས་པའི་སྤྱི་ནི་མ་ཡིན་ནོ། །གལ་ཏེ་གཞན་སེལ་བ་ཙམ་ཞེས་པ་ལ་སོགས་པ་སྟེ།

འདིར་བསམ་པ་ནི་འཆད་པར་འགྱུར་བའོ། །ཅི་ལྟར་ཞེས་པ་ལ་སོགས་པ་འདི་ནི་ཚད་མའི་འབྲས་བུའོ། །དྲི་བས་བསམ་པ་བསལ་བར་བྱ་བའི་ཆེད་དུ་གསུངས་པ། ཅི་ལྟར་མི་འགྱུར་ཞེ་ན་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཐ་དད་ཅེས་པ་ལ་སོགས་པ་སྟེ། བསལ་བར་བྱ་བ་ཐ་དད་

པས་ནི་ལྷན་ཅིག་སྤྱོད་པ་ལས་དོན་ཐ་དད་པ་སྟོན་ཏོ། །འདི་ནི་གཏན་ཚིགས་ཏེ་གང་རྣམས་དོན་ཐ་དད་པ་དེ་རྣམས་ནི་གཞི་མཐུན་པ་མ་ཡིན་ཞིང་། ཁྱད་པར་དང་ཁྱད་པར་དུ་བྱ་བར་གྱུར་པ་ཡང་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན། སྔོན་པོ་དང་ཨུཏྤ་ལ་ལ་སོགས་པའི་

སྒྲ་རྣམས་ཀྱང་དེ་ལྟ་བུའོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་། བསལ་བའི་དབྱེ་བས་དོན་ཐ་དད། །དེ་ལྟ་ན་ཡང་ཁྱད་པར་ཡོད་དེ། གང་གི་ཕྱིར། རང་དོན་དབྱེ་བ་རྟོགས་ལ་རྨོངས། །སོ་སོར་ཞེས་པ་ལྷག་མའོ། །རང་གི་དོན་ནི་སྤྱི་

སྟེ། ཨུཏྤ་ལའི་སྒྲ་ནི་ཨུཏྤ་ལ་ཙམ་མོ། །དེའི་དབྱེ་བ་ནི་ཨུཏྤ་ལ་དམར་པོ་ལ་སོགས་པ་རྣམས་སོ། །སྔོན་པོ་ཙམ་སྟེ། དེའི་དབྱེ་བ་བུང་བ་ལ་སོགས་པ་རྣམས་སོ། །དེ་རྟོགས་ལ་བླུན་པ་ནི་ཐེ་ཚོམ་གྱི་རྒྱུ་རྣམས་སོ། །འདིས་ནི་སོ་སོར་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དེ། དོན་གྱིས་

གོ་བས་ལྷན་ཅིག་པ་རྣམས་ལ་ངེས་པའི་རྒྱུ་ཉིད་དུ་བྱེ་བྲག་སྨྲས་སོ། །གང་གི་ཕྱིར་འདི་ལྟར་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཕན་ཚུན་གྱི་དོན་ལ་རང་གི་དོན་གྱི་བྱེ་བྲག་ལ་སོ་སོར་ཐེ་ཚོམ་གྱི་རྒྱུ་ཉིད་དེ། ལྷན་ཅིག་ཏུ་གྱུར་པ་རྣམས་ཁོ་ན་ལ་ནི་ངེས་པའི་རྒྱུ་ཉིད་ཡིན་པ་དེའི་ཕྱིར་ཨུཏྤལ་

เล่ม ๑๙๓ · หน้า 256b

སྔོན་པོ་ཞེས་པ་བྱ་བ་དངོས་པོ་གཅིག་ལ་འབྲས་བུ་ཐ་མི་དད་པ་ཉིད་ཡིན་ཞིང་། ཁྱད་པར་དུ་བྱས་པའི་དོན་མངོན་པར་གསལ་བའི་མཚན་ཉིད་ཅན་དུ་རིགས་ཏེ། དེའི་ཕྱིར་གཅིག་འབྲས་བུ་ཐ་དད་མེད་པ་ཉིད་ཀྱི་ཕྱིར་གཞི་མཐུན་པ་ཉིད་དེ་དེའི་ཕྱིར་ཡང་ཁྱད་པར་བྱེད་པ་དང་ཁྱད་པར་བྱ་བའི་དངོས་

པོར་འཐད་དོ། །ཅི་ལྟར་བྱས་ནས་ཤེ་ན། ཨུཏྤ་ལའི་སྒྲ་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུས། རང་གི་དོན་སྤྱི་བློས་སྒྲོ་བཏགས་པ་ལ། དོན་དེ་ནི་གཞན་གྱི་རྣམ་པ་ཡོངས་སུ་མ་བཅད་པ་ཅན་ཉིད་ཀྱི་ཕྱིར་ན་རྣམ་པ་གཞན་དུ་འདོད་པ་དང་བཅས་པའི་བློས་ཡོངས་སུ་གཅད་པར་བྱ་བ་

སྟེ། གང་ཨུཏྤལ་འདི་ཅི་སྔོན་པོ་ཡིན་ནམ་འོན་ཏེ་གཞན་དམར་པོ་ལ་སོགས་པ་ཡིན་ཞེས་དེའི་ཕྱིར་དོགས་པ་གཅད་པའི་ཆེད་དུ་སྔོན་པོའི་སྒྲ་སྦྱར་བཞིན་པ་ནི་གང་ཨུཏྤ་ལ་འདི་ནི་སྔོན་པོ་སྟེ། དམར་པོ་ནི་མ་ཡིན་ནོ་ཞེས་དེ་ལ་རང་གི་དོན་ཉེ་བར་སྡུད་ཅིང་ཨུཏྤ་ལའི་དོན་ཁྱད་པར་དུ་བྱེད་དོ་ཞེས་

པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འགྱུར་རོ། །འདིར་དོན་ནི་འདི་ཡིན་ཏེ། གང་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ནི་བློ་ལ་སྣང་བའི་བདག་ཉིད་ཡིན་ཡང་ལྷག་པར་ཞེན་པས་ཕྱི་རོལ་གྱི་དོན་གྱི་རང་བཞིན་ནོ། །དེས་ན་སྒྲའི་དོན་ཐ་དད་པ་ཉེ་བར་སྡུད་པ་ན་ཡང་ཆོས་དུ་མ་རྗེས་སུ་སོང་

བ་ནི་ཐ་མི་དད་པ་ལྟར་སྣང་སྟེ། དེ་ལས་ཀྱང་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་དོན་གྱི་གཟུགས་བརྙན་བློ་ལ་གཏོད་པར་བྱེད་ཅིང་དངོས་པོ་གཅིག་ཁོ་ན་ཨུཏྤ་ལ་དང་སྔོན་པོ་ཉིད་ལ་སོགས་པའི་ཆོས་དུ་མར་རབ་ཏུ་གསལ་བར་བྱེད་དོ་ཞེས་པས། ཐ་སྙད་བྱེད་པ་པོ་

འཁྲུལ་པ་རྣམས་ཀྱིས་རྟོགས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་རྟོགས་པ་ཇི་ལྟ་བ་བཞིན་དུ་གཞི་མཐུན་པ་ཉིད་འགལ་བ་མེད་དོ། །དེ་ལྟར་བློ་ལ་ཡོད་པའི་སྒྲའི་དོན་དེ་ཁོ་ན་ནི་སྔོན་པོ་ལ་སོགས་པའི་སྒྲ་གང་རུང་ཅིག་སྦྱར་བ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་ངེས་ཀྱང་བྱེ་བྲག་གཞན་

མ་ངེས་པ་ཉིད་ཀྱི་ཕྱིར། གང་སྔོན་པོ་འདི་ཅི་གང་ཨུཏྤ་ལ་འམ། འོན་ཏེ་བུང་བ་ལ་སོགས་གཞན་ཡིན་ཞེས་པ་འདི་ལྟ་བུ་ལ་སོགས་པས་བྱེ་བྲག་གཞན་དུ་དོགས་པ་དང་བཅས་པའི་བློས་ཡོངས་སུ་གཅོད་པར་བྱེད་དེ། དེའི་ཕྱིར་དོགས་པ་གཅད་པའི་ཆེད་དུ་སྔོན་པོའི་སྒྲ་དང་ལྷན་ཅིག་ཏུ་སྦྱར་བཞིན་

เล่ม ๑๙๓ · หน้า 257a

པ་ཨུཏྤལ་ལ་སོགས་པའི་སྒྲ་སྦྱར་བཞིན་པ་རྣམས་ཨུཏྤལ་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ཅིང་། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་དངོས་པོ་ནི་ཨུཏྤལ་མ་ཡིན་པ་ལ་སོགས་པ་དོན་གཞན་ལ་རྣམ་པར་གཅོད་པར་བྱེད་དོ་ཞེས་ལྷག་པར་ཞེན་པར་བྱེད་དོ། །

དེའི་ཕྱིར་རྟོགས་པའི་ངོར་བྱས་པས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་འཐད་དོ་ཞེས་པའོ། །བསལ་བར་བྱ་བ་ཐ་དད་པ་ཡོད་ན་ཡང་ཞེས་པ་འདི་ཡང་སྔར་བཞིན་དུ་བསལ་བྱ་ཐ་དད་པས་དོན་ཐ་དད་པར་སྟོན་ཏོ། །རང་གི་དོན་གྱི་ཁྱད་པར་གསལ་བར་བྱ་བའི་དོན་དུ་ཞེས་པ། རང་གི་དོན་གྱི་ཁྱད་

པར་ནི་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱི་ནི་ཨུཏྤ་ལ་སྔོན་པོ་ལ་སོགས་པའོ། །དེ་མངོན་པར་གསལ་བའི་དོན་དུ་སྟེ། འདིས་ནི་འབྲས་བུ་ཐ་དད་མེད་པ་ཉིད་གསུངས་སོ། །འགྲེང་བ་དང་བྱ་རོག་གནས་པ་བཞིན་དུ་རང་བསལ་བའི་དོན་དུ་ཞེས་པ། སྔོན་པོའི་སྤྱི་དང་ཨུཏྤ་ལའི་སྤྱིའོ། །གཅིག་

ལ་སྡུད་པར་བྱེད་པ་རྣམས་ཞེས་པ། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་དོན་གྱི་ཁྱད་པར་ལ་ཁྱད་པར་དུ་བྱེད་པ་ཉིད་དུ་བཤད་པའི་ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་ལྷན་ཅིག་སྦྱར་བ་རྣམས་ནི་ཨུཏྤ་ལ་སྔོན་པོ་ལ་སོགས་པར་སྣང་བ། རྣམ་པར་ཤེས་པ་ལ་གཏོད་པར་བྱེད་ཅིང་། ཨུཏྤ་ལ་སྔོན་པོ་ལ་

སོགས་པའི་དོན་ལ་རང་གི་དོན་གྱི་སྤྱི་ཨུཏྤལ་སྔོན་པོ་ལ་སོགས་པ་ནི་ཁྱད་པར་དུ་བྱེད་པ་ཉིད་དུ་ཉེ་བར་སྡུད་པར་བྱེད་པ་པོ་རྣམས་རྟོགས་པ་པོ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དེ། དེའི་ཕྱིར་དེའི་རྟོགས་པའི་དབང་ལས་དེ་སྐད་དུ་བཤད་པའོ། །འགྲེང་བ་ཉིད་ནི་འགྲེང་བ་མ་ཡིན་པ་རྣམ་པར་གཅོད་

པས་བསྒྲེང་བའི་སྤྱི་རྟོགས་པར་བྱེད་ཅིང་། ཐོ་ཡོར་དང་མི་ལ་སོགས་པ་འགྲེང་བའི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། བྱ་རོག་གནས་པ་ཡང་བྱ་རོག་གི་རྟེན་དུ་མི་རུང་བའི་དངོས་པོ་རྣམ་པར་གཅོད་པས་བྱ་རོག་གནས་པར་རུང་བའི་དངོས་པོ་ཙམ་རྟོགས་པར་བྱེད་ཅིང་། དེའི་ཁྱད་པར་ཐོ་ཡོར་

དང་ཐང་ལ་སོགས་པ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཞིང་། དེ་དག་ལྷན་ཅིག་བྱས་པ་དག་ནི་སྐྱེས་བུའི་གཟུགས་མ་ཡིན་པའི་འགྲེང་བ་ཉིད་ཀྱི་བྱེ་བྲག་ལ་ངེས་པའི་རྒྱུ་ཉིད་ཀྱི་ཕྱིར་གཞི་མཐུན་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་དོན་གཅིག་ལ་སྔར་

เล่ม ๑๙๓ · หน้า 257b

བརྗོད་པའི་རྣམ་པས་དེར་འགྱུར་རོ། །དེ་ལྟར་ནི་དེ་རྣམས་ཞེས་པ་སོ་སོ་བ་ནི་རང་གི་དོན་གྱི་ཁྱད་པར་ལ་ཐེ་ཚོམ་གྱི་རྒྱུ་སྟེ། དོན་གྱིས་གོ་བས་ལྷན་ཅིག་བྱས་པ་རྣམས་ནི་ངེས་པའི་རྒྱུ་ཉིད་དུ་གསུངས་སོ། །གང་གི་ཕྱིར་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་སོ་སོ་བ་ནི་རང་གི་དོན་གྱི་བྱེ་བྲག་ལ་ཐེ་ཚོམ་

གྱི་རྒྱུ་རྣམས་ཏེ། ལྷན་ཅིག་བྱས་པ་རྣམས་ཁོ་ན་ནི་ངེས་པའི་རྒྱུ་ཡིན་པ་དེའི་ཕྱིར་ལྷན་ཅིག་པ་རྣམས་ནི་རང་གི་དོན་གྱི་ཁྱད་པར་དོན་གཅིག་གསལ་བར་བྱེད་པ་རྣམས་གཞི་མཐུན་པར་འགྱུར་རོ། །སྒྲ་གཞན་དང་ལྷན་ཅིག་པའི་གསལ་བར་བྱ་བའི་དོན་མི་སྲིད་པའི་ཕྱིར་ཡང་ཞེས་པ་ལ་སོགས་པ། སྒྲ་གཞན་སྔོན་པོའི་

སྒྲ་དང་ལྷན་ཅིག་པའི་ཨུཏྤ་ལའི་སྒྲའི་གསལ་བར་བྱ་བའི་གང་ཁྱད་པར་ཅན་གྱི་དོན་དེ་ནི་ཨུཏྤ་ལའི་སྒྲ་འབའ་ཞིག་པ་ལ་སྲིད་པ་མ་ཡིན་ནོ། །དེ་བཞིན་དུ་སྔོན་པོའི་སྒྲ་ལ་ཡང་ཨུཏྤ་ལའི་སྒྲ་དང་ལྷན་ཅིག་པའི་གསལ་བར་བྱ་བ་གང་ཡིན་པ་དེ་འབའ་ཞིག་པ་ལ་མི་སྲིད་དོ་ཞེས་པའོ། །སྒྲ་གཞན་ཉེ་བས་ཁྱད་

པར་དུ་བྱས་པའི་དོན་ལ་འཇུག་པའི་ཕྱིར་ཕན་ཚུན་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོའོ། །དཔེར་ན་འགྲེང་བ་ཉིད་དང་བྱ་རོག་གནས་པ་དག་ནི་ལྷན་ཅིག་པ་དག་ཁོ་ན་ཁྱད་པར་དུ་བྱས་པའི་དོན་རྟོགས་པར་བྱེད་པ་དག་ཡིན་པ་བཞིན་ནོ། །དོན་རྣམས་ཁོ་ནའི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོར་འཇིག་

རྟེན་ན་གྲགས་ཀྱི། སྒྲ་རྣམས་ལ་ནི་མ་ཡིན་ཏེ། དེས་ན་ཅི་ལྟར་དེ་རྣམས་ལ་དེ་ཅི་ལྟར་རྣམ་པར་གཞག་ཅེས་དོགས་པར་བྱས་ནས་གྱུར་པ་སྨོས་པ་སྟེ། གྱུར་པའི་སྒྲ་ནི་དཔེ་རྗོད་པར་བྱེད་པ་དོན་དུ་གྱུར་པ་ཁོ་ནའི་ཆོས་ཏེ། དེ་རྗོད་པར་བྱེད་པའི་སྒྲར་ཉེ་བར་གདགས་པར་བྱའོ་ཞེས་གྱུར་པའི་སྒྲའི་

དོན་ཏོ། །དེས་ན་འདིས་ནི་གཞི་མཐུན་པ་ཉིད་ཡོད་ན་ཡང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་དག་ཀྱང་བསྒྲེང་བ་དང་བྱ་རོག་གནས་པ་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་གཏན་ཚིགས་འཁྲུལ་པར་གསུངས་སོ། །འོ་ན་གཞི་གཅིག་པ་ཅན་གང་ཡིན་པ་དེ་ཞེས་པ། ཚིག་རྣམ་པར་སྦྱོར་

བའི་དུས་ན་སྔོན་པོ་ཡང་དེ་ཡིན་ལ་ཨུཏྤ་ལ་ཡང་ངོ་ཞེས་བྱེད་དེ། དེའི་ཕྱིར་དྲི་བའོ། །འདིས་ནི་གང་བརྗོད་པ་སྒྲ་གཞན་དང་ལྷན་ཅིག་པ་ཁོ་ནའི་སྒྲ་ཡིས་ཁྱད་པར་དུ་བྱས་པའི་དོན་གསལ་བར་བྱའོ་ཞེས་པ་འདི་ལ་ཁས་བླངས་པས་གནོད་པ་གསུངས་སོ། །དེ་ནི་སྔོན་པོ་འབའ་ཞིག་མིན། །ཞེས་པ་

เล่ม ๑๙๓ · หน้า 258a

སྔོན་པོ་འབའ་ཞིག་པ་བཀག་པས་སྔོན་པོའི་སྒྲ་ཙམ་གྱི་བརྗོད་པར་བྱ་བ་ཉིད་འགེགས་སོ། །དེ་བཞིན་དུ་ཨུཏྤལ་འགའ་ཞིག་ཀྱང་མ་ཡིན་ཞེས་པས་ཨུཏྤ་ལའི་སྒྲ་ཙམ་གྱི་བརྗོད་པར་བྱ་བ་ཉིད་འབའ་ཞིག་པའོ། །དེ་ལྟར་ན་སྔོན་པོའི་སྒྲ་འབའ་ཞིག་པ་དང་ཨུཏྤ་ལའི་སྒྲ་

འབའ་ཞིག་པ་གང་བརྗོད་པར་བྱ་བ་དེ་འཇིག་རྟེན་ན་སྔོན་པོ་འབའ་ཞིག་པ་དང་ཨུཏྤ་ལ་འབའ་ཞིག་པའོ་ཞེས་གྲགས་སོ། །ཡང་ཅིའི་ཕྱིར་སྔོན་པོ་དང་ཨུཏྤ་ལའི་སྒྲ་འབའ་ཞིག་པ་དག་གིས་དེ་བརྗོད་པར་བྱ་བ་མ་ཡིན་ཞེ་ན་གསུངས་པ། ཚོགས་པ་བརྗོད་བྱ་ཉིད་ཡིན་ཕྱིར། །ཞེས་པ་གང་གི་ཕྱིར་ལྷན་ཅིག་

བྱས་པ་དག་ཁོ་ནའི་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་གིས་དོན་དེ་བརྗོད་པར་བྱ་བ་སྟེ། འབའ་ཞིག་པ་དག་གིས་མ་ཡིན་པས་ཏེ། གཞན་དུ་ན་གཅིག་གིས་དོན་དེ་རྗོད་པར་བྱེད་པ་ཉིད་ན་རྣམ་གྲངས་པའི་སྒྲ་ལྟར་དེ་དག་ལྷན་ཅིག་སྦྱོར་བ་མི་འཐད་དོ། །དེས་ན་འདིས་ནི་ཚིག་རྣམ་པར་སྦྱོར་བའི་དུས་

ན་ཡང་ལྷན་ཅིག་པ་ཁོ་ནའི་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་གིས་དེ་བརྗོད་པར་བྱའོ་ཞེས་ཁས་བླངས་པའི་ཕྱིར་ཁས་བླངས་པས་གནོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །འོ་ན་འབའ་ཞིག་པ་དག་གིས་ཅི་ཞིག་རྟོགས་ཤེ་ན། ཅུང་ཟད་ཀྱང་མ་ཡིན་ནོ། །གང་གི་ཕྱིར། ཡི་གེ་བཞིན་དུ་དེ་དོན་མེད་ཡང་ཆ་

ཤས་རྣམས་ལ་དོན་མེད་པ་ཉིད་ན་ཅི་ལྟར་དེ་ཚོགས་པ་དོན་དང་ལྡན་པ་ཉིད་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །མི་མཐུན་པ་ཉེ་བར་བཀོད་པ་ཞེས་པས། དཔེ་མི་མཚུངས་པ་ཉིད་སྨྲས་སོ། །ཅི་ལྟར་མི་མཚུངས་པ་ཡིན་ཞེ་ན་སྨྲས་པ་མ་ཡིན་ཞེས་པ་ལ་སོགས་པ་སྟེ།

འདིས་ནི་ཁས་བླངས་པ་ཉམས་པ་ཉིད་སྨྲས་ཏེ། སྔོན་པོའི་སྒྲ་འབའ་ཞིག་པ་ཡང་དོན་དང་ལྡན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཡིག་ལ་དོན་འགའ་མེད་པ་སྟེ། །ཚིག་གཉིས་པ་ནི་རྟོགས་ཤེ་ན། །སྐྱོན་འདི་མེད་དེ་གང་གི་ཕྱིར། །དེ་ཡིས་བརྗོད་བྱ་ཞེས་དེར་ཡང་། །འབའ་ཞིག་ཡང་དག་

རྟོགས་པར་བྱ། །སྔོན་པོའི་སྒྲ་དེར་ཡང་དོན་གང་རྟོགས་པར་བྱ་བ་དེ་སྔོན་པོའི་སྒྲའི་བརྗོད་པར་བྱ་བའོ་ཞེས་པ་འབའ་ཞིག་པ་རྟོགས་ཀྱི། ཚོགས་པའི་དོན་ནི་སྔོན་པོའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཚོགས་པའི་དོན་གྱིས་སྟོང་པ་ཉིད་དུ་འབའ་

เล่ม ๑๙๓ · หน้า 258b

ཞིག་པ་དག་སྟོན་པ་གསུངས་པ། ཇི་ལྟར་ཁོ་ནར་ཞེས་པ་ལ་སོགས་པའོ། །གང་བཤད་པ་ཞེས་པ་ལ་སོགས་པས་ཕྱོགས་སྔ་མ་སོ་སོར་བརྗོད་ནས། དེ་ལ་ཡང་ཞེས་པ་ལ་སོགས་པས་དེའི་བརྗོད་བྱ་ཞེས་པ་ལ་སོགས་པ་ཕྱེད་ཕྱི་མའི་དོན་འཆད་དོ། །རིགས་ནི་སྔོན་པོའི་ཡོན་ཏན་དང་འཕྲོད་པ་འདུ་བ་

ཅན་གྱི་སྔོན་པོ་ཉིད་དོ། །འབའ་ཞིག་པ་སྨོས་པས་ཚོགས་པའི་དོན་གྱིས་སྟོང་པ་ཉིད་གསུངས་སོ། །སྔོན་པོའི་སྒྲས་བརྗོད་པར་བྱ་བས་ནི། གང་ལ་དེ་འཕྲོད་པ་འདུས་པ་རིགས་དང་སྦྱར་བའི་ཡོན་ཏན་ནམ། གང་ལ་སྔོན་པོའི་ཡོན་ཏན་འཕྲོད་པ་འདུས་པ་རིགས་དང་སྦྱར་བའི་ཡོན་ཏན་དང་

སྦྱར་བའི་རྫས་ཏེ། འདི་ཐམས་ཅད་ཀྱང་ཚོགས་པའི་དོན་མ་ཡིན་ནོ། །དེ་ལྟར་ན་གཉིས་ཀར་ཡང་ཚོགས་པའི་བརྗོད་པར་བྱ་བའི་དོན་གྱིས་དོན་མེད་པ་ཉིད་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་མི་མཐུན་པ་ཉེ་བར་བཀོད་པ་ཉིད་མེད་ཅིང་དམ་བཅའ་བ་ལ་ཁས་བླངས་པས་གནོད་པ་མ་ཡིན་ནོ། །དེའི་

ཕྱིར་དོན་གྱིས་སྟོང་པ་རྣམས་ཀྱིས་ཞེས་པ། ཚོགས་པའི་དོན་གྱིས་སྟོང་པ་རྣམས་ཀྱིས་སོ། །ཚོགས་པ་རྣམས་ཀྱིས་ཞེས་པ་སྔོན་པོ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །འོ་ན། བསལ་བྱའི་དབྱེ་བས་དོན་ཐ་དད། །ཅེས་པ་བརྗོད་པར་བྱ་བ་རྣམས་སོ་ཞེས་པ་ཅི་ལྟར་ཞེ་ན་གསུངས་

པ། སྒྲ་ཐ་དད་པའི་བརྗོད་པར་བྱ་བས་ཞེས་པ་ལ་སོགས་པ་སྟེ། ཐ་དད་པར་ནི་སོ་སོར་གྱུར་པ་སྟེ། འབའ་ཞིག་པ་ཞེས་པའི་ཐ་ཚིག་གོ། །འདི་སྐད་བཤད་པར་འགྱུར་ཏེ། སྔོན་པོ་ལ་སོགས་པའི་འབའ་ཞིག་པའི་སྒྲའི་བརྗོད་པར་བྱ་བའི་དོན་གྱིས་ཐ་དད་ཅེས་པ་བརྗོད་པར་བྱའི། ཚོགས་

པའི་དོན་གྱིས་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་དེ་ལྟ་ན་ཚོགས་པའི་བརྗོད་པར་བྱ་བ་ཁོ་ན་ཁྱད་པར་དུ་བྱས་པའི་དོན་ཡིན་ན། དེ་ཅི་ལྟར་གཞི་མཐུན་པ་ཉིད་དམ་ཁྱད་པར་དང་ཁྱད་པར་དུ་བྱས་པའི་དངོས་པོའི་བར་ཡིན་ཏེ། འདི་གཉིས་ཀ་ནི་ཐ་དད་པའི་རྟེན་ཅན་ཡིན་ཞིང་། ཚོགས་པ་ཡང་གཅིག་ཡིན་

ནོ་ཞེ་ན། ཡོངས་སུ་བརྟགས་ནས་སྒྲོ་བཏགས་པའི་ཆ་ཤས་ཡོད་པར་གྱུར་པའི་ཕྱིར་གཉིས་ཀ་རྣམ་པར་གཞག་པར་བྱ་སྟེ། འདི་ནི་སེལ་བའི་སྒོ་ལ་གང་འདིའི་འདི་དག་ལས་དོན་དུ་བརྟགས་པའོ་ཞེས་འཆད་པར་འགྱུར་རོ། །རྟོགས་པ་པོའི་བསམ་པའི་དབང་ལས་ཡང་ན་སྟེ། རྟོགས་པ་པོ་

เล่ม ๑๙๓ · หน้า 259a

རྣམས་ནི་ཁྱད་པར་དང་ཁྱད་པར་ཅན་གཉི་ག་ཅན་གྱི་དོན་གཅིག་ཁོ་ན་ལ་སྒྲ་གཉིས་པོ་འདི་དག་ནི་སོ་སོར་རྗོད་པར་བྱེད་པ་དག་གོ་ཞེས་སེམས་པར་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་བསམ་པའི་དབང་ལས་དེ་ལྟར་རྣམ་པར་གཞག་པར་བྱའོ། །དོན་གཞན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་

གཞན་སེལ་བ་ལས་གཞན་རིགས་ལ་སོགས་པ་བརྗོད་པར་བྱ་བར་འདོད་ནའོ། །ཡན་ལག་གི་དོན་དག་ཅེས་པ་སྔོན་པོ་ལ་སོགས་པའི་སྒྲ་འབའ་ཞིག་པའི་བརྗོད་པར་བྱ་བ་དག་གོ། །དེ་དག་གི་གཞི་ནི་ཚོགས་པའི་བརྗོད་པར་བྱ་བའི་དོན་གང་ཡིན་པའོ། །དེ་ལས་ཞེས་པ་ཡན་ལག་གི་དོན་དེ་དག་ལས་སོ། །

ཐ་དད་པར་འགྱུར་བའམ་ཐ་མི་དད་པ་ཞེས་པ་རྫས་སུ་ཡོད་པ་ལ་རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ། །དེ་ལ་ཐ་མི་དད་པའི་ཕྱོགས་ལ་སྐྱོན་ཉེ་བར་བསྟན་པའི་ཆེད་དུ་གསུངས་པ། ཚོགས་པ་གཅིག་ཉིད་ཡོད་མ་ཡིན། །ཞེས་པ་སྟེ་ཅིའི་ཕྱིར་ཞེ་ན། ཕན་ཚུན་ཁྱད་པར་མེད་ཐལ་ཕྱིར། །ཚོགས་པ་

ཅན་དག་ཕན་ཚུན་ཐ་དད་མེད་པར་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །གལ་ཏེ་ཞེས་པ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་དུ་གསུངས་པའོ། །འདི་ནི་འདིར་བསྡུས་པའི་དོན་ཏོ། །གང་ཚོགས་པ་གཅིག་ལས་གཞན་མ་ཡིན་པ་དེ་ནི་ཐ་མི་དད་པ་སྟེ། ཚོགས་པའི་རང་གི་ངོ་བོ་བཞིན། །ཡོན་ཏན་སྔོན་

པོ་དང་རིགས་ཨུཏྤ་ལ་དག་ཀྱང་ཨུཏྤ་ལ་སྔོན་པོ་ཞེས་པའི་ཚོགས་པ་གཅིག་ལས་གཞན་མ་ཡིན་ནོ། །རང་བཞིན་གྱིས་ཐལ་བར་འགྱུར་བ་སྟེ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་བཟློག་པའོ། །གང་དག་ཕན་ཚུན་ཐ་དད་པ་དེ་དག་ཨུཏྤ་ལ་སྔོན་པོ་ལས་གཞན་མ་ཡིན་པ་མ་ཡིན་ཏེ་བ་ལང་དང་རྟ་བཞིན་ཡོན་ཏན་

སྔོན་པོ་དང་རིགས་ཨུཏྤ་ལ་དག་ཀྱང་ཕན་ཚུན་ཐ་དད་པ་དག་གོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཚོགས་པ་དུ་མ་ཉིད་ཐལ་ཕྱིར། །ཞེས་པ་ཚོགས་པ་གཅིག་གི་བདག་ཉིད་ཡོད་པ་མ་ཡིན་ནོ་ཞེས་དཀྱུས་མའོ། །ཚོགས་པ་སྟེ་རིགས་དང་ཡོན་ཏན་ཚོགས་ལ་ཡན་ལག་དུ་མ་ལས་ཐ་མི་དད་པའི་ཕྱིར་དུ་

མ་ཉིད་དུ་ཐལ་བར་འགྱུར་རོ། །གང་དུ་མ་ཚོགས་པ་དེ་ནི་དངོས་པོ་བ་མ་ཡིན་གྱི། བརྟགས་པ་པ་ཁོ་ན་སྟེ་གྲོང་དྲུག་བཞིན་ནོ། །སྔོན་པོ་དང་ཨུཏྤ་ལའི་དོན་ཅན་དག་གི་ཞེས་པ་འབྲུ་མང་པོ་པ་སྟེ། སྔོན་པོ་དང་ཨུཏྤ་ལ་རྗོད་པར་བྱེད་པའི་སྒྲ་དག་གི་ཞེས་པའི་དོན་ཏོ། །གཅིག་ལ་ཡང་འཇུག་བཞིན་

เล่ม ๑๙๓ · หน้า 259b

པ་དག་ནི་ཞེས་པ་སྒྲའི་ཚོགས་པ་གཅིག་ལ་ཡན་ལག་གི་དངོས་པོས་འཇུག་བཞིན་པ་དག་ཅེས་པའི་དོན་ཏོ། །ཅི་ལས་གཞི་མཐུན་པ་ཉིད་དུ་འགྱུར་ཞེས་པ་དོན་ཐ་དད་པ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་བུམ་པ་དང་སྣམ་བུའི་སྒྲ་དག་ལ་གཞི་མཐུན་པ་ཉིད་མེད་པ་དེ་ལྟར་སྔོན་པོ་དང་ཨུཏྤ་ལའི་སྒྲ་ཚོགས་ཟིན་

པ་དག་ལ་ཡང་ངོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསལ་བར་བྱེད་དོ། །ཁྱད་པར་ནི་སྤྱིའི་ནང་དུ་འདུས་པའི་ཕྱིར་ཞེས་པ། སྔོན་པོ་ཞེས་པ་སྤྱི་སྟེ། དེའི་ཁྱད་པར་རྣམས་ནི་ཨུཏྤ་ལ་ལ་སོགས་པ་རྣམས་སོ། །དེ་རྣམས་དེར་ནང་དུ་འདུས་སོ། །སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ནི་སྤྱི་རྗོད་པར་བྱེད་པ་

དག་སྟེ། ཁྱད་པར་ནང་དུ་འདུས་ནས་འཇུག་པ་དག་གོ། །དེའི་ཕྱིར་ཁྱད་པར་རྣམས་སྤྱིའི་ནང་དུ་འདུས་པའོ་ཞེས་པས། དེ་རྣམས་ཀྱང་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་གི་དོན་རྣམས་སོ། །དེ་ལྟར་སྔོན་པོ་དང་ཨུཏྤ་ལའི་སྒྲ་གཉིས་ཀ་དག་ཀྱང་ཨུཏྤ་ལ་སྔོན་པོ་དོན་དང་ལྡན་པ་དག་གོ། །དེ་ལས་ཀྱང་

རང་གི་དོན་ཡོངས་སུ་མི་སྤོང་ན་ཡང་སྐྱོན་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་འོ་ན་སྤྱིའི་སྒྲ་ཡང་ཁྱད་པར་གྱི་དོན་ཅན་ཏེ། དེ་ཁོ་ན་ལས་ཁྱད་པར་རྟོགས་པའི་ཕྱིར་སྒྲ་གཉིས་པ་སྦྱོར་བ་སྤྱིའི་དོན་དུ་ཡིན་ཞེ་ན་སྨྲས་པ། འདྲ་བའི་ངོ་བོ་དག་ཅེས་པ་ལ་སོགས་པ་སྟེ། ངོ་བོ་གང་གིས་སྔོན་པོའི་སྒྲ་སྔོན་པོ་ཉིད་

རྗོད་པ་དེ་ཁོ་ནས་ཨུཏྤལ་སྔོན་པོ་ཡང་ངོ་། །དེའི་ཕྱིར་ངོ་བོ་མཚུངས་པ་ཉིད་ཀྱི་ཕྱིར་ཅི་འདི་སྤྱིའི་དོན་ཁོ་ནའམ་འོན་ཏེ་ཁྱད་པར་གྱི་དོན་ཡང་ཡིན་ཞེས་མི་ཤེས་ཏེ། ཁྱད་པར་གྱི་དོན་དང་ལྡན་པ་ཉིད་དུ་ཤེས་པར་བྱ་བའི་དོན་དུ་སྒྲའི་སྦྱོར་བ་གཉིས་པའོ། །འདིར་རེ་ཞིག་ཅེས་པ་ལ་སོགས་པ་སྟེ། སྔོན་པོའི་སྒྲས་

ནི་སྔོན་པོའི་རིགས་སམ། དེ་དང་སྦྱོར་བའི་ཡོན་ཏན་བརྗོད་པར་བྱའི་ཨུཏྤ་ལ་ལ་སོགས་པའི་རྫས་ཀྱི་རིགས་ནི་མ་ཡིན་པས་ཏེ། དེ་ལས་ཀྱང་ཨུཏྤལ་དམར་པོ་ལ་སོགས་པ་རྣམས་ནི་ཡོན་ཏན་སྔོན་པོའམ་དེ་ལ་འཕྲོད་པ་འདུ་བའི་སྔོན་པོ་ཉིད་ཀྱི་མ་ཡིན་ཏེ། དེས་ན་ཅི་ལྟར་སྔོན་པོའི་སྒྲའི་དོན་གྱི་ནང་དུ་ཨུཏྤལ་

སྔོན་པོ་ལ་སོགས་པ་རྣམས་འདུ་བར་འགྱུར། སྤྱིས་བརྗོད་པ་ཞེས་པས་ཐ་མི་དད་པའི་སྒྲའི་དོན་སྨྲས་སོ། །དེ་འདིས་ནི་གང་རྣམས་སྔོན་པོའི་སྒྲའི་དོན་གྱི་ཁྱད་པར་དུ་འགྱུར་བ་མ་ཡིན་པ་དེ་རྣམས་ནི་དེའི་ནང་དུ་འདུ་བ་མ་ཡིན་ཏེ། དཔེར་ན་བ་ལ་ཀ་ལ་སོགས་པ་རྣམས་བཞིན། སྔོན་པོའི་ཨུཏྤལ་ལ་

เล่ม ๑๙๓ · หน้า 260a

སོགས་པ་རྫས་ཀྱི་སྤྱིའི་ཁྱད་པར་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་མེད་པ་གསུངས་སོ། །འོ་ན་ཡང་ཞེས་པ་ལྟ་བ་གཞན་ལ་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་དོ། །སྔོན་པོའི་སྒྲས་སྔོན་པོའི་ཡོན་ཏན་ནམ་དེའི་རིགས་བརྗོད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྔོན་

པོའི་ཡོན་ཏན་དང་ལྡན་པའི་སྤྱིས་རྫས་ཡིན་ཞིང་། དེའི་ཁྱད་པར་ཡང་ཨུཏྤ་ལ་སྔོན་པོ་ལ་སོགས་པ་རྣམས་ཀྱང་ཡིན་ནོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ་ཞེ་ན། དེ་ལྟར་འགྱུར་བར་ནི་མི་རིགས་ཏེ་ཞེས་པ་ཉེ་བར་བཀོད་པ་འདི་ནི་དེ་དང་ལྡན་པའི་ཕྱོགས་ཀྱི་ལྟ་བ་ཡིན་ལ། དེ་ཡང་སྔར་བཀག་ཟིན་པ་ཁོ་ནའོ་

ཞེས་བྱས་ནས་སོ། །སྔར་བཀག་ཟིན་པ་དེ་ཁོ་ན་སྟོན་པ་གསུངས་པ། སྔར་བཤད་ཕྱིར་ཞེས་པ་ལ་སོགས་པའོ། །དེ་མི་རིགས་ཏེ་ཞེས་པ། བརྗོད་པར་བྱ་བ་ཉིད་ཀྱིས་ན་ནང་དུ་འདུས་པར་འདོད་ཅིང་། ཁྱད་པར་རྣམས་སྤྱིའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་སྲིད་པ་ཡང་མ་ཡིན་ཏེ། འདི་ལ་གཏན་ཚིགས་གསུངས་

པ། ཐེ་ཚོམ་ཟ་ཕྱིར་ཞེས་པའི་ཐེ་ཚོམ་ནི་ཞེས་པ་ལ་སོགས་པ་ནི་འདི་ཉིད་ཀྱིས་འགྲེལ་པའོ། །གང་ལས་ཐེ་ཚོམ་ཟ་བ་ཞེས་པ་ལ་སོགས་པ་ནི་རྗེས་སུ་འགྲོ་བ་ཉེ་བར་སྟོན་པའོ། །འགྱུར་དུ་ཆུག་ན་ཡང་དོན་གྱིས་ཞེས་པ་ལ་སོགས་པས་ལྡོག་པའོ། །ཤིང་ཤ་པའི་སྒྲའི་དོན་ནི་ཤིང་གི་སྤྱི་ལ་མི་འཁྲུལ་

ལོ་ཞེས་པས་ཤིང་ཤ་པའི་སྒྲ་ལས་དོན་གྱིས་ཤིང་གི་སྤྱི་རྟོགས་པར་འགྱུར་རོ། །དོན་གྱིས་ཞེས་པ་སྨས་པ་ནི་དངོས་སུ་རྗོད་པར་བྱེད་པར་མི་འདོད་པའི་ཕྱིར་རོ། །གང་ཞིག་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་དེ་ལ་ངེས་པའི་རྒྱུ་མ་ཡིན་ཏེ། དཔེར་ན་རྟག་པ་དང་མི་རྟག་པ་ཉིད་དག་ལ་གཞལ་

བྱ་ཉིད་བཞིན། སྤྱིའི་སྒྲ་ཡང་ཁྱད་པར་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་པ་རང་བཞིན་འགལ་བའོ། །འདི་ཉིད་ཀྱི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་ནི། གང་ཞིག་གང་ལ་ངེས་པའི་རྒྱུ་ཡིན་པ་དེ་ནི་དེ་ལ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། དཔེར་ན་ཁྱད་པར་གྱི་སྒྲའི་དོན་ནི་སྤྱི་ལ་བཞིན། སྤྱིའི་སྒྲ་ནི་ཁྱད་

པར་རྣམས་ལ་ངེས་པའི་རྒྱུ་མ་ཡིན་གྱི་འོ་ན་ཅི་ཞེ་ན་ཐེ་ཚོམ་གྱི་རྒྱུའོ་ཞེས་པའོ། །འོ་ན་གང་འདི་ཞེས་པ་ལ་སོགས་པ་ནི་གལ་ཏེ་ཁྱད་པར་སྤྱིའི་ནང་དུ་འདུས་པ་མ་ཡིན་ན། དེ་ཅི་ལྟར་ལུང་འདི་དང་འགལ་བ་མ་ཡིན་ཞེས་པ་བསམས་པའོ། །འདི་ཞེས་པ་ལ་སོགས་པས་ལུང་རྟོགས་པར་བྱེད་དོ། །རྣམ་

เล่ม ๑๙๓ · หน้า 260b

གྲངས་ལ་གཅིག་ལས་རྟོགས་པ་རྣམ་གྲངས་ཀྱི་སྒྲ་རྣམས་ལ་ནི་རྣམ་གྲངས་ཀྱི་སྒྲ་གཅིག་ཁོ་ན་ལས་བརྗོད་པར་འདོད་པའི་དོན་རྟོགས་པར་འགྱུར་ཏེ། དེ་ལས་ཀྱང་གཉིས་པ་སྦྱོར་བ་མེད་པ་ཁོ་ནའོ་ཞེས་པས་ཅི་ལྟར་མཐུན་པ་ཉིད་དམ་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡིན་ཞེས་པ་དགོས་

པའོ། །འོ་ན་རྣམ་གྲངས་ཀྱི་སྒྲ་དུ་མ་ལྷན་ཅིག་སྦྱར་བས་ཀྱང་དོན་གཅིག་རྟོགས་པར་བྱ་བ་བཞིན་པ་མཐོང་སྟེ། དཔེར་ན་ཁུ་བྱུག་དང་ཀོ་ཀི་ལ་བཞིན་ནོ་ཞེ་ན། གསུངས་པ། རྣམ་གྲངས་ཀྱི་སྒྲས་ནི་ཞེས་པ་ལ་སོགས་པའོ། །དེ་ལ་དོན་ངེས་པར་མ་ཤེས་པ་ལ་རྣམ་གྲངས་གཞན་སྦྱོར་བར་འགྱུར་ཏེ།

དཔེར་ན་འགའ་ཞིག་ཁུ་བྱུག་གི་སྒྲ་ལ་དོན་ངེས་པར་མ་ཤེས་པ་ལ་དེའི་དོན་རྟོགས་པའི་ཆེད་དུ་ཀོ་ཀི་ལའི་སྒྲ་བཞིན་ནོ། །དོན་དུ་མ་ཅན་ལ་ཡང་དོན་གཞན་རྣམ་པར་གཅོད་པའི་ཁྱད་པར་གྱི་དོན་རྟོགས་པའི་ཆེད་དུ་སྟེ། དཔེར་ན་ཨ་ཀྵའི་སྒྲ་ལ་བ་རུ་རའི་སྒྲ་བཞིན་ནོ། །འདིར་ནི་རྣམ་པ་འདི་ཡོད་

པ་མ་ཡིན་ཏེ། དེའི་ཕྱིར་གཉིས་པ་སྦྱོར་བ་མི་རིགས་སོ་ཞེས་པ་དགོངས་པའོ། །ཡང་ཅིའི་ཕྱིར་རྣམ་གྲངས་གཅིག་སྦྱོར་བ་ན། དེ་ལ་གཉིས་པ་མི་སྦྱོར་ཞེ་ན་གསུངས་པ། འདི་ཉིད་ནི་ཞེས་པ་ལ་སོགས་པའོ། །འདི་ནི་དོན་དང་མཐུན་པའི་མིང་སྟེ། རྣམ་གྲངས་ཀྱི་དོན་མངོན་པར་རྗོད་པར་བྱེད་

དོ་ཞེས་པ་རྣམ་གྲངས་པའོ། །དེ་ཅིག་ཅར་སྦྱོར་བ་ལ་མེད་དེ་རང་གི་རྒྱུ་མཚན་མེད་པའི་ཕྱིར་རོ། །འགྱུར་དུ་ཞེས་པ་འདི་ལས་མཚུངས་པར་བརྗོད་པ་ཁོ་ན་ཅིག་ཅར་སྦྱོར་བ་དང་འབྲེལ་ལོ་ཞེས་སྟོན་ཏོ་ཞེས་པའོ། །རྣམ་གྲངས་པ་ཉིད་ཅེས་པ་ནི་རྣམ་གྲངས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཅེས་པའི་དོན་

ཏེ། དེ་ལྟར་ན་ཡང་ཞེས་པ་ལ་སོགས་པས། གང་གི་ཕྱིར་རྣམ་གྲངས་པའི་སྒྲ་ནི་གཅིག་ཁོ་ན་བརྗོད་པའི་ཆེད་དུ་ནུས་པ་དེའི་ཕྱིར། ཨུཏྤ་ལའི་སྒྲ་དང་བཅས་པའི་གསལ་བར་བྱ་བའི་དོན་ནི་སྔོན་པོའི་སྒྲ་འབའ་ཞིག་པ་ཁོ་ནས་རྟོགས་པའི་ཕྱིར། གཅད་པར་བྱ་བ་ཉིད་མེད་དོ་ཞེས་པས་ཁྱད་པར་

དང་ཁྱད་པར་གྱི་གཞིའི་དངོས་པོ་མེད་དོ། །གཞི་མཐུན་པ་ཉིད་ནི་གཉིས་པ་སྦྱོར་བ་མེད་པ་ཁོ་ནའི་ཕྱིར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ཐ་དད་པ་ལ་ཡང་ཞེས་པ་སྐྱོན་ཞེས་འཇུག་གོ། །ཡང་ཅི་ལྟར་སྐྱོན་ཡིན་ཞེ་ན་གསུངས་པ། ཚོགས་པ་གཞན་ཉིད་དུ་བསྒྲུབ་པར་བྱ་ན་ཞེས་པ་འགྲུབ་པ་མ་ཡིན་ནོ་ཞེས་པའི་

เล่ม ๑๙๓ · หน้า 261a

དོན་ཏོ། །ཅི་ལྟར་བསྒྲུབ་པར་བྱ་བ་ཡིན་ཞེ་ན། དེ་ཞེས་པ་ལ་སོགས་པ་སྟེ། ཆ་ཤས་ཅན་དེ་ཆ་ཤས་དེ་རྣམས་སུའམ། ཆ་ཤས་དེ་རྣམས་ཚོགས་པ་དེར་མཐའ་དག་གིས་ཏེ་བདག་ཉིད་ཐབས་ཀྱིས་སམ་ཕྱོགས་གཅིག་གིས་ཏེ་ཆ་ཤས་འཇུག་པ་སྲིད་པ་མ་ཡིན་པས་སོ། །གལ་ཏེ་

ཆ་ཤས་ཅན་ཆ་ཤས་རྣམས་སུ་ཕྱོགས་གཅིག་གིས་འཇུག་ན་ཆ་ཤས་ཐུག་པ་མེད་པར་འགྱུར་ཏེ། དེ་ལྟར་ནི་ཆ་ཤས་གང་རྣམས་ཀྱིས་ཆ་ཤས་ཅན་འཕྲོད་པ་འདུ་བ་ཅན་གྱི་རྒྱུའི་ཆ་ཤས་རྣམས་ལ་འཇུག་པ་དེ་རྣམས་ལ་ཡང་ཆ་ཤས་ཀྱི་དབྱེ་བ་དེ་ཁོ་ནས་འཇུག་པར་བྱ་བས་ཏེ། སླར་ཡང་དེ་རྣམས་ལ་ཡང་དེ་

བཞིན་ནོ་ཞེས་པས་ཐུག་པ་མེད་པའོ། །དེ་འཇུག་པ་ན་ཡང་ཆ་ཤས་ཅན་འཇུག་པ་ཡོད་པ་མ་ཡིན་ཏེ། དེ་རྣམས་ལ་ཆ་ཤས་ཅན་མེད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མཐའ་དག་གིས་འཇུག་ན་དེའི་ཚེ་ཡན་ལག་ཅན་མང་པོ་ཉིད་དུ་ཐལ་བར་འགྱུར་ཏེ། ཆ་ཤས་རྣམས་མང་པོ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་སུ་ཡང་སོ་

སོར་བདག་ཉིད་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །ཡུལ་ཕྱོགས་ཐ་མི་དད་པ་ཅན་ཉིད་ཀྱི་ཕྱིར་ཡང་ཡན་ལག་ཅན་གྱིས་ཡན་ལག་རྣམས་ཐམས་ཅད་ཡང་དག་པར་སྦྱར་བའི་ཡུལ་ཕྱོགས་ཀྱིས་ཡུལ་ཕྱོགས་ཐ་མི་དད་པ་ཅན་རྣམས་སུ་འགྱུར་རོ། །ཅི་སྟེ་ཐ་མི་དད་པའི་ཡུལ་ཅན་དུ་འདོད་ན། དེ་

ལྟ་ན་འོ་ན་ཆ་ཤས་ཅན་རྫས་གཅིག་ཏུ་འགྱུར་རོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་མཐའ་དག་གི་འཇུག་པའི་སྐྱོན་རྣམས་ནི་དེ་རྣམས་ལ་ཡང་ངོ་། །དེ་ལ་གལ་ཏེ་བདག་ཉིད་ཐམས་ཅད་ལ་ཡན་ལག་ཅན་ཁྱབ་པར་བྱས་ནས་འཇུག་ན། དེ་ལས་དེ་ནི་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར། ཐམས་ཅད་ཀྱི་ཡུལ་ཕྱོགས་

གཅིག་ཉིད་དེ། དེ་ལས་ཀྱང་གང་དུ་ལག་པ་ཡིན་པ་དེར་རྐང་པ་ལ་སོགས་པ་རྣམས་ཀྱང་ངོ་ཞེས་པས་འདྲེས་མཐོང་བར་ཐལ་བར་འགྱུར་ཏེ། རྣམ་པར་ཕྱེ་བས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་ཡུལ་ཕྱོགས་གཅིག་ལ་འཇུག་ན་དེ་ཁོ་ན་ཆ་ཤས་ཐུག་པ་མེད་པ་སྟེ། ཕྱོགས་གཅིག་པ་གང་རྣམས་སུ་ཆ་

ཤས་པ་རྣམས་འཇུག་པ་དེ་ཉིད་ཀྱིས་ཀྱང་གཞན་རྣམས་སུ་འཇུག་པར་བྱ་ཞིང་དེ་རྣམས་ཀྱིས་ཀྱང་དེ་བཞིན་ནོ་ཞེས་པ་ཐུག་པ་མེད་པའོ། །གང་སྔོན་པོ་ཡིན་པ་དེ་ཨུཏྤ་ལ་མ་ཡིན་པར་འགྱུར་ཞིང་། གང་ཡང་ཨུཏྤ་ལ་ཡིན་ན་དེ་སྔོན་པོ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་འདི་ལྟར་མཐའ་

เล่ม ๑๙๓ · หน้า 261b

དག་ཉིད་ཀྱིས་སམ་ཕྱོགས་གཅིག་གིས་འཇུག་པ་སྲིད་པ་མ་ཡིན་པ་དེའི་ཕྱིར་ཆ་ཤས་ལས་ཐ་དད་པའི་ཚོགས་པ་འགྲུབ་པ་མ་ཡིན་ནོ། །དེ་ནི་དོན་དག་གི་འགྱུར་བ་འམ་ཞེས་པ། དེ་ཞེས་པ་གཉི་ག་དང་སྦྲེལ་བར་བྱའོ། །གལ་ཏེའང་དོན་གཅིག་ལ་འཇུག་ཉིད། །ཅེས་པ་འདི་གལ་ཏེ་ཡང་ཞེས་པ་ལ་སོགས་

པས་འཆད་པར་བྱེད་དོ། །རྫས་གཅིག་ལ་གཉིས་ཀ་ཡང་འཕྲོད་པ་འདུ་བའི་ཕྱིར་རིགས་དང་ཡོན་ཏན་དག་གི་གཞི་མཐུན་པ་ཉིད་འཐད་ན་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ཕན་ཚུན་འབྲེལ་པ་མེད་པ་

གསུངས་སོ། །འདི་ཡང་། སྤྱི་དང་ཁྱད་པར་ཉིད་མ་ཡིན་ཞེས་པ་འདིའི་འབྲེལ་པའོ། །གང་རྣམས་ཕན་ཚུན་འབྲེལ་པ་མེད་པ་དེ་རྣམས་ནི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་རིགས་དང་ཡོན་ཏན་དག་ཀྱང་ཕན་ཚུན་འབྲེལ་པ་མེད་དོ། །

ཁྱབ་པར་བྱེད་པ་མེད་པའོ། །རྫས་དག་གཞན་དུ་མི་འཇུག་པའི་ཕྱིར་ཞེས་པ། གང་གི་ཕྱིར་རིགས་དང་ཡོན་ཏན་དག་གིས་ཁྱད་པར་དུ་བྱས་པའི་རྫས་དག་ནི་གང་ལ་དེ་དག་འཇུག་པར་འགྱུར་བ་གཞན་ལ་རག་ལས་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གཅིག་ལ་འཇུག་པ་མེད་པའི་ཕྱིར། ཕྱོགས་

དང་ནམ་མཁའ་དག་བཞིན་དུ་གཞི་མཐུན་པ་ཉིད་མེད་དོ་ཞེས་པ་ཁྱབ་པར་བྱེད་པ་མེད་པ་ཉིད་གསལ་བར་བྱེད་དོ། །ཡང་ཅིའི་ཕྱིར་དེ་ལྡན་དག་གི་ཞེས་བརྗོད་པར་བྱ་ཞེ་ན། ཅི་ཙམ་གྱིས་རྫས་གཅིག་ཡིན་པ་དེ་གཉི་གའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པ་ཡིན་ཏེ། གཅིག་ཀྱང་ཡོན་ཏན་ཐ་དད་པ་ལ་བརྟེན་ནས་

དེ་སྐད་བཤད་དོ་ཞེས་པས་སྐྱོན་མེད་དོ། །གཉི་གའམ་གཅིག་ལ་ནི་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་པ། སྔོན་པོའི་རྫས་བུང་བ་ལ་སོགས་པ་ལ་དང་། ཨུཏྤལའི་རྫས་ལ་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡོད་པ་མ་ཡིན་པས་ཏེ། དེའི་ཕྱིར་འདི་དག་ལ་ཁྱད་པར་

དང་ཁྱད་པར་དུ་བྱ་བ་མེད་དོ། །རིགས་གཉིས་བཞིན་ནོ། །གཅིག་ལ་ནི་གང་དུ་རིགས་དང་ཡོན་ཏན་དག་ལྷན་ཅིག་འཇུག་པ་དེ་ཁོ་ན་དེའི་སྤྱིའམ་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་པས་ཏེ། དེའི་ཕྱིར་འདི་ལ་ཡང་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་མེད་དེ། དཔེར་ན་བུམ་པ་གཅིག་བཞིན་ནོ། །

เล่ม ๑๙๓ · หน้า 262a

ཤིན་ཏུ་ཐ་དད་པ་དག་ནི་ཞེས་པ། སྤྱི་དང་ཁྱད་པར་དག་ལ་ཐ་དད་པ་ཡོད་པ་ཉིད་དེ། དེ་དང་མ་ཡིན་པའི་ཡུལ་ཉིད་ཀྱིས་ཏེ། ཤིན་ཏུ་ནི་མ་ཡིན་ནོ། །དེས་ན་ད་རྣམ་པར་གཅད་པའི་ཆེད་དུ་ཤིན་ཏུ་སྨོས་སོ། །དེ་ལྟ་ན་ཡང་བ་ལང་དང་རྟའི་སྒྲ་བཞིན་དུ་གཞི་མཐུན་པ་ཉིད་མི་

འཐད་དོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་རིགས་དང་ཡོན་ཏན་རྗོད་པར་བྱེད་པའི་སྒྲ་དག་ལ་འཐད་པ་མ་ཡིན་ཏེ། དེ་དག་གི་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ནི་དོན་གྱི་སྒོ་ཅན་ཡིན་ན། དེ་དག་གི་དོན་རིགས་དང་ཡོན་ཏན་དག་ལ་མངོན་པར་འབྲེལ་པ་ཅི་ཡང་མེད་པའོ། །

དེ་ལས་ཀྱང་བ་ལང་དང་རྟ་ལ་སོགས་པའི་སྒྲའི་དཔེས་ཁྱབ་པར་བྱེད་པ་མེད་པར་སྦྱར་བར་བྱའོ། །འདྲ་དང་མི་འདྲར་ཐལ་བར་འགྱུར། །ཞེས་པ་ལ། འདྲ་བའི་སྒྲ་ནི་འདིར་གཅིག་གི་རྣམ་གྲངས་ཏེ་གཅིག་པའམ་གཅིག་མ་ཡིན་པ་ཅན་གྱི་གཞི་ཅན་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལས་

ཀྱང་གཞི་མཐུན་པ་ཉིད་མེད་པ་སྟེ། གཞི་མཐུན་པ་ཁོ་ནར་འགྱུར་བ་མ་ཡིན་ནོ་ཞེས་བྱས་ནས་སོ། །མི་འདྲ་བརྗོད་འདོད་མིན་ཞེ་ན། །ཞེས་པ་གཞི་མཐུན་ཞིང་མི་མཐུན་པ་སྲིད་ན། གཞི་མཐུན་པ་ཅན་ལ་བརྟེན་ནས་གཞི་མཐུན་པར་བརྗོད་པར་བྱ་ཞིང་། བསྒྲུབ་པས་གཞི་མཐུན་པ་ཉིད་དུ་བརྗོད་པའི་ཕྱིར་ན་གཞི་

ཐ་དད་པ་དགག་པར་མི་བྱེད་ཀྱི་འོ་ན་ཅི་ཞེ་ན་ཐ་མི་དད་པ་བསྒྲུབ་པར་བྱའོ། །དེས་ན་དེ་སྲིད་ཙམ་བརྗོད་པར་འདོད་པས་འདྲ་བ་ཉིད་དེ། དེ་སྲིད་ལ་བརྟེན་ནས་གཞི་མཐུན་པ་ཉིད་དུ་འགྱུར་རོ། །གང་དངོས་པོ་ལས་འབྲེལ་པ་ཅན་དུ་བྱས་པའི་ཐ་དད་པ་དེ་ནི་བརྗོད་པར་འདོད་པས་ཉེ་བར་མ་བཞག་པ་ཉིད་ཀྱི་ཕྱིར་ན་

གཞི་ཐ་མི་དད་པ་ཉིད་ཀྱི་ཆེད་དུ་བརྟག་པར་བྱ་བ་མ་ཡིན་ནོ་ཞེས་པ་ཕ་རོལ་པོའི་བསམ་པ་འདི་གསལ་བར་བྱེད་དོ། །གང་དུ་ཡང་ཞེས་པ་ལ་སོགས་པས་སེལ་བའི་ཕྱོགས་ལ་ཡང་རིགས་པ་འདི་ལ་བརྟེན་པར་བྱའོ་ཞེས་སྟོན་པར་བྱེད་དེ། །བློ་རྣམ་པ་མཚུངས་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པ། གཞི་འདྲ་

བར་སྣང་བའི་བློའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །འདི་སྐད་བརྗོད་པར་འགྱུར་ཏེ། དེར་ཡང་མེ་ཏོག་ཁ་ཟུམ་པ་ལ་སོགས་པའི་ཁྱད་པར་རྣམས་བརྗོད་པར་འདོད་ན། གང་ཐ་མི་དད་པའི་རྣམ་པ་ཅན་གྱི་བློ་སྒྲས་ཉེ་བར་སྐྱེད་པར་སྟོན་ཅིང་། དེ་ཙམ་ལ་བརྟེན་ནས་ཁྱོད་ཀྱིས་ཀྱང་གཞི་མཐུན་པ་

เล่ม ๑๙๓ · หน้า 262b

ཉིད་རྣམ་པར་གཞག་པར་བྱའོ་ཞེས་པའོ། །གཉིས་ཀ་རྣམ་པར་བསལ་བས་རྗེས་སུ་བཟུང་ན་ཞེས་པའོ། །གཉིས་ཀ་རྣམ་པར་བསལ་བ་ནི་སྔོན་པོ་མ་ཡིན་པ་དང་ཨུཏྤལ་མ་ཡིན་པ་ལས་ལྡོག་པའོ། །དེ་ཡང་ལྡོག་པ་དང་ལྡན་པ་ལ་དོན་དམ་པར་གཞན་མ་ཡིན་ནོ་ཞེས་པས། དེ་ཁོ་ན་སྔོན་པོ་མ་ཡིན་པ་

དང་ཨུཏྤ་ལ་མ་ཡིན་པ་ལས་ལོག་པ་ཨུཏྤལ་སྔོན་པོ་ཞེས་བྱ་བ་སྔོན་པོའི་དེ་ཉིད་དུ་བརྗོད་པར་བྱའོ། །དེས་རྗེས་སུ་བཟུང་ཞིང་ཕན་བཏགས་པ་ནི། ཡང་བློ་ལ་ཡོད་པའི་སྒྲའི་དོན་དེའི་ཉེ་བར་སྐྱེད་པར་བྱེད་པ་ཁོ་ན་སྟེ། དེ་ཁོ་ན་ལ་ཨུཏྤ་ལ་སྔོན་པོའི་སྒྲའི་བྱ་བ་ཡིན་གྱི། མེ་ཏོག་ཁ་མ་བྱེ་བ་ལ་སོགས་པ་རྣམ་

པར་བསལ་བས་རྗེས་སུ་གཟུང་བ་ལ་ནི་མ་ཡིན་ནོ་ཞེས་པས་དེ་ཙམ་ཁོ་ན་བརྗོད་པར་འདོད་པ་རིགས་ཀྱི་གཞན་མེ་ཏོག་ཁ་མ་བྱེ་བ་ལ་སོགས་པ་རྣམས་ནི་མ་ཡིན་ནོ། །འབྲེལ་པ་ཅན་དུ་བྱས་པ་དག་ནི་ཞེས་པ་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ནི་སྔོན་པོའི་ཡོན་ཏན་དང་ཨུཏྤ་ལའི་རིགས་དག་གིས་རྣམ་པར་བཅད་པ་

ཁོ་ནའི་དངོས་པོ་ལ་དེའི་རྒྱུ་མཚན་ཅན་དག་འཇུག་གོ། །དེ་ལ་གལ་ཏེ་ཁྱད་པར་དུ་བྱེད་པས་བྱས་པའི་ཁྱད་པར་བརྗོད་པར་འདོད་པ་མ་ཡིན་ན། དོན་མེད་པའི་ངོ་བོའི་དངོས་པོ་དེ་ཅི་ལྟར་བརྗོད་པར་བྱ་བ་ཡིན། དངོས་པོར་ན་རང་ཉིད་ལས་སྔོན་པོ་དང་། ཨུཏྤལ་ལ་སོགས་པའི་རང་བཞིན་ཉིད་དུ་འགྱུར་བ་ནི་མ་

ཡིན་པས་སོ་ཞེས་པས་ཐ་སྙད་དུ་མི་བྱ་བ་ཁོ་ནར་འགྱུར་རོ། །རྟ་དང་བ་ལང་སོགས་མཚུངས་ཉིད། །ཅེས་པས་གལ་ཏེ་སྒྲའི་ཡུལ་དུ་བྱས་པའི་ཡང་ཁྱད་པར་བརྗོད་པར་མི་འདོད་ན། བ་ལང་ངོ་རྟའོ་ཞེས་པ་འདིར་ཡང་མཚུངས་པ་ཉིད་དུ་འགྱུར་རོ། །བརྗོད་པར་བྱ་བ་མ་ཡིན་ཉིད་དུ་ཞེས་པ། གང་དེ་

སྤྱི་དང་ཁྱད་པར་དང་བྲལ་བའི་དངོས་པོ་ཙམ་དེ་སྒྲ་རྣམས་ཀྱི་ཡུལ་མ་ཡིན་པ་ཁོ་ན་སྟེ། འདྲེས་པའི་ཚིག་གི་དོན་གྱིས་ཉེ་བར་བསྒྲུབས་པའི་དངོས་པོའི་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་བ་ལང་དང་རྟ་ནི་མཚུངས་པ་ཉིད་དེ་ཁྱད་པར་མེད་པ་ཉིད་དུ་འགྱུར་ཞིང་། ཨུཏྤལ་སྔོན་

པོ་ལ་སོགས་པ་བཞིན་དུ་གཞི་མཐུན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །འདི་ལྟར་དགོངས་ཏེ། ཨུཏྤ་ལ་སྔོན་པོ་ཞེས་པས་འདིར་ཡང་བརྗོད་པར་བྱ་བ་གཅིག་པུ་ཅུང་ཟད་ཀྱང་མེད་དེ། སྔོན་པོའི་ཡོན་ཏན་དང་ཨུཏྤ་ལའི་རིགས་ཡང་དག་པར་སྦྱར་བས་ཐོབ་པའི་ངོ་བོའི་ཁྱད་པར་ལས་

เล่ม ๑๙๓ · หน้า 263a

ཐ་དད་པར་ཨུཏྤལ་སྔོན་པོའི་ངོ་བོ་གཞན་མེད་པའི་ཕྱིར་རོ། །དེ་ལས་དེར་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་དངོས་པོ་མཚུངས་པ་ཁོ་ན་གཞི་མཐུན་པ་ཉིད་ཀྱི་རྒྱུ་སྟེ། དེ་ནི་བ་ལང་དང་རྟ་ལ་ཡང་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཁྱད་པར་མེད་པའོ་ཞེས་པས་གཞི་

མཐུན་པ་ཉིད་འཐོབ་པའོ་ཞེས་པའོ། །དེར་རྣམ་པའི་ཁྱད་པར་ཡིན་ན་ཞེས་པ། བ་ལང་ཉིད་དང་རྟ་ཉིད་ལ་སོགས་པ་འབྲེལ་པ་ཅན་ཐ་དད་པས་བྱས་པའི་ཁྱད་པར་མེད་པར་ཡང་། རང་ཁོ་ན་ལས་གང་མངོན་པར་བསལ་བའི་སྤྱི་བ་ལང་ཉིད་ལ་སོགས་པ་སྒྲས་ཉེ་བར་ལེན་པ་བ་ལང་དང་རྟ་ལ་ཁྱད་

པར་ཡོད་དོ། །དེའི་ཕྱིར་འདི་མི་རིགས་ཏེ། བ་ལང་དང་རྟ་ལ་བ་ལང་ཉིད་དང་རྟ་ཉིད་དག་ཏུ་བརྗོད་པར་འདོད་པ་ཉིད་གང་ཡིན་པ་དེ་ནི་སྒྲས་ཡུལ་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་དེ་རྗོད་པར་བྱེད་པ་ཁོ་ནར་མི་འགྱུར་རོ། །རང་གི་སྤྱི་མངོན་པར་གསལ་བའི་རྒྱུ་ཞེས་པ་འདིས་དེ་ཡོད་པ་ཉིད་དུ་ཁོང་དུ་ཆུད་

པའི་རྒྱུ་སྨྲས་སོ། །འབྲས་བུའི་ཁྱད་པར་ལས་དབྱིབས་ཡན་ལག་ཡང་དག་པར་བཀོད་པའི་བདག་ཉིད་རྗེས་སུ་དཔག་པར་བྱའོ་ཞེས་པའི་དོན་ཏོ། །འོ་ན་བརྟེན་པའི་ཆོས་ཀྱི་ཐ་དད་ཁོ་ན་འདི་སྟེ། ཇི་ལྟར་བ་ལང་ཉིད་དང་རྟ་ཉིད་ལ་སོགས་པ་རྣམས་ནི་སྤྱི་དང་ཁྱད་པར་གྱི་དངོས་པོ་མ་ཡིན་པ་གཅོད་པའི་རྒྱུ་ཉིད་ཀྱི་

ཕྱིར་བདག་ཉིད་དུ་གྱུར་པ་མ་ཡིན་པའི་དངོས་པོ་རྣམས་ཡིན་པ་དེ་བཞིན་དུ་དབྱིབས་ཀྱང་ངོ་། །དེ་ལྟར་ན་ཡང་དེ་ཉེ་བར་བཅོམ་པ་ན་དངོས་པོའི་བདག་ཉིད་ཁོ་ན་ལུས་པའོ་ཞེ་ན། འདི་བདེན་ཏེ། སྐྱོན་གཞན་བརྗོད་པར་འདོད་པས་འདི་ལ་ལྟོས་པར་བྱས་པའོ། །དེ་བྱས་ན་དེ་དག་དེ་ལྟར་བརྗོད་པ་ན་ཅི་ལྟར་བརྗོད་པར་

འདོད་པ་མ་ཡིན་ཞེས་པ་དབྱིབས་ཀྱི་ཁྱད་པར་བྱས་པ་ན་བ་ལང་ངོ་རྟའོ་ཞེས་པ་འདི་ལྟར་བརྗོད་པར་གྱུར་པ་ན་ཅི་ལྟར་ཐ་དད་པ་བརྗོད་པར་འདོད་པ་མ་ཡིན། ཡང་ན་དེར་བྱས་ན་ནི་དེ་དག་དེ་ལྟར་བརྗོད་པ་དག་ཅེས་པ། འདི་ནི་གཉིས་ཀྱི་ཚིག་ཁོ་ནའོ། །བརྗོད་པ་ནི་སྒྲ་སྟེ་འདིས་བརྗོད་པར་བྱ་བའོ་ཞེས་བྱས་ནས་

སོ། །ཨུཏྤལ་སྔོན་པོ་ཉིད་དང་ལྡན་པའི་དོན་གྱི་ནི་མ་ཡིན་ཞེས་པ་ལ་སོགས་པ། ཡོན་ཏན་སྔོན་པོ་དང་རིགས་ཨུཏྤ་ལ་དང་ལྡན་པའི་དོན་གྱི་ནི་བ་ལང་དང་རྟ་བཞིན་དུ་དབྱིབས་ཐ་དད་པ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་དུ་སྟེ། ཨུཏྤལ་སྔོན་པོ་ལ་སོགས་པའི་སྒྲ་བཞིན་དུ་བ་ལང་དང་རྟ་ལ་སོགས་པའི་སྒྲ་

เล่ม ๑๙๓ · หน้า 263b

རྣམས་གཞི་མཐུན་པ་ཉིད་མ་ཡིན་ནོ། །རྣམ་པ་དུ་མ་འདྲེས་པར་འགྱུར་ཞེས་པ་གལ་ཏེ་དབྱིབས་ཐ་དད་པ་ལས་སྤྱི་ཐ་དད་པ་མངོན་པར་གསལ་བ་ཡིན་ན། དངོས་པོ་གཅིག་ལ་བུམ་པ་ཉིད་དང་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་མངོན་པར་གསལ་བའི་ཕྱིར་དབྱིབས་དུ་མ་འཇུག་པར་ཐལ་བར་འགྱུར་

ན། མཐོང་བ་ཡང་མ་ཡིན་ནོ་ཞེས་པ། རིང་པོ་དང་ཡོངས་སུ་ཟླུམ་པོ་ལ་སོགས་པ་རྣམས་གཅིག་ལ་འཇུག་པ་ནི་མཐོང་བ་མ་ཡིན་པས་ཏེ། འདིས་ནི་དེ་མེད་པའི་ཐ་སྙད་འགྲུབ་པའི་ཆེད་དུ་རང་བཞིན་མ་དམིགས་པ་གསུངས་སོ། །ཡང་གི་སྒྲ་ནི་ཁྱོད་འདོད་པ་ཡང་མ་ཡིན་ནོ་ཞེས་པའི་དོན་གསལ་བའི་ཆེད་

དུའོ། །བུམ་པ་ལ་སོགས་པ་ལ་རྣམ་པ་གཅིག་པའི་བརྗོད་པ་དང་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དབྱིབས་དུ་མ་ཅན་གྱི་དངོས་པོ་ལ་དེའི་དབང་དུ་གྱུར་པའི་སྒྲ་དང་བློ་དག་རྣམ་པ་གཅིག་པ་ཉིད་ནི་འཐད་པ་མ་ཡིན་ཏེ། དེའི་དབང་གིས་དངོས་པོའི་དེའི་ངོ་བོ་ངེས་པ་མེད་པར་ཐལ་

བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དབྱིབས་ཐ་དད་ལས་སྤྱི་ཐ་དད་པ་མངོན་པར་གསལ་བ་ནི་ཁས་བླང་བར་བྱ་བ་མ་ཡིན་ནོ། །གཞན་ཡང་ཞེས་པ་ལ་སོགས་པ་སྟེ། སྔ་མ་ནི་བ་ལང་ཉིད་དང་རྟ་ཉིད་དག་གི་ཁྱད་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཡང་ཁྱད་པར་མེད་པའོ་ཞེས་པས་

གཞི་མཚུངས་པ་དང་མི་མཚུངས་པར་བརྗོད་དོ། །ད་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་མཚུངས་ཤིང་། བ་ལང་ཉིད་དང་རྟ་ཉིད་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་མི་མཚུངས་པ་ཡང་ངོ་ཞེས་པས་གཞི་མཚུངས་པ་

དང་མི་མཚུངས་པའོ། །དེས་ན་དེ་ལ་ཡང་མི་མཚུངས་པ་ཉིད་བརྗོད་པར་འདོད་པ་མ་ཡིན་པ་ལ་ཨུཏྤ་ལ་སྔོན་པོ་ལ་སོགས་པ་བཞིན་དུ་གཞི་མཐུན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའོ། །འདོད་པ་ལ་ཡང་མེད་ཅེས་སྐྱོན་གཞན་གསུངས་སོ། །གང་ལ་ཡང་ཞེས་པ་ལ་སོགས་པ་ཚད་མའི་

འབྲས་བུའོ། །གལ་ཏེ་ཞེས་པ་ལ་སོགས་པ་དཔེའོ། །དེ་བཞིན་དུ་ནི་ཞེས་པ་ལ་སོགས་པ་ཕྱོགས་ཆོས་སོ། །གང་རྣམས་སྤྱི་ཐ་དད་པ་མངོན་པར་བྱེད་པ་དེའི་སྒྲ་རྣམས་ནི་གཞི་མཐུན་པ་ཉིད་མ་ཡིན་ཏེ། བ་ལང་དང་རྟ་བཞིན་དུ་ཨུཏྤ་ལ་ཡང་དེ་ལྟ་བུའོ་ཞེས་པ་འགལ་བས་ཁྱབ་པའི་

เล่ม ๑๙๓ · หน้า 264a

ཐལ་འགྱུར་རོ། །ཡོན་ཏན་ལས་དག་གསལ་བ་ཡིན། །གལ་ཏེ་དབྱིབས་ཁོ་ན་སྤྱིའི་གསལ་བར་བྱེད་པ་ཁས་ལེན་ན། ཡོན་ཏན་ཉིད་དང་ལས་ཉིད་ལ་སོགས་པ་རྣམས་མི་གསལ་བར་ཐལ་བར་འགྱུར་ཏེ། དེ་རྣམས་དབྱིབས་དང་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་ལ་

གསལ་བར་བྱེད་པ་མེད་པ་དེ་གསལ་བ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ཡོན་ཏན་ཉིད་ལ་སོགས་པ་རྣམས་ལ་ཡང་གསལ་བར་བྱེད་པ་མེད་དོ་ཞེས་པ་རྒྱུ་མེད་པ་ཐལ་བར་འགྱུར་བའོ། །ནུས་པའི་ཁྱད་པར་གྱིས་ཞེས་པ་ལ་སོགས་པ། དབྱིབས་ཀྱི་ཕྱོགས་ངན་པའི་ཕྱིར་དེ་དོར་ནས་

ཕྱོགས་གཞན་འགོད་པར་བྱེད་དོ། །རྫས་དང་ཡོན་ཏན་དང་ལས་རྣམས་ལ་རྫས་ཉིད་ལ་སོགས་པ་གསལ་བའི་རྒྱུ་ནུས་པའི་ཁྱད་པར་ཡོད་དེ། དེའི་ཕྱིར་ཡོན་ཏན་དང་ལས་ལ་སོན་པའི་སྤྱི་མངོན་པར་མི་གསལ་བའི་སྐྱོན་མེད་དོ། །དངོས་པོ་ཐ་དད་པ་མེད་ཀྱང་ཞེས་པ་ལ་སོགས་པ་སྟེ། འདི་

འདི་ལྟར་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །དེ་ལྟར་ནི་བུམ་པ་ལ་སྤྱི་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིར་དེ་གསལ་བ་ན་ནུས་པའི་ཁྱད་པར་ཁས་བླང་བར་བྱ་ཞིང་། དེ་ལས་ཀྱང་གཅིག་ལ་ཡང་ནུས་པ་ཐ་དད་པ་མཐོང་བའི་ཕྱིར། ཐ་དད་པ་བསྒྲུབ་པར་བྱ་བའི་ཆེད་དུ་ནུས་པ་ཐ་དད་པ་ནི་ནུས་པ་མ་ཡིན་ནོ། །ཁྱད་པར་ཅི་

ཞིག་བྱས་པ་ཡིན། །ཞེས་པ་ཁྱད་པར་ཐ་དད་པ་ནི་ཁྱད་པར་དུ་བྱ་བ་ཐ་དད་པ་བསྒྲུབ་པའི་ཆེད་དུ་ནུས་པའོ་ཞེས་པས། དེ་དག་གི་ཐ་དད་པ་ཁོ་ན་རྗེས་སུ་སྦྱོར་བར་བྱེད་དོ། །དེ་རྣམས་ནི་འདོད་དགའ་བའི་སྒྲ་རྣམས་ལ་ཞེས་པ་རང་གི་ངོ་བོ་ཙམ་གྱི་རྒྱུ་མཚན་གྱིས་འཇུག་པ་རྣམས་ནི་འདོད་དགའ་བའི་སྒྲ་རྣམས་

ཏེ། ཌིཏ་ཐའི་སྒྲ་ལ་སོགས་པ་རྣམས་སོ། །བ་ལང་ལ་སོགས་པའི་སྒྲ་རྣམས་ཀྱང་བ་ལང་ཉིད་ལ་སོགས་པ་རྣམས་ལ་ཕྱི་རོལ་གྱི་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར་འདོད་དགའ་བའི་སྒྲ་རྣམས་སོ། །དེ་རྣམས་ཀྱི་བརྗོད་པར་བྱ་བ་ཉིད་ཁོ་ན་དེ་རྣམས་ཀྱི་ཁྱད་པར་རོ། །བ་ལང་ཉིད་ལ་སོགས་པ་

འདོད་དགའ་བའི་སྒྲའི་ཡུལ་རྣམས་ནི་བ་ལང་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཁོ་ནས་དངོས་པོ་གཞན་ལས་ཁྱད་པར་དུ་བྱ་བའོ་ཞེས་སྒྲ་ལས་བྱུང་བ་རྣམས་སེམས་པར་བྱེད་དོ། །འོ་ན་ནི་ཏ་ཐ་ལ་སོགས་པ་རྣམས་ལ་རང་ལས་ཀྱང་ཁྱད་པར་ཡོད་དེ། སྒྲ་ཙམ་གྱིས་བྱས་པའི་ཁྱད་པར་

เล่ม ๑๙๓ · หน้า 264b

ཡིན་ན་ནི་མིང་མ་བྱས་པ་དང་དེའི་ཉིན་པར་སྐྱེས་པ་དག་ལ་ཁྱད་པར་འཐད་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ། སྒྲའི་བྱ་བ་ལ་ཐ་དད་པ་འདི་བསམ་པར་བྱའི། མ་མཐོང་བ་ལ་ནི་མ་ཡིན་ནོ། །སྒྲའི་བྱ་བ་ལ་ཌིཏ་ཐ་ལ་སོགས་པ་ལ་ཁྱད་པར་གཞན་ཡོད་པ་ཡང་མ་ཡིན་ནོ། །བརྗོད་ཐ་དད་པས་ཐ་དད་ཅེས། །

ཞེས་པ་ལ་སོགས་པ་སྟེ། འདིར་སྒྲ་ཁོ་ནའི་ཐ་དད་པ་སྟེ་དོན་གྱིས་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །ཁྱད་པར་བྱས་པ་མེད་པའི་དངོས་པོ་ལ་མངོན་པར་རྗོད་པར་བྱེད་པའི་སྒྲས་ཐ་མི་དད་པ་ཉེ་བར་བཏགས་པའི་ཕྱིར། དེ་ལས་ཀྱང་ཁྱད་པར་དུ་བྱས་པའི་སྤྱི་མངོན་པར་གསལ་བའི་རྒྱུ་ཉིད་ཀྱི་ཕྱིར་

བ་ལང་ལ་སོགས་པ་རྣམས་ཁྱད་པར་དུ་བྱས་པའོ་ཞེས་པ་བརྗོད་པར་བྱ་བ་མ་ཡིན་ཏེ། སྤྱི་རྣམས་ཁོ་ན་ཁྱད་པར་མེད་པའི་ཕྱིར་རོ། །མ་ཡིན་ཏེ། དེ་ཉིད་བརྟག་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ། དེ་ཉིད་དེ་རྗོད་བྱེད་ཀྱིས་བྱས་པའི་ཁྱད་པར་ནི་ནག་པ་ལ་སོགས་པ་རྣམས་ལ་ཡང་བ་ལང་ཉིད་ལ་སོགས་པ་

རྣམས་ལ་བཞིན་དུ་བརྟག་པར་བྱ་བ་ཉིད་ཀྱི་ཕྱིར་ཏེ། ཅི་ནག་པ་དང་བྱམས་པ་དག་ལ་རང་ཉིད་ལས་ཐ་དད་པ་ཡིན་ནམ། འོན་ཏེ་རྗོད་བྱེད་ཐ་དད་པ་ལས་ཡིན་ཞེས་པའོ། །འོ་ན་དེ་ཁོ་ན་ལས་དེ་ཐ་དད་པ་རྗེས་སུ་དཔག་པར་བྱའོ་ཞེ་ན་གསུངས་པ། གཅིག་ཀྱང་ཞེས་པ་ལ་སོགས་པ་སྟེ། རྣམ་

གྲངས་ཀྱི་སྒྲ་རྣམས་ཀྱིས་མ་ངེས་པའི་ཕྱིར་དེ་ལས་ཐ་དད་པ་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལ་དོན་བཞིན་དུ་རྣམ་པར་དཔྱད་པའི་ཞེས་པ་སྒྲ་ལས་ཏེ། བ་ལང་གི་སྒྲ་དང་རྟའི་སྒྲ་དག་ལ་ཁྱད་པར་ཅི་ཞིག་བྱས་ཞེས་བརྗོད་པ་ན་རང་གི་སྤྱི་མངོན་པར་གསལ་བར་བྱེད་པ་ཉིད་ཀྱི་ཁྱད་པར་རོ་ཞེས་

གདོན་མི་ཟ་བར་བརྗོད་པར་བྱའོ། །དེ་ལྟར་ནི་བ་ལང་གི་སྒྲ་ནི་བ་ལང་གི་སྒྲ་ཉིད་ཀྱིས་གསལ་བར་བྱེད་པ་པོ་དང་རྟའི་སྒྲ་ནི་རྟའི་སྒྲ་ཉིད་ཀྱིའོ་ཞེས་པ་དེ་ལྟར་གལ་ཏེ་སྤྱི་ཐ་དད་པ་མངོན་པར་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་བ་ལང་ལ་སོགས་པའི་སྒྲ་ཐ་དད་པར་འདོད་ན། རང་ཉིད་ལས་ཐ་མི་དད་པར་ཐལ་

བར་འགྱུར་རོ། །དེ་ལྟར་ནི་སྤྱིའི་ཁྱད་པར་བ་ལང་གི་སྒྲ་ཉིད་ལ་སོགས་པ་དང་ལྷན་ཅིག་ཐ་མི་དད་པར་བཏགས་པའི་ཕྱིར། ཉེ་བར་བཏགས་པ་ལས་ཐ་མི་དད་པ་སྟེ། དངོས་པོ་པ་ནི་མ་ཡིན་ནོ། །བ་ལང་གི་སྒྲ་གཅིག་པུ་ཡང་སྒྲ་ཉིད་དང་བ་ལང་གི་སྒྲ་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་

เล่ม ๑๙๓ · หน้า 265a

རྣམས་ཀྱི་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་ཁྱད་པར་རྗོད་བྱེད་ཀྱིས་བྱས་པ་ཡིན་ན་དེ་མི་རིགས་ཏེ། གཅིག་ཀྱང་རྣམ་གྲངས་དུ་མའི་སྒྲའི་བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་དོན་ལ་བཞིན་དུ་རྣམ་པར་དཔྱད་པ་འདིའོ། །ཡང་ན་དེ་ལ་

དོན་བཞིན་དུ་རྣམ་པར་དཔྱད་པ་ཞེས་པ་སྒྲའི་སྤྱི་ལ་སྟེ། འདིའི་ཁྱད་པར་ཅི་ཞིག་བྱས་ཞེས་སྔ་མ་བཞིན་དུ་རྣམ་པར་དཔྱད་པར་བྱའོ། །དེ་ནི་རྗོད་པར་བྱེད་པ་མ་ཡིན་ཏེ་ཞེས་པ་ལ་སོགས་པ་རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་ཏེ། དེ་ཡང་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དོན་དང་ལྷན་

ཅིག་སྔོན་མཐོང་བ་མ་ཡིན་ཞིང་། སྔར་འབྲེལ་པ་མ་བཟུང་བ་ལ་རྗོད་པར་བྱེད་པ་ཉིད་ཡོད་པ་ཡང་མ་ཡིན་ནོ། །ཤིང་རྟ་ལ་སོགས་པས་རབ་ཏུ་སྦྱར་བ་ཡང་ཞེས་པ་ལ་སོགས་པ་ནི། དོན་གང་ཁོ་ན་མཆོག་གིས་རབ་ཏུ་སྦྱར་བའི་སྒྲས་སྨྲས་པ་དེ་ཁོ་ན་མཆོག་མ་ཡིན་པས་སྦྱར་བས་ཀྱང་ངོ་། །

གལ་ཏེ་ཡང་རང་གི་མཚན་ཉིད་ཐ་དད་པས་སྒྲ་རྣམས་དབྱེ་བར་བྱ་བ་ཡིན་ན། དོན་དེ་དང་དེའི་རྗོད་པར་བྱེད་པར་འགྱུར་ཞིང་དེ་ལས་ཀྱང་གོ་ཎི་ལ་སོགས་པའི་སྒྲ་རྣམས་ཀྱིས་དོན་དེ་ཁོ་ན་མི་རྟོགས་པར་འགྱུར་ན་རྟོགས་པར་ཡང་འགྱུར་རོ། །དེའི་ཕྱིར་ཁྱད་པར་རྗོད་པར་བྱེད་པ་མ་ཡིན་གྱི། མཚུངས་

པ་ཁོ་ན་རྗོད་པར་བྱེད་པ་སྟེ། དེ་ལྟར་ན་མཆོག་མ་ཡིན་པས་སྦྱོར་བའི་སྒྲ་ལས་ཀྱང་དོན་དེ་ཁོ་ན་རྟོགས་པར་འགྱུར་ཏེ། སྤྱི་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་དུ་ནི་མ་ཡིན་ནོ། །སྤྱི་བོ་དང་རྒྱབ་དང་ལྟོ་བ་ཞེས་པ་འདི་ལྟ་བུ་ལ་སོགས་པ། མགོ་བོ་ཞེས་པའི་ཤེས་པ་དང་། ཇི་སྲིད་དུ་ལག་པ་

ཞེས་པའི་ཤེས་པའི་བར་གང་ཡིན་པ་དེ་ཡན་ལག་གི་དབྱིབས་ཀྱི་ཁྱད་པར་རྣམས་ལས་ཞེས་པའི་དོན་ཏོ། །དེ་ལྟར་ནི་གང་གི་ཚེ་མགོ་བོ་ཉིད་རང་གི་རྟེན་གྱི་དབྱིབས་ཀྱིས་གསལ་བ་དེའི་ཚེ་དེ་ལས་མགོ་བོ་ཞེས་པའི་ཤེས་པར་འགྱུར་རོ། །གསལ་བྱེད་གསལ་བ་ལས་ཐ་དད། །ཅེས་པ་ལ་

སོགས་པ་གསལ་བྱེད་རྫས་ཀྱིས་བྱས་པའི་གསལ་བ་ནི། རང་གི་སྤྱིའི་ངོ་བོ་གསལ་བར་བྱེད་པའོ། །དེ་ལས་ཐ་དད་པ་ལ་སྤྱི་འདོད་ན། ཕན་ཚུན་བརྟེན་པར་བཤད་པ་འཐོབ་སྟེ། གང་ཡང་རུང་བའང་མ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་ཕན་ཚུན་ཐ་དད་པ་བསྒྲུབ་པའི་ཆེད་དུ་ནུས་པ་མ་

เล่ม ๑๙๓ · หน้า 265b

ཡིན་ནོ། །རྫས་ཀྱི་རང་བཞིན་ཅི་ཡིན་ཞེས་པ་ལ་སོགས་པས་དེ་ཕན་ཚུན་བརྟེན་པ་ཉིད་དེ་སྟོན་ཏོ། །རྫས་ཀྱི་རང་བཞིན་ཅི་ཡིན་ཞེས་བརྗོད་པ་ན། རང་གི་སྤྱི་གསལ་བར་བྱེད་པ་ཉིད་དེ། བ་ལང་ཉིད་གསལ་བར་བྱེད་པ་ཉིད་བ་ལང་གི་རང་བཞིན་ནོ་ཞེས་བཤད་པར་བྱའོ། །སྤྱིའི་རང་བཞིན་ཞེས་

བརྗོད་པ་ན། རང་གི་རྫས་ཀྱིས་མངོན་པར་གསལ་བར་བྱ་བ་ཉིད་དེ། བ་ལང་གི་རྫས་ཀྱིས་མངོན་པར་གསལ་བར་བྱ་བ་ནི་བ་ལང་ཉིད་དོ་ཞེས་བཤད་པར་བྱའོ་ཞེས་པ་འདི་ལྟར་ཕན་ཚུན་བརྟེན་པས་རང་བཞིན་ངེས་པར་བསྟན་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དུ་འགྱུར་རོ། །གཅིག་ལ་རང་བཞིན་དུ་

དུ་མ་ཉིད། །ཅེས་པ་རྫས་དང་ཡོད་པ་ཉིད་ལ་སོགས་པའང་རང་བཞིན་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་ལས་ཤེ་ན་གསུངས་པ། ཕན་ཚུན་མང་པོ་གསལ་བྱེད་ཕྱིར། །མང་པོ་རྣམས་གསལ་བར་བྱེད་པའི་ཕྱིར་རམ། མང་པོ་རྣམས་ཀྱིས་གསལ་བར་བྱེད་པའི་ཕྱིར་ཞེས་པ། རྒྱུད་དམ་

ཀུན་ནས་འཇུག་པའི་རིགས་པ་ལ་བརྟེན་ནས་ཚིག་རྣམ་པར་སྦྱར་བ་ཐ་དད་པས་དོན་ཐ་དད་པ་གསུངས་སོ། །རྫས་ལས་ནི་ཞེས་པ་བུམ་པ་ལ་སོགས་པ་ལས་སོ། །ཡོད་པ་ཉིད་ལ་སོགས་པ་ཞེས་པའི་སོགས་པའི་སྒྲས་བུམ་པ་ཉིད་དང་ས་ལས་གྱུར་པ་ཉིད་ལ་སོགས་པ་རྣམས་གཟུང་བར་བྱའོ། །

ས་ལས་གྱུར་པ་ཉིད་ལ་སོགས་པས་ཞེས་པ་འདིར་ཡང་སོགས་པའི་སྒྲས་ཆུ་ལས་གྱུར་པ་དང་མེ་ལས་གྱུར་པ་ཉིད་ལ་སོགས་པ་རྣམས་སོ། །དེ་ལྟར་བུམ་པ་ལ་སོགས་པའི་རྫས་གཅིག་ནི་ས་ལས་གྱུར་པ་ཉིད་ལ་སོགས་པ་དུ་མ་རྣམས་ཀྱི་གསལ་བར་བྱེད་པའོ་ཞེས་པ་དེ་དུ་མའི་རང་བཞིན་ཉིད་དུ་ཐལ་

བར་འགྱུར་ཏེ། གལ་ཏེ་གསལ་བར་བྱེད་པའི་སྤྱི་ཐ་དད་པ་ལས་རྫས་ཐ་དད་ནའོ། །དེ་བཞིན་དུ་ཡོད་པ་ཉིད་ལ་སོགས་པའི་སྤྱི་ནི་ས་ལས་གྱུར་པ་ཉིད་ལ་སོགས་པའི་རྫས་དུ་མས་གསལ་བར་བྱ་བའོ་ཞེས་པས་དེ་ཡང་རང་བཞིན་དུ་མ་རྣམས་སུ་ཐལ་བར་འགྱུར་ཏེ། གལ་ཏེ་གསལ་

བར་བྱེད་པ་རྫས་ཐ་དད་པ་ལས་སྤྱི་ཐ་དད་པ་ཁས་ལེན་ནའོ། །དེའི་ཕྱིར་གསལ་བར་བྱེད་པའི་རྫས་ཐ་དད་པ་ལས་སྤྱི་ཐ་དད་པ་མ་ཡིན་ཞིང་། གསལ་བར་བྱ་བ་སྤྱི་ཐ་དད་པ་ལས་རྫས་ཐ་དད་པ་ཡང་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ་ཞེས་ཐལ་བར་འགྱུར་བའི་ཟོལ་གྱིས་སྟོན་ཏོ། །རྣམ་

เล่ม ๑๙๓ · หน้า 266a

པ་ཐམས་ཅད་དུ་ཡང་ཞེས་པ་ལ་སོགས་པས་རྒྱས་པར་བཤད་ཟིན་པའི་དོན་སླར་ཡང་མདོར་བསྡུས་པས་བདེ་བླག་ཏུ་གཟུང་བའི་དོན་དུ་གསུངས་སོ། །ཡོན་ཏན་དང་འབྲེལ་པའི་ཁྱད་པར་ལས་ཞེས་པ། ཇི་སྐད་དུ་སྤྱི་ཐ་དད་པ་མངོན་པར་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་

བཤད་པ་ལྟ་བུའོ། །ཡོན་ཏན་ནི་འདིར་སྤྱིའི་ཁྱད་པར་དུ་མངོན་པར་དགོངས་ཏེ། དེ་དང་འབྲེལ་པའོ། །དེ་ཐ་དད་པ་ལས་ཐ་དད་པར་ཁས་ལེན་པ་ན་རྫས་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ནུས་པ་ཐ་དད་པའི་ཕྱིར་ནི་ཇི་སྐད་དུ་བཤད་པ། ནུས་པ་ཐ་དད་པ་རང་གི་སྤྱི་མངོན་པར་གསལ་བར་བྱེད་པ་ཉིད་

ཀྱི་ཕྱིར་རྫས་ལ་སོགས་པ་རྣམས་ལ་ཐ་དད་པ་ཡིན་གྱི་ཞེས་པའོ། །མངོན་པར་རྗོད་པ་ཐ་དད་པ་ལས་ནི་ཇི་སྐད་བཤད་པ། སྒྲ་ལས་བྱུང་བ་རྣམས་ཀྱི་རེ་ཞིག་མངོན་པར་རྗོད་པར་བྱེད་པས་སྒྲས་བྱས་པ་ཞེས་དང་། ཇི་སྐད་བཤད་པ། ནག་པ་ལ་སོགས་པ་བཞིན་དུ་མངོན་པར་རྗོད་པ་ཐ་དད་པ་ལས་ཀྱང་ཐ་

དད་པ་མཐོང་ངོ་ཞེ་ན་ཞེས་སོ། །དེ་ལྟར་དེ་དང་ལྡན་པ་རྗོད་པར་བྱེད་པའི་ཕྱོགས་ལ་གཞི་མཐུན་པ་ཉིད་མེད་པའོ། །ཁྱད་པར་ཁྱད་པར་བྱ་ཉིད་ནི། །རང་དབང་མེད་ཕྱིར་སྔར་བརྗོད་ཟིན། །ཞེས་པ། དེ་ལྡན་རང་དབང་མེད་ཕྱིར་མིན། །ཞེས་པ་འདིར་དེ་དང་ཐ་དད་མེད་པར་བཤད་དོ། །དེ་ལས་ཐ་དད་

མ་ཡིན་པ་ཉིད་ལ་ཡང་ཇི་ལྟར་གཞི་མཐུན་པ་ཉིད་མི་སྲིད་པ་དེ་ལྟར་ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་ཡང་སྟེ། ཐ་དད་པས་སྤྱི་ཁྱད་པར་དུ་བྱ་བ་ཡིན་གྱི་ཐ་མི་དད་པས་ནི་མ་ཡིན་པས་སོ། །སྒྲ་ནི་འཇུག་པ་དང་མི་འཇུག་པའི་དོན་ཅན་ཉིད་ཀྱི་ཕྱིར་ན་རྗེས་སུ་འགྲོ་བ་དང་ལྡོག་པས་བསྐུལ་

བས་ཐ་སྙད་ཀྱི་ཡན་ལག་ཉིད་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་སྔར། བྱས་སོགས་བཞིན་དུ་རང་དོན་ལ། །གཞན་སེལ་བ་ཡི་སྒྲ་རྗོད་བྱེད། །ཅེས་བཤད་ཅིང་། དེ་ནི་དེའི་དམིགས་བསལ་གཞན་ཉིད་ན་ཡང་ཞེས་པ་ལ་སོགས་པས་གསུངས་སོ། །གང་མཆོག་

ཏུ་སྤངས་པ་ནི་གཞན་སེལ་བར་བྱེད་དོ་ཞེས་པ་དེ་སྤྱི་དང་བྱེ་བྲག་དང་རྣམ་གྲངས་ཀྱི་སྒྲའི་དོན་ཡོངས་སུ་སྤངས་པས་ཞེས་པའོ། །གཞན་ཉིད་དུ་མཚུངས་ན་ཡང་ཞེས་པས་ཐལ་བར་འགྱུར་བའི་རྒྱུ་གསུངས་སོ། །དགག་པ་ནི་ཐལ་བར་འགྱུར་བ་སྔོན་མ་ཅན་ཉིད་ཀྱི་ཕྱིར་དང་། གཞན་ཉིད་ཀྱང་

เล่ม ๑๙๓ · หน้า 266b

སེལ་བ་ལ་རྒྱུ་མཚན་ནོ། །འགལ་བ་མེད་ཕྱིར་ཞེས་པ་མི་སེལ་བ་ཉིད་ལ་རྒྱུའོ། །གང་རྣམས་མི་འགལ་བ་དེ་རྣམས་ནི་ཕན་ཚུན་སྤོང་བ་མ་ཡིན་ཞིང་སེལ་བ་མ་ཡིན་ཏེ། དཔེར་ན་རྫས་ལ་གཟུགས་ལ་སོགས་པ་རྣམས་བཞིན་ནོ། །དེ་ལྟར་གསུམ་ཀའི་མི་འགལ་བ་ཉིད་ཅིག་ཅར་བརྗོད་ནས་ད་ནི་སོ་

སོར་བསྟན་པའི་ཆེད་དུ་གསུངས་པ། རྣམ་གྲངས་པའི་སྒྲ་ནི་ཞེས་པ་ལ་སོགས་པའོ། །བསལ་བྱ་མཚུངས་པ་ཞེས་པས་དོན་གཅིག་པ་ཉིད་གསུངས་སོ། །ཅིག་ཅར་སྦྱོར་བ་མ་ཡིན་པའི་ཕྱིར་ཞེས་པ་དོན་གཅིག་པ་ཉིད་སྒྲུབ་པར་བྱེད་པ་སྟེ། གཅིག་གི་དོན་དེ་བྱས་ཟིན་པ་ཉིད་ཀྱི་ཕྱིར་གཉིས་

པ་སྦྱོར་བ་མ་ཡིན་ནོ། །གང་དུ་ནུས་པ་ཡོད་ན་ཡང་གཉིས་པ་མི་སྦྱོར་བ་དག་ནི་དོན་གཅིག་པ་ཉིད་དེ། དཔེར་ན་བྱེ་བྲག་དག་བཞིན་ནོ། །གང་རྣམས་དོན་གཅིག་པ་དེ་རྣམས་ནི་འགལ་བ་མ་ཡིན་ཏེ། དཔེར་ན་རྫས་ལ་གཟུགས་ལ་སོགས་པ་རྣམས་བཞིན་ནམ་གྲོགས་པོ་རྣམས་བཞིན་ནོ། །རྣམ་

གྲངས་པའི་སྒྲ་རྣམས་ཀྱང་དོན་གཅིག་པའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །གང་མི་འགལ་བ་དེ་རྣམས་ནི་ཕན་ཚུན་རྣམས་ལས་སྤོང་བ་མ་ཡིན་ཏེ། དཔེ་དེ་ཁོ་ན་བཞིན་རྣམ་གྲངས་པའི་སྒྲ་རྣམས་ཀྱང་མི་འགལ་བའོ། །ཁྱབ་བྱེད་དང་འགལ་བ་ཁོ་ནའོ། །རང་གི་དོན་སྤོང་བ་རིགས་པ་ཡང་མ་ཡིན་

ནོ་ཞེས་པ། མི་སེལ་བ་ཉིད་ལ་གཏན་ཚིགས་གཞན་གསུངས་སོ། །གང་ཞིག་གང་གི་རང་གི་དོན་ཡིན་པ་དེས་ན་དེ་སེལ་བ་མ་ཡིན་ཏེ། དཔེར་ན་རྣམ་པར་ཤེས་པ་རང་གི་དོན་བཞིན་རྣམ་གྲངས་ཀྱི་སྒྲའི་དོན་ཡང་རྣམ་གྲངས་ཀྱི་སྒྲ་གཞན་གྱི་རང་གི་དོན་ཡིན་ནོ། །ཁྱབ་བྱེད་དང་འགལ་བའོ། །

སྤྱིའི་སྒྲས་ཀྱང་ཞེས་པ་ལ་སོགས་པ་སྟེ། སྤྱིའི་སྒྲ་ཤིང་གི་སྒྲ་ནི་གང་རང་ནི་སྤྱི་ཤིང་ཉིད་ཡིན་ཞིང་དེའི་ཁྱད་པར་རྣམས་ནི་རང་གི་ཁྱད་པར་རྣམས་ཏེ་ཤིང་ཤ་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ལ་དོན་གཞན་བུམ་པ་ལ་སོགས་པ་ཤིང་གི་སྒྲས་བསལ་བ་ནི་ཁྱད་པར་གྱི་སྒྲ་སྟེ། ཤིང་ཤ་པའི་སྒྲས་རྗེས་

སུ་འདོད་པ་ཁོ་ན་སྟེ། དོན་དུ་གཉེར་བའི་ཕྱིར་རོ། །དོན་དུ་གཉེར་བ་ནི་ཤིང་ཤ་པའི་སྒྲས་བུམ་པ་ལ་སོགས་པ་བསལ་བ་སྟེ། དོན་དུ་གཉེར་བ་ཉིད་དེ་སྟོན་པར་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། །འདིས་ནི་བུམ་པ་ལ་སོགས་པ་བསལ་བས་དོན་དུ་གཉེར་བ་ཉིད་ལས་དོན་

เล่ม ๑๙๓ · หน้า 267a

གཅིག་ཉིད་གསལ་བར་བྱེད་པའི་ཁྱད་པར་གྱི་སྒྲ་ནི་སྤྱིའི་སྒྲ་དང་མི་འགལ་ལོ་ཞེས་སྟོན་པར་བྱེད་དོ། །ཇི་ལྟར་ནི་པ་ལ་ཤ་ལ་སོགས་པའི་ངོ་བོ་ཤིང་ཤ་པའི་སྒྲའི་དོན་དུ་འགྱུར་བ་མ་ཡིན་ནོ་ཞེས་པས་པ་ལ་ཤ་ལ་སོགས་པ་རྣམས་དེའི་སྤང་བར་བྱ་བ་ཡིན་པ་དེ་བཞིན་དུ་

བུམ་པ་ལ་སོགས་པའི་ངོ་བོ་ཡང་འགྱུར་བ་མ་ཡིན་ནོ་ཞེས་པས་བུམ་པ་ལ་སོགས་པ་རྣམས་ཀྱང་བསལ་བར་བྱའོ། །དེ་རྣམས་ཀྱང་ཤིང་གི་སྒྲས་སེལ་བར་བྱེད་དོ། །འདིས་ནི་ཞེས་པ་ལ་སོགས་པས་རང་གི་སྤྱི་ཤིང་ཉིད་ཀྱི་གང་སྤྱི་ས་ལས་གྱུར་པ་ཉིད་དེའི་སྒྲ་ནི་ས་ལས་གྱུར་པའི་སྒྲ་སྟེ། སྤྱིའི་

སྤྱི་སྒྲའོ། །དེས་གང་བསལ་བར་བྱ་བ་ཆུ་ལས་གྱུར་པ་ལ་སོགས་པ་དེ་ཤིང་ཤ་པའི་སྒྲས་ཀྱང་རྗེས་སུ་སེམས་པར་བྱེད་དེ། དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཤིང་ཤ་པ་ནི་པ་ལ་ཤ་ལ་སོགས་པ་མ་ཡིན་པ་དེ་ལྟར། ཆུ་ལས་མ་གྱུར་པ་ཉིད་ལ་སོགས་པ་ཡང་མ་ཡིན་ནོ། །དེ་ལྟར་

ཀུན་ནས་འཇུག་པས་རྫས་མ་ཡིན་པ་དང་ཡོད་པ་མ་ཡིན་པ་ཡང་རྫས་དང་ཡོད་པའི་སྒྲ་དག་གིས་གསལ་བར་བྱ་བ་ནི་དོན་དུ་གཉེར་བ་ཉིད་ཀྱི་ཕྱིར་རྗེས་སུ་སེམས་པར་བྱེད་པར་བཙལ་བར་བྱའོ། །དེ་བཞིན་དུ་སྤྱིའི་སྒྲ་ཞེས་པ་ལ་སོགས་པ། ཇི་ལྟར་ཁྱད་པར་གྱི་སྒྲ་མི་འགལ་བའི་ཕྱིར་སྤྱིའི་སྒྲའི་

དོན་སྤོང་བ་མ་ཡིན་པ་དེ་བཞིན་དུ་སྤྱིའི་སྒྲ་ཡང་ཡོད་པ་ལ་སོགས་པའོ། །རང་གི་དོན་ནི་ཡོད་པ་ཉིད་ལ་སོགས་པའོ། །མངོན་པར་འདོད་པའི་ཡུལ་ལ་འཇོག་པ་ཞེས་པ། ཁྱད་པར་རྣམས་ལ་མི་གནས་པ་ཉིད་ཀྱི་ཕྱིར་འཇོག་བཞིན་པའོ། །མངོན་པར་འདོད་པའི་ཡུལ་ལ་སྟེ། ཡོན་

ཏན་ལ་སོགས་པས་རྣམ་པར་བཅད་པའི་རྫས་ལ་སོགས་པ་ལ་འཇོག་པ་སྟེ། ཡུལ་གཞན་མ་ཡིན་པ་ཉིད་ཉེ་བར་འདྲེན་པར་བྱེད་པས་ནི་ཁྱད་པར་གྱི་སྒྲ་སྟེ། རྫས་ལ་སོགས་པས་སམ། ཁྱད་པར་གྱི་ཁྱད་པར་གྱི་སྒྲ་སྟེ། ས་ལས་གྱུར་པའི་ཤིང་གི་ཤིང་ཤ་པའི་སྒྲ་ལ་སོགས་པས་ཅི་ལྟར་

བཏང་སྙོམས་སུ་བྱེད་པ་མ་ཡིན། བཏང་སྙོམས་སུ་བྱེད་པ་ཁོ་ནའོ། །དོན་དུ་གཉེར་བ་ནི་རང་གི་ཡུལ་ལ་གནས་པས་ཡུལ་མེད་པའི་རང་གི་དོན་མི་འཐད་པའི་ཕྱིར་རོ། །འདིས་ནི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཁྱད་པར་གྱི་སྒྲ་ནི་སྤྱིའི་སྒྲ་ལ་ཕན་འདོགས་པ་སྟེ། དེ་

เล่ม ๑๙๓ · หน้า 267b

ལས་ཀྱང་སྤྱིའི་སྒྲ་དེ་དང་མི་འགལ་ལོ་ཞེས་སྟོན་པར་བྱེད་དོ། །ཚོགས་པ་ཡང་ཞེས་པ་ལ་སོགས་པས་མི་འགལ་བའི་ཕྱིར་མ་སྤངས་པ་ན་ཡོན་ཏན་འཕེལ་བ་སྟོན་པར་བྱེད་དོ། །ཡང་ན་ཕན་ཚུན་མི་སྤོང་བ་ལ་གཏན་ཚིགས་གཞན་གསུངས་སོ། །ཕན་ཚུན་གྱི་དོན་མི་སྤོང་ན་ནི་རང་གི་དོན་གྱི་ཁྱད་

པར་དུ་བྱས་པའི་དོན་རྗོད་པར་བྱེད་པ་ཉིད་དུ་འཐད་ཀྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ། །ཡོངས་སུ་བོར་བ་ནི་ཡོངས་སུ་བོར་བ་རྗོད་པར་བྱེད་པ་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་གཞན་དུ་ཡིན་ན་ཅི་ལས་ཤིང་གི་སྒྲ་ནི་ཤིང་ཤ་པ་ལ་སོགས་པའི་སྒྲ་རྣམས་དང་གཞི་མཐུན་པ་ཉིད་དུ་འགྱུར། དེ་བཞིན་

དུ་ཡང་ཞེས་པ་ཕན་ཚུན་གྱི་དོན་མི་སྤོང་བར་གྱུར་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གཉིད་དག་གིས་ཞེས་པ། དཔེར་ན་ཤིང་ལ་ཞེས་པ་ལྟ་བུའི་རང་བཞིན་དང་རྐྱེན་དག་གིའོ། །འདིར་ཡང་སོ་སོར་རྟོག་པར་བྱེད་པ་ནི་རང་གི་དོན་ཤིང་གི་སྤྱི་ལ་འཇུག་བཞིན་པ་ནི་ལས་ལ་སོགས་པ་རྣམ་པར་དབྱེ་བའི་

དོན་སྤོང་བར་མི་བྱེད་ཅིང་། ཨམ་ཞེས་པའི་རྐྱེན་ལས་ཀྱི་སྤྱི་ལ་གནས་པ་ཡང་ཤིང་ལ་སོགས་པ་དོན་རྟོགས་པར་བྱེད་པ་རྣམས་སྤོང་བ་མ་ཡིན་ནོ། །དེ་ལྟར་ཕན་ཚུན་གྱི་དོན་མི་སྤོང་བ་ན། དེ་དག་གི་ཚོགས་པ་གང་ཡིན་པ་ཤིང་ལ་ཞེས་པ་དེ་ནི་ཡན་ལག་གི་དོན་གྱི་ཁྱད་པར་དུ་བྱས་པའི་དོན་རྗོད་པར་བྱེད་པར་

འཐད་དོ། །དེ་བཞིན་དུ་ཨུཏྤ་ལ་སྔོན་པོ་ཞེས་པའི་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ཚིག་སྡུད་ཀྱི་དོན་རྗོད་པར་བྱེད་པ་ཉིད་ནི་ཕན་ཚུན་གྱི་དོན་ལས་མ་བསལ་བར་གྱུར་པ་ན་སྦྱོར་རོ་ཞེས་སྦྱར་བར་བྱའོ། །དེ་ལྟར་ནི་སྔོན་པོའི་སྒྲ་སྔོན་པོའི་ཁྱད་པར་ཨུཏྤ་ལ་མ་ཡིན་པ་ལ་སོགས་པ་རྣམས་མི་སྤོང་བ་

ནི། ཨུཏྤ་ལ་དང་ཨུཏྤ་ལ་མ་ཡིན་པ་ལ་འཇུག་པའི་དོན་ཏོ། །ཨུཏྤ་ལའི་སྒྲ་ཨུཏྤ་ལའི་ཁྱད་པར་སྔོན་པོ་མ་ཡིན་པ་ལ་སོགས་པ་མི་སྤོང་བའི་ཡང་སྔོན་པོ་དང་སྔོན་པོ་མ་ཡིན་པ་ལ་འཇུག་པའོ། །ཚོགས་པ་ནི་ཆ་ཤས་ཀྱི་དོན་དག་གིས་ཁྱད་པར་དུ་བྱས་པའོ། །དེ་ལྟ་ན་འོ་ན་དེ་དག་གི་

བརྗོད་པར་བྱ་བ་མ་ཡིན་པ་ཁོ་ན་ན་དེ་ཅི་ལྟར་དེ་དག་གི་གཞི་མཐུན་པ་ཡིན། དེ་ལྟར་ནི་གང་གིས་བརྗོད་པར་བྱ་བ་དེ་ཐ་མི་དད་པ་སྟེ། གང་དག་ཐ་དད་པ་དེ་དག་དེའི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་གཞི་གཅིག་པར་རྟོགས་པར་བྱེད་པར་འགྱུར་རོ་ཞེས་པའོ། །དེ་ལྟར་དེ་དག་གི་དོན་རབ་ཏུ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด