ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๓ · หน้า 214a
རྟོགས་པ་མ་ཡིན་ནོ་ཞེས་དགོངས་པའོ། །བསྒྲུབ་བྱ་མེད་ལ་ནི་མེད། ཅེས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ནི་རྟག་པ་ནི་རྩོལ་བ་ལས་མ་བྱུང་བའོ་ཞེས་པ་འདིས་མི་རྟག་པ་མེད་ན། རྩོལ་མ་ཐག་ཏུ་བྱུང་བ་མེད་པ་བསྟན་པར་བྱའི། རྟག་པའི་དངོས་པོ་ལ་བརྩལ་མ་
ཐག་ཏུ་མ་བྱུང་བ་ཁྱབ་པ་བཤད་པར་བྱ་བ་ནི་མ་ཡིན་ནོ། །ཇི་སྐད་བཤད་པའི་དོགས་པ་མེད་པར་མ་གྱུར་ཅིག་ཅེས་པས་གསུངས་པ། གདོན་མི་ཟ་བར་ཞེས་པའོ། །ཡང་ཅི་ལྟར་ན་བསྒྲུབ་བྱ་མེད་པ་ལ་ཡང་མེད་པ་ཉིད་ཅེས་བརྗོད་པ་ན། གང་གིས་དེ་བཟློག་པའི་ཆེད་དུ་འབད་པ་བྱ་བ་རྣམ་
པ་གཞན་དུ་བཤད་པར་དོགས་ཤེ་ན། །གང་རྣམས་ཀྱི་རྟག་པའི་སྒྲ་ནི་དངོས་པོ་བརྗོད་པ་ཡིན་པར་རབ་ཏུ་གྲགས་པ་དེ་རྣམས་རྟག་པ་རྩོལ་མ་ཐག་ཏུ་མ་བྱུང་བའོ་ཞེས་བརྗོད་པ་ན་དངོས་པོ་ཁོ་ན་རྟག་པའི་སྒྲས་བརྗོད་དོ་སྙམ་དུ་འཁྲུལ་བར་འགྱུར་རོ། །དེས་ན་དེ་རྣམས་བསལ་བར་བྱ་སྟེ།
རྟག་པའི་སྒྲས་འདིར་མི་རྟག་པ་མེད་པ་བརྗོད་ཀྱི། དངོས་པོ་ནི་མ་ཡིན་ནོ་ཞེས་སོ། །དེ་ལྟར་ན་གང་དུ་དགག་པ་ཁོ་ན་དངོས་སུ་བསྒྲུབ་པར་བྱ་བ་དེར་ཅི་ལྟར་བསྒྲུབ་པས་སྒྲུབ་བྱེད་ལ་བསྒྲུབ་བྱ་བསྟན་པར་བྱ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་དུ་རྣམ་པ་གཞན་གྱིས་བསྟན་པར་དོགས་པ་
དེ་ཁོ་ན་ལ་འདི་ཉེ་བར་བསྟན་པའོ། །འདིར་ནི་གཙོ་བོ་མེད་དོ་ཞེས་པ་ལ་སོགས་པ་ལ། གཏན་ཚིགས་བསྒྲུབ་བྱས་རྗེས་འགྲོ་བ། །ཞེས་པའི་ཚིག་ལས་རྣམ་པ་གཞན་དུ་སྟོན་པའི་དོགས་པ་ཉིད་མེད་དོ། །སྔ་མ་ལ་ནི་དོགས་པ་སྲིད་པར་བསྟན་ཏོ། །དེ་ལྟར་བྱས་ན་ཅིར་འགྱུར་ཞེ་ན་
གསུངས་པ། མ་ཡིན་དགག་གི་དགག་པ་ཡང་ཞེས་པ་ལ་སོགས་པའོ། །མཚན་ཉིད་མི་མཐུན་པ་ནི་མི་འདྲ་བ་སྟེ་དགག་སྒྲའི་དོན་དུ་གྱུར་པ་ལའོ། །ངེས་པར་ཡང་མ་ཡིན་དགག་པ་དང་དགག་པ་དག་གི་རྣམ་པ་གཉི་ག་ལྟར་ན་དོན་རྗེས་སུ་རྟོགས་པར་བྱ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་
དོན་རྗེས་སུ་དཔོག་པའི་ཕྱིར་རོ། །འདི་དག་མེད་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཞེས་པ་ལ་སོགས་པས་ཆོས་མི་མཐུན་པའི་དཔེ་ལ་མེད་པར་དགག་པ་བརྗོད་པའི་ཡོན་ཏན་སྟོན་པར་བྱེད་དེ། གལ་ཏེ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོགས་བཞིན།
เล่ม ๑๙๓ · หน้า 214b
དངོས་པོ་ཁོ་ན་ཆོས་མི་མཐུན་པ་ཉིད་ཀྱི་དཔེར་འགྱུར་ན། མི་རྟག་པ་སྒྲུབ་པར་བྱེད་པ་ན་མདོ་སྡེ་པའི་ཆོས་མི་མཐུན་པའི་དཔེར་འགྱུར་བ་མིན་ཏེ་རྟག་པའི་དངོས་པོ་ཁས་མི་ལེན་པའི་ཕྱིར་རོ། །མེད་དགག་གི་དག་པ་ལ་བརྟེན་པ་ལ་ནི་སྐྱོན་འདི་མེད་དེ། རྟག་པའི་སྒྲས་བསྒྲུབ་པར་བྱ་བ་མེད་པ་
ཙམ་རྗོད་པའི་ཕྱིར་རོ། །དངོས་པོའི་ཆོས་སྒྲུབ་པ་ལ་ནི་བཞི་ལ་ལྟོས་ཏེ། སྒྲུབ་པ་ནི་དངོས་པོ་ལ་བརྟེན་པའི་ཕྱིར་རོ། །དགག་པ་ནི་མ་ཡིན་ནོ་ཞེས་པས་དངོས་པོ་མེད་པའི་ངོ་བོ་ཡང་དཔེ་རུ་འཐད་དོ། །ཡང་རྒྱུ་ཅིས་གཅིག་ལ་ནི་ཞེས་པ། ཅི་རྣམ་པ་གཞན་དུ་སྦྱོར་བ་ལ་མངོན་པར་འདོད་པའི་
དོན་འགྲུབ་པ་མིན་པའམ། སྐྱོན་ཅི་ཞིག་འབྱུང་། གང་གིས་འདི་ལྟ་ཁོ་ནར་སྦྱོར་བར་བྱ། །ཞེས་མི་ཤེས་པར་སེམས་པས། སྦྱོར་བ་ངེས་པའི་རྒྱུ་འདྲི་བར་བྱེད་དོ། །འདི་ལྟར་ན་ནི་ཞེས་པ་ལ་སོགས་པ་འདི་ལྟ་བུའི་རྣམ་པ་ཁོ་ནའི་སྦྱོར་བས་གཏན་ཚིགས་ཀྱི་ཁྱད་པར་བསྟན་པར་ནུས་ཏེ། རྣམ་པ་གཞན་
དུ་ནི་མ་ཡིན་ཞེས་པ་བསྡུས་པའི་དོན་ཏོ། །དེ་ལྟར་ནི་བྱས་པ་ཉིད་ཀྱི་ཕྱིར། རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་དམ་བཅས་པ་ལ། གང་རྩོལ་མ་ཐག་ཏུ་བྱུང་བ་དེ་བྱས་པའོ་ཞེས་བསྒྲུབ་བྱ་ལ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བར་བྱས་པ་བརྗོད་ཀྱི། གཏན་ཚིགས་བསྒྲུབ་བྱ་ཁོ་ན་ལ་ཡོད་པ་ཉིད་རྟོགས་
པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་བྱས་པ་མིན་པ་དེ་རྩོལ་མ་ཐག་ཏུ་མ་བྱུང་བའོ་ཞེས་གཏན་ཚིགས་མེད་ན་བསྒྲུབ་བྱ་མེད་པ་སྟོན་གྱི། བསྒྲུབ་བྱ་མེད་ན་གཏན་ཚིགས་མེད་པ་ཁོ་ན་རྟོགས་པ་ནི་མ་ཡིན་ནོ། །འོ་ན་དེ་ལྟ་ན་ཞེས་པ། གལ་ཏེ་གང་དུ་གཏན་ཚིགས་བསྒྲུབ་བྱས་རྗེས་སུ་འགྲོ་
བ་ཡིན་པ་དེ་ཆོས་མཐུན་པ་ཉིད་ཀྱི་དཔེའོ་ཞེས་པ་མཚན་ཉིད་ཡིན་ན། བུམ་པ་དཔེ་མ་ཡིན་ཏེ། དེ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཕན་ཚུན་རྗེས་སུ་འགྲོ་བའི་ཕྱིར་དེ་དཔེར་བརྗོད་དུ་བཤད་པར་བྱ་ན། གང་ལ་བསྒྲུབ་བྱ་ཁོ་ནས་གཏན་ཚིགས་ཀྱི་རྗེས་སུ་འགྲོའི་གཏན་ཚིགས་ཀྱི་བསྒྲུབ་བྱ་
མ་ཡིན་ནོ། །མ་ཡིན་ཏེ་བརྗོད་པར་མི་འདོད་པ་ཉིད་ཀྱི་ཕྱིར་ཞེས་པ་བསྒྲུབ་བྱའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ཡོད་ཀྱང་། བརྗོད་པར་འདོད་པ་ཡོད་པ་མ་ཡིན་ཏེ། བྱས་པའི་ཁྱད་པར་བཞིན་དུ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཙོ་བོ་མ་ཡིན་པ་ཉིད་ནི་རྗེས་སུ་དཔོག་པ་ལ་ཡན་
เล่ม ๑๙๓ · หน้า 215a
ལག་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་ཁོ་ནར་ཕྱི་རོལ་གྱི་དོན་བསྟན་པ་ནི་ཞེས་པ། བུམ་པ་ལ་སོགས་པའི་ཁྱད་པར་ལས། བསྒྲུབ་བྱའི་རིགས་ཅན་གྱི་སྤྱི་ནི་ཕྱི་རོལ་གྱི་དོན་ཏོ། །དེ་ལ་སྤྱིར་གང་ཅུང་ཟད་བྱས་པ་ཞེས་བྱ་བ་དེ་ཐམས་ཅད་མི་རྟག་པ་
ཁོ་ནའོ་ཞེས་བསྒྲུབ་བྱས་གཏན་ཚིགས་ལ་ཁྱབ་པ་གསལ་བར་བྱེད་པ་ནི་ཕྱི་རོལ་གྱི་དོན་གསལ་བར་བྱེད་པའོ། །དེ་ཁོ་ན་ངེས་པར་བསྟན་པར་བྱ་བ་ལ་སྟེ་དཔེ་ལ་གཙོ་བོ་ཡིན་ཏེ། རྗེས་སུ་དཔག་པའི་ཡན་ལག་ཉིད་ཀྱི་ཕྱིར་རོ། །བུམ་པ་ཁྱད་པར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་གི་ཕན་ཚུན་རྗེས་
སུ་འགྲོ་བ་གང་ཡིན་པ་ནི་མ་ཡིན་ཏེ། དེའི་སྟོབས་ལས་བསྒྲུབ་བྱ་འགྲུབ་པར་འགྱུར་བ་ནི་མ་ཡིན་པས་སོ། །དེའི་ཕྱིར་སྤྱིས་ཇི་སྐད་བཤད་པའི་དཔེའི་མཚན་ཉིད་ཅན་གྱི་དོན་གྱི་ཕུང་པོ་ཐམས་ཅད་དཔེ་སྟེ། བུམ་པ་ཁོ་ན་ནི་མ་ཡིན་ནོ། །བུམ་པ་ནི་དེའི་ནང་དུ་འདུས་པས་ཏེ་དེ་ཁོ་ན་ཉེ་བར་
མཚོན་པའི་དོན་དུ་དཔེར་རྗོད་པའོ། །དེའི་ཕྱིར་དེ་ལ་གང་བསྒྲུབ་བྱའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་འདི་ནི་གཙོ་བོ་མ་ཡིན་པའི་ཕྱིར་བརྗོད་པར་འདོད་པ་མ་ཡིན་ནོ་ཞེས་པ་དང་། ཕྱི་རོལ་གྱི་དོན་སྟོན་པ་ནི་ངེས་པར་བསྟན་པར་བྱ་ལ་གཙོ་བོའོ་ཞེས་པའི་ཚིག་ནི་གསལ་བའི་ཁྱད་པར་གཅིག་ཁོ་ན་
ལ་རབ་ཏུ་སྟོན་པ་གཙོ་བོ་ཉིད་ཡིན་པ་སེལ་བ་ལྷུར་བྱེད་པར་བལྟ་བར་བྱའོ། །བཟློག་པའི་སྦྱོར་བས་གཏན་ཚིགས་ཀྱི་ཁྱད་པར་སྟོན་པར་མི་ནུས་པ་འབའ་ཞིག་གོ། །སྐྱོན་གཞན་ཡང་འབབ་པོ་ཞེས་སྟོན་པ་གསུངས་པ། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། མ་བྱས་ཉིད་ཀྱིས་རྟག་
པ་ཉིད། །མ་བརྗོད་པར་བྱས་པར་འགྱུར་ཞིང་། །འཇིག་ཉིད་ཕྱིར་ཡང་འབྲས་བུ་ཉིད་ཀྱང་མ་བརྗོད་པར་བྱས་པར་འགྱུར་རོ། །མ་ཁྱབ་པ་དང་མི་འདོད་འགྱུར་རོ། །འདིར་རྗེས་འགྲོ་མཉམ་ལ་ཞེས་པའི་ཚིག་རྣམས་འབྲེལ་པར་སྦྱར་བར་བྱའོ། །ཡང་ཞེས་པ་སྡུད་པའི་དོན་ཅན་ནོ། །
འབྲས་བུ་ཉིད་ཅེས་པ་བྱས་པ་ཉིད་དོ། །མ་བརྗོད་ཅེས་པ་དམ་མ་བཅས་པའོ། །བྱས་པ་ཞེས་པ་ནི་བསྒྲུབ་པའོ། །དང་ཡིག་ནི་དེ་མ་ཐག་ཏུ་བརྗོད་པའི་སྐབས་སུ་མ་བབ་པའི་དོན་སྒྲུབ་པར་བྱེད་པ་སྡུད་པའོ། །རྗེས་འགྲོ་མཉམ་ལ་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་
เล่ม ๑๙๓ · หน้า 215b
པ་ཉིད་དག་གི་རྗེས་སུ་འགྲོ་བར་མཚུངས་པར་གྱུར་པ་ལ་ཞེས་པའི་དོན་ཏོ། །ཆོས་མཐུན་པ་ཉིད་ཀྱི་དབང་གིས་ཞེས་པ་ཆོས་མཐུན་པ་ཉིད་ཀྱི་དཔེའི་རྗེས་སུ་འཇུག་པས་ཏེ། ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་བསྒྲུབ་བྱས་གཏན་ཚིགས་ཀྱི་རྗེས་སུ་སོང་བ་བསྟན་པར་བྱའོ་ཞེས་བྱས་ནས་
གལ་ཏེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ལ་གཏན་ཚིགས་མེད་པ་བསྒྲུབ་བྱ་མེད་པས་རྗེས་སུ་སོང་བར་བརྗོད་ནའོ་ཞེས་པའི་དོན་ཏོ། །དམ་མ་བཅས་པ་ཁོ་ནའི་རྟག་པ་ཉིད་བསྒྲུབ་པར་འགྱུར་རོ་ཞེས་པ། རྟག་པ་ཉིད་ཀྱིས་དེ་ལ་ཁྱབ་པ་ཉེ་བར་སྟོན་པའི་ཕྱིར་རོ། །གང་ལ་གང་གིས་
ཁྱབ་པར་བརྗོད་པ་དེ་ནི་དེས་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་གང་བྱས་པ་དེ་མི་རྟག་གོ་ཞེས་པའི་མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་ལ་ཁྱབ་པར་ཉེ་བར་སྟོན་པའི་ཕྱིར་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་ཡིན་པ་བཞིན་ནོ། །འདི་ལྟ་ན་ཡང་མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་བསྒྲུབ་པར་འགྱུར་
རོ་ཞེས་པ་འདིར་ཡང་དེ་ལྟ་ཁོ་ནའི་རིགས་པའོ། །མ་ཁྱབ་པ་ལ་ཞེས་པ་ལ་སོགས་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་རང་གི་བསྒྲུབ་པར་བྱ་བས་མ་ཁྱབ་པ་ཉིད་ཀྱི་ཕྱིར་མ་ཁྱབ་པའོ། །དེ་ལ་གང་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་གློག་ལ་སོགས་པ་རྣམས་རྟག་པའོ། །གང་
མི་རྟག་པ་སྟེ་རྩོལ་མ་ཐག་ཏུ་བྱུང་བའོ་ཞེས་མི་རྟག་པ་ཉིད་ཀྱི་ཕྱིར་ན་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་མི་འདོད་པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་ལྟར་ངེས་པར་འཛིན་ན་སྐྱོན་འདི་ཡོད་དོ། །རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ནི་རྟག་པ་ཁོ་ན་སྟེ། མི་རྟག་པར་མི་འགྱུར་རོ་ཞེས་པ་དང་།
མི་རྟག་པ་ཡང་རྩོལ་མ་ཐག་ཏུ་བྱུང་བ་ཁོ་ན་སྟེ། རྩོལ་བ་ལས་མ་བྱུང་བར་ནི་མི་འགྱུར་རོ་ཞེས་པའོ། །དེའི་ཚེ་རྩོལ་བ་ལས་མ་བྱུང་བ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །སྐབས་སུ་མ་བབ་པའི་དོན་སྒྲུབ་པར་བྱེད་པར་ཡང་སྟེ། རྩོལ་བ་ལས་བྱུང་བ་ཉིད་ལ་མི་རྟག་པ་ཉིད་
ཀྱིས་ཁྱབ་པར་བསྟན་པའི་ཕྱིར་རོ། །གང་གི་ཚེ་འདི་ལྟར་ངེས་པར་གཟུང་བར་བྱེད་དེ། རྟག་པ་ནི་རྩོལ་བ་ལས་མ་བྱུང་བ་ཁོ་ན་སྟེ། རྩོལ་བ་ལས་བྱུང་བ་ནི་མ་ཡིན་ནོ་ཞེས་པ་དེའི་ཚེ་སྐྱོན་འགའ་ཡང་མེད་དོ། །དེ་ལྟ་ན་ཡང་གང་གི་ཕྱིར་རྟག་པ་ཉིད་ནི་རྩོལ་མ་ཐག་ཏུ་བྱུང་བ་ལ་མེད་པར་བཤད་པར་
เล่ม ๑๙๓ · หน้า 216a
འགྱུར་གྱི། རྩོལ་བ་ལས་མ་བྱུང་བ་ལ་རྟག་པ་ཡོད་པར་ནི་མ་ཡིན་པ་དེའི་ཕྱིར་གློག་ལ་སོགས་པ་རྣམས་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །དེ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་མི་རྟག་པ་ཁོ་ན་རྩོལ་བ་ལས་བྱུང་བ་སྟེ། རྟག་པ་ནི་མ་ཡིན་ནོ་
ཞེས་ངེས་པར་གཟུང་བ་ལས། རྩོལ་བ་ལས་བྱུང་བ་ཉིད་རྟག་པ་ལ་མེད་པར་བརྗོད་པར་འགྱུར་གྱི། མི་རྟག་པ་ལ་རྩོལ་བ་ལས་བྱུང་བ་ཉིད་ཡོད་པ་ནི་མ་ཡིན་ནོ་ཞེས་པས། གློག་ལ་སོགས་པ་རྣམས་རྩོལ་བ་ལས་བྱུང་བ་ཉིད་དུ་ཐལ་བར་འགྱུར་བ་མེད་ཅིང་། སྐབས་སུ་མ་བབ་པ་སྒྲུབ་
པར་བྱེད་པ་ཡང་མ་ཡིན་ནོ། །འདིར་མི་རྟག་པ་ཉིད་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་ཁྱབ་པ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་རྟག་པ་ལ་མེད་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ནི་མི་རྟག་པ་ཁོ་ནས་ཏེ་རྟག་པ་ནི་མ་ཡིན་ནོ་ཞེས་སོ། །འོ་ན་དེ་ལྟར་གྱུར་ན་གཏན་ཚིགས་
ངེས་པར་གཟུང་བར་འགྱུར་ལ་དེའི་ཕྱིར་རྩོལ་བ་ལས་བྱུང་བ་མི་རྟག་པ་ཁོ་ནས་ཏེ་བྱས་པ་ལ་སོགས་པ་ནི་མ་ཡིན་ཞེས་པའི་དོན་འདི་འབྱུང་ཞིང་། དེ་ལས་ཀྱང་གཏན་ཚིགས་གཞན་མེད་པར་འགྱུར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ངེས་པར་གཟུང་བ་འདི་གལ་ཏེ་ཡང་གཏན་ཚིགས་
ངེས་པར་གཟུང་བ་ལས་གཏན་ཚིགས་གཞན་མེད་པ་འཐོབ་མོད་དེ་ལྟ་ན་ཡང་སྨྲ་བ་པོའི་བསམ་པའི་དབང་ལས་ངེས་པར་གཟུང་བའོ་ཞེས་པས། སྨྲ་བ་པོ་གང་དོད་ཟླར་བསམ་པ་དེ་ཁོ་ན་ངེས་པར་གཟུང་བས་གཅོད་པར་བྱེད་ཀྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་རྩོལ་བ་ལས་བྱུང་བ་ཁོ་ན་
རྟག་པ་ལ་མེད་པར་བརྗོད་ཀྱི། ཆོས་གཞན་རྣམས་རྩོལ་མ་ཐག་ཏུ་བྱུང་བ་ལ་ནི་མ་ཡིན་ནོ། །མི་མཐུན་པ་ཉེ་བར་དགོད་པ་སྟེ། གང་གི་ཕྱིར་བཟློག་པའི་སྦྱོར་བ་ལ་ཡང་ངེས་པར་གཟུང་བ་ཐ་དད་ཀྱི་རྟེན་ལས་མི་འདོད་པ་འབབ་པ་ཡོངས་སུ་སྤོང་བར་འདོད་པས་ཏེ། དེ་ཡང་བྱེད་པ་
ན་ཡང་དེ་ལྟར་ངེས་པར་གཟུང་བ་ན་འཐོབ་པ་ཁོ་ནའོ། །དེ་ལྟར་ནི་ཇི་ལྟར་རྟག་པ་ལ་རྩོལ་བ་ལས་བྱུང་བ་ཉིད་མེད་པའི་ཕྱིར་མི་རྟག་པ་ཉིད་དུ་རྗེས་སུ་དཔོག་པ་དེ་བཞིན་དུ་རྩོལ་མ་ཐག་ཏུ་བྱུང་བ་ལ་རྟག་པ་ཉིད་མེད་པའི་ཕྱིར་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་དུ་རྗེས་སུ་དཔོག་པ་དང་།
เล่ม ๑๙๓ · หน้า 216b
ཇི་ལྟར་ན་ཆོས་མཐུན་པ་ཉིད་ཀྱིས་རྩོལ་མ་ཐག་ཏུ་བྱུང་བ་མི་རྟག་པ་ཁོ་ནས་ཏེ་རྟག་པ་ནི་མ་ཡིན་ཞེས་རྟག་པ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་པ་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་རྗེས་སུ་དཔོག་པ་དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ཀྱིས་རྟག་པ་ནི་རྩོལ་མ་ཐག་ཏུ་མ་བྱུང་
བ་ཁོ་ན་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ནི་མ་ཡིན་ནོ་ཞེས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལ་རྟག་པ་ཉིད་མེད་པའི་ཕྱིར་ན། རྟག་པ་ཉིད་ལས་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་རྗེས་སུ་དཔོག་གོ་ཞེས་པའོ། །དེ་ཁོ་ན་དམ་བཅས་པའི་དོན་ཉིད་སྒྲུབ་པ་མ་ཡིན་པའོ། །དེའི་ཕྱིར་གཏན་ཚིགས་
ཁོ་ན་བསྒྲུབ་བྱ་མེད་པ་ལ་མེད་པར་བསྟན་པར་བྱའི། ངེས་པར་གཟུང་བས་དོན་ནི་མ་ཡིན་ནོ། །འོ་ན་འདིར་བསྒྲུབ་བྱ་མེད་པ་ལ་མེད་པ་ཉེ་བར་བསྟན་ན། མི་རྟག་པ་ཁོ་ན་རྩོལ་མ་ཐག་ཏུ་བྱུང་བའོ་ཞེས་པའི་ངེས་པར་གཟུང་བ་འདི་ལ་ནི་མི་རྟག་པ་མེད་ན་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དུ་འགྱུར་བ་མ་
ཡིན་ནོ་ཞེས་པ་འདི་ངེས་པར་རྟོགས་པས་སྐྱོན་འགའ་ཡང་མེད་དེ། ཅི་སྟེ་ཡོད་ན་དེ་ལྟ་ན་སྨྲ་བར་བྱ་སྟེ། དེ་ལ་སྐྱོན་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཐུན་མོང་མ་ཡིན་པ་ཡང་རྟག་པ་ལ་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་པ་སྐྱོན་འདི་ཡིན་ནོ། །དཔེར་ན་རྟག་པ་ཉིད་ནི་མཉན་པར་བྱ་བ་སྟེ།
མི་རྟག་པ་མེད་དོ་ཞེས་པ་འདི་ལ་ཡང་བསྒྲུབ་པར་བྱ་བ་རྟག་པ་ཉིད་མེད་ན་མཉན་པར་བྱ་བ་མེད་པ་ཉིད་བསྟན་ཏེ། འཇིག་པའི་ངང་ཅན་ལ་མཉན་པར་བྱ་བ་ཉིད་མེད་པའི་ཕྱིར་ཞེས་པས་གཏན་ཚིགས་སུ་འགྱུར་རོ། །ཉེས་པ་འདི་ནི་མེད་དེ། དཔེར་ན་མི་རྟག་པ་ཁོ་ན་ནི་རྩོལ་མ་ཐག་
ཏུ་བྱུང་བའོ་ཞེས་པ་འདིར་རྟག་པ་ལས་རྣམ་པར་བཅད་དེ། མི་རྟག་པ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དོན་གྱིས་བརྗོད་པར་འགྱུར་རོ། །དེ་ཡང་དེ་ལ་རབ་ཏུ་གྲུབ་པའོ། །མཉན་པར་བྱ་བ་ཉིད་ནི་འདི་ལྟར་མི་རྟག་པ་ལས་རྣམ་པར་བཅད་པ། རྟག་པ་འགའ་ཞིག་ལ་བསྟན་པར་ནུས་པ་
མ་ཡིན་ཏེ། དེ་ཡོད་པ་དང་མེད་པ་དག་ཐམས་ཅད་ལ་ཐེ་ཚོམ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་དོན་གྱི་གོ་བས་གཉིས་ཀ་རྙེད་པ་ཡིན་ན། དེ་ཁོ་བོ་ཅག་གི་རྗེས་སུ་སྣང་བ་ཁོ་ན་སྟེ། གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་པའོ། །འདིར་གཏན་ཚིགས་
เล่ม ๑๙๓ · หน้า 217a
བསྒྲུབ་བྱས་རྗེས་འགྲོ་བ། །ཞེས་པ་འདི་ལ། རྗེས་སུ་འགྲོ་བའི་སྒྲ་ནི་ཁྱབ་པའི་དོན་དུ་མངོན་པར་དགོངས་པ་སྟེ། ཐམས་ཅད་དུ་འགྲོ་བ་ནི་རྗེས་སུ་འགྲོ་བའོ་ཞེས་པའི་ཚིག་ལས་སོ། །དེ་ལ་སྐྱོན་བརྗོད་པ་སྨྲས་པ། གལ་ཏེ་ཞེས་པ་ལ་སོགས་པའོ། །
གང་དང་གང་བྱས་པ་དེ་དང་དེ་མི་རྟག་པའོ་ཞེས་ཁྱབ་པ་རབ་ཏུ་བསྟན་པ་ན། བྱས་པ་ཉིད་རྟག་པ་ལས་ལྡོག་པར་རྟོགས་པར་འགྱུར་བ་ཁོ་ན་སྟེ། དེ་ལས་ཀྱང་། བསྒྲུབ་བྱ་མེད་ལ་མེད་པ་ཉིད། །ཅེས་པའི་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་ཏེ།
དེའི་དགོས་པ་ནི་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་ཁྱབ་པ་ཁོ་ནས་བསྒྲུབས་ཟིན་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་པ་ཙམ་བསྟན་པར་བྱ་བ་ཡིན་ན་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་བརྗོད་པར་རིགས་ཏེ། དགོས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་གྱི་
འོན་ཀྱང་གང་བཤད་ཟིན་པའི་ཕྱི་རོལ་གྱི་དོན་སྟོན་པ་ནི་ངེས་པར་བསྟན་པར་བྱ་བ་ལ་གཙོ་བོའོ་ཞེས་པ་འདི་མི་རིགས་པས་ན་བརྗོད་པར་བྱ་བ་མ་ཡིན་ཏེ། ཡོད་པར་གྱུར་པ་ཙམ་སྟོན་པ་ལ་དཔེའི་ཕྱིའི་དོན་ལ་ལྟོས་པ་ཉིད་རིགས་པ་མ་ཡིན་པས་སོ། །དེ་སྟོན་ཏོ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་
ཀྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲས་མི་རྟག་པ་ཉིད་ཀྱིས་ཀྱང་རོ། །བུམ་པ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་ན་མི་འབྱུང་བ་ལའོ། །དེ་ལས་ཀྱང་བུམ་པ་ལ་མི་རྟག་པ་ཉིད་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མཐོང་ངོ་ཞེས་བྱས་པ་ན། གཏན་ཚིགས་མཐུན་ཕྱོགས་ལ་ཡོད་
པར་གྱུར་པ་ཙམ་རྟོགས་པ་ཁོ་ནའོ་ཞེས་པས། འདིར་ཕྱི་རོལ་གྱི་དོན་ལ་ལྟོས་པས་ཅི་ཞིག་ཁྱབ་པ་ཁོ་ནས་ཞེས་པ་གང་དུ་བསྒྲུབ་བྱས་རྗེས་སུ་འགྲོ་བ་ཞེས་པའི་མཚན་ཉིད་ལས་སོ། །འོ་ན་ཡང་ཆོས་མི་མཐུན་པ་ཉིད་ཀྱི་མཚན་ཉིད་བརྗོད་ཟིན་མོད། བརྗོད་པར་བྱ་བ་མ་ཡིན་ཏེ།
དགོས་པ་མེད་པའི་ཕྱིར་རོ་ཞེ་ན། གསུངས་པ། འདི་ལ་ཡང་ཞེས་པ་ལ་སོགས་པའོ། །གནས་སྐབས་འདི་ལ་ཡང་ཞེས་སྨྲ་བས་འདི་གསལ་བར་བྱེད་དེ། གང་གི་ཚེ་ཆོས་མཐུན་པ་ཉིད་ཀྱི་དཔེས་ཁྱབ་པ་སྟོན་པ་མ་ཡིན་པ་དེའི་ཚེ་ཆོས་མི་མཐུན་པ་ཉིད་ཀྱི་དཔེས་བསྟན་པར་བྱ་སྟེ།
เล่ม ๑๙๓ · หน้า 217b
དེའི་ཕྱིར་གནས་སྐབས་གཞན་ལ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་དགོས་པ་དང་ལྡན་ཞིང་དེའི་ཕྱིར་དེའི་མཚན་ཉིད་བརྗོད་པ་རིགས་པ་ཁོ་ནའོ་ཞེས་པའོ། །དེ་ཉིད་ཀྱང་གནས་སྐབས་གཞན་དུ་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་དགོས་པ་སྟོན་ཅིང་གསུངས་པ། གང་གི་ཚེ་ནི་ཞེས་པ་ལ་སོགས་པ་སྟེ།
གང་གི་ཚེ་རྟོགས་པ་པོ་བློ་ཞེན་པར་འགྱུར་ཏེ། ཆོས་མི་མཐུན་པ་ཉིད་ཀྱི་དཔེས་བསྟན་ཀྱང་ཁྱབ་པ་བདེ་བླག་ཏུ་རྟོགས་པར་མཐུན་ཕྱོགས་ལ་ཡོད་པར་གྱུར་པ་སྟོན་པ་ལས་གཞན་པས་ནུས་པ་མ་ཡིན་པ་དེའི་ཚེ་དེའི་རྟོགས་པ་ལྕི་བ་ཉིད་ཡོངས་སུ་སྤང་བའི་དོན་དུ་མཐུན་ཕྱོགས་ལ་ཡོད་པ་ཙམ་
ཆོས་མཐུན་པ་ཉིད་ཀྱི་དཔེས་བསྟན་པར་བྱའོ། །དེ་ལྟ་ན་ནི་མ་ཡིན་ཞེས་པ་ལ་སོགས་པ་འདི་ལྟར་སེམས་ཏེ། དེའི་ཚེ་མཐུན་ཕྱོགས་ལ་ཡོད་པ་ཙམ་རབ་ཏུ་བསྟན་པར་བྱའི་ཞེས་པ་སྨྲ་བས་འདི་གསལ་བར་བྱེད་དེ། གང་ལ་གཏན་ཚིགས་ཀྱི་ཡོད་པ་ཙམ་བཤད་པར་བྱ་བ་དེའི་ཆོས་
མཐུན་པ་ཉིད་ཀྱི་དཔེའོ་ཞེས་པའོ། །དེ་ལས་ཀྱང་། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་པ་ལ་སོགས་པ་འདི་བཤད་པར་བྱ་བ་མ་ཡིན་གྱི། འདི་སྐད་ནི་བཤད་པར་བྱ་སྟེ། གང་དུ་གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཙམ་བཤད་པར་བྱ་བའོ་ཞེས་སོ། །ཡང་ན།
གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་པ་འདི་ཁོ་ནའི་དོན་འདི་བཤད་པར་བྱ་སྟེ། གང་དུ་གཏན་ཚིགས་ཀྱི་ལྷན་ཅིག་འབྱུང་བ་བསྟན་པར་བྱ་བའོ་ཞེས་པའོ། །འདི་ཡང་ཞེས་པ་ལ་སོགས་པས་འདི་གསལ་བར་བྱེད་དེ། ཁྱོད་ཀྱིས་གང་སྨྲས་པ་འདི་ནི་བདེན་མོད། དེ་ཁྱད་པར་
གྱི་གནས་སྐབས་ཁོ་ན་ལ་ཡིན་ཏེ། གང་གི་ཚེ་དཔེ་གཉིས་ཀ་རབ་ཏུ་སྦྱར་བར་བྱ་བ་ཞེས་པ་ལ་སོགས་པས་གསལ་བར་བྱས་པ་ལའོ། །གང་གི་ཚེ་ནི་ཆོས་མཐུན་པ་ཉིད་ཀྱི་དཔེ་ཁོ་ནས་ཁྱབ་པ་སྟོན་པ་དེའི་ཚེ། ཁྱབ་པ་ཁོ་ན་རྗེས་འགྲོའི་སྒྲའི་བརྗོད་བྱའི་དོན་དུ་རིགས་ཏེ།
དེས་ན་གནས་སྐབས་དེ་ལ་ཕྱིན་ཅི་ལོག་པའི་ཁྱབ་པ་དགག་པའི་ཆེད་དུ། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་བཤད་དོ་ཞེས་པའོ། །དེ་ལ་འདིར་འགྱུར་ཏེ། དེ་བཀག་པས་དོན་འགའ་ཡང་མེད་པ་ཁོ་ནས་ཏེ། དེའི་ཕྱིར་དེའི་དོན་དུ་འདི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན་
เล่ม ๑๙๓ · หน้า 218a
གསུངས་པ། དེ་བཀག་པ་ལ་དོན་མེད་པ་མ་ཡིན་ཏེ་ཞེས་པ། གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་བཀག་པ་ལ་དོན་མེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། དོན་ཁོ་ན་ལའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཡོད་དང་རྣམ་གཉིས་ཞེས་བརྗོད་པའི་ཕྱིར་
རོ་ཞེས་པ་ཕྱོགས་ཆོས་གང་ཞིག་མཐུན་ཕྱོགས་ལ་ཡོད་པ་དང་རྣམ་པ་གཉིས་ཀ་སྟེ། དེ་གཏན་ཚིགས་སོ་ཞེས་པ་འདི་ལྟར་སྔར་བརྗོད་པའི་ཕྱིར་རོ། །ཅི་ལྟར་ན་འདི་སྐད་བརྗོད་པ་ལས་གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་བཀག་པ་ན་དོན་དུ་འགྱུར་ཞེ་ན་གསུངས་པ། གཏན་
ཚིགས་ལྷག་མ་ཡང་ཞེས་པ་ལ་སོགས་པ་སྟེ། ཚུལ་གསུམ་པོ་གཏན་ཚིགས་སུ་བཤད་ལ། དེ་ལ་ཕྱོགས་ཀྱི་ཆོས་ཉིད་ནི་གཏན་ཚིགས་ཀྱི་ཚིག་ཁོ་ནས་བཤད་དོ་ཞེས་པས་ཚུལ་གཉིས་ལྷག་མར་ལུས་ཏེ། དེ་ཡང་དཔེས་བསྟན་པར་བྱ་བའོ། །གཏན་ཚིགས་ཀྱི་མཚན་ཉིད་སྟོན་
པ་ན་ཡང་གང་གསུངས་པ། རིགས་མཐུན་པ་ལ་ཡོད་ཅེས་པ། །དེ་ལ་ཡང་གདོན་མི་ཟ་བར་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་པ་འདི་ལྟ་ཁོ་ན་ངེས་པར་གཟུང་བར་བྱའི་ཡོད་པ་ཁོ་ན་ཞེས་ངེས་པར་གཟུང་ན་ནི། རྣམ་གཉིས་ཀྱང་ཞེས་པ་འདི་ཉམས་པར་འགྱུར་རོ། །འདིས་ནི་གང་འདྲ་བའི་
གཏན་ཚིགས་ཀྱི་ལྷག་མ་དཔེས་གསལ་བར་བྱ་བ་དེ་བསྟན་ཏོ། །གལ་ཏེ་ཡང་གང་མི་རྟག་པ་དེ་རྩོལ་བ་ལས་བྱུང་བའོ་ཞེས་གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་བཤད་པར་བྱ་ན། དེ་ལྟར་འགྱུར་ན་རིགས་མཐུན་པ་ལ་ཡོད་པ་ཁོ་ན་ཞེས་བསྟན་པར་འགྱུར་གྱི། རིགས་
མཐུན་པ་ཡིན་ལ་ཡོད་པ་ཞེས་ནི་མ་ཡིན་ཏེ། མཐུན་ཕྱོགས་ལ་ཁྱབ་པར་བསྟན་པའི་ཕྱིར་རོ། །དེ་ལས་ཀྱང་གཏན་ཚིགས་ལྷག་མ་བསྟན་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལྷག་མ་སྟོན་པས་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ཁོ་ནས་གཏན་ཚིགས་ཀྱི་
རྗེས་སུ་འགྲོ་བ་བསྟན་པར་བྱའོ། །དེ་ཅི་ལྟར་འཐོབ་ཅེ་ན། གལ་ཏེ་གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་དགག་པར་བྱེད་ནའོ། །དེའི་ཕྱིར་གཏན་ཚིགས་ལྷག་མ་རབ་ཏུ་བསྟན་པ་ནི་དོན་ཏེ། གཏན་ཚིགས་ཀྱི་བསྒྲུབ་བྱའི་རྗེས་སུ་འགྲོ་བ་དགག་པ་ལའོ། །འོ་ན་གཏན་
เล่ม ๑๙๓ · หน้า 218b
ཚིགས་ལྷག་མའི་མཚན་ཉིད་ཀྱི་བསྒྲུབ་པ་ཁོ་ན་ལས་ཇི་འདྲ་བའི་ངག་གིས་གཏན་ཚིགས་ལྷག་མ་བསྟན་པར་ནུས་པ་དེ་བསྟན་པ་ཁོ་ནར་འགྱུར་ཏེ། རྣམ་པ་གཞན་དུ་བརྗོད་ན་གཏན་ཚིགས་ལྷག་མ་གསལ་བར་མི་བྱེད་པའི་ཕྱིར་རོ། །གང་རྣམས་དོན་གང་ཇི་ལྟ་
བ་བཞིན་ཤེས་པའི་ངག་ཤེས་པ་དེ་རྣམས་ནི་དེ་རྟོགས་པ་ལ་སླར་ཡང་ཉེ་བར་བསྟན་པ་གཞན་ལ་ལྟོས་པ་མ་ཡིན་ཏེ། དེའི་ཕྱིར་འདི་ནི་དགོས་པ་མེད་པ་ཁོ་ནའོ་ཞེ་ན། རྩོམ་པ་འདི་ནི་བྱིས་པས་རྟོགས་པའི་དོན་དུ་སྟེ། དངོས་པོ་ཇི་ལྟ་བ་བཞིན་རྟོགས་ཀྱང་
རྣམ་པ་གཞན་དུ་བརྗོད་པ་མཐོང་ངོ་ཞེས་ལན་བརྗོད་ཟིན་ཏོ། །གལ་ཏེ་དེ་ལྟ་ན་རིགས་མཐུན་པ་ལ་ཡོད་པ་ཞེས་པ་འདིར་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་ངེས་པར་གཟུང་བར་བྱ་བ་དེ་ལྟར་གྱུར་ན། འདི་ཁོ་ནས་མི་མཐུན་ཕྱོགས་གཏན་ཚིགས་མེད་པ་ཉིད་དུ་རྟོགས་པ་ཉིད་
ཀྱི་ཕྱིར། དེ་མེད་པ་ལ་མེད་པ་ཞེས་པ་འདི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ལྟ་ན་རིགས་མཐུན་པ་ཁོ་ན་ལ་ཡོད་ཅེས་པ་ལ་སོགས་པའོ། །དེ་ལྟར་ན་ཞེས་པ་དེའི་ཚེ་ཞེས་པའི་དོན་ཅན་གྱི་ཚིག་ཕྲད་དེ། འདི་ནི་བྱེ་བྲག་ཏུ་མ་བཤད་པའི་སྒྲ་གཞན་ཁོ་ནའོ། །
དེ་ལྟར་ནི་མི་བཟོད་པ་ལ་སོགས་པ་རྣམས་ལ་ཡང་རབ་ཏུ་སྦྱོར་བས་སོ། །རིགས་མི་མཐུན་གྱི་སྒྲ་ནི་འདིར་གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་དག་ལ་འཇུག་གོ། །དེའི་ཕྱིར་འདིར་དོན་འདི་ཡིན་ཏེ། གང་གི་ཚེ་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་ངེས་པར་གཟུང་བ་དེའི་ཚེ་
མི་མཐུན་ཕྱོགས་རྣམ་པ་གསུམ་ཀ་ལ་ཡང་གཏན་ཚིགས་དགག་པ་ཐོབ་པ་ལ། དེ་དག་བྲལ་བ་ལ་མེད་པ་ཞེས་པ་འདི་བརྗོད་པར་མི་བྱ་བ་ཁོ་ན་བདེན་ཏེ། གང་འདིས་བྱ་བ་དེ་གཞན་ཁོ་ན་ལས་ཐོབ་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པ་ཡང་ཡིན་ཏེ། དེ་འདི་སྦྱོར་བའི་དོན་དུ་འགྱུར་རོ་
ཞེས་པའོ། །ངེས་པའི་སྒྲས་ནི་འདིར་སྦྱོར་བ་ཁོ་ན་བརྗོད་པར་འདོད་པ་སྟེ། འདིའི་བློ་ངེས་པར་བྱེད་ཅེས་བྱས་ནས་སོ་ཞེས་བཤད་དོ། །དེ་ལྟར་འགྱུར་མོད་རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་པ་འདི་ལས་རིགས་མི་མཐུན་པ་ལ་ཡང་དགག་པ་ཐོབ་ཅིང་། དེ་ལྟ་ན་ཡང་མཐུན་
เล่ม ๑๙๓ · หน้า 219a
ཕྱོགས་ལ་ཡང་དགག་པ་བྱས་པར་འགྱུར་ཏེ། དེ་ལྟར་ནི་མཐུན་ཕྱོགས་ཀྱང་བསྒྲུབ་བྱའི་ཆོས་ལས་གཞན་པའི་ཆོས་དང་ལྡན་པའི་ཕྱིར་གཞན་དུ་འགྱུར་ལ། དེ་ལ་གཏན་ཚིགས་འཇུག་གོ་ཞེས་པས་མ་ངེས་པར་འགྱུར་རོ་ཞེ་ན་གསུངས་པ། དེ་དང་བྲལ་བ་ཁོ་ན་ལ་
མེད་པ་ཡིན་གྱི། རིགས་མི་མཐུན་པ་བདག་ལ་སོགས་པ་མེད་པ་ལ་མ་ཡིན་ཞེས་པ་སྟེ། དེ་དང་བྲལ་བ་ནི་བསྒྲུབ་པར་བྱ་བའི་རིགས་ཅན་མེད་པ་ཞེས་པའི་དོན་ཏོ། །དེ་དང་བྲལ་བའི་མཉན་པས་ཀྱང་གཞན་པ་དང་འགལ་བ་དག་ཀྱང་གཟུང་ངོ་། །ཡང་ཅི་ལྟར་ན་ཡོད་པ་ཁོ་ན་མེད་
པར་ཅི་ལྟར་འགྱུར་ཞེ་ན། དེའི་རྣམ་པས་དབེན་པའི་ཕྱིར་ཏེ། རིགས་མི་མཐུན་པ་ཡང་འདིར་དེ་དང་བྲལ་བའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་པ་ཁོ་ནས་རིག་པར་བྱའོ། །བདག་ལ་སོགས་པ་མེད་པ་ཡེ་ཤེས་པ་འདིས་དེ་དང་རིགས་མི་མཐུན་པའི་དངོས་པོ་སྟོན་ཏོ། །འདི་ལ་བདག་
ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་པས། བདག་ལ་སོགས་པ་མེད་པ་སྟེ། །མི་རྟག་པའི་དངོས་པོ་བརྗོད་དོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། སྔར་བཤད་པའི་མི་མཐུན་ཕྱོགས་རྣམ་པ་གསུམ་ཁོ་ན་ལ་མེད་པ་སྟེ། དེ་དང་རིགས་མི་མཐུན་པའི་མཐུན་ཕྱོགས་ལ་ནི་མ་ཡིན་
ནོ་ཞེས་པས། མཐུན་ཕྱོགས་ཁོ་ན་མི་མཐུན་ཕྱོགས་སུ་འགྱུར་བ་མ་ཡིན་ནོ། །ཆོས་གཞན་དང་ལྡན་ཡང་དངོས་པོར་ན་ཐ་མི་དད་པའི་ཕྱིར་རོ། །ཆོས་གཞན་དང་ལྡན་པ་ལས་གཞན་ཉིད་ཀྱང་མ་ཡིན་གྱི། འོན་ཀྱང་བརྗོད་པར་འདོད་པའི་ཆོས་མི་རྟེན་པ་ཉིད་ཀྱི་ཕྱིར་རོ་ཞེས་
དགོངས་པའོ། །དེ་བཞིན་དུ་འདི་ཡང་ཞེས་པ་བརྗོད་མ་ཐག་པའི་དོན་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་མཚན་ཉིད་ལ་བསྒྲེས་ནས་སྟོན་ཏོ། །འདིར་ཡང་བསྒྲུབ་པར་བྱ་བ་མེད་པ་ཞེས་པ་འདིས་གཞན་པ་དང་འགལ་བ་དག་གི་མི་མཐུན་ཕྱོགས་དག་ཀྱང་གཟུང་སྟེ། མེད་པ་
ཉིད་ནི་སྔ་མ་བཞིན་དུ་དེ་དག་གི་རིགས་མི་མཐུན་པ་ཉིད་དེ། འདིར་ཡང་བསྒྲུབ་བྱ་མེད་པ་སྐབས་ཉིད་ཡིན་པའི་ཕྱིར་ན། དེ་ལ་ལྟོས་པར་བལྟ་བར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། འདིར་ཡང་དཔེ་ལ་ཇི་ལྟར་སྲིད་པ་བཞིན་དུ་མི་མཐུན་ཕྱོགས་རྣམ་པ་གསུམ་ལ་མེད་པ་ཉིད་བཤད་
เล่ม ๑๙๓ · หน้า 219b
པར་བྱའོ། དེ་དང་རིགས་མི་མཐུན་པའི་ཕྱོགས་ལ་ནི་མ་ཡིན་ནོ་ཞེས་པའོ། །དེ་ཁོ་ན་ཆོས་གཞན་དང་ལྡན་པས་གཞན་ཉིད་ན་མ་ཡིན་ཏེ། དེའི་ཕྱིར་དེར་ཆོས་གཞན་དང་ལྡན་པ་ལ་ཡང་འཇུག་པའི་གཏན་ཚིགས་ནི་མ་ངེས་པ་ཉིད་དུ་དོགས་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་པའོ། །
ཇི་ལྟར་དེ་དང་བྲལ་བ་ལ་མེད་པ་ཞེས་པ་འདི་སྦྱོར་བའི་དོན་ཡིན་པ་དེ་བཞིན་དུ་བསྒྲུབ་བྱ་མེད་པ་ལ་ཡང་མེད་པ་ཉིད་ཅེས་པ་འདི་ཡང་སྦྱོར་བའི་དོན་ནོ་ཞེས་པ་འདི་འདིར་ཡང་སྦྱར་ནས་སྟོན་པར་རིག་པར་བྱའོ། །དེ་ལྟར་གྱུར་ན་འདོད་པ་གྲུབ་པ་ཅིར་འགྱུར་ཞེ་ན་གསུངས་པ། རིགས་
མི་མཐུན་པ་ལ་ནི་ཞེས་པ་ལ་སོགས་པའོ། །བསྒྲུབ་བྱ་ལ་རྗེས་སུ་འགྲོ་བ་ཡོད་ན་ཞེས་པ་འདིས་ནི་རྣམ་པ་གང་གིས་འདིར་རིགས་མི་མཐུན་པར་འདོད་པ་དེ་སྟོན་ཏེ། བསྒྲུབ་པར་བྱ་བས་རྗེས་སུ་འགྲོ་བའི་གཏན་ཚིགས་ཀྱི་རིགས་མི་མཐུན་ན་ཞེས་པའི་དོན་ཏོ། །དོན་དུ་མི་སྒྲུབ་པར་
བྱེད་པ་ཉིད་ཀྱི་ཕྱིར་གཏན་ཚིགས་དུ་མའོ། །དེ་རང་གི་བསྒྲུབ་པར་བྱ་བའི་རྗེས་སུ་འགྲོ་བར་གྱུར་པ་ན་གང་རང་གི་བསྒྲུབ་པར་བྱ་བ་མེད་པ་དང་རིགས་མི་མཐུན་པ་དེ་ལ། ཆོས་གཞན་དང་ལྡན་ན་ཡང་སྒྲུབ་བྱེད་དུ་བྱས་པ་ན། གང་བསྒྲུབ་པར་འདོད་པ་དེ་དང་འགལ་བ་ལ་འཇུག་པ་
འདུས་པ་ཉིད་ལ་སོགས་པ་འགལ་བའི་གཏན་ཚིགས་སུ་བཤད་པ་ཁོ་ནའོ། །སྒྲུབ་བྱེད་དུ་བྱས་པ་ཉིད་ནི་གང་སྒྲུབ་པར་འདོད་པ་དེ་དང་མི་འགལ་བ་ཆོས་གཞན་དང་ལྡན་པ་ལས་མི་འགལ་ན་ཆོས་གཞན་དང་ལྡན་པ་ལ་ཡང་འཇུག་པ་བྱས་པ་ཉིད་ལ་སོགས་པ་མི་འགལ་
བའི་གཏན་ཚིགས་ཉིད་དུ་བཤད་པ་ཁོ་ན་སྟེ་ལེའུ་གསུམ་པའོ།། །།ཡང་ཅི་ལྟར་ན་གང་ལས་བསྒྲུབ་པར་བྱ་བ་མེད་པར་རིགས་མི་མཐུན་པ་ཉིད་དུ་འགྱུར་བ་གང་ལ་འགལ་བར་འཇུག་པ་དེ་བསྒྲུབ་བྱའི་རྗེས་སུ་འགྲོ་བ་ཡིན་ཞེ་ན། གལ་ཏེ་འགལ་བའི་གཏན་ཚིགས་
ཀྱི་དངོས་པོར་ན་བསྒྲུབ་པར་བྱ་བ་དེས་རྗེས་སུ་འགྲོ་བར་གྱུར་ན་རིགས་མི་མཐུན་པ་ལ་སྟེ། གང་རྒོལ་བས་བསྒྲུབ་པར་འདོད་པ་དེས་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདི་ནི་བསྡུས་པའི་དོན་ཏེ། གལ་ཏེ་ཆོས་གཞན་དང་ལྡན་པ་ལ་གང་འཇུག་པ་དེ་མ་ངེས་པ་ཉིད་
เล่ม ๑๙๓ · หน้า 220a
དུ་འདོད་ན། དེའི་ཕྱིར་འགའ་ཞིག་ཀྱང་གཏན་ཚིགས་སུ་འགྱུར་བ་མ་ཡིན་ཞིང་འགལ་བར་ཡང་མ་ཡིན་གྱི། ཐམས་ཅད་མ་ངེས་པ་ཁོ་ནར་འགྱུར་ཏེ། དངོས་པོ་ཐམས་ཅད་ཆོས་གཞན་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་གང་གི་མི་མཐུན་ཕྱོགས་ཐམས་
ཅད་ལས་ལྡོག་པ་དེ་ཆོས་གཞན་དང་ལྡན་ཡང་མཐུན་པའི་ཕྱོགས་ལ་འཇུག་པ་ནི་ཡང་དག་པའི་ཤེས་པའི་རྒྱུ་ཁོ་ནའོ། །གང་མཐུན་ཕྱོགས་ཐམས་ཅད་ལ་ལྡོག་པ་དེ་ཆོས་གཞན་དང་ལྡན་ན་ཡང་མི་མཐུན་ཕྱོགས་ལ་འཇུག་པ་ནི་འགལ་བ་ཉིད་ཁོ་ནའོ། །གང་མཐུན་ཕྱོགས་ལ་
འཇུག་ཅིང་མི་མཐུན་ཕྱོགས་ལ་འཇུག་པའམ་དེར་དོགས་པ་དེ་ནི་མ་ངེས་པ་ཉིད་དོ། །དེས་སེལ་བའི་ཆེད་དུ་དེ་དང་བྲལ་བ་ལ་མེད་པ་ཞེས་པ་སྟེ། འདིས་མི་མཐུན་ཕྱོགས་ལ་གཏན་ཚིགས་མེད་པ་ཉིད་ཁོ་ན་བརྗོད་པར་བྱའི་ཆོས་གཞན་དང་ལྡན་པའི་མཐུན་ཕྱོགས་ལ་ཡང་མ་ཡིན་ནོ། །
ཚུལ་གསུམ་པ་གསལ་བར་བྱེད་པའི་དོན་དུ་ཆོས་མི་མཐུན་པ་ཉིད་ཀྱི་དཔེའོ་ཞེས་པ་དེ་ལའང་བསྒྲུབ་བྱ་མེད་པ་ཁོ་ན་ལ་གཏན་ཚིགས་མེད་པ་བཤད་པར་བྱའི་མཐུན་ཕྱོགས་ཉིད་ཆོས་གཞན་དང་ལྡན་པ་ལ་ནི་མ་ཡིན་ནོ། །འགལ་བ་ཉིད་དུ་བཤད་པ་ཁོ་ནའོ་ཞེས་པའི་ཚིག་སྟེ། འདི་ལ་
ཡང་མི་མཐུན་ཕྱོགས་ནི་ཆོས་གཞན་འགལ་བ་མེད་པ་ཤེས་བྱ་ཉིད་ལ་སོགས་པ་དང་ལྡན་པའི་ཕྱིར་ན་མི་མཐུན་ཕྱོགས་ལས་གཞན་ཏེ། དེ་ལས་ཀྱང་མི་མཐུན་ཕྱོགས་ལས་ཅིག་ཤོས་ལ་འཇུག་པ་ཉིད་ཀྱི་ཕྱིར་འགལ་བའི་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་ཞེས་པ་ཡང་དག་པ་མ་
ཡིན་པའི་རྟོག་པ་བསལ་བའི་དོན་དུའོ། །དེ་ལྟར་གྱུར་ན་གཞན་དུ་ཡང་གང་ལ་མ་ངེས་པ་ཉིད་བརྗོད་པ་དེ་ལ་ཡང་འདི་ལྟ་ཁོ་ནར་མ་ངེས་པ་ཉིད་དུ་བལྟ་བར་བྱའོ་ཞེས་སྟོན་པ་གསུངས་པ། གང་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཐུན་མོང་བའི་ཁྱད་པར་ཉིད་དང་འགལ་བ་ཉིད་ཀྱང་སྒྲུབ་
པར་བྱེད་པ་ཉིད་དག་ཏུ་འགྱུར་རོ། །རེ་རེ་གཉིས་སུ་མ་བརྗོད་པ་ལ་དཔེར་བརྗོད་པར་བྱ་སྟེ། དེའི་ཕྱིར་གཉིས་ཞེས་འདི་ལ་འཆད་པར་འགྱུར་རོ། །ལུས་ཅན་མ་ཡིན་པའི་ཞེས་སྨོས་པ་ནི་གཏན་ཚིགས་ཉེ་བར་མཚོན་པའི་དོན་ཏོ། །གང་གི་ཕྱིར་ལུས་ཅན་མ་ཡིན་པ་ཁོ་ནའི་དབང་
เล่ม ๑๙๓ · หน้า 220b
དུ་བྱས་ནས་ཆོས་མཐུན་པ་ཉིད་ཙམ་བརྗོད་པ་ན་མ་ངེས་པ་ཉིད་དུ་ཐལ་བར་འགྱུར་བ་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་ཐམས་ཅད་ཀྱིའོ། །འདི་ལྟར་ཡང་། དེ་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་མ་ངེས་པ་ཉིད་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་དང་། ཐལ་བར་
འགྱུར་བ་ནི་མི་འདོད་པ་འབེབས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་ཡང་ངོ་། །རྟག་པ་མེད་པ་ལ་ཞེས་པ་འདི་ཡང་བསྒྲུབ་བྱ་མེད་པ་ཉེ་བར་མཚོན་པ་སྟེ། བསྒྲུབ་བྱ་ཐམས་ཅད་མེད་པ་ལ་གཏན་ཚིགས་ཡོད་པར་གྱུར་པའི་ཕྱིར་ན་མ་ངེས་པ་བརྩད་པར་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །
ཡོད་པའི་ཕྱིར་ཞེས་པ་འདིས་ཀྱང་ཡུལ་གྱི་ཡུལ་ཅན་ལ་དོགས་པ་བསྟན་པར་རིག་པར་བྱའོ། །དེ་ལྟར་ནི་དེ་ཉིད་དུ་འཆད་པར་འགྱུར་ཏེ། གལ་ཏེ་ཆོས་མཐུན་པ་ཉིད་ཙམ་གྱིས་བརྗོད་པར་བྱ་ན། དེ་ལས་བསྒྲུབ་བྱ་ལ་མེད་ན་ཡང་འགྱུར་རོ་ཞེས་གཏན་ཚིགས་ཐུན་མོང་བ་ཉིད་དུ་དོགས་པར་འགྱུར་
རོ་ཞེས་པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། དེ་ལ་ཡང་ཆོས་མཐུན་པ་ཉིད་ཙམ་བརྗོད་པ་ན་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་ཡོད་པར་དོགས་པས་མ་ངེས་པའོ་ཞེས་བསྟན་པར་བྱའི། གཞན་པའམ་འགལ་བ་ལ་ཡོད་པ་ཞེས་པས་མ་ངེས་པ་ཞེས་པ་ནི་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་
པའོ། །ཆོས་གཞན་དང་ལྡན་ན་ཡང་ཞེས་པ་དགོངས་པའོ། །འདིར་ཡང་བསྒྲུབ་པར་བྱ་བ་མེད་པ་སྐབས་སུ་བབ་པ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་པས་དོན་གཞན་པ་ཤེས་པར་བྱ་སྟེ། འགལ་བ་ནི་གང་རྒོལ་བས་བསྒྲུབ་བྱ་ཉིད་དུ་འདོད་པ་དེ་ལ་ལྟོས་པས་སོ། །འདི་ག་ལས་ཤེ་ན། ཐ་དད་དུ་ཉེ་བར་
ལེན་པའི་ཤུགས་ལས་སོ། །གལ་ཏེ་འགལ་བ་ཡང་བསྒྲུབ་པར་བྱ་བ་མེད་པ་ལ་ལྟོས་པས་བརྗོད་པར་འདོད་པར་གྱུར་ན་ནི། གཞན་པ་ལ་མ་ཡིན་ཞེས་པ་འདི་ཙམ་བརྗོད་པར་བྱ་བར་འགྱུར་རོ། །དེ་ལྟར་ནི་བསྒྲུབ་པར་བྱ་བ་མེད་པ་ལས་གཞན་ནི་བསྒྲུབ་བྱ་ཡོད་པ་སྟེ། དེ་ཡང་
བསྒྲུབ་བྱ་མེད་པ་དང་འགལ་བ་ཁོ་ནའོ། །དེ་ལས་ཀྱང་གཞན་པ་ལ་མ་ཡིན་ཞེས་པ་འདི་ཁོ་ནས་འགལ་བ་ལ་ཞེས་པ་འདིས་རྟོགས་པར་བྱ་བའི་དོན་རྟོགས་ཟིན་པ་ཉིད་ཀྱི་ཕྱིར། འདི་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་ན། བརྗོད་པ་ཡང་ཡིན་ཏེ། དེའི་བསྒྲུབ་བྱ་ལ་ལྟོས་པས་
เล่ม ๑๙๓ · หน้า 221a
འགལ་བར་རིག་པར་བྱའོ། །འདིར་ཕ་རོལ་གྱི་ཡང་དག་པའི་ཤེས་པའི་རྒྱུ་ཉིད་དུ་མངོན་པར་མ་བསམས་པ་ལ་མ་ངེས་པ་ཉིད་དུ་བརྗོད་པར་བྱ་བའམ། ཡང་ན་འགལ་བ་ཉིད་དུའོ། །དེ་ལ་རྟོགས་པ་སྔ་མ་ལ། །བསྒྲུབ་བྱ་མེད་པ་ལས་གཞན་བསྒྲུབ་བྱ་
ཡོད་པ་ཆོས་གཞན་དང་ལྡན་པ་ལ་ཡང་ཡོད་པར་གྱུར་པ་ཞེས་མ་ངེས་པ་ཉིད་དུ་རབ་ཏུ་བསྟན་པར་བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྒྲུབ་བྱ་མེད་པ་ལ་ཡང་ཡོད་པར་གྱུར་པ་ལས་སམ་དེར་དོགས་པས་སོ། །གཉིས་པ་ལ་ནི་བསྒྲུབ་བྱ་དང་འགལ་བ་ཆོས་གཞན་དང་ལྡན་པ་ལ་
ཡང་ཡོད་པར་གྱུར་པ་ཞེས་མ་ངེས་པ་ཉིད་དུ་བསྟན་པར་བྱ་བ་མ་ཡིན་གྱི། འོན་ཀྱང་འགལ་བའི་གཏན་ཚིགས་ཀྱི་གང་བསྒྲུབ་པར་བྱ་བ་དེ་མེད་པ་ལ་ཡང་ཡོད་པ་ལས་སམ། དེར་དོགས་པས་སོ། །དེ་ལྟར་བྱས་ནས་ཞེས་པ། གང་གི་ཕྱིར་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པ་ཉིད་
ཉེ་བར་མ་བསྟན་པ་ན་མ་ངེས་པ་ཉིད་དུ་དོགས་ཀྱི། ཆོས་གཞན་དང་ལྡན་པ་ལ་ཡང་ཕྱོགས་དང་མཐུན་ཕྱོགས་ཁོ་ན་ལ་འཇུག་པའི་ནི་མ་ཡིན་པ་དེའི་ཕྱིར་རྟག་པ་ནི་རྩོལ་བ་ལས་མ་བྱུང་བའོ་ཞེས་པ་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་འདིས་མི་རྟག་པ་མེད་པ་ལ་གཏན་ཚིགས་མེད་པ་རབ་ཏུ་
བསྟན་པར་བྱའི། མི་རྟག་པ་ཁོ་ན་ཆོས་གཞན་དང་ལྡན་པ་ལ་ནི་མ་ཡིན་ནོ་ཞེས་པ་དགོངས་པའོ། །ཡང་ཅི་ལྟར་ན་དེ་བསྟན་པར་ནུས་ཤེ་ན་གསུངས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མི་རྟག་པ་ཉིད་དང་རྗེས་སུ་
འབྲེལ་པ་དེའི་ཕྱིར་དེ་ལྡོག་པས་དེ་ལྡོག་པར་བསྟན་པར་ནུས་སོ། །སྔར་གཞན་པ་དང་འགལ་བ་དག་མི་མཐུན་ཕྱོགས་ཉིད་དུ་བརྗོད་ཅིང་། དེའི་ཕྱིར་ཡང་དེ་ལ་ཡང་གཏན་ཚིགས་མེད་པ་རབ་ཏུ་བསྟན་པར་བྱ། མི་རྟག་པ་ལས་ཀྱང་རྟག་པ་ནི་གཞན་ཉིད་དང་འགལ་བར་
འགྱུར་རོ། །དེ་ལས་ཀྱང་མདོ་སྡེ་པའི་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་མེད་པར་འགྱུར་ཏེ། དངོས་པོ་རྟག་པ་མི་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེས་དོགས་པར་བྱས་ནས་གསུངས་པ། རྟག་པ་མེད་པ་ལ་ནི་མ་ཡིན་ནོ་ཞེས་པའོ། །འདི་སྐད་སྟོན་ཏེ་མི་མཐུན་ཕྱོགས་རྣམ་པ་གསུམ་ལ་
เล่ม ๑๙๓ · หน้า 221b
གང་སྲིད་པ་དེ་ལ་གཏན་ཚིགས་མེད་པ་རབ་ཏུ་བསྟན་པར་བྱའི། ཅིག་ཤོས་ལ་ནི་མ་ཡིན་ནོ་ཞེས་པའོ། །ཡང་ཅིའི་ཕྱིར་བཟློག་པ་བསྟན་པར་བྱ་བ་མ་ཡིན་ཞེ་ན་གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པའོ། །འཇིག་རྟེན་པ་ཡང་སྦྱོར་བཞིན་དུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་
མི་མཐུན་ཕྱོགས་དག་ལྷན་ཅིག་ཡོད་པ་སྟོན་པ་ན་རྟག་པ་ཉིད་ཀྱིས་དམ་མ་བཅས་པའི་བྱས་པ་ཉིད་བསྒྲུབས་པར་འགྱུར་རོ། །དེ་ལྟ་ན་འོ་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་དཔེའི་མཚན་ཉིད་ཡིན་ན། དེ་ལྟ་ན་འོ་ན་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་ཡང་བརྗོད་པར་བྱའོ་ཞེས་པ་བརྗོད་
པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྨྲས་པ་མི་འགྱུར་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་རེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ཁྱབ་པ་བསྟན་པར་བྱ་བ་དེའི་ཚེ་འགལ་བ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉིད་དོགས་པར་མི་སྲིད་པ་ཁོ་ན་ཡིན་ཞིང་། ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་
བསྒྲུབ་པར་བྱ་བ་མེད་པ་ཁོ་ན་གཏན་ཚིགས་མེད་པར་བརྗོད་པ་ན་ཐུན་མོང་མ་ཡིན་པ་ཉིད་དོགས་པའི་ཐལ་བར་འགྱུར་བ་ཅི་ཞིག །གལ་ཏེ་རིགས་མཐུན་པ་ལའང་འགྱུར་བ་མ་ཡིན་ན་ནི། བསྒྲུབ་བྱ་མེད་པ་ཁོ་ན་ལ་མེད་དོ་ཞེས་པ་འདིར་མི་འགྱུར་རོ། །འདི་ནི་འཇིག་རྟེན་པའི་སྦྱོར་བ་ཞེས་
པ་དེ་ལ་ནི་མཐུན་ཕྱོགས་ལ་གཏན་ཚིགས་ཡོད་པར་གྱུར་པ་ཙམ་ཁོ་ན་རབ་ཏུ་སྟོན་ཏེ་ཆོས་མཐུན་པ་ཉིད་ཀྱིས་ཁྱབ་པ་མངོན་པར་བརྗོད་པའི་ཕྱིར་རོ། །དེའི་ཕྱིར་ཐུན་མོང་བ་དོགས་པ་སྲིད་དོ། །ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོགས་དག་གི་ཡོད་པར་
གྱུར་པ་ཙམ་བསྟན་པར་བྱ་བ་དེའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་དོགས་པའོ། །མཚན་ཉིད་མ་ཡིན་ཞེས་པ། ཇི་ལྟར་དཔེ་དག་གི་མཚན་ཉིད་དེ་ལྟར་རེ་རེ་བརྗོད་པ་ན་ཡང་ཇི་སྐད་བཤད་པའི་སྐྱོན་དུ་མི་ཐལ་བའི་ཕྱིར་རོ། །དཔེར་ན་བསྒྲུབ་བྱའི་ཆོས་ཙམ་གྱི་ཞེས་པ། ཇི་ལྟར་འདི་ཕ་རོལ་
པོའི་འདོད་པ་ལ་ལྟོས་པས་བརྗོད་པ་དེ་ལྟར་འདི་ཡང་ངོ་ཞེས་སྟོན་ཏོ། །ཕྱོགས་ཆོས་ཉིད་ཙམ་གཏན་ཚིགས་ཉིད་ན་མ་ངེས་པ་ཐལ་བར་འགྱུར་རོ་ཞེས་པ་མ་ངེས་པ་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཐལ་འགྱུར་ནི་ཐལ་བར་བྱ་བཞིན་པའི་དོད་ཟླ་ལ་ལྟོས་པ་ཉིད་
เล่ม ๑๙๓ · หน้า 222a
ཀྱི་ཕྱིར་དང་། མི་འདོད་པ་འབབ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་ཉིད་ཀྱང་མ་འདོད་པ་ཉིད་ཀྱི་ཕྱིར་དང་། དེ་ཁོ་ན་དོད་ཟླའི་སྦྱོར་བས་གཞན་པའོ་ཞེས་རྟོགས་པར་བྱའོ། །ཡང་ཅི་ཞེས་པ་རིགས་མཐུན་པ་ལ་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱེད་པ་མ་ཡིན་པ་དག་
གི་གཏན་ཚིགས་འབའ་ཞིག་པ་དག་གི་ཡང་ནུས་པ་ཉེ་བར་དམིགས་ནས་ཐེ་ཚོམ་ཟ་བས་འདྲིའོ། །ཁྱད་པར་ཉིད་ནི་ཐུན་མོང་མ་ཡིན་ནོ། །རེ་རེའི་འམ་གཉི་གའི་མ་བརྗོད་པ་ནི། རེ་རེ་གཉིས་ཀ་མ་བརྗོད་པའོ། །འགའ་ཞིག་གི་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་པོ་རྟོགས་པའི་དོན་དུ་
གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་ནོ། །ཕ་རོལ་པོས་གལ་ཏེ་དཔེ་གང་ཡང་རུང་བས་རྟོགས་པར་བྱ་བའི་དོན་རབ་ཏུ་གྲུབ་ན། གང་ཡང་རུང་བ་བརྗོད་པ་ཡང་སྒྲུབ་པར་བྱེད་པ་སྟེ། རབ་ཏུ་གྲུབ་ཟིན་པ་བརྗོད་པ་ནི་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའི་
དོན་ཏོ། །སྒྲ་ལས་བྱུང་བ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ་རྟོགས་པ་ཉིད་ཙམ་དུ་ཆོས་མཐུན་པ་ཉིད་ཉེ་བར་བླངས་ནས་སྒྲ་ལས་བྱུང་བ་བཞིན་དུ་ཞེས་པ་དཔེར་རིག་པར་བྱ་སྟེ། མངོན་པར་མ་བརྗོད་པ་ནི་མ་ཡིན་ནོ། །གཞན་དུ་ན་སྒྲ་ལས་བྱུང་བ་ནི་རང་གི་དོན་རྗེས་སུ་དཔག་པ་ཉིད་ཀྱི་ཕྱིར་
ངེས་པར་སྟོན་པ་འདི་མི་རིགས་པར་འགྱུར་ཏེ། ཐལ་བར་འགྱུར་བ་མེད་པའི་ཕྱིར་རོ། །རང་གི་དོན་རྗེས་སུ་དཔག་པ་ལ་དཔེའི་ཐལ་བར་འགྱུར་བ་མེད་པའི་ཕྱིར་ཏེ། དོན་གྱི་བདག་ཉིད་ཀྱི་ཕྱིར་རོ། །དོན་གཉིས་ཀ་ལྷུར་ལེན་པ་སྔོན་མ་ཅན་ནི་མངོན་པར་བརྗོད་པ་ལ་ལྟོས་པ་མེད་པར་
རང་དོན་རྗེས་སུ་དཔག་པས་ངེས་པའོ། །དེ་ལྟར་ནི་སྒྲ་མངོན་སུམ་དུ་ཉེ་བར་དམིགས་ནས། དེ་རིགས་མཐུན་པ་གཞན་ལ་ཡོད་པ་ཉིད་དང་། མེད་པ་ལ་མེད་པ་ཉིད་དྲན་ཏེ། དེ་ཙམ་ཁོ་ནས་བརྗོད་པར་བྱ་བ་རྟོགས་པར་བྱེད་དོ། །དེའི་ཕྱིར་རྟོགས་པར་བྱེད་པ་ཉིད་ཙམ་ཉེ་བར་
གཟུང་ནས་དཔེར་བྱས་པའོ་ཞེས་པའོ། །གཉིས་ཀ་མི་བརྗོད་པ་ཞེས་པ། འདིར་འདི་ནི་དགོངས་པ་སྟེ། དཔེ་ལ་བསྒྲུབ་བྱའི་ཆོས་ནི་སྒྲུབ་པར་བྱེད་པའི་དངོས་པོ་སྟེ་དེ་ཙམ་དང་རྗེས་སུ་འབྲེལ་པས་དེའི་རང་བཞིན་ཉིད་དུ་སྟོན་ཏེ། གང་བྱས་པའི་རང་བཞིན་སྐྱེད་པར་བྱེད་པ་དེ་
เล่ม ๑๙๓ · หน้า 222b
མི་རྟག་པའི་རང་བཞིན་དུ་གྱུར་པ་སྐྱེད་པར་བྱེད་དོ་ཞེས་པའི་ཚད་མ་དཔེས་བསྟན་པར་བྱའོ། །གཞན་དུ་ན་ཆོས་གཅིག་ཡོད་པར་གྱུར་པ་ལས། དེ་ལས་གཞན་པས་ཀྱང་འབྱུང་བར་བྱའོ་ཞེས་པའི་ངེས་པ་མེད་པའི་ཕྱིར་འཁྲུལ་བར་དོགས་པར་འགྱུར་རོ། །ཚད་མ་དེས་ཀྱང་དེ་
ཙམ་དང་རྗེས་སུ་འབྲེལ་པ་བརྗོད་པར་བྱ་བའོ། །རང་གི་རྒྱུ་ཁོ་ན་ལས་བྱས་པ་དེ་ལྟར་གྱུར་པར་སྐྱེས་པ་གང་ཡིན་པ་འཇིག་པའི་ངང་ཅན་ནི་སྐད་ཅིག་ཙམ་གནས་པའི་ཆོས་ཅན་ཏེ། གཞན་ལས་དེའི་དངོས་པོ་ཁེགས་པའི་ཕྱིར་རོ། །ཡང་ན་རྒྱུའི་དངོས་པོར་ཏེ། དེ་ཡོད་པ་ཁོ་ན་
ལས་འབྱུང་བའི་ཕྱིར་རོ་ཞེས་དོན་གཞན་དཔེ་ཡིས་རབ་ཏུ་བསྟན་པར་བྱའོ། །དེ་ལྟར་དེའི་དངོས་པོ་དང་རྒྱུའི་དངོས་པོར་རབ་ཏུ་གྲུབ་པ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་འགྲུབ་བོ། །གང་རྣམས་དེའི་དངོས་པོ་དང་རྒྱུའི་དངོས་པོ་དག་རབ་ཏུ་གྲུབ་པ་ཁོ་ན་ཡིན་པ་དེ་རྣམས་ལ་གཏན་ཚིགས་
ཁོ་ན་བརྗོད་པར་བྱ་སྟེ། གང་གི་དོན་དུ་དཔེ་བརྗོད་པར་བྱ་བའི་དོན་ཏེ་གྲུབ་ཟིན་ཏོ་ཞེས་པས་དེ་བརྗོད་པས་ཅི་ཞིག་ཅེས་པའོ། །འདི་ནི་རང་གི་འདོད་པ་ལ་ལྟོས་པས་དགོངས་པ་བརྗོད་པའོ། །ཕ་རོལ་གྱི་འདོད་པ་ལ་ལྟོས་པས་ནི་མཐུན་ཕྱོགས་ལ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཡོད་པར་
གྱུར་པ་ཙམ་བཤད་པའི་ཆེད་དུ་རིགས་མཐུན་པའི་དཔེ་བརྗོད་ཅིང་། ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་ཙམ་བཤད་པའི་ཆེད་དུ་སྟེ། གང་རྣམས་དེ་གཉིས་ག་རྟོགས་ཟིན་པ་དེ་རྣམས་ཀྱི་ངོར་གཉིས་ཀ་མི་བརྗོད་པ་
སྟེ། དཔེས་རྟོགས་པར་བྱ་བའི་དོན་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་པའོ། །དོན་གྱིས་གོ་བས་ཞེས་པ་ལ་སོགས་པ། འདི་ནི་རང་གི་འདོད་པས་བཤད་པའོ། །འདིར་ཡང་དཔེས་དེའི་དངོས་པོ་གཏན་ཚིགས་ཀྱི་དངོས་པོར་སྟོན་པར་སེམས་བཞིན་པས་དོན་གྱི་གོ་བས་
གཅིག་བརྗོད་པས་གཉིས་པ་འགྲུབ་པར་གསུངས་སོ། །དེ་ལྟ་ན་གང་བྱས་པ་དེ་མི་རྟག་པ་ཁོ་ནའོ་ཞེས་བརྗོད་པ་ན། དོན་གཞན་མ་ཡིན་པར་གྱུར་པ་ན། གསལ་བར་འདི་ནི་འདིའི་རང་བཞིན་ཏེ། དེ་ཙམ་དང་རྗེས་སུ་འབྲེལ་པ་ཚད་མས་མཐོང་ཞིང་དེའི་དངོས་པོར་ངེས་པའི་ཕྱིར་
เล่ม ๑๙๓ · หน้า 223a
རོ་ཞེས་འབྲེལ་པ་ཤེས་པ་ནི་དོན་གྱིས་གོ་བས་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་དུ་མི་འགྱུར་ཞེས་པར་འགྱུར་ཏེ་ཐ་མི་དད་པའི་ཕྱིར་རོ། །གཞན་དུ་ན་དེ་ཡོད་པ་ན་ཡོད་པ་ཁོ་ནའོ་ཞེས་པ་འདི་ཁོ་ན་མི་འགྱུར་རོ། །དེ་མེད་པ་ན་མི་འགྱུར་བ་ཁོ་ནའོ་ཞེས་པ་འདི་
བརྗོད་པ་ན། དེ་ཡོད་པར་རིགས་པ་ནི་གསལ་བར་འདི་ནི་འདིའི་རང་བཞིན་ཏེ། གང་གིས་དེ་མེད་པ་ན་མི་འབྱུང་བའོ། །གཞན་དུ་ན་མི་རིགས་པའི་ཕྱིར་རོ་ཞེས་དེའི་རང་བཞིན་ཉིད་དུ་རྟོགས་པས་རྗེས་སུ་འགྲོ་བ་དྲན་པར་འགྱུར་རོ། །དེ་བཞིན་དུ་གང་ན་དུ་བ་ཡོད་པ་དེར་མེར་
འགྱུར་བ་ཁོ་ན་ཞེས་བརྗོད་པ་ན། གང་གིས་དུ་བ་ཡོད་པ་མེར་གདོན་མི་ཟ་བར་འགྱུར་བ་དུ་བ་ནི་མེའི་འབྲས་བུ་སྟེ། གཞན་དུ་ན་དོན་གཞན་དེ་དང་རྗེས་སུ་འབྲེལ་པའི་ངེས་པ་མེད་པའི་ཕྱིར་ན་རང་བཞིན་རང་དབང་ཅན་དུ་འགྱུར་ཏེ། དེ་མེད་པ་ལ་ཡང་རང་བཞིན་མ་ཚང་བ་མེད་པའི་ཕྱིར་ན་
མེད་པ་མ་ཡིན་ནོ། །འབྲས་བུ་ལ་ནི་གདོན་མི་ཟ་བར་རྒྱུར་འགྱུར་བ་ཡིན་ཏེ། འདི་ཁོ་ན་ནི་རྒྱུའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་དོན་གཞན་ཡོད་པ་ན་རང་བཞིན་ཉེ་བར་སྒྲུབ་ཅིང་། འབྲས་བུ་ཡང་དེ་ཡོད་པ་ཁོ་ན་ལ་ཡོད་པ་སྟེ། དེ་ཡང་དུ་བ་ལ་ཡོད་ཅིང་དེའི་ཕྱིར་དུ་བ་འབྲས་བུའོ། །
དེ་ལྟར་རྗེས་སུ་འགྲོ་བས་དེ་འབྲས་བུ་ཉིད་དུ་རིག་པའི། སྲེག་པར་བྱེད་པ་མེད་པ་ན་དུ་བ་འགྱུར་བ་མ་ཡིན་ནོ་ཞེས་དོན་གྱིས་ལྡོག་པ་རྟོགས་པར་འགྱུར་རོ། །དེ་བཞིན་དུ་མེ་མེད་པ་ལ་དུ་བ་མེད་པ་ཁོ་ནའོ་ཞེས་བརྗོད་པ་ན། དུ་བ་ལ་མེ་གདོན་མི་ཟ་བར་ཞེས་དོན་གྱིས་རྗེས་སུ་འགྲོ་བ་རྟོགས་སོ་ཞེས་པའོ་
སྒྲུབ་པར་བྱེད་པའི་ངག་གཅིག་ལ་གཉིས་ཀ་དག་སྦྱོར་བར་འདོད་པ་མ་ཡིན་ཏེ། དོན་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །རྗེས་སུ་དཔག་པ་ལ་ཡང་ཞེས་རང་གི་དོན་རྗེས་སུ་དཔག་པ་ལའོ། །ཚུལ་འདི་ཞེས་པ་རྟོགས་པའི་ཚུལ་ལོ། །དྲན་པ་སྐྱེད་པར་བྱེད་པ་ཁོ་ན་རྗེས་སུ་འགྲོ་བ་དང་ལྡོག་པ་སོ་སོར་
རྟོགས་པ་དག་ཕྱོགས་ཆོས་ངེས་པར་གྱུར་པ་ན་རང་དོན་རྗེས་སུ་དཔག་པ་ལ་ཡང་འདི་མཐོང་ངོ་ཞེས་པའི་དོན་ཏོ། །དེ་སྟོན་པར་གསུངས་པ། གལ་ཏེ་འདི་ཞེས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་པ། གང་གི་ཕྱིར་རང་དོན་རྗེས་སུ་དཔག་པ་ལ་ཡང་ཚུལ་འདི་མཐོང་ངོ་ཞེས་པའི་དོན་ཡིན་པ་
เล่ม ๑๙๓ · หน้า 223b
དེའི་ཕྱིར་གཞན་དོན་རྗེས་སུ་དཔག་པ་ལ་ཚུལ་འདི་བལྟ་བར་བྱ་སྟེ། དེ་ནི་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཞེས་སྟོན་ཅིང་ཐལ་བར་འགྱུར་བ་ལས་ཀྱང་། ཉེ་བར་སྦྱོར་བ་ལ་སོགས་པ་རྣམས་དགག་པ་བསྒྲུབ་པའི་ཆེད་དུ་གསུངས་པ། རང་གིས་ངེས་བཞིན་ཞེས་པ་ལ་སོགས་
པ་སྟེ། ཇི་ལྟར་བདག་ཉིད་ལ་ངེས་པ་སྐྱེད་པ་དེ་ལྟར་ཕ་རོལ་པོ་རྣམས་ལ་ཡང་ངེས་པ་སྐྱེད་པའི་ཆེད་དུ། གང་ལས་འདོད་པར་འགྱུར་བ་དང་། གང་ལས་ཕྱོགས་ཆོས་ཉིད་དང་འབྲེལ་པ་དག་གི་བསྒྲུབ་བྱ་བརྗོད་པ་བསྒྲུབ་བྱ་གསལ་བར་བྱེད་པའི་བདག་ཉིད་དུ་འགྱུར་བའོ། །
དེས་ན་ཕྱོགས་ལ་སོགས་པའི་ཚིག་ལས་གཞན་པ་དེ་ལ་ཉེ་བར་མི་མཁོ་བ་ཤེས་པ་ལ་སོགས་པ་རྣམས་གཞན་དོན་རྗེས་སུ་དཔག་པ་ལ་དོར་བའོ་ཞེས་པའི་དོན་ཏོ། །གཞན་དག་སོང་ཞེས་པ་འདིར་ཕྱོགས་ཆོས་ལ་སོགས་པ་རྗོད་པ་ལས་ཞེས་བརྟག་པར་བྱའོ། །ཡང་ཅི་
ལྟར་འཆད་པར་བྱེད་པའི་དོན་ཅན་བརྗོད་པ་གསལ་བར་བྱེད་པ་ལ་འཇུག་པ་སྟེ། དཔེར་ན་རིགས་པ་དེས་སྨྲའོ་ཞེས་པ་འདིར་སྨྲ་བ་ཇི་ལྟར་ཡིན་པ་ལྟ་བུ་སྟེ་སྐད་ཀྱི་བྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་ནི་མེད་ན་མི་འབྱུང་བའོ། །རྗེས་སུ་དཔག་པར་བྱ་བ་བསྟན་
པའི་དོན་དུ་ཕྱོགས་བརྗོད་པ་ཞེས་པ་ནི་ཕྱོགས་ཀྱི་སྒྲ་ནི་འདིར་དོན་གྱི་རྣམ་གྲངས་སོ། །ཇི་སྐད་དུ་གསུངས་པ། ཡོད་པའི་དོན་ནི་ཕྱོགས་ཞེས་སོ། །འདི་སྐད་བཤད་པར་འགྱུར་ཏེ། རྗེས་སུ་དཔག་པའི་དུས་སུ་དོན་གང་ཅི་ཡང་རུང་བ་བརྗོད་པ་དེ་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་དོན་
དུ་སྟེ། དེ་ལ་དགོས་པ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཕྱོགས་ཆོས་ལ་སོགས་པ་བརྗོད་པ་ནུས་པ་མངོན་པར་བརྗོད་པ་ཁོ་ན་ནི་གཞན་དོན་རྗེས་སུ་དཔོག་པ་ལ་ཡན་ལག་གི་དངོས་པོ་སྟེ། དེའི་ཕྱིར་དེ་ཁོ་ན་ཉེ་བར་བླང་ངོ་ཞེས་པ་དགོངས་པའོ། །དེའི་ཕྱིར་གསུངས་པ། གཞན་
གྱི་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །འདིས་དེ་མ་ཐག་པར་བརྗོད་པ་ཁོ་ནའི་ཡན་ལག་གི་དངོས་པོའོ་ཞེས་པ་འདི་གསལ་བར་བྱེད་དོ། །ཤེས་འདོད་ལ་སོགས་པ་རྣམས་ཀྱི་ཞེས་པས་ཤེས་འདོད་དང་ཐེ་ཚོམ་དང་དོགས་པ་དང་ནུས་པ་ཐོབ་པ་རྣམས་འཕངས་པ་ཡིན་ནོ། །ཉེ་བར་
เล่ม ๑๙๓ · หน้า 224a
སྦྱོར་བ་དང་མཇུག་སྡུད་དག་སོགས་པའི་སྒྲས་འཕངས་ནའང་། སླར་ཡང་ཁྱད་པར་དུ་སྤངས་པ་ནི། །རིགས་པ་ཅན་པ་རྣམས་ཀྱིས་ཤེས་པར་འདོད་པ་སུན་ཕྱུང་ནས། དེ་དག་ཡན་ལག་གཞན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །དེ་དག་ཡན་ལག་གཞན་
ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། བརྗོད་ཟིན་པ་དང་ནུས་པ་མེད་པའི་དོན་སྟོན་པའི་ཕྱིར་ཏེ། ཇི་ལྟར་རིགས་པར་རོ། །དཔེའི་ཚིག་ཀྱང་ཞེས་པ་ལ་སོགས་པས་བརྗོད་ཟིན་པའི་དོན་སྟོན་པའི་ཕྱིར་རོ་ཞེས་པ་འདི་མ་ངེས་པ་ཉིད་དུ་སྨྲས་སོ། །གཏན་ཚིགས་ཀྱི་དོན་སྟོན་པའི་ཕྱིར་རོ་ཞེས་
པ། གང་གི་ཕྱིར་དཔེས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དག་ལ་ཡོད་པ་དང་མེད་པ་ཉིད་དག་གི་གཏན་ཚིགས་ཀྱི་དོན་ཁོ་ན་སྟོན་ཏོ། །གལ་ཏེ་གཏན་ཚིགས་ལས་ཞེས་པ་ལ་སོགས་པས། ལན་འདེབས་སོ། །གཏན་ཚིགས་ལས་ཞེས་པ་གཏན་ཚིགས་ཀྱི་ཚིག་ལས་སོ། །གལ་
ཏེ་ཡང་གཏན་ཚིགས་ལས་དཔེ་ཐ་དད་མེད་པར་བསྒྲགས་ཏེ། དེས་ཀྱང་གཏན་ཚིགས་ཀྱི་དོན་གྱི་ཕྱོགས་གཅིག་བརྗོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཉེ་བར་སྦྱར་བ་ལ་སོགས་པ་བཞིན་དུ་དགོས་པ་མེད་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་ཚིག་གིས་མ་བརྗོད་པའི་གཏན་ཚིགས་ཀྱི་དོན་
སྟོན་པའི་ཕྱིར་རོ། །གཏན་ཚིགས་འབྲེལ་པ་སྒྲུབ་དོན་དུ། །ཞེས་པ་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པའི་དོན་དུའོ་ཞེས་པའི་དོན་ཏོ། །ལོགས་ཤིག་ཅེས་པ་མ་འབྲེལ་བ་སྟེ། ལོགས་པའི་དོན་མངོན་པར་བརྗོད་པའི་ཕྱིར་རོ། །ལོགས་པར་འགྱུར་མོད་དེ་གཏན་
ཚིགས་ཀྱི་ཚིག་བརྗོད་པར་བྱ་བ་མ་ཡིན་པའི་དོན་མ་འབྲེལ་བའི་དོན་མངོན་པར་བརྗོད་པར་འགྱུར་མོད་ཅེས་པའི་ཐ་ཚིག་གོ། །གཏན་ཚིགས་ལྷག་མ་རབ་ཏུ་འགྲུབ་པའི་དོན་དུ་ཞེས་པ། གཏན་ཚིགས་ལས་གཞན་གང་ཡིན་པ་དེ་ནི་ལྷག་མའོ། །དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་
པ་དག་དང་། དེའི་མི་མཐུན་ཕྱོགས་དག་ལྷན་ཅིག་འབྱུང་བ་ཕ་རོལ་པོས་མངོན་པར་འདོད་པ་སྟེ། དེ་རབ་ཏུ་འགྲུབ་པའི་དོན་དུའོ། །སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་བྱས་པ་ན། བྱས་པ་ཉིད་དང་མི་རྟག་པ་ཉིད་དག་ལྷན་ཅིག་འབྱུང་བ་བུམ་པ་ལ་རྟོགས་པར་བྱེད་ལ།
เล่ม ๑๙๓ · หน้า 224b
དེ་བཞིན་དུ་རྟག་པ་ནི་མ་བྱས་པའོ་ཞེས་བྱས་པ་ན། ནམ་མཁའ་ལ་རྟག་པ་དང་མ་བྱས་པ་ཉིད་དག་གིའོ། །དེའི་ཕྱིར་དཔེ་ནི་ལོགས་པ་ཁོ་ནར་འགྱུར་མོད་པའོ། །འཇིག་རྟེན་མཚུངས་ཕྱིར་ལོགས་པ་མིན། །ཞེས་པ་འཇིག་རྟེན་པའི་སྦྱོར་བ་དང་མཚུངས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་
པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལྟ་ན་ནི་ཞེས་པ་ལ་སོགས་པའོ། །འཇིག་རྟེན་པའི་སྦྱོར་བ་ལ་དཔེ་ནི་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བ་ཉིད་བསྟན་པའི་ཆེད་དུ་གསུངས་པ། དཔེ་བརྗོད་དང་ཆོས་མཐུན་ཞེས་པ་ལ་སོགས་པའོ། །དཔེ་བརྗོད་བུམ་པ་ལ་སོགས་པ་དང་བྱས་པ་ཉིད་ལ་
སོགས་པ་ཆོས་མཐུན་ཉིད་ནི་འཇིག་རྟེན་པ་རྣམས་ཀྱིས་བརྗོད་དོ། །མཚན་ཉིད་ཀྱི་དབང་གིས་སྦྱོར་བར་འགྱུར་ཞིང་། དེ་རྣམས་ཀྱི་རྟགས་ཀྱི་མཚན་ཉིད་ཀྱང་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པའོ། །དེ་ལྟར་ཡང་སྦྱོར་བ་ལས་བྱས་པ་
ཉིད་ཀྱི་ཕྱིར་རོ་ཞེས་པ་འདིས་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་འབའ་ཞིག་བརྗོད་དེ། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་ཀྱི། བསྒྲུབ་བྱ་སྒྲུབ་བྱེད་ཉིད་མ་བརྗོད་དོ་ཞེས་མེད་ན་མི་འབྱུང་བ་བསྟན་པའི་སྟོབས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་འཐོབ་ཀྱི། ཆོས་མཐུན་པ་ཉིད་ཙམ་
བརྗོད་པ་ལས་ནི་མ་ཡིན་ནོ། །འདི་ལྟར་འགྱུར་མོད། བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པའི་ཚིག་ལས་ན། ཅི་ལྟར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་མ་བརྗོད་པ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་
སྒྲུབ་པར་བྱེད་པ་ཉིད་ནི་ཡན་ལག་ཐམས་ཅད་ཀྱི་ཐུན་མོང་བའི་ངོ་བོ་མཚོན་པར་བྱ་བ་སྟེ། དེ་མཚན་ཉིད་མ་ཡིན་ནོ། །དེ་ཁོ་ན་ཡོངས་སུ་ཤེས་པར་བྱ་བའི་ཆེད་དུ་མཚན་ཉིད་བྱ་བ་ཡིན་ཏེ། དེའི་ཕྱིར་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ཙམ་ཁོ་ན་གཏན་ཚིགས་ཀྱི་མཚན་ཉིད་དུ་ཞེས་པས་
སྦྱོར་བ་ལ་ཡང་བརྗོད་པར་བྱའོ། །དེ་ཚོད་ཙམ་གྱིས་གཏན་ཚིགས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ཏེ། གཞན་དུ་ན་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདི་ཡང་འགྱུར་རོ་ཞེ་ན་གསུངས་པ། དེ་ལྟར་ཡང་ནི་དཔེ་ཙམ་ཉིད་ཅེས་པའོ། །
เล่ม ๑๙๓ · หน้า 225a
དེ་ལྟ་ན་ཡང་དཔེ་ཉིད་ཙམ་རབ་ཏུ་སྟོན་པ་ནི་སྦྱོར་བ་ལ་བསྟན་ཏེ། བུམ་པ་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་ཅེས་པ་ལ་གཏན་ཚིགས་ལ་རྗེས་སུ་མི་འཛིན་པའི་ཕྱིར་ཞེས་པ། ལྷན་ཅིག་འབྱུང་བ་ཙམ་བསྟན་པས་ནི་གཏན་ཚིགས་རྗེས་སུ་འཛིན་པ་ཅི་ཡང་བྱས་པ་མ་
ཡིན་ནོ། །ཅི་སྟེ་ཡང་འགྱུར་མོད་ཅེས་པ་ལ་སོགས་པས་ནི་ཆོས་མི་མཐུན་པ་ཉིད་ཀྱང་གཏན་ཚིགས་རྗེས་སུ་འཛིན་པའི་ངོར་ནུས་པ་མེད་པ་ཉིད་སྨྲས་པའོ། །བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པ་རབ་ཏུ་བསྟན་པས་རྗེས་སུ་གཟུང་བར་འགྱུར་གྱི། བསྒྲུབ་པས་བསྒྲུབ་པར་བྱ་བ་དང་
སྒྲུབ་པར་བྱེད་པའི་མི་མཐུན་པའི་ཕྱོགས་དག་ལྷན་ཅིག་སྤྱོད་པ་ཙམ་བསྟན་པས་ནི་མ་ཡིན་ནོ། །འཇིག་རྟེན་པའི་སྦྱོར་བས་ཀྱང་འདི་ཙམ་ཁོ་ན་བྱ་བ་སྟེ། ཟློག་པས་རྟག་པའི་དཔེ་ལྡོག་པའི་དོན་དུ་ཞེས་པ། མ་བྱས་པ་ཉིད་ཟློག་པས་ཏེ་བྱས་པ་ཉིད་ཀྱིས་རྟག་པའི་དཔེ་ལྡོག་པའི་དོན་དུ་སྟེ།
ནམ་མཁའ་བཞིན་དུ་རྟག་པ་མ་ཡིན་ནོ་ཞེས་རྟག་པ་ནམ་མཁའ་ལ་སོགས་པས་སྒྲ་བྱས་པའི་དཔེ་ཡིན་པ་མེད་དོ་ཞེས་པའི་དོན་ཏོ། །ཅི་སྟེ་ཡང་ཞེས་པ་བསྒྲུབ་པར་བྱ་བ་འགྲུབ་པའི་ཆེད་དུ། གཏན་ཚིགས་རྗེས་སུ་འཛིན་པ་ཚོལ་བ་ཡིན་ཞིང་། དེ་གལ་ཏེ་དཔེ་ཙམ་གྱིས་འགྱུར་ན་གཏན་
ཚིགས་རྗེས་སུ་འཛིན་པ་དོན་མེད་པར་འགྱུར་ཏེ། དཔེ་ཙམ་གྱིས་བསྒྲུབ་པར་བྱ་བ་འགྲུབ་པས་སོ་ཞེས་པ་བསམས་པའོ། །འགྲུབ་པ་ཁོ་ན་བསྒྲུབ་པར་བྱ་བ་རྗེས་སུ་འཛིན་པའོ། །འདི་ཡོད་པ་མ་ཡིན་ཏེ་ཞེས་པ་དཔེ་ཙམ་གྱིས་བསྒྲུབ་པར་བྱ་བ་རྗེས་སུ་འཛིན་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གཏན་ཚིགས་བཅས་པའི་བསྒྲུབ་པར་བྱ་བའི་དང་བསྒྲུབ་བྱ་ཙམ་གྱི་སྟེ། བསྒྲུབ་བྱ་ཙམ་གྱི་ཞེས་པ་ཕྱི་མར་མངོན་པར་བརྗོད་པའི་ཕྱིར། སྔ་མ་ནི་གཏན་ཚིགས་བཅས་པ་བསྒྲུབ་པར་བྱ་བའི་ཞེས་རྟོགས་པར་བྱའོ། །དེའི་ཁྱད་པར་གྱིའམ།
དེའི་སྒྲས་བསྒྲུབ་པར་བྱ་བ་ལ་བསྙེགས་སོ། །དཔེ་ཡིན་ན་སྟེ། དཔེ་ཡིན་པ་ནའོ། །དཔེ་ནི་ཐུག་པ་མེད་འགྱུར་ཞིང་། །གཏན་ཚིགས་དང་བཅས་པའི་བསྒྲུབ་པར་བྱ་བ་དཔེ་ཡིན་ནའོ། །ཕྱི་མ་དག་ཡིན་ན་ནི་མི་མཐུན་ཕྱོགས་ལས་ཟློག་པ་ཡང་བརྗོད་པར་བྱའོ། །དཔེར་ན་བུམ་པ་ནི་བྱས་
เล่ม ๑๙๓ · หน้า 225b
པའི་ཕྱིར་མི་རྟག་སྟེ། དེ་བཞིན་དུ་སྒྲ་ཡང་ཡིན་ནོ་ཞེས་པ་དཔེར་ན་བུམ་པ་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་དུ་རྗེས་སུ་དཔག་པ་དེ་ལྟ་བུ་སྒྲ་ཡང་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །སླར་ཡང་བུམ་པ་མི་རྟག་པ་ཉིད་ལ་ཡང་ཞེས་པ་ལ་སོགས་པ་ཇི་ལྟར་སྒྲ་ལ་དཔེས་མི་རྟག་པ་ཉིད་འགྲུབ་པ་དེ་བཞིན་
དུ་བུམ་པ་ལ་སྟེ། དེ་བཞིན་དུ་དེའི་དཔེ་ལ་ཡང་ངོ་ཞེས་པ་ཐུག་པ་མེད་པའོ། །ནམ་མཁའ་བཞིན་དུ་རྟག་པ་ནི་མ་ཡིན་ནོ་ཞེས་པ། རྟག་པ་ཉིད་བཀག་པས་མི་རྟག་པ་ཉིད་ཙམ་བསྒྲུབ་པར་བྱ་བའོ་ཞེས་སྟོན་པར་བྱེད་དོ། །དེས་ནི་ནམ་མཁའ་ལ་སོགས་པ་རྣམས་ལས་ཞེས་པ་ལ་སོགས་པ་སྟེ།
མི་མཐུན་ཕྱོགས་ལས་ལྡོག་པ་མེད་པ་ནི་གོ་བར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་ནམ་མཁའ་བཞིན་དུ་རྟག་པ་ནི་མ་ཡིན་ནོ་ཞེས་པ་འདི་བརྗོད་པར་འདོད་པ་ན། བྱས་པ་ཉིད་ཀྱི་ཉེ་བར་སྦྱོར་བ་སྟོན་པས་ནམ་མཁའ་ལ་སོགས་པ་མི་མཐུན་ཕྱོགས་རྣམས་ལས་དེའི་ལྡོག་པ་ཉེ་བར་བསྟན་པར་བྱ་སྟེ། བྱས་
པ་ཉིད་ལས་གྱུར་ན་མི་རུང་ངོ་ཞེས་འདི་ནི་དོན་མེད་པ་ཉིད་དོ་ཞེས་པའོ་ཡོད་པས་ཡང་མ་ཡིན་ནོ་ཞེས་པ་བུམ་པ་བཞིན་དུ་མི་རྟག་པའོ་ཞེས་པ་འདི་ཙམ་གྱིས་དེ་རྣམས་ལས་ལྡོག་པ་རྟོགས་པ་མ་ཡིན་པས་སོ། །སྣམ་བུ་ལ་སོགས་པ་བཞིན་དུ་ནི་མ་ཡིན་ནོ་ཞེས་པ། ཁྱད་པར་གཞན་བཀག་པས་ཁྱད་པར་
བསྒྲུབ་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟ་ན་ཡང་སྣམ་བུ་ལ་སོགས་པ་རྣམས་ལས་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ན་ནི་ནམ་མཁའ་ལ་སོགས་པ་བཞིན་དུ་སྣམ་བུ་ལ་སོགས་པ་ཡང་མི་མཐུན་ཕྱོགས་ཁོ་ན་སྟེ། དེའི་ཕྱིར་ཡང་དེ་ལས་ཀྱང་གཏན་ཚིགས་ལྡོག་པར་བརྗོད་
པར་བྱ་སྟེ། གཞན་དུ་ན་བྱས་པ་ཉིད་ཀྱི་ཕྱིར་སྣམ་བུ་བཞིན་དུ་མི་རྟག་གོ་ཞེས་པར་ཡང་འགྱུར་རོ། །དཔེ་ཙམ་བསྟན་པས་དེ་རྟོགས་པ་ཡང་མ་ཡིན་ཏེ། སྣམ་བུ་ལ་སོགས་པ་རྣམས་ཀྱང་བྱས་པ་ཉིད་ལས་ཡོད་པ་ཡང་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ནི་ཐམས་ཅད་དུ་རྣམ་པ་དང་ལྡན་པ་ཡང་
མ་ཡིན་ཞེས་པ་ཁྱད་པར་དང་ལྡན་པ་མ་ཡིན་ཞེས་པའི་བར་རོ། །ཐམས་ཅད་དུ་ཞེས་སྨོས་པ་ནི་ཁ་ཅིག་ཏུ་རྣམ་པ་དང་ལྡན་པ་ཉིད་སྲིད་པའི་ཕྱིར་ཏེ། དཔེར་ན་འདིར་མེའོ་ཞེས་པ་དེར་ནི་བསྒྲུབ་པར་བྱ་བའི་ཆོས་ནི་ཆོས་ཅན་གྱི་ངོ་བོ་ཡིན་གྱི་ཆོས་ཀྱི་ངོ་བོ་ནི་མ་ཡིན་ཏེ། ཆོས་ཅན་ཡང་རྣམ་པ་དང་ལྡན་
เล่ม ๑๙๓ · หน้า 226a
པ་ཉིད་སྲིད་པས་སོ། །ཡང་ན་བསྒྲུབ་པར་བྱ་བ་ནི་ཐམས་ཅད་དུ་རྣམ་པ་དང་ལྡན་པའང་མ་ཡིན་ནོ་ཞེས་པ། སྤྱི་ཁོ་ན་ནི་མི་ལྡན་པ་རྣམ་པར་བཅད་པས་བསྒྲུབ་པར་བྱ་བ་སྟེ། ཐམས་ཅད་དུ་ཞེས་པ་ངེས་པར་འཛིན་པར་བལྟ་བར་བྱ་སྟེ། ཐམས་ཅད་ཁོ་ནར་
རྣམ་པ་དང་ལྡན་པ་མ་ཡིན་ཞེས་པའི་དོན་ཏོ། །འོ་ན་འགའ་ཞིག་ཏུ་རྣམ་པ་དང་ལྡན་པ་ཡོད་པ་མ་ཡིན་ནམ། དེ་ལྟར་ནི་སྲེག་པར་བྱེད་པ་ལ་སོགས་པ་རྣམས་ཁྱད་པར་དང་ལྡན་པ་སྟེ། རྩྭ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་ལ་སོགས་པ་ཐ་དད་པའི་ཕྱིར་རོ་ཞེ་ན། འདི་ཡོད་པ་མ་
ཡིན་ཏེ། དེ་ལས་ཡང་རྩྭ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་ལ་སོགས་པ་སྲེག་པར་བྱེད་པའི་ཁྱད་པར་སྒྲུབ་པར་བྱེད་པ་ན་ཡང་རྩྭ་ལས་བྱུང་བ་ལ་སོགས་པ་སྲེག་པར་བྱེད་པའི་སྤྱི་ཁོ་ན་བསྒྲུབ་པར་བྱའོ་ཞེས་པས་ཅིའི་ཕྱིར་རྣམ་པ་དང་ལྡན་པ་ཉིད་ཡིན། དེ་ཉིད་ཀྱི་ཕྱིར་གསུངས་པ།
དམ་བཅའ་བའི་དོན་དང་ཡང་མ་འབྲེལ་བ་སྟེ་མི་རྟག་པ་ཉིད་ཙམ་གྱིས་དམ་བཅས་པའི་ཕྱིར་རོ་ཞེས་པ་མི་རྟག་པ་ཉིད་ཙམ་གྱིས་དམ་བཅས་པ་ན། དེ་ལ་ལྟོས་པ་ཁོ་ནས་བྱ་བཞིན་པའི་དཔེའི་དོན་འཐད་པར་འགྱུར་ཞིང་། ཁྱད་པར་ལ་ལྟོས་པས་ནི་དམ་བཅའ་བའི་དོན་དང་འབྲེལ་པ་མ་
ཡིན་ཏེ། གཞན་དམ་བཅས་ཤིང་གཞན་ཁོ་ན་ཉེ་བར་དཔོག་པས་སོ་ཞེས་བྱས་ནས་སོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དཔེ་གཏན་ཚིགས་ལས་ཐ་དད་པ་ཉིད་དུ་གྱུར་ན་ཕྱོགས་ཀྱི་ཆོས་ཙམ་ཁོ་ན་གཏན་ཚིགས་སོ་ཞེས་པ་འདི་ཐོབ་སྟེ། དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་
བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །ཡང་དེ་ལྟར་གྱུར་ན་མི་འདོད་པ་ཅིར་འགྱུར་ཞེ་ན་གསུངས་པ། དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་འཁྲུལ་བའི་སྐབས་ཡོད་དོ་ཞེས་པ་ནི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་ལ་གཏན་ཚིགས་ཀྱི་མི་
མཐུན་ཕྱོགས་རབ་ཏུ་བསྟན་པའི་ཕྱིར་རོ། །གང་གི་ཡང་ཆོས་མི་མཐུན་པ་ཉིད་ཁོ་ནས་ཡིན་པ་དེའི་ཡང་ཐུན་མོང་མ་ཡིན་པ་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་ཏེ། མཐུན་པའི་ཕྱོགས་ལ་གཏན་ཚིགས་ཡོད་པར་གྱུར་པ་ཉིད་མ་བཤད་པའི་ཕྱིར་རོ། །གང་གི་ཡང་གཉིས་ཀ་བརྗོད་
เล่ม ๑๙๓ · หน้า 226b
པར་བྱ་བ་དེ་ལ་མི་སྲིད་དེ། གཉི་གར་གཉི་ག་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དང་པོ་དང་ཐ་མའི་གསུམ་པའི་དཔེ་བརྗོད་ཕྱི་མ་དག་ལ་ཞེས་པ། དང་པོ་གསུམ་གྱི་དཔེར་བརྗོད་ཕྱི་མ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་ཞེས་པའོ། །འདི་ལ་བུམ་པ་ལ་སོགས་པ་ཆོས་མཐུན་པ་ཉིད་
ཀྱིས་དཔེ་དང་། ནམ་མཁའ་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཏེ། དཔེ་གཉིས་ཀ་ལ་ཡོད་ན་ཡང་མ་ངེས་པ་ཉིད་དེ། གློག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མཐའ་མ་གསུམ་ལ་དཔེ་བརྗོད་ཕྱི་མ་ནི་རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་གོ་
ཞེས་པ་སྟེ། འདི་ལ་ཡང་ནམ་མཁའ་ལ་སོགས་པ་ཆོས་མཐུན་པ་ཉིད་ཀྱིས་དཔེ་དང་། ཆོས་མི་མཐུན་པ་ཉིད་ཀྱིས་བུམ་པ་ལ་སོགས་པའོ། །དེ་ལྟ་ན་ཡང་ལས་ལ་སོགས་པ་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་མ་ངེས་པའོ། །གཏན་ཚིགས་བསྒྲུབ་བྱ་གཉིས་མི་ལྡན། །
ཞེས་པ་གཏན་ཚིགས་དང་བསྒྲུབ་བྱ་དང་གཉིས་པོ་ནི་གཏན་ཚིགས་བསྒྲུབ་བྱ་གཉིས་ཏེ། དེ་དང་མི་ལྡན་པའོ། །ཡང་གཉིས་ནི་གཏན་ཚིགས་དང་བསྒྲུབ་བྱའོ། །འདི་ཅི་ལས་ཤེ་ན། འདི་ཁོ་ན་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དང་། གཞན་ཡང་མ་ཐོས་པའི་ཕྱིར་རོ། །དེ་ཡི་
མི་མཐུན་ཕྱོགས་མེད་བྱས། །ཞེས་པ་དེའི་སྒྲས་གཏན་ཚིགས་ཉིད་ལ་སོགས་པ་ལ་བསྙེགས་ཤིང་། མི་མཐུན་ཕྱོགས་ཀྱི་སྒྲས་འདིར་གཏན་ཚིགས་ཉིད་ལ་སོགས་པ་མེད་པ་ཙམ་བརྗོད་པར་འདོད་པ་སྟེ། གཏན་ཚིགས་ལ་སོགས་པ་མེད་པ་དང་བྲལ་བ་ཞེས་པའི་དོན་ཏོ། །
རྗེས་འགྲོ་ཟློག་པ་རྣམ་གཉིས་དག །ཅེས་པ་ཆོས་མཐུན་པ་ཉིད་དང་། ཆོས་མི་མཐུན་པ་ཉིད་ཀྱི་བྱེ་བྲག་ལས་སོ། །དེར་སྣང་བ་ཞེས་པ་དཔེ་ལྟར་སྣང་བའོ། །རྗེས་འགྲོ་མེད་པ་ཡང་ཞེས་པ། ཡང་གི་སྒྲ་ནི་སྡུད་པ་ལའོ། །རྣམ་གཉིས་དག་ཅེས་འཇུག་གོ། །རྗེས་སུ་འགྲོ་
བ་མེད་པ་ཡང་དཔེ་ལྟར་སྣང་བ་སྟེ། དེ་ཡང་གང་དུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དང་དེའི་མི་མཐུན་ཕྱོགས་དག་ལྷན་ཅིག་འབྱུང་བ་ཙམ་སྟོན་པར་བྱེད་ཀྱི་ཁྱབ་པ་ནི་མ་ཡིན་ནོ། །གཞན་རྣམས་ནི་རྣམ་གཉིས་ཞེས་པ་འདི་ཡང་གི་སྒྲས་སྡུད་པར་བྱེད་པ་སྟེ། རྗེས་འགྲོ་མེད་པ་ཡང་
เล่ม ๑๙๓ · หน้า 227a
ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཀྱི་བྱེ་བྲག་ལས་རྣམ་པ་གཉིས་སོ་ཞེས་ཟེར་རོ། །འོ་ན་ཆོས་ཅན་མ་གྲུབ་པ་ཡང་དཔེ་ལྟར་སྣང་བ་མ་ཡིན་ནམ། དེ་ཡང་འདིར་མ་བསྡུས་ཏེ། དེའི་ཕྱིར་ཡང་མ་ཁྱབ་པ་ཉིད་དོ་ཞེ་ན་གསུངས་པ། གཉིས་ཀ་དང་མི་ལྡན་
པ་ཞེས་པ་འདི་ཁོ་ནས་དོན་གྱིས་ན་ཆོས་མཐུན་པ་ཉིད་ཉེ་བར་དྲངས་པས་ཆོས་ཅན་མ་གྲུབ་པ་ཡང་དཔེ་ལྟར་སྣང་བ་ཉིད་དུ་བཤད་དོ། །ནམ་མཁའ་ལ་སོགས་པ་རྟག་པར་ཁས་མ་བླངས་པ་ལ་ནི་གཉིས་ཀ་དང་ལྡན་པ་མི་སྲིད་པའི་ཕྱིར་རོ། །ཆོས་མཐུན་པ་ཉིད་ཉེ་བར་དྲངས་པ་སྨོས་པ་ནི། དེ་མེད་
པའི་ཕྱིར་དེ་ལས་མི་འཇུག་པ་ལས་ཞེས་པ་ཆོས་མི་མཐུན་པ་ཉིད་ཉེ་བར་བླངས་པ་ནི་ཆོས་ཅན་མ་གྲུབ་པ་ལ་སྐྱོན་མེད་པའི་ཕྱིར་རོ། །དཔེར་ན་ཁ་ཅིག་ཟེར་བ་ཞེས་པ་བྱེ་བྲག་པ་རྣམས་སོ། །འདིས་ནི་རྗེས་སུ་འགྲོ་བ་མེད་པའི་དཔེ་ལྟར་སྣང་བ་ནི་དེ་རྣམས་ཀྱི་དཔེའི་མཚན་ཉིད་ཀྱིས་ཡོངས་སུ་བསྡུས་
པ་མ་ཡིན་ནོ་ཞེས་སྟོན་ཏོ། །གཏན་ཚིགས་ལ་སོགས་པ་མེད་ཅེས་པ་ལ་སོགས་པས། འདི་རྣམས་དཔེ་ལྟར་སྣང་བ་ཉིད་ཡིན་པ་ལ་གཏན་ཚིགས་གསུངས་སོ། །གཏན་ཚིགས་གང་རྣམས་ཀྱི་དང་པོ་ཡིན་པ་དེ་འདི་རྣམས་ནི་གཏན་ཚིགས་ལ་སོགས་པ་རྣམས་ཏེ་སོགས་པའི་སྒྲས་
ནི་བསྒྲུབ་པར་བྱ་བ་དང་། གཏན་ཚིགས་དང་བསྒྲུབ་བྱའི་མཚན་ཉིད་གཉིས་དང་། དེ་རྣམས་ཀྱི་མི་མཐུན་ཕྱོགས་གཟུང་བར་བྱའོ། །འདི་ལ་གཏན་ཚིགས་ལ་སོགས་པ་རྣམས་ཡོད་པ་མ་ཡིན་པས་ན་གཏན་ཚིགས་སོགས་མེད་དོ། །དེ་འདི་ནི་དཔེ་མིན་པ་སྟེ། དེའི་མཚན་
ཉིད་མི་བརྟེན་པའི་ཕྱིར་རོ། །གང་གི་ཕྱིར་འདི་ནི་དཔེའི་མཚན་ཉིད་དེ། གཏན་ཚིགས་ལ་བསྒྲུབ་བྱ་རྗེས་སུ་འགྲོ་བ་དང་གང་དུ་མེད་པ་ལ་མེད་པ་ཡང་སྟོན་པར་བྱེད་པའོ་ཞེས་པ་འདི་འདི་རྣམས་ལ་ཡོད་པ་མ་ཡིན་ནོ། །རྗེས་འགྲོ་ཕྱིན་ཅི་ལོག་སོགས་པའི། །ཞེས་པའི་སོགས་པའི་སྒྲས་
རྗེས་སུ་འགྲོ་བ་མེད་པ་ཡོངས་སུ་བསྡུའོ། །ཡང་ཅིའི་ཕྱིར་རྗེས་འགྲོ་ཕྱིན་ཅི་ལོག་ལ་སོགས་པ་དཔེ་ལྟར་སྣང་བ་ཡིན་ཏེ། ཇི་སྲིད་དུ་འདི་ལ་སྐྱོན་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེ་ན་དེའི་ཕྱིར་གསུངས་པ། ཉེ་བར་བསྡུ་བ་མ་འབྲེལ་པ་ཞེས་པ་སྟེ། གལ་ཏེ་ཡང་དོན་གྱི་སྐྱོན་མེད་པ་
เล่ม ๑๙๓ · หน้า 227b
དེ་ལྟ་ནའང་ཉེ་བར་བསྡུ་བ་དང་མ་འབྲེལ་པའི་ཕྱིར་དཔེ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཉེ་བར་བསྡུ་བ་ནི་མེད་ན་མི་འབྱུང་བ་ཉིད་དེ། ཐམས་ཅད་དུ་སྒྲུབ་པར་བྱེད་པ་ལ་བསྒྲུབ་པར་བྱ་བ་ཉེ་བར་བསྡུ་བ་སྟེ་ཉེ་བར་འདྲེན་པའོ། །བསྒྲུབ་པར་བྱ་བ་མེད་པ་ན་ཡང་གཏན་ཚིགས་མེད་
པའི་འོ། །དེ་དང་མ་འབྲེལ་བ་ནི་རྣམ་པར་བྲལ་བའོ། །ཡང་ཅིའི་ཕྱིར་ཉེ་བར་བསྡུ་བ་དང་མ་འབྲེལ་བ་ཡིན་ཞེ་ན་གསུངས་པ། འབྲེལ་པ་རབ་ཏུ་མ་བསྟན་ཕྱིར། །ཞེས་པ་སྟེ། འབྲེལ་པ་ནི་མེད་ན་མི་འབྱུང་བའོ། །དེ་ཡོད་དུ་ཟིན་ཀྱང་རབ་ཏུ་སྟོན་པ་ནི་རྗེས་འགྲོ་ཕྱིན་ཅི་ལོག་ལ་
སོགས་པ་ལ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་འདི་ཉེ་བར་བསྡུ་བ་དང་མ་འབྲེལ་བའོ་ཞེས་པའོ། །དེ་དག་གི་འབྲེལ་པ་སྟོན་པ་དཔེའོ་ཞེས་པ། དེ་དག་གི་སྟེ་དེ་འདྲ་བ་དང་དེ་མེད་ན་ནི་མི་འབྱུང་བའི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་འབྲེལ་པ་སྟེ་མེད་ན་མི་འབྱུང་བ་ཉིད་གང་གིས་ངེས་
པར་སྟོན་པ་དེ་དཔེ་འོ། །དེའི་རང་གི་ངོ་བོ་སྟོན་པ་གསུངས་པ། གང་འདི་རྗོད་པར་བྱེད་པ་དཔེར་ན་བུམ་པ་བཞིན་ཞེས་པ་སྟེ། ངག་གང་གིས་འབྲེལ་པ་ངེས་པར་སྟོན་པ་དེ་དཔེའོ། །ཡང་དེ་ཅི་འདྲི་བ་ཞིག་ཅེ་ན་གསུངས་པ། གང་རྩོལ་བ་ལས་བྱུང་བ་དེ་མི་རྟག་པའོ་ཞེའོ། །དེ་ལྟ་ན་ཡང་ཞེས་པ་
ལ་སོགས་པ་སྟེ། དེ་ལྟར་ཡང་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཡིན་ན་དཔེར་ན་བུམ་པ་བཞིན་པ་འདི་མི་རིགས་ཏེ། དཔེ་ཉིད་དུ་དཔེར་བརྗོད་པར་ཏེ། དཔེ་ངག་ཏུ་བརྗོད་པར་སྨྲ་བའིའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ངེས་པར་བསྟན་པར་བྱ་བ་ནི་དཔེ་མ་ཡིན་པའི་ཕྱིར་ཞེས་པ། བསྟན་པར་འོས་པ་
ན་ངེས་པར་བསྟན་པར་བྱ་བ་སྟེ། བུམ་པ་ལ་སོགས་པའི་དོན་ཏོ། །གང་འདི་རྗོད་པར་བྱེད་པ་ཞེས་པའི་ཚིག་ལས། དེའི་དཔེ་ཉིད་མེད་དོ། །དཔེར་ན་བུམ་པ་བཞིན་ཞེས་པ་འདིས་ཀྱང་བརྗོད་པར་བྱ་བ་ཁོ་ན་བརྗོད་དེ། དེ་ལས་ཀྱང་མི་རིགས་ཏེ། རྗོད་པར་བྱེད་པ་ལ་དཔེ་ཉིད་དུ་བརྗོད་པ་ཉིད་
ཀྱི་ཕྱིར་དང་། དོན་གྱི་བདག་ཉིད་ཀྱང་དཔེར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་དཔེར་ན་བུམ་པ་བཞིན་ཞེས་པ་འདིས་རྗོད་པར་བྱེད་པ་ཁོ་ན་འདིར་དཔེ་ཉིད་དུ་དཔེར་བརྗོད་དེ། བུམ་པ་ཞེས་པའི་ཚིག་འདིའི་ཚིག་གི་དོན་ནི་རང་གི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་དེའི་ཕྱིར་གསུངས་པ།
เล่ม ๑๙๓ · หน้า 228a
འདི་ཙམ་གྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། དཔེར་ན་བུམ་པ་བཞིན་ཞེས་པའི་ཚིག་འདི་ཙམ་གྱིས་མེད་ན་མི་འབྱུང་བ་ཉིད་ངེས་པར་བསྟན་པར་མི་ནུས་ཏེ། དེའི་ཕྱིར་འདི་ཡང་དཔེ་ཉིད་དུ་མི་རིགས་སོ། །དེ་དག་གི་ཞེས་བརྗོད་མི་བྱ། །ཞེས་པ་འདི་ལ་བརྗོད་
པར་མི་བྱེད་པ་ལ་རྒྱུ་ངེས་པར་བསྟན་པ་མ་ཡིན་ནོ་ཞེས་དྲིས་པ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །རྒྱུ་གསུངས་པ། ཕན་ཚུན་བསྒྲུབ་བྱ་ཉིད་མ་གྱུར། །ཞེས་པའོ། །མེད་ན་མི་འབྱུང་བ་ཉིད་ནི་འབྲེལ་པ་ཡིན་ལ་ཞེས་པ། གཞན་ནི་རྗེས་སུ་དཔོག་པ་ལ་ཉེ་བར་མི་སྦྱོར་བའི་ཕྱིར་རོ། །དེ་ཡང་
དེ་དག་གི་ཞེས་བརྗོད་པའི་ཕྱིར། གཉིས་ཀ་དག་ལ་ཡང་ཡོད་དོ་ཞེས་དམ་བཅས་པར་འགྱུར་རོ། །གཞན་དུ་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ལ་འབྲེལ་པ་ངེས་པར་སྟོན་པ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །དེ་ལས་ཀྱང་ཕན་ཚུན་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་སྟོན་པ་
ཇི་ལྟར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །ཆོས་མཐུན་ཙམ་གྱིས་ཞེས་པ་ལ་སོགས་པའོ། །དཔེར་ན་བུམ་པ་བཞིན་ཞེས་པ་ཆོས་མཐུན་པ་ཉིད་ཙམ་འདིས་ལྡོག་པའི་ཚིག་མེད་པར་མེད་ན་མི་འབྱུང་བ་ཉིད་ངེས་པར་བསྟན་པ་ནུས་པ་མ་ཡིན་ནོ། །དོན་གྱིས་གོ་
བས་ཞེས་པ་ལ་སོགས་པ་ནི་ཆོས་མཐུན་པ་ཉིད་ཀྱི་སྦྱོར་བ་ཁོ་ནས་ཁྱབ་པ་ཉེ་བར་བསྟན་པ་ན་ཤུགས་ཀྱིས་ལྡོག་པ་རྟོགས་པ་ཁོ་ན་སྟེ། འདི་ཁོ་ན་སྟོན་པར་བྱེད་པ་གསུངས་པ། གང་རྩོལ་མ་ཐག་ཏུ་བྱུང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་འོ་ན་ཡང་དེ་བརྗོད་བྱ་མིན་ཞེས་པ་
བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་དག་གི་མེད་ན་མི་འབྱུང་བ་རབ་ཏུ་བསྟན་པའི་དོན་དུ་འདི་བརྗོད་པར་བྱ་བ་ཡིན་ན། དེ་ཡང་གཞན་ཁོ་ན་ལས་གྲུབ་པོ་ཞེས་པས་བརྗོད་པར་བྱ་བ་མ་ཡིན་ནོ། །འདི་འགྱུར་མོད། །ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བ་བསྟན་པའི་དོན་
དུ་འདི་བརྗོད་པའོ་ཞེ་ན་གསུངས་པ། དེ་མི་མཐུན་ཕྱོགས་མེད་མི་འབྱུང་། །འབྲེལ་པ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བརྟགས་པའི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བས་བསྒྲུབ་བྱ་རྗེས་སུ་འཛིན་པར་འགྱུར་ན་མཛེས་ཏེ། དེ་རབ་ཏུ་བསྟན་
เล่ม ๑๙๓ · หน้า 228b
པའི་དོན་དུ་འབད་པ་ཡིན་ན། དེ་ཡང་མེད་དོ་ཞེས་པས་འདི་མི་རིགས་སོ། །གལ་ཏེ་རྟག་པ་རྩོལ་བ་ལས་མ་བྱུང་བའོ་ཞེས་པ་བསྒྲུབ་པར་སྟོན་པར་བྱེད་ན་རྗེས་སུ་འཛིན་པར་འགྱུར་བ་མ་ཡིན་པ་ཅིས་ཤེ་ན། དེ་ཡིས་གཞན་ནི་ཞེས་པ་ལ་སོགས་པའོ། །དེ་ལས་གཞན་རབ་ཏུ་
བསྒྲུབ་པ་ཡང་སྟོན་པ་གསུངས་པ། དམ་མ་བཅས་པ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། རྟག་པ་ཉིད་དང་རྩོལ་བ་ལས་མ་བྱུང་བ་དག་གི་འབྲེལ་པ་རབ་ཏུ་སྟོན་པ་ན་དེ་དག་ཁོ་ནའི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་བསྟན་པར་འགྱུར་གྱི་གཏན་ཚིགས་སྔ་མ་ལ་
ཕན་འདོགས་པ་འགའ་ཞིག་ནི་མ་ཡིན་ནོ། །འདིར་འགྱུར་མོད་སྒྲུབ་པས་ཀྱང་མི་མཐུན་པའི་ཕྱོགས་ཀྱི་འབྲེལ་པ་རབ་ཏུ་སྟོན་པ་ན་ཕན་འདོགས་པར་འགྱུར་བ་ཁོ་ན་སྟེ། གང་གི་ཕྱིར་བསྒྲུབ་པར་བྱ་བས་ཁྱབ་པ་རབ་ཏུ་སྟོན་པ་ནི་གཏན་ཚིགས་ལ་རྗེས་སུ་འཛིན་པར་ཡིན་པས་སོ། །
གང་གི་ཚེ་ཡང་རྟག་པ་ལ་རྩོལ་བ་ལས་མ་བྱུང་བ་ལས་ཁྱབ་པ་ཉེ་བར་བསྟན་པར་འགྱུར་བ་དེའི་ཚེ་འཇིག་པའི་ངང་ཅན་ཁོ་ན་ལ་རྩོལ་བ་ལས་བྱུང་བ་ཡོད་པ་ཉིད་དུ་རྟོགས་ཀྱི། ཅིག་ཤོས་ལ་མ་ཡིན་ཏེ། འགལ་བ་དག་གཅིག་ལ་མི་སྲིད་པའི་ཕྱིར་རོ་ཞེ་ན་གསུངས་པ། བསྒྲུབ་པས་ཀྱང་
ཞེས་པ་ལ་སོགས་པ་སྟེ། འདིས་མདོ་སྡེ་པའི་ཕྱོགས་ལ་བརྟེན་པའི་ཁས་བླངས་པ་ཉམས་པ་གསུངས་སོ། །ཕན་ཚུན་མེད་ན་མི་འབྱུང་བའང་། །ཞེས་པ་དེའི་མི་མཐུན་པའི་ཕྱོགས་དག་གི་འབྲེལ་པ་ངེས་པར་སྟོན་པ་ཞེས་པའི་ཚིག་ལས་གཉིས་ཀ་དག་གི་ཕན་ཚུན་དུ་མེད་ན་མི་འབྱུང་
བ་སྟེ་མི་འབྱུང་བ་ཉིད་བཤད་པར་བྱའོ་ཞེས་བརྗོད་པར་འགྱུར་རོ། །དེ་ལས་ཀྱང་གློག་ལ་སོགས་པ་རྣམས་ཀྱང་རྟག་པར་འགྱུར་རོ་ཞེས་པས་ཁས་བླངས་པས་གནོད་པའོ། །རྩོལ་བ་ལས་སྐྱེས་སོ་ཞེས་པ་རྩོལ་སྐྱེས་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཞེས་པའི་དོན་ཏོ། །མ་གྲུབ་པའི་
དོན་ཅན་ཉིད་ནི་དཔེའི་སྐྱོན་ཡིན་ཞེས་པ་འདིའི་དོན་མ་གྲུབ་པ་ཞེས་པ་འབྲུ་མང་པོ་པ་སྟེ། དེ་ནས་དངོས་པོའི་རྐྱེན་ནོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་སྒྲ་རྟག་པ་སྟེ་བློ་བཞིན་ཞེས་པ་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་ཉིད་དོ། །བུམ་པ་བཞིན་ཞེས་པ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་
เล่ม ๑๙๓ · หน้า 229a
ཆོས་མ་གྲུབ་པའོ། །འདི་འབྲེལ་པ་ཙམ་བརྗོད་པ་ནི་ཞེས་པ་ལ། གང་འདི་བརྗོད་པ་ཞེས་པའི་ཚིག་ལས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་འབྲེལ་པ་གང་གིས་བསྟན་པར་བྱ་བའི་ངག་དེ་ནི་དཔེར་མངོན་པར་འདོད་ཀྱི། བསྟན་པར་བྱ་བ་བུམ་པ་
ལ་སོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མ་གྲུབ་པའི་དོན་ཅན་ཉིད་ཀྱིས་དཔེ་ལྟར་སྣང་བ་ཉིད་དུ་སྨྲ་བར་རིགས་པ་མ་ཡིན་ནོ་ཞེས་པའོ། །འདི་སྐད་དུ་བརྗོད་པར་བྱ་ཞེས་པ། འབྲེལ་པ་རྗོད་པར་བྱེད་པའི་ངག་དཔེ་ཉིད་ན། རྗོད་པར་བྱེད་པ་ཁོ་ན་འབྲེལ་པ་སྟོན་པར་མི་ནུས་པ་གང་ཡིན་པ་
དེ་ཁོ་ན་དཔེ་ལྟར་སྣང་བ་ཉིད་དུ་རིགས་སོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་སྟོན་པའི་རྗོད་པར་བྱེད་པ་ཁོ་ན་དཔེ་ལྟར་སྣང་བ་ཉིད་དུ་བརྗོད་པར་བྱའོ། །གང་རྟག་པ་དེ་རེག་པ་དང་ལྡན་པ་མ་ཡིན་ནོ་ཞེས་སློབ་པར་བྱེད་དོ། །ཡང་འདི་དཔེ་ལྟར་སྣང་བ་ཡིན་པའི་རྒྱུ་ཅི་ཞེ་ན་གསུངས་པ་འདིས་
ནི་ཞེས་པ་ལ་སོགས་པའོ། །གཅིག་ཉིད་མ་ཡིན་ཞེས་པ་ལ་སོགས་པས་བློ་དང་བུམ་པ་དག་དཔེ་ལྟར་སྣང་བ་ཉིད་དུ་ཁས་བླངས་ནས་མཚན་ཉིད་མ་ཁྱབ་པ་ཉིད་དུ་སྟོན་ཏོ། །གང་གི་ཕྱིར་མ་གྲུབ་པའི་དོན་ཅན་ཉིད་ཁོ་ན་དཔེའི་སྐྱོན་མ་ཡིན་ནོ་ཞེས། གཏན་ཚིགས་བསྒྲུབ་བྱ་གཉིས་མི་
ལྡན། །ཞེས་པ་ལ་སོགས་པས་ཉེ་བར་བསྟན་ཟིན་ཏོ།། །།བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་ཞེས་པ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ནི་སྒྲ་ལ་སོགས་པ་ཆོས་ཅན་ནོ། །དེ་དང་ཆོས་མཐུན་པ་ཉིད་ནི་གང་བྱས་པ་ཉིད་ལ་སོགས་པའོ། །བསྒྲུབ་པར་བྱ་བ་དང་
ཆོས་མཐུན་པ་ཉིད་དེ་ལས་དེའི་ཆོས་རྟོགས་པ་སྟེ། བསྒྲུབ་པར་བྱ་བ་དེའི་ཆོས་མི་རྟག་པ་ཉིད་ལ་སོགས་པའོ། །དེའི་ཆོས་རྟོགས་ཤིང་གོ་བར་བྱེད་པའི་ངང་ཚུལ་འདིའི་ཡིན་པ་ཞེས་པ་ནི་དེའི་ཆོས་རྟོགས་པ་སྟེ། འཇིག་རྟེན་པའི་ཡོངས་སུ་རྟོགས་པར་བྱེད་པ་པོ་རྣམས་ཀྱིའོ། །
དོན་གང་ལ་བློ་མ་མཚུངས་པ་དེ་དཔེ་སྟེ་བུམ་པ་ལ་སོགས་པའོ། །དེ་དཔེ་བརྗོད་དེ། དཔེར་བརྗོད་པར་བྱ་བའོ་ཞེས་པས་ན་དཔེ་བརྗོད་དོ། །ཡང་ན་འདིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དག་གི་འབྲེལ་པ་དཔེར་བརྗོད་པར་བྱའོ་ཞེས་པ་དཔེ་བརྗོད་དོ། །དེ་ལས་བཟློག་
เล่ม ๑๙๓ · หน้า 229b
པ་ལས་ཀྱང་ཕྱིན་ཅི་ལོག་གོ་ཞེས་པ་དཔེ་སྟེ་དཔེར་བརྗོད་པའོ་ཞེས་རྗེས་སུ་འཇུག་གོ། །དེ་ལས་ཞེས་པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལ་སྙེག་གོ། །དེ་ལས་ཟློག་པ་ནི་བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་དོ། །བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་དེ་ལས་དཔེ་ཕྱིན་ཅི་
ལོག་གི་དཔེ་བརྗོད་དེ། ཆོས་མི་མཐུན་པ་ཉིད་ཀྱི་དཔེ་བརྗོད་དོ་ཞེས་པའི་དོན་ཏོ། །སྒྲ་མི་རྟག་པ་བསྒྲུབ་པ་ལ་བྱས་པ་ཉིད་ཀྱི་ཕྱིར། བུམ་པ་བཞིན་དང་ནམ་མཁའ་བཞིན། །ཞེས་པ་རིམ་པ་ཇི་ལྟ་བ་བཞིན་ནོ། །འདི་ལ་ཡང་ཞེས་པ་རྩོད་པ་བསྒྲུབ་པ་ལ་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་
ཀྱི། འོ་ན་ཅི་ཞེ་ན་འདི་ལ་ཡང་ངོ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །གལ་ཏེ་གཏན་ཚིགས་ཀྱི་དོན་ལས་དཔེ་ལ་སོགས་པ་ཁོ་ན་ཡིན་ན་གཏན་ཚིགས་ཀྱི་ཕྱོགས་གཅིག་མ་ཡིན་ཏེ། དེ་ལྟར་གྱུར་ན་ཁོ་བོའི་སྦྱོར་བ་བཞིན་དུ་དེ་གཏན་ཚིགས་ཀྱི་དོན་དང་རྗེས་སུ་འབྲེལ་པ་ཉིད་དུ་གདོན་མི་ཟ་
བར་བརྗོད་པར་བྱ་བར་མི་འགྱུར་རོ། །དེ་ལ་སྐྱོན་ཅི་ཞེ་ན་གསུངས་པ། དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའོ། །ཡང་ཅི་ལྟར་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དག་མེད་པར་ནམ་མཁའ་དཔེ་ཉིད་དུ་ཐལ་བར་འགྱུར་ཞེ་ན་གསུངས་པ། ཡོད་པ་ཉིད་དོ་ཞེས་པ་ལ་སོགས་
པ་སྟེ། ནམ་མཁའ་ལ་ཡང་བསྒྲུབ་པར་བྱ་བ་སྒྲ་དང་ཆོས་མཐུན་པ་ཉིད་ཀྱང་ཡོད་པ་ཉིད་དང་རེག་པར་བྱ་བ་ཉིད་ལ་སོགས་པ་ཡོད་ཅིང་། ཆོས་མི་མཐུན་པ་ཉིད་ཀྱང་མཉན་པར་བྱ་བ་མ་ཡིན་པ་ཉིད་དང་སྐྱེ་ལྡན་མ་ཡིན་པ་ཉིད་ལ་སོགས་པ་ཡང་ངོ་། །དེ་ལས་ཀྱང་གཅིག་ཁོ་ན་དཔེ་
གཉིས་ཀ་ཉིད་དུ་ཐལ་བར་འགྱུར་ཏེ། གང་ལས་ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་འདི་ལས་དཔེར་མ་ཡིན་པར་འགྱུར་བ། འདི་ལ་ཁྱད་པར་ཅུང་ཟད་ཉེ་བར་བླངས་པ་ནི་མེད་པས་སོ། །འོ་ན་ནམ་མཁའ་ལ་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཉིད་ཡོད་པ་མ་ཡིན་ནམ། དེའི་ཕྱིར་
ཐལ་བར་འགྱུར་བས་ཅི་ཡིན་ཞེ་ན། གང་ཅི་ལས་ཀྱང་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་དགོངས་པ་སྟེ། དེ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་མ་ཡིན་པ་ཉིད་ཉེ་བར་བཀོད་པའོ། །སྔ་མས་ཞེས་པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་
เล่ม ๑๙๓ · หน้า 230a
རྟོགས་པས་ཞེས་པ་འདིས་དང་། བསྒྲུབ་པར་བྱ་བ་དང་ཆོས་མི་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པ་ཞེས་པ་འདིས་ཀྱང་ངོ་། །འདི་ཡང་སྔ་མ་ཉིད་དེ། མདོའི་ལྷག་མ་ལ་ལྟོས་པས་སོ། །གང་གི་ཕྱིར་འདི་ལྟར་ཞེས་པ་ལ་སོགས་པས། ཆོས་མཐུན་པ་ཉིད་
དང་ཆོས་མི་མཐུན་པ་ཉིད་མི་སྨོས་པའི་རྒྱུ་གསུངས་སོ། །ཕྱི་རོལ་གྱི་དོན་ཉེ་བར་མ་བསྡུས་པ་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཙམ་ལས་གཞན་པའི་དོན་ནི་ཕྱི་རོལ་གྱི་དོན་ཏེ། དེ་ཡང་ཁྱབ་པ་སྟེ་མེད་ན་མི་འབྱུང་བ་ཉིད་དོ་ཞེས་པའི་ཐ་ཚིག་གོ། །དེའི་ཉེ་བར་བསྡུས་པ་ནི་
རྟོགས་པར་བྱ་བའི་ཡུལ་ཉིད་དུ་ཉེ་བར་སྦྱར་བ་སྟེ། གསལ་བར་བྱེད་པ་ཞེས་པའི་དོན་ཏོ། །དེ་མེད་ན་དཔེ་ལ་གོ་བར་བྱེད་པ་ཉིད་མེད་དོ་ཞེས་པ་ངག་གི་དོན་ཏོ། །དེ་ལྟར་འགྱུར་མོད་ཀྱི་དེའི་ཆོས་རྟོགས་པ་ཞེས་པ་འདི་ཁོ་ནས་ཁྱབ་པ་ཡང་ཐོབ་པ་ཁོ་ན་སྟེ། རྣམ་པ་གཞན་དུ་ན་དེའི་ཆོས་
རྟོགས་པ་ཉིད་མི་སྲིད་པས་སོ་ཞེ་ན། དེའི་ཕྱིར་གསུངས་པ། དེའི་ཆོས་རྟོགས་པ་ཉིད་དུ་ཡང་མ་གྲུབ་པ་ཞེས་པའོ། །འམ་ཞེས་པ་ནི་རྣམ་པར་བརྟགས་པའི་དོན་ཏོ། །ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་མ་སྨོས་པའམ་ཞེས་པའི་དོན་ཏོ། །ཇི་ལྟར་དེ་མེད་པར་དེ་
མི་སྲིད་པའི་ཕྱིར་དེའི་ཆོས་རྟོགས་པ་ཉིད་ཀྱིས་ཁྱབ་པ་འཕངས་པ་དེ་ལྟར་ཆོས་མཐུན་པ་ཉིད་ལ་སོགས་པ་ཡང་། དེ་མེད་པར་དེ་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་ཡང་དེ་སྨོས་པར་བྱ་བ་ཡང་མ་ཡིན་ནོ། །ཅི་སྟེ་ཞེས་པ་ལ་སོགས་པ་དེའི་ཆོས་རྟོགས་པ་ཉིད་ཅེས་བྱ་བ་ནི། བསྒྲུབ་པར་བྱ་བ་
མངོན་པར་གསལ་བར་ནུས་པ་ཉིད་དེ། དེ་ཡང་ཡན་ལག་ཐམས་ཅད་ཀྱི་ཐུན་མོང་བའོ་ཞེས་པས། དེའི་ཆོས་རྟོགས་པའི་དཔེ་བརྗོད་དོ་ཞེས་པ་འདི་ཙམ་བརྗོད་པ་ན། གཏན་ཚིགས་ལ་སོགས་པ་རྣམས་ཀྱིའང་དཔེ་ཉིད་དུ་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་རྣམས་ལས་
ལྷག་མས་ཁྱད་པར་དུ་བྱ་བ་སྟེ། སྔ་མས་ཞེས་པ་ཡང་སྐབས་ཡིན་པ་ཉིད་ཀྱི་ཕྱིར་ན་ལྷག་མ་སྔ་མས་ཞེས་རྣམ་པར་ཤེས་པར་བྱ་ཞིང་། དེ་ཡང་ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་དོ། །འདི་སྐད་བཤད་པར་འགྱུར་ཏེ། ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་ལས་དེའི་
เล่ม ๑๙๓ · หน้า 230b
ཆོས་རྟོགས་པ་གང་ཡིན་པ་དེའི་དཔེ་དེ་དཔེ་བརྗོད་པ་སྟེ། གཏན་ཚིགས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའོ། །དོན་མེད་པ་ཉིད་ལ་རིགས་པ་མ་བརྗོད་པའི་ཕྱིར་རོ། །དོན་དང་བཅས་པ་ཉིད་ལ་ཡང་འཐད་པ་ཡོད་དོ་ཞེས་སེམས་བཞིན་པས་སྨྲས་པ། ཇི་ལྟར་ཞེས་པ་ལ་སོགས་
པའོ། །དེའི་ཆོས་རྟོགས་པ་ཉིད་ཀྱིས་ནི་ཞེས་པ་ལ་སོགས་པས་འཐད་པ་དེ་སྟོན་ཏོ། །བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་དང་ལྡན་པའི་དོན་ལ་ཞེས་པ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ནི་བྱས་པ་ཉིད་ལ་སོགས་པའོ། །ཆོས་མི་མཐུན་པ་ཉིད་ནི་དེ་ལས་
བཟློག་པའོ། །དེ་དང་ལྡན་པ་བུམ་པ་ལ་སོགས་པ་དང་ནམ་མཁའ་ལ་སོགས་པ་ཡང་ངོ་། །རིམ་པ་ཇི་ལྟ་བར་བསྒྲུབ་པར་བྱ་བ་དང་བཟློག་པའི་ཆོས་དང་ལྡན་པ་ཉིད་ཐོབ་བོ། །བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཉིད་ནི་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་སྟེ་བུམ་པ་ལ་སོགས་པ་ལ་
དང་། བཟློག་པའི་ཆོས་དང་ལྡན་པ་ཉིད་ནམ་མཁའ་ལ་སོགས་པ་ལ་ཐོབ་བོ། །ཡང་ཅིའི་ཕྱིར་རྙེད་ཅེ་ན་གསུངས་པ། གཞན་དུ་ན་དེས་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་པར་བྱ་བ་དེ་དང་དེ་ལས་བཟློག་པའི་ཆོས་དང་བྲལ་བའི་དཔེ་ནི་དེའི་ཆོས་རྟོགས་པར་བྱེད་པ་མ་ཡིན་པས་སོ། །རབ་ཏུ་
གྲུབ་པའི་དེའི་ཆོས་རྟོགས་པ་ཉིད་ཅེས་པ་རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པའི་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཀྱི་ཆོས་དང་ལྡན་པ་ཉིད་དོ། །རྒོལ་བ་དང་ཕྱིར་རྒོལ་བ་ལ་ངེས་པ་བསྒྲུབ་པར་བྱ་བ་དང་དེ་ལས་བཟློག་པའི་ཆོས་དང་ལྡན་པ་ཉིད་ཀྱང་རྙེད་དོ་ཞེས་པའི་དོན་ཏོ། །ཅི་
ལྟར་རྙེད་ཅེ་ན་གསུངས་པ། བཤད་པ་ནི་ཞེས་པ་ལ་སོགས་པ་སྟེ། བློ་མཐུན་པ་ནི་ལོག་པར་རྟོགས་པ་མེད་པའོ། །རྣམ་གྲངས་ཕྱིར་ཞེས་པ་ཡན་ལག་ཐམས་ཅད་ནི་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པ་རྒྱུ་ཉིད་ཀྱི་ཕྱིར་དེའི་ཆོས་རྟོགས་པར་བྱེད་པའི་སྒྲའི་བརྗོད་པར་བྱ་བ་རྣམས་ཏེ་གང་ལ་
བསྒྲུབ་པར་བྱ་བ་མངོན་པར་གསལ་བར་ནུས་པ་མེད་པ་དེ་ནི་ཡན་ལག་ཉིད་དུ་མི་འདོད་པ་ཁོ་ནའོ། །གང་གི་ཕྱིར་ཡན་ལག་ཐམས་ཅད་ཅེས་པ་ལ་སོགས་པས་དེའི་རྣམ་གྲངས་ཉིད་སྟོན་པར་བྱེད་དོ། །གང་གི་ཕྱིར་ཡན་ལག་ཐམས་ཅད་བསྒྲུབ་པར་བྱ་བའི་ཆོས་རྟོགས་པར་བྱེད་པ་
เล่ม ๑๙๓ · หน้า 231a
ཉིད་ཡིན་པ་དེའི་ཕྱིར་རྣམ་གྲངས་སོ། །ཡང་འདི་ནི་ཅི་ཡིན་ཞེ་ན། སྐབས་ཡིན་པ་ཉིད་ཀྱི་ཕྱིར་ན། བསྒྲུབ་པར་བྱ་བའི་ཆོས་རྟོགས་པར་བྱེད་པ་ཞེས་པའི་སྒྲ་འདི་རྟོགས་པར་བྱ་སྟེ། དེའི་ཆོས་རྟོགས་པ་ཉིད་ཁོ་ན་ནི་རྣམ་གྲངས་མ་ཡིན་ཏེ། དོན་གྱི་
བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྒྲ་འཇུག་པའི་རྒྱུ་མཚན་ནོ། །ཡང་ན་དེ་ལ་འཇུག་པའི་རྒྱུ་མཚན་ཉེ་བར་བཏགས་པ་ལས་རྗོད་པར་བྱེད་པ་ནི། དེའི་ཆོས་རྟོགས་པ་ཉིད་ཀྱི་སྒྲས་བརྗོད་དོ། །དེ་ཉིད་ཀྱིས་ཞེས་པ། དེའི་ཆོས་རྟོགས་པ་སྨོས་པས་སོ། །འདི་ཞེས་པ་
བསྒྲུབ་པར་བྱ་བ་དང་དེ་ལས་བཟློག་པའི་ཆོས་དང་ལྡན་པ་ཉིད་དོ། །ཇི་ལྟར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་སྒྲའམ། ཡན་ལག་གི་སྒྲ་ནི་ཡན་ལག་ཐམས་ཅད་ཀྱི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་འདི་འཐོབ་པར་ནུས་པ་མ་ཡིན་པ་དེ་བཞིན་དུ། དེའི་ཆོས་རྟོགས་པར་
བྱེད་པའི་སྒྲ་ཡང་ངོ་། །འོ་ན་འདི་མེད་པར་འདི་མི་སྲིད་པའི་ཕྱིར། མེད་ན་མི་འབྱུང་བ་ཉིད་ལས་འཕེན་པ་ཡིན་ཏེ། འཚོད་པ་ལ་ཕྲུ་བ་ལ་སོགས་པ་བཞིན་ནོ། །དེའི་ཆོས་རྟོགས་པ་ཞེས་པའི་སྒྲ་འདི་ཡན་ལག་ཐམས་ཅད་ཀྱི་རྣམ་གྲངས་ཀྱང་མ་ཡིན་ཏེ། དེས་ན་འདིས་འདི་ནུས་པ་མ་
ཡིན་ནོ་ཞེས་པ་འདི་ཅིས་བརྗོད་ཅེ་ན་གསུངས་པ། འདི་ཉིད་གཅིག་ཅེས་པ་ལ་སོགས་པ་སྟེ། རིགས་པ་གང་ཁོ་ན་ལས་འདི་འཐོབ་པ་ཁོ་ན་ལས་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ཀྱང་སྟེ། རིགས་པ་དེ་ཁོ་ན་སྟོན་པ་གསུངས་པ། གཞན་དུ་ན་དེ་ཞེས་པ་ལ་སོགས་
པའོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ཞེས་པའི་དོན་ཞེས་པ་འདིས་ཀྱང་དེའི་ཆོས་རྟོགས་པ་ཞེས་པ་འདི་ལ། དེའི་སྒྲས་ཡོན་ཏན་དུ་གྱུར་པའི་བསྒྲུབ་པར་བྱ་བའང་བསྙེགས་སོ་ཞེས་སྟོན་ཏོ། །ཆོས་མཐུན་པ་ཉིད་ལ་བསྙེགས་སོ་ཞེ་ན་དེའི་སྒྲ་དོན་མེད་པ་ཉིད་ཁོ་ནར་འགྱུར་ཏེ། དེ་
ལ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་མེད་པའི་ཕྱིར་རོ། །གཉིས་ཀའི་ཆོས་དང་ལྡན་པས་ཀྱང་མ་ཡིན་ཞེས་པ། གལ་ཏེ་དེ་ལ་གཉིས་ཀའི་ཆོས་དང་ལྡན་པའི་དཔེས་དོན་གཞན་པར་མདོ་འདི་འགྱུར་མོད། བརྗོད་པར་འདོད་པའི་དོན་རྟོགས་པར་བྱེད་པའི་ཕྱིར་རོ་ཞེས་པ་ན།
เล่ม ๑๙๓ · หน้า 231b
མདོའི་རྣམ་པར་བརྟགས་པ་ཉེ་བར་བཀོད་པ་འདི་ནི། ཁྱབ་པ་གསལ་བར་བྱེད་པ་འདི་ཙམ་མེད་པར་བསྒྲུབ་པར་བྱ་བའི་དོན་རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །འདིས་ནི་ཆོས་ཀྱང་འདི་ཡིན་ལ་རྟོགས་པ་ཡང་ཡིན་པ་ནི། དེའི་ཆོས་རྟོགས་པའོ། །དེ་འདི་ལ་ཡོད་དོ་ཞེས་
པ་དེའི་ཆོས་རྟོགས་པ་ཅན་ཏེ། རྟོགས་པ་སྨོས་པས་བྱས་པ་ལ་སོགས་པ་རྣམས་རྫས་དང་ལྡན་པ་ཉིད་དུ་རྟོགས་པར་བྱེད་དེ། ཁ་ཅིག་བྱས་པ་ཉིད་དང་མི་རྟག་པ་ཉིད་དག་ནི་དངོས་པོའི་ངོ་བོ་མ་ཡིན་པ་དག་གོ་ཞེས་འདོད་པ་དེའི་ཕྱིར་དེ་དགག་པའི་ཆེད་དུ་ཡོད་པ་སྨོས་སོ་ཞེས་
གང་བརྗོད་པ་འདི་ཡང་སོ་སོར་སྤངས་སོ། །དངོས་པོའི་ཆོས་དང་ལྡན་པའི་དཔེས་ཀྱང་ཕྱི་རོལ་གྱི་དོན་ཉེ་བར་བསྡུས་པ་མེད་པར་བསྒྲུབ་པར་བྱ་བའི་དོན་རྟོགས་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྱས་པ་ཉིད་ལ་སོགས་པ་རྣམས་དངོས་པོར་གྱུར་པར་མངོན་པར་
འདོད་ན། དེ་རྣམས་ཅིའི་ནང་དུ་འདུས་པ་ཡིན་ཞེས་ཀྱང་བརྗོད་པར་བྱའོ། །བྱས་པ་ཉིད་ལ་སོགས་པ་རྣམས་རྫས་དང་ཡོན་ཏན་དང་ལས་རྣམས་སུ་ནང་དུ་འདུས་པ་མ་ཡིན་ཏེ། ཡོན་ཏན་དང་ལས་རྣམས་ལ་ཡོད་པའི་ཕྱིར་རོ། །སྤྱི་དང་འདུ་བ་དག་གི་ཡང་མ་ཡིན་ཏེ། རྒྱུའི་
དབང་དུ་གྱུར་པའི་བདག་ཉིད་ཐོབ་པ་ནི་འབྲས་བུ་ཉིད་དང་འཇིག་པའི་ངང་ཅན་ཉིད་ནི་མི་རྟག་པ་ཉིད་ཡིན་ལ། དེ་སྤྱི་དང་འདུ་བ་དག་ལ་ཡོད་པ་ཡང་མ་ཡིན་ཏེ། རྟག་པ་ཉིད་དུ་དམ་བཅས་པའི་ཕྱིར་རོ། །འདིར་བློའི་རྒྱུ་མེད་པའི་ཕྱིར་ཡང་འདུ་བས་བསྡུས་པ་མ་ཡིན་ནོ། །ཁྱད་པར་
གྱིས་ཀྱང་མ་ཡིན་ཏེ། དེ་ནི་རྡུལ་ཕྲ་རབ་ལ་འདུ་བ་ཅན་ཁོ་ནར་འདོད་ཅིང་། བྱས་པ་ཉིད་དང་མི་རྟག་པ་ཉིད་དག་འབྲས་བུའི་རྫས་ཁོ་ན་ལ་འདུ་བའོ། །འདི་དག་ནི་བློ་དང་སྒྲ་རྗེས་སུ་འགྲོ་བའི་རྒྱུ་ཉིད་ཡང་ཡིན་ལ་ཁྱད་པར་ནི་དེ་ལས་བཟློག་པའོ། །གང་དུ་བྱས་པ་ཉིད་ལ་སོགས་པ་ནང་
དུ་འདུས་པར་འགྱུར་བ་ཚིག་གི་དོན་དྲུག་ལས་གཞན་པའི་དངོས་པོ་ཡོད་པ་ཡང་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་སྨོས་པ་ཡང་མི་རིགས་ཏེ། བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཉིད་ནི་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ཀྱིས་བྱས་པ་མ་ཡིན་པའི་ཕྱིར་རོ་
เล่ม ๑๙๓ · หน้า 232a
ཞེས་པས་འདི་ནི་སྙིང་པོ་མེད་པའོ། །འདི་ལ་ཡང་ཞེས་པ། སྔ་མའི་བརྗོད་པ་ཁོ་ན་ལ་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། མདོའི་རྣམ་པར་བརྟག་པ་འདི་ལ་ཡང་ངོ་ཞེས་སྟོན་ཏོ། །བསྒྲུབ་པར་བྱ་བའི་ཆོས་ཅན་རྗེས་སུ་འཇལ་བ་ཉིད་ལ་ཞེས་
པ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་ཞེས་པ་གཏན་ཚིགས་ལ་ལྔ་པ་སྟེ། དེ་ལས་ཀྱང་གལ་ཏེ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་ཏེ་བྱས་པ་ཉིད་ལ་སོགས་པ་ལས་བསྒྲུབ་པར་བྱ་བའི་ཆོས་ཅན་ནོ་ཞེས་དཔེ་བུམ་པ་ལ་སོགས་པ་ངེས་པར་བྱས་ན། དེ་ལ་ཡང་དཔེ་
གཞན་བརྗོད་པར་བྱ་ཞིང་། དེ་ལ་ཡང་གཞན་པའོ་ཞེས་པས་དཔེ་ཐུག་པ་མེད་པར་འགྱུར་བར། གཏན་ཚིགས་བཅས་པའི་བསྒྲུབ་བྱ་ཙམ། །ཞེས་པ་ལ་སོགས་པས་བཤད་ཟིན་ཏོ། །གསལ་བར་བྱེད་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར་ཞེས་པ། དཔེ་ལ་སོགས་པ་རྣམས་ནི་
གསལ་བར་བྱེད་པ་སྟེ། རྗེས་སུ་དཔག་པར་བྱ་བའི་མཚན་མར་གྱུར་པ་རྣམས་ཏེ། ཤེས་པར་བྱེད་པ་ཡང་ཤེས་ཟིན་པ་ཁོ་ན་ནི་སྒྲོན་མ་ལ་སོགས་པ་བཞིན་དུ་ཤེས་པར་བྱ་བའི་དོན་གསལ་བར་བྱེད་དོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་རབ་ཏུ་འགྲུབ་པའི་ཆེད་དུ་འབད་པ་
གཞན་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གཞན་དུ་ན་ཞེས་པ་ལ་སོགས་པ་གལ་ཏེ་ཤེས་པར་བྱེད་པའི་རྒྱུ་ཡང་། རབ་ཏུ་འགྲུབ་པའི་ཆེད་དུ་འབད་པ་གནས་པར་བྱ་བ་ཡིན་ན་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་བཤད་པ།
འདི་ལ་ཡང་ཆོས་མཐུན་པ་ཉིད་ངེས་པའི་དོན་དུ་འབད་པར་བྱ་བར་རིགས་པར་འགྱུར་རོ། །གཞན་རྣམས་ནི་ཞེས་པ་ཟླ་བའི་རི་མོ་པ་རྣམས་སོ། །དེ་རྣམས་ནི་དེའི་ཆོས་རྟོགས་པ་དཔེའོ་ཞེས་པ་འདི་ལ། དོན་དེ་བརྗོད་པར་བྱ་བ་དཔེ་ཉིད་ན། ངག་གི་ཡན་ལག་ཉིད་ཉམས་
པར་འགྱུར་རོ་ཞེས་བསམས་ནས། དེའི་ཆོས་རྟོགས་པ་ཉིད་ནི་དཔེའི་དཔེ་བརྗོད་དོ་ཞེས་འདོན་ཏོ། །འདི་ལ་ཡང་ཞེས་པའི་ཡང་གི་སྒྲ་དེ་ནི། འདོན་པ་སྔ་མ་ཁོ་ན་ལ་སྐྱོན་ཡོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན་འདི་ལ་ཡང་ཞེས་སྟོན་ཏོ། །ཅིའི་ཕྱིར་ཆོས་མཐུན་པ་ཉིད་
เล่ม ๑๙๓ · หน้า 232b
དང་ཆོས་མི་མཐུན་པ་ཉིད་སྨོས་པ་རིགས་པ་མ་ཡིན་ཞེ་ན། དེ་ལྟར་གོ་བྱེད་དེ་མ་མཐོང་། །ཞེས་བྱས་ནས་ཞེས་ཕྱི་རོལ་གྱི་དོན་ཉེ་བར་བསྡུས་པ་མེད་པར་གོ་བར་བྱེད་པ་ཉིད་མེད་དོ་ཞེས་པ་འདི་བཤད་ཟིན་ཏོ། །ཆོས་མཐུན་ཉིད་ཀྱང་མི་རིགས་འགྱུར། །ཞེས་ཁྱད་པར་མེད་པར་བརྗོད་
པའི་ཕྱིར། ཁོང་དུ་མ་ཆུད་པ་འདྲི་བར་བྱེད་དེ། ཅི་ཞིག་ཏུ་འམ་ཞེས་པ་ལ་སོགས་པའོ། །འདིར་ཅི་ཞིག་ཏུ་ཞེས་པ་ལ་སོགས་པ་བཞི་རྣམས་དྲི་བའོ། །དེ་རྣམས་ཀྱིས་ཅི་ཞིག་ཏུ་མི་རིགས་ཞེས་པ་འདིའི་ལན་གྱི་ཚིག་ནི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་ཞེས་པའི་མདོ་འདིར་རོ། །
ཅིའི་ཞེས་པའི་དཔེ་བརྗོད་ཀྱིས་སོ། །ཅིའི་ཞེས་པ་བསྒྲུབ་པར་བྱ་བའིའོ། །ཅི་ཞེས་པའི་བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་དོ། །ཅིའི་ཕྱིར་མི་རིགས་ཤེ་ན་གསུངས་པ། བུམ་པས་ནི་ཞེས་པ་ལ་སོགས་པ་སྟེ། བུམ་པས་ནི་ཆོས་མཐུན་པ་བྱས་པ་ཉིད་དེ་བསྒྲུབ་པར་བྱ་བ་སྒྲའིའོ། །
དེའི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་བྱ་བ་དང་བྱེད་པའི་འབྲེལ་པས་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་རྟོགས་པ་ཉིད་ཀྱི་སྒྲས་ནི་དཔེ་བུམ་པ་རྟོགས་པར་བྱེད་པ་པོ་དང་རྟོགས་པའི་བྱ་བའི་འབྲེལ་པ་འཕྲོད་པ་འདུ་བའི་མཚན་ཉིད་ཅན་བརྗོད་ན་དེ་ཡང་རྟག་པ་ཉིད་ཀྱི་ཕྱིར་མ་བྱས་
པའོ། །དེའི་ཕྱིར་དེ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲའི་བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་དུ་རིགས་པ་མ་ཡིན་ནོ། །བྱས་པ་ཉིད་ལ་སོགས་པ་ཆོས་མཐུན་པ་ཉིད་མ་ཡིན་མོད་ཀྱི། གང་ཞིག་དེའི་ཆོས་རྟོགས་པ་ཉིད་ཀྱི་ཆོས་གཞན་ནི་དེའི་ཆོས་མཐུན་པ་ཉིད་དུ་
འགྱུར་རོ་ཞེས་གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པའོ། །ཡོད་པ་ཉིད་ལ་སོགས་པས་ཞེས་པ། ཡོད་བཞིན་པ་ཉིད་ལ་སོགས་པས་སོ། །སོགས་པའི་སྒྲས་ཤེས་པར་བྱ་བ་ཉིད་ལ་སོགས་པ་ཡོངས་སུ་གཟུང་ངོ་། །འོ་ན་ཡོད་པ་ཉིད་ལ་སོགས་པ་ཆོས་མཐུན་
པ་ཉིད་ཡོད་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་མ་གྱུར་ཅིག་ཅེས་བརྗོད་པ་ཅི་ཞེ་ན། གཏན་ཚིགས་སུ་མ་གྱུར་ཅིག་ཅེས་དགོངས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་དཔེར་བརྗོད་འགྲུབ་པའི་དོན་དུ་དེའི་ཆོས་རྟོགས་པ་ཉིད་ཀྱིས་བསྒྲུབ་པར་བྱའི་གང་ཆོས་མཐུན་པ་ཉིད་
เล่ม ๑๙๓ · หน้า 233a
ཡོད་པ་དེ་གཏན་ཚིགས་སུ་འདོད་ན། ཡོད་པ་ཉིད་ལ་སོགས་པའི་ཆོས་མཐུན་པ་ཉིད་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་པའོ། །གལ་ཏེ་འདི་ལྟར་ན་ཡོད་པ་ཉིད་ལ་སོགས་པའི་ཆོས་གཞན་ནི་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དུ་མ་གྱུར་ཅིག་ཅེས་བརྗོད་པར་བྱའི།
ཆོས་གཞན་ཡོད་པ་ཉིད་ལ་སོགས་པས་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དུ་མ་གྱུར་ཅིག་ཅེས་པ་ནི་མ་ཡིན་ན། གང་ལས་ཡོད་པ་ཉིད་ལ་སོགས་པ་ཆོས་གཞན་གཏན་ཚིགས་ཉིད་དུ་ཐལ་བར་བྱ་བ་མ་ཡིན། ཡོད་པ་ཉིད་ལ་སོགས་པའི་ཆོས་གཞན་གྱིས་བསྒྲུབ་པར་བྱ་བའི་
ཆོས་མཐུན་པ་ཉིད་གཞན་གང་ཡིན་པ་དེ་གཏན་ཚིགས་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་རྣམ་པ་གཉིས་ནི་དཔེ་བརྗོད་ཀྱིས་ཆོས་མཐུན་པ་ཉིད་དེ་སྒྲུབ་པར་བྱེད་པར་གྱུར་པ་ཡོད་པ་ཉིད་ལ་སོགས་པ་དང་། བསྒྲུབ་པར་བྱ་བར་གྱུར་པ་རྟག་
པ་ཉིད་ལ་སོགས་པའོ། །དེས་ན་འདིར་དོན་འདི་མངོན་པར་ཡང་དག་པར་བརྗོད་པ་སྟེ། ཡོད་པ་ཉིད་ལ་སོགས་པའི་ཆོས་གཞན་སྒྲུབ་པར་བྱེད་པར་གྱུར་པས། བསྒྲུབ་པར་བྱ་བའི་ཆོས་ཅན་གྱི། །བསྒྲུབ་པར་བྱ་བ་རྟག་པ་ཉིད་ལ་སོགས་པ་ལ་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་དུ་
མ་གྱུར་ཅིག་ཅེས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་ནི་སྒྲ་ལ་སོགས་པ་ལ་རྟག་པ་ཉིད་ལ་སོགས་པ་འགྲུབ་པར་མ་གྱུར་ཅིག་ཅེས་པའི་དོན་ཏོ། །དེ་ལས་ཀྱང་རྣམ་པ་འདིས་དོན་འདི་ཁོ་ན་བཤད་པར་འགྱུར་ཏེ། ཆོས་གཞན་ཡོད་པ་ཉིད་ལ་སོགས་པ་ནི་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་དེ་གཏན་
ཚིགས་སུ་མ་གྱུར་ཅིག་ཅེས་པའོ། །དེ་གཏན་ཚིགས་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། འཁྲུལ་བའི་ཕྱིར་རོ་ཞེས་པ་ཁ་ན་མ་ཐོ་བ་མེད་དོ། །འདོན་པ་གཉིས་ཀ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ངག་ཕྱི་རོལ་གྱི་ཡན་ལག་ཉིད་དཔེར་བརྗོད་ཀྱི་ཉམས་པར་མ་གྱུར་ཅིག་
ཅེས་འདོན་པ་གཞན་ལ་བརྟེན་པའོ། །དེ་ཡོད་ན་ཡང་སྐྱོན་དེ་ཁོ་ནའོ་ཞེས་པས་འདོན་པ་གཉིས་ཀ་ལ་ཡང་ཁས་བླངས་པ་ཉམས་ཏེ། དོན་ནི་དཔེ་བརྗོད་ཉིད་དུ་བཤད་དེ་བུམ་པ་ལ་སོགས་པའམ་འབྲེལ་པའོ། །ཚིག་མ་ཡིན་ནོ། །དཔེ་བརྗོད་ནི་ངག་གི་ཡན་ལག་སྟེ།
เล่ม ๑๙๓ · หน้า 233b
དམ་བཅའ་དང་། གཏན་ཚིགས་དང་། དཔེ་བརྗོད་དང་། ཉེ་བར་སྦྱར་བ་དང་མཇུག་སྡུད་རྣམས་ནི་ཡན་ལག་རྣམས་སོ་ཞེས་པའི་གཏན་ཚིགས་སོ་ཞེས་པས་དཔེ་བརྗོད་མི་རིགས་སོ་ཞེས་པས་དཔེ་བརྗོད་ལ་ལྟོས་པ་དེ་བཞིན་དུ་ཞེས་པ་ཉེ་བར་སྡུད་པ་དང་། དེ་བཞིན་དུ་མ་ཡིན་
པ་ཞེས་ཀྱང་སྟེ། བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་བ་ཞེས་པ་ཉེ་བར་སྦྱོར་བའི་མཚན་ཉིད་དོ། །སྒྲ་ལ་སོགས་པ་ལ་མི་རྟག་པ་བྱས་པ་ཉིད་ལ་སོགས་པས་བསྒྲུབ་པར་བྱ་བ་ལ། བུམ་པ་ལ་སོགས་པ་མཐུན་པ་ཉིད་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དང་ལྡན་པ་དང་། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་
མི་མཐུན་ཕྱོགས་དང་ལྡན་པ་ནམ་མཁའ་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་སོ། །དེ་ལ་ལྟོས་པ་ནི་དེའི་དབང་དུ་གྱུར་པ་སྟེ། དཔེ་བརྗོད་ཡོད་ན་དེ་བཞིན་དང་དེ་བཞིན་མ་ཡིན་པ་ཞེས་པར་ཡང་འགྱུར་བ་དེའི་ཕྱིར་དེ་ལ་ལྟོས་པ་ཉིད་དོ། །བསྒྲུབ་པར་བྱ་བ་ལ་སྟེ་སྒྲ་ལ་སོགས་པ་ལ་
གཏན་ཚིགས་འདིས་ཉེ་བར་བསྡུ་བར་བྱའོ་ཞེས་པ་ཉེ་བར་སྡུད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཆོས་མཐུན་པ་ཉིད་ཀྱིས་དང་ཆོས་མི་མཐུན་པ་ཉིད་ཀྱིས་སོ། །དེ་ལ་རེ་ཞིག་ཆོས་མཐུན་པ་ཉིད་ཀྱིས་ནི། བུམ་པ་བྱས་པ་ནི་མི་རྟག་པ་སྟེ། དེ་བཞིན་དུ་སྒྲ་ཡང་ངོ་ཞེས་པའོ། །ཆོས་
མི་མཐུན་པ་ཉིད་ཀྱིས་ནི། ནམ་མཁའ་མ་བྱས་པ་ནི་རྟག་པ་སྟེ། སྒྲ་ནི་དེ་བཞིན་མ་བྱས་པ་མ་ཡིན་ནོ་ཞེས་པའོ། །འདི་ལ་ཡང་ཞེས་པ་ལ་སོགས་པ། དཔེ་བརྗོད་ཀྱི་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་རྟོགས་པར་བྱེད་པས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་རམ་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་ཆོས་
མཐུན་པ་ཉིད་ཀྱིའོ། །དེ་བཞིན་ཞེས་པས་བྱས་པ་ཉིད་ཁོ་ན་ཉེ་བར་སྦྱོར་བར་བྱེད་ན། དེ་ལ་ཡང་སྤྱིའམ་ཁྱད་པར་ཉེ་བར་སྦྱོར་བར་བྱེད། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལ་མི་ལྟོས་ན་ནི། ཁྱད་པར་མེད་པ་ན་རྣམ་པ་ཐམས་ཅད་ཀྱི་སྤྱི་རྣམ་པར་ཤེས་པར་བྱ་སྟེ། དེ་ལས་
དབྱེ་བ་མེད་པའི་ཕྱིར་དེ་བཞིན་ཞེས་ཐ་སྙད་བསྟན་པ་ཁོ་ན་མི་ནུས་པར་འགྱུར་རོ། །དཔེར་ན་ནམ་མཁའ་ལ་སོགས་པ་མ་བྱས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་པ། མ་བྱས་པ་རྣམ་པར་བཅད་པ་བྱས་པ་ཉིད་ཀྱི་སྤྱི་སྟོན་པའོ། །སྤྱི་ནི་གཏན་ཚིགས་ཁོ་ནས་བརྗོད། །ཅེས་པ་འདིས་
เล่ม ๑๙๓ · หน้า 234a
གང་བརྗོད་པའི་དོན་མངོན་པར་བརྗོད་པ་དེ་ཡན་ལག་གཞན་མ་ཡིན་ཏེ། འདི་ལྟ་སྟེ། དེ་ཁོ་ན་ཡང་བརྗོད་པ་བཞིན། །ཉེ་བར་སྦྱར་བ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་སོ། །འོ་ན་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་འདིས་བྱས་པ་ཉིད་ཙམ་
བརྗོད་ཅིང་ཉེ་བར་སྦྱོར་བས་ནི་བསྒྲུབ་པར་བྱ་བ་དེ་ཉེ་བར་སྡུད་པ་ཁོ་ན་བྱེད་པ་མ་ཡིན་ནམ། དེས་ན་མ་གྲུབ་པའི་གཏན་ཚིགས་སོ་ཞེ་ན་གསུངས་པ། སྒྲའི་ཞེས་འབྲེལ་པའི་ཕྱིར་རོ་ཞེས་པ་སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ན། སྒྲའི་ཞེས་རྟོགས་པར་བྱ་སྟེ།
དེའི་སྐབས་ཡིན་པ་ཉིད་ཀྱི་ཕྱིར་དང་། གཞན་འདིར་ཐོས་པ་མེད་པའི་ཕྱིར་དང་། ཡོད་པ་ནི་རྟེན་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ཀྱི། བསྒྲུབ་པར་བྱ་བ་དང་དཔེའི་ཆོས་ཅན་དག་གི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ལས་དེ་ལྡན་
པའི་བསྒྲུབ་པར་བྱ་བའི་ཆོས་འགྲུབ་པའི་དོན་དུ་གཅིག་ཏུ་བྱེད་པ་ནི་ཉེ་བར་སྡུད་པ་སྟེ། གཏན་ཚིགས་ཀྱིས་ནི་གཅིག་ཏུ་བྱེད་པ་བྱས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མ་གྲུབ་པའི་དོན་ཅན་ཉིད་ཁོ་ནའོ་ཞེ་ན་གསུངས་པ། དཔེས་ནི་ཞེས་པ་ལ་སོགས་པའོ། །དཔེས་ནི་གཅིག་ཏུ་
བྱེད་པ་ལས་ཏེ་ཁྱད་པར་མེད་པར་བྱེད་པ་ལས་ཞེས་པའི་དོན་ཏོ། །གཞན་དུ་ན་ཞེས་པ་ལ་སོགས་པ་གཏན་ཏེ་ཁྱབ་པ་རབ་ཏུ་གསལ་བ་མེད་པར་ཡང་། གཅིག་ཏུ་བྱེད་པ་ཙམ་ལས་དེ་དང་ལྡན་པ་མི་རྟག་པ་ཉིད་དུ་འགྲུབ་པ་ཁོ་ནར་འགྱུར་ན། དེ་ལྟར་གྱུར་ན་ནི། གལ་ཏེ་བུམ་པ་དང་ཆོས་མཐུན་
པ་ཉིད་བསྟན་པ་ལས་གཞན་ཡང་ཁྱད་པར་མེད་པར་བྱེད་ན་བུམ་པའི་ཆོས་ཐམས་ཅད་སྒྲ་ལ་འཐོབ་པར་འགྱུར་རོ་ཞེས་པའོ། །དེ་ལྟ་བུ་ལ་སོགས་པའི་ལྟག་ཆོད་རྣམས་ལན་ཁོ་ནར་འགྱུར་ཏེ། སུན་འབྱིན་པ་ཁོ་ནར་འགྱུར་རོ། །སོགས་པའི་སྒྲས་ནི་ཆོས་མཐུན་པ་མཚུངས་པ་ལ་
སོགས་པ་རྣམས་སོ། །ཕྱིའི་དོན་ཉེ་བར་སྡུད་པ་ལ་ནི་ཐལ་བར་འགྱུར་བ་འདི་མེད་དེ། ཡོངས་སུ་གནས་པ་མི་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་ཁྱབ་པ་བསྟན་པར་ནུས་པ་ནི་མ་ཡིན་ནོ། །ཅི་སྟེ་ཞེས་པ་ཕྱོགས་གཉིས་པ་ཉེ་བར་དགོད་པའོ། །བྱས་
เล่ม ๑๙๓ · หน้า 234b
པ་ཉིད་དུ་གྲུབ་པ་ལ་ཞེས་པ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ལས་རྟོགས་པ་ལ་ཁྱད་པར་ཉེ་བར་སྦྱར་བར་བྱའོ་ཞེས་པ་དེ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་ཉེ་བར་སྦྱོར་བ་དེ་ཉིད་ཁྱད་པར་གཞན་རྣམ་པར་གཅོད་པས་སྟོན་པ་སྨྲས་པ། བུམ་པ་བཞིན་དུ་བྱས་པ་ཡིན་གྱི། སྣམ་བུ་
ལ་སོགས་པ་བཞིན་དུ་མ་ཡིན་ནོ་ཞེས་པའོ། །ཁྱད་པར་རང་རྟེན་ལ་རྗེས་འགྲོ། །ཞེས་པ། རང་གི་རྟེན་ལ་ངེས་པའོ། །གལ་ཏེ་དེ་ནི་རྟེན་གཞན་ལ་འཇུག་པར་འགྱུར་ན་སྤྱི་ཁོ་ནར་འགྱུར་གྱི་ཁྱད་པར་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲ་ནི་བུམ་པ་བཞིན་བྱས་པ་ནི་མ་ཡིན་ནོ་ཞེས་གསུངས་པ།
རྣམ་པ་གཞན་དུ་སྐྱེས་པའི་ཕྱིར་ཞེས་པ། བུམ་པ་ནི་འཇིམ་པའི་གོང་བུ་ལ་སོགས་པ་རྣམས་ལས་སྐྱེས་ལ། སྒྲ་ནི་རྐན་ལ་སོགས་པ་ཡང་དག་པར་སྦྱོར་བ་ལ་སོགས་པ་རྣམས་ལས་སོ་ཞེས་པས་སྒྲ་ནི་བུམ་པ་བཞིན་དུ་བྱས་པ་མ་ཡིན་ནོ། །དེ་ནི་གཏན་ཚིགས་ཁོ་ནས་བཤད་དོ་
ཞེས་པ་འདི་ཡང་། སྔ་མ་བཞིན་དུ་ཡན་ལག་གཞན་ཡིན་པ་ཉམས་པ་གསུངས་སོ། །ཅི་སྟེ་ཞེས་པ་ལ་སོགས་པ་ནི་དེ་བྱས་པ་ཉིད་དུ་བརྗོད་པ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་དགག་པ་ཙམ་བྱ་བ་སྟེ། ཡང་དེ་ཅིའི་དོན་དུ་ཞེ་ན་སྨྲས་པ། དེ་དང་ལྷན་ཅིག་སྤྱོད་པའི་
རྟག་པ་ཉིད་དགག་པའི་དོན་དུ་ཞེས་པ་མ་བྱས་པ་དེ་དང་ལྷན་ཅིག་སྤྱོད་པའི་རྟག་པ་ཉིད་དགག་པའི་དོན་དུ་སྟེ། དཔེར་ན་ནམ་མཁའ་བཞིན་དུ་མ་བྱས་པར་འགྱུར་བ་མ་ཡིན་པ་དེ་ལྟར་རྟག་པར་ཡང་ངོ་ཞེས་པའོ། །གཉེན་པོའི་ཕྱོགས་ཀྱང་མི་ལྡན་པ་སྟེ་ཞེས་པ་གཉེན་པོའི་ཕྱོགས་ནི་བྱས་པ་
ཉིད་ཀྱིས་མ་བྱས་པ་ཉིད་དེ། ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེ་མི་ལྡན་པ་ནི་སྒྲ་ལ་གོ་སྐབས་མེད་པའོ། །སྤྱི་ཡང་གཏན་ཚིགས་ཉིད་ཀྱིས་བརྗོད་དོ་ཞེས་བརྗོད་པར་བྱ་ཞེས་པ་ནི་ཀྱང་གི་སྒྲ་ལས་སོ་ཞེས་པའོ། །འོ་ན་བྱས་པ་ཉིད་དགག་པ་བྱ་བ་མ་ཡིན་ནམ། བྱས་པ་ཉིད་
བརྗོད་པར་བྱའོ་ཞེས་པ་འདིའི་ཕྱོགས་ལ་བརྟེན་པ་ནི་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་བསྡུ་བ་ཡིན་ཞེ་ན། ཕན་ཚུན་སྤངས་ཏེ་གནས་པའི་དངོས་པོའི་ཆོས་དག་ནི་གང་ཁོ་ན་གཅིག་དགག་པ་དེ་ཁོ་ན་ཅིག་ཤོས་ཀྱི་སྒྲུབ་པའོ་ཞེས་དགོངས་པའོ། །གཞན་རྣམས་ནི་དང་གི་སྒྲ་
เล่ม ๑๙๓ · หน้า 235a
འདིར་རྣམ་པར་བརྟག་པའི་དོན་ཏོ་ཞེས་སྨྲའོ། །མི་ལྡན་པ་ཅིའི་ཕྱིར་ཞེ་ན་གསུངས་པ། བྱས་པ་ཉིད་ཡོད་ན་ཞེས་པ་ལ་སོགས་པ། གང་གི་གང་ན་འགལ་བ་ཡོད་པ་ན་དེ་ན་སྲིད་པ་མ་ཡིན་ཏེ། དཔེར་ན་མེ་ལ་གྲང་བའི་རེག་པ་བཞིན་སྒྲ་ལ་ཡང་
མ་བྱས་པ་ཉིད་དང་འགལ་བ་བྱས་པ་ཉིད་ཡོད་དོ་ཞེས་པ་རང་བཞིན་འགལ་བའོ། །གང་ཞིག་གང་དུ་གྲུབ་པ་མི་སྲིད་པ་དེ་ནི་དེར་དགག་པར་བྱ་བ་མ་ཡིན་ཏེ། དཔེར་ན་ལག་པའི་མཐིལ་དུ་ལག་ལྡན་གྱི་ཁྱུ་བཞིན་སྒྲ་ལ་ཡང་མ་བྱས་པ་ཉིད་ཀྱི་མི་སྲིད་པ་གྲུབ་བོ། །ཁྱབ་པར་བྱེད་པ་དང་
འགལ་བའོ་ཞེས་པ་ཚོགས་པའི་དོན་ཏོ། །མ་བྱས་པ་ཉིད་དང་ལྷན་ཅིག་རྒྱུ་བ་ཞེས་པ་འདིར་ཡང་མི་དམིགས་པ་གཉིས་པོ་དེ་ཁོ་ན་སྔ་མའི་རྗེས་སུ་འབྲངས་པས་བརྗོད་པར་བྱའོ། །འདི་ནི་འདིར་ཁྱད་པར་ཡིན་ཏེ་གཅིག་ལ། སྒྲ་ལ་ཡང་རྟག་པ་ཉིད་དང་འགལ་བ་མི་རྟག་པ་ཡོད་དོ་
ཞེས་པ། ཕྱོགས་ཀྱི་ཆོས་ཏེ། སྒྲ་ལ་ཡང་རྟག་པ་ཉིད་ཀྱི་མི་སྲིད་པ་གྲུབ་བོ་ཞེས་པ་གཞན་ལའོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པས་མ་གྲུབ་པ་ཉིད་སྨྲས་སོ། །གལ་ཏེ་ཆོས་མཐུན་པ་ཉིད་སྦྱོར་ན། དེ་ལས་བྱས་པ་ཉིད་དང་མི་རྟག་པ་ཉིད་དག་འགྲུབ་པར་འགྱུར་ཞིང་། དེ་
ལས་ཀྱང་མི་མཐུན་པའི་ཕྱོགས་དང་མི་ལྡན་པའོ། །གང་གི་ཚེ་ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བ་ཁོ་ནས་མི་རྟག་པ་ཉིད་འགྲུབ་པའི་ཆེད་དུ་རྟག་པ་ཉིད་དགག་པ་བྱས་པ་དེའི་ཚེ་འདི་གཉིས་ཀ་ཡང་མེད་དོ་ཞེས་པས་གཏན་ཚིགས་མ་གྲུབ་བོ། །ཁྱད་པར་གྱིས་ཀྱང་དེ་རྟོགས་འགྱུར། །
ཞེས་པ་ཐུན་མོང་མ་ཡིན་པས་ཀྱང་ཞེས་པའི་ཐ་ཚིག་གོ། །འདི་འདོད་པ་ཡང་མ་ཡིན་ན་ཞེས་པ་སྒྲ་མི་རྟག་ཅེས་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་མི་རྟག་པ་ཉིད་འགྲུབ་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། སྒྲ་མི་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྟག་པ་ནམ་
མཁའ་ལ་སོགས་པ་རྣམས་མཉན་པར་བྱ་བ་མ་ཡིན་པར་མཐོང་སྟེ། དེ་ལྟར་སྒྲ་ནི་མཉན་བྱ་མ་ཡིན་པ་མ་ཡིན་ནོ་ཞེས་བྱས་ན་རྟག་པ་ནམ་མཁའ་ལ་སོགས་པ་ལ་མཉན་པར་བྱ་བ་ཉིད་མེད་པའི་ཕྱིར་ན་མཉན་པར་བྱ་བ་མ་ཡིན་པ་ཉིད་དང་ལྷན་ཅིག་སྤྱོད་པའི་རྟག་པ་ཉིད་བཀག་པས་
เล่ม ๑๙๓ · หน้า 235b
མི་རྟག་པ་ཉིད་འགྲུབ་པར་འགྱུར་རོ། །དེ་ཡང་མི་འཐད་པ་ཉིད་ཀྱི་ཕྱིར་འདི་མི་འདོད་པ་སྟེ། གང་གི་ཕྱིར་དངོས་པོ་གཅིག་ལ་ཕན་ཚུན་འགལ་བའི་ཆོས་དག་རིགས་པ་མ་ཡིན་པས་སོ། །སྐྱོན་འདི་ཙམ་གྱིས་གྲོལ་བ་ཡང་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། འདི་ལ་ཡང་ཞེས་པ་ལ་སོགས་པ་
སྟེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པའོ་ཞེས་པའི་སྦྱོར་བ་འདི་ལ་ཡང་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་ལྟར་ཞེ་ན། གློག་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཏེ་གློག་ལ་སོགས་པ་རྩོལ་བ་ལས་མ་བྱུང་བ་མི་རྟག་པར་མཐོང་ཞིང་། སྒྲ་ནི་དེ་ལྟར་རྩོལ་བ་ལས་
མ་བྱུང་བ་མ་ཡིན་ནོ་ཞེས་བྱས་པ་ན། རྩོལ་མ་ཐག་ཏུ་མ་བྱུང་བ་དང་ལྷན་ཅིག་སྤྱོད་པའི་མི་རྟག་པ་ཉིད་བཀག་པས་རྟག་པ་ཉིད་འགྲུབ་པར་འགྱུར་རོ། །གལ་ཏེ་ཆོས་མི་མཐུན་པ་ཉེ་བར་སྦྱོར་བ་ཉིད་འབའ་ཞིག་བྱེད་ན། འདི་ལ་རིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པ། འདི་ལ་
འཐད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འོ་ན་རྟག་པ་ཉིད་ཀྱི་གཏན་ཚིགས་མ་བྱས་པ་ཉིད་མེད་པ་ཁོ་ན་རིགས་པ་མ་ཡིན་ནམ། གཏན་ཚིགས་མེད་པར་བསྒྲུབ་པར་བྱ་བ་འགྲུབ་པ་ནི་འཐད་པ་མ་ཡིན་ནོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །གལ་ཏེ་རྟག་པ་ལ་མ་
བྱས་པ་ཉིད་ཁོ་ན་གཅིག་པུ་གཏན་ཚིགས་སུ་འགྱུར་ན་དེ་མེད་པ་ན་མེད་པར་འགྱུར་མོད། དེ་ཡང་མེད་དེ་གང་གི་ཕྱིར་སྐྱེ་བ་དང་ལྡན་པ་ཉིད་མ་ཡིན་པ་ལ་སོགས་པ་རྣམས་ཀྱང་རྟག་པ་ཉིད་ཀྱི་གཏན་ཚིགས་འདོད་པས་སོ། །ཡང་ཅིའི་ཕྱིར་གཏན་ཚིགས་གཅིག་ལོག་པ་ཁོ་ནས་
བསྒྲུབ་པར་བྱ་བ་ལྡོག་པར་མི་འགྱུར་ཞེ་ན་སྨྲས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། གལ་ཏེ་གཏན་ཚིགས་གཅིག་མེད་པ་ན་ཡང་བསྒྲུབ་པར་བྱ་བ་མེད་པར་འགྱུར་ན། དེ་ལྟར་གྱུར་པ་ན་ལུས་ཅན་ཉིད་དང་ཡན་ལག་ཅན་ཉིད་ལ་སོགས་པ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་
མེད་པའི་ཕྱིར། བྱས་པ་ཉིད་ལ་སོགས་པ་ཡོད་པ་ན་ཡང་། མི་རྟག་པ་ཉིད་ཁེགས་པར་འགྱུར་རོ། །ཡང་ཅི་ལྟར་ལུས་ཅན་ཉིད་མི་རྟག་པའི་གཏན་ཚིགས་ཡིན་ཏེ། ཇི་སྲིད་དུ་ལུས་ཅན་རྡུལ་ཕྲ་རབ་རྣམས་རྟག་པ་ཉིད་དུ་ཕ་རོལ་པོས་མངོན་པར་འདོད་དོ་ཞེ་ན། སྐྱོན་
เล่ม ๑๙๓ · หน้า 236a
འདི་མ་ཡིན་ཏེ། འདིར་སོགས་པའི་སྒྲ་ནི་རྣམ་པར་བརྗོད་པ་ཡིན་ཞིང་། དེས་ན་མཚན་ཉིད་མཆོག་ཉིད་ཀྱི་ཕྱིར། དཔེར་བརྗོད་ནི་འདིར་དབང་ཅན་མ་ཡིན་ནོ། །ཡང་ན་དངོས་པོའི་སྟོབས་ལ་ལྟོས་པས་འདི་བཤད་ཀྱི་ཁས་བླངས་ལ་ལྟོས་པ་ནི་མ་ཡིན་
ནོ། །གལ་ཏེ་དེ་ལྟར་ཉེ་བར་སྦྱོར་བ་མི་རིགས་ན། འོ་ན་རིགས་པ་ཅི་ལྟར་ཞེ་ན་གསུངས་པ། ཕྱི་རོལ་གྱི་དོན་ལ་ལྟོས་པས་ནི་ཞེས་པ་ལ་སོགས་པའོ། །ཅི་ལྟར་ཕྱི་རོལ་གྱི་དོན་ལ་ལྟོས་པ་ཡིན་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །ཕྱི་རོལ་སྨོས་པ་ནི་འབའ་
ཞིག་པའི་བུམ་པ་དང་། ནམ་མཁའ་ཡོད་པ་དང་མེད་པ་ཉིད་ཙམ་ལ་ལྟོས་པ་སེམས་ལྷུར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྟག་པ་ཉིད་བྱས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ། མི་རྟག་པ་ཉིད་དང་བྲལ་བའི་བྱས་པ་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འདིས་
ལྡོག་པ་གསུངས་སོ། །མི་རྟག་པ་ཡང་ཡོད་དེ་བུམ་པ་བཞིན་ཞེས་པ་འདིས་ཀྱང་རྗེས་འགྲོའོ། །རྗེས་འགྲོ་དང་ལྡོག་པ་ལ་ལྟོས་ནས། དེ་བསྟན་པའི་ཆེད་དུ་ནམ་མཁའ་བཞིན་དང་བུམ་པ་བཞིན་ཞེས་ཕྱོགས་གཅིག་དཔེར་བརྗོད་པ་ཙམ་ཉེ་བར་སྦྱར་བའོ་ཞེས་པས་ཁོ་
བོའི་ལུགས་ཀྱིས་ནམ་མཁའ་སོགས་ཉེ་བར་སྦྱར་བ་རིགས་སོ། །དེ་ལྟར་ཉེ་བར་སྦྱོར་བ་ཡང་མི་རིགས་ཏེ། དཔེར་བརྗོད་ཉིད་འབའ་ཞིག་ཏུ་མ་ཟད་དོ། །སླར་ཡང་བརྗོད་པ་ཁོ་ན་ལས་ཞེས། གཏན་ཚིགས་ཉེ་བར་བསྟན་པ་ལས་དམ་བཅའ་བ་སླར་ཡང་བརྗོད་པ་ནི་
མཇུག་སྡུད་དོ་ཞེས་པའི་མདོ་ལས་སོ། །གཏན་ཚིགས་ངེས་པར་བསྟན་པ་ལས་དེ་མ་ཐག་ཏུ་སྟེ་དེ་སྔོན་མ་ཅན་ཞེས་པའི་དོན་ཏོ། །འདི་ལྟ་སྟེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་གོ་ཞེས་པའོ། །འདིས་ནི་རང་གི་ཚིག་ཁོ་ནས་མཇུག་སྡུད་ཡན་ལག་གཞན་ཉིད་བསལ་
ལོ་ཞེས་སྟོན་ཏོ། །སླར་ཡང་བརྗོད་པ་ཡན་ལག་གཞན་ཉིད་ཡིན་ན་ནི། ལན་ཅིག་མ་ཡིན་པར་བརྗོད་པ་ནི་ཡིན་ལ་མཐའ་ཡས་པར་འགྱུར་རོ། །ཁ་ཅིག་འདི་ལ་ལན་སྨྲ་སྟེ། །བསྒྲུབ་པར་བྱ་བའི་དོན་མངོན་པར་བརྗོད་པ་ནི་དམ་བཅའ་སྟེ། གཏན་ཚིགས་ཀྱི་ཡུལ་དེས་བསྟན་
เล่ม ๑๙๓ · หน้า 236b
པར་བྱའོ། །གྲུབ་པའི་ངོ་བོའི་དོན་སྒྲུབ་པར་བྱེད་པའི་འབྲས་བུར་གྱུར་པ་ནི་མཇུག་སྡུད་ཀྱིས་སོ། །དེས་ན་སླར་ཡང་བརྗོད་པ་ཉིད་མེད་དོ་ཞེས་པའོ། །དེ་མི་རིགས་ཏེ། གྲུབ་པའི་ངོ་བོ་རྗོད་པར་བྱེད་པ་ཉིད་ཡིན་ན་ནི་སྒྲུབ་པར་བྱེད་པ་མི་འཐད་པའི་ཕྱིར་ཏེ། དཔེར་ན་སྒྲ་མཉན་པར་བྱའོ་
ཞེས་པ་ལྟ་བུའོ། །དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་ནི་ཡན་ལག་རྣམས་སོ་ཞེས་པའི་དམ་བཅའ་བ་ཉམས་སོ། །གཞན་རྣམས་ནི་རྣམ་པ་གཞན་དུ་མཇུག་སྡུད་ཡན་ལག་གཞན་ཉིད་དུ་རབ་ཏུ་སྟོན་པར་བྱེད་དེ། སྒྲ་མི་རྟག་གོ་ཞེས་པ་དམ་བཅའ་བ་འདི་ལུས་དང་། བྱས་པ་ཉིད་ཀྱི་ཕྱིར་
ཞེས་པའི་གཏན་ཚིགས་འདི་རྗེས་སུ་དཔག་པའོ། །བུམ་པ་བཞིན་ཞེས་པའི་དཔེ་འདི་མངོན་སུམ་མོ། །ཇི་ལྟར་བུམ་པ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་དེ་ལྟར་སྒྲའོ་ཞེས་པ་ཉེ་བར་སྦྱོར་བ་འདི་ཉེ་བར་འཇལ་བའོ། །ཚད་མ་བཞི་པོ་འདི་རྣམས་ཀྱི་ཡུལ་གཅིག་པ་ཉིད་དུ་ཤེས་པའི་དོན་དུ་མཇུག་
བསྡུ་བ་སྟེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་གོ་ཞེས་པའོ། །འདི་ཡང་མི་རིགས་ཏེ། གལ་ཏེ་རྣམ་པ་གཞན་དུ་རྟོགས་པ་མི་འབྱུང་ན་ཐམས་ཅད་ལེགས་མོད། དེ་མེད་ཀྱང་ཕྱོགས་ཆོས་དང་འབྲེལ་བ་བརྗོད་པ་ཙམ་ལས་རྟོགས་པ་མཐོང་ངོ་ཞེས་པས། དེ་ཉེ་བར་མཁོ་བ་ཅི་ཞིག །
འདིས་ནི་དམ་བཅའ་བ་དང་ཉེ་བར་སྦྱོར་བ་དག་ཀྱང་སྒྲུབ་པར་བྱེད་པ་ཡིན་པ་ཉིད་སྤངས་སོ། །ཕ་རོལ་པོས་ཡོངས་སུ་བརྟགས་པའི་གཏན་ཚིགས་དང་དཔེ་རྣམས་ཀྱང་ཇི་ལྟར་སྒྲུབ་པར་བྱེད་པའི་ཡན་ལག་ཉིད་དུ་འཐད་པ་མ་ཡིན་པ་དེ་ལྟར་བཤད་ཟིན་ཏོ། །དེ་ལྟར་དམ་བཅའ་བ་ལ་སོགས་པ་
རྣམས་ཁོ་ན་རེ་ཞིག་སྒྲུབ་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ན། ཅིའི་ཕྱིར། ཡུལ་གཅིག་ཏུ་འཆད་པ་ལས་མཇུག་སྡུད་ཡིན་ཞེས་པས་མཇུག་སྡུད་མི་རིགས་སོ། །གཉིས་ཀ་རབ་ཏུ་གྲུབ་པ་དཔེའོ་ཞེས་པ་གཉིས་ཀ་རབ་ཏུ་གྲུབ་ཅིང་ངེས་པ་གང་དུ་ཡིན་པ་དེ་གཉིས་ཀ་རབ་ཏུ་གྲུབ་པ་སྟེ།
གཉིས་ཀ་ནི་གཏན་ཚིགས་དང་དམ་བཅའ་བ་དག་གམ་དེའི་དོན་ཏོ། །ནམ་མཁའ་དཔེར་ན་ཐལ་བའམ། །ཞེས་པ་ཕྱོགས་དང་པོ་ལའོ། །ངག་གི་ཕྱོགས་གཅིག་ཉིད་ཀྱང་མིན། །ཞེས་པ་གཉིས་པ་ལའོ། །དེ་ལྟར་རྣམ་པ་གཉིས་ཀ་ལྟར་ན་ཡང་ཁས་བླངས་པ་ཉམས་སོ། །
เล่ม ๑๙๓ · หน้า 237a
དེ་ཡི་ཡོན་ཏན་ཉིད་ཀྱི་ཕྱིར་ཞེས་པ། དམ་བཅའ་དང་། གཏན་ཚིགས་དག་སྒྲའི་བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཏེ། སྒྲ་ཡང་ནམ་མཁའི་ཡོན་ཏན་ནོ། །ཞེས་པའི་གཞུང་ལུགས་ལས་སོ། །དེའི་ཆོས་དག་ཞེས་པ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་
དག་སྟེ། མི་རྟག་པ་དང་བྱས་པ་ཉིད་ལ་སོགས་པ་སྟེ། གང་དུ་རབ་ཏུ་གྲུབ་པ་དག་གོ་ཞེས་པ་དོན་བུམ་པ་ལ་སོགས་པར་རོ། །ངག་གི་ཡན་ལག་ཉིད་མི་རིགས་སོ་ཞེས་པ། ཇི་སྐད་དུ་བཤད་པ། ལྷན་ཅིག་བརྗོད་པར་འདོད་པ་ནི་དབྱེ་བ་ཡོད་པ་ན་ཐ་མི་དད་པར་འཇུག་པ་རྣམས་ཀྱི་འགྱུར་
རོ་ཞེས་པ་སྟེ། དོན་དང་སྒྲ་དག་ལ་ཐ་མི་དད་པར་འཇུག་པ་ཉིད་ཡོད་པ་ཡང་མ་ཡིན་ནོ། །རྗེས་སུ་འགྲོ་བ་མ་བརྗོད་ཕྱིར། །ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཉིད་དཔེས་སྟོན་པ་དེ་ལྟར་བྱེ་བྲག་པ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་ལས་ཀྱང་
དཔེ་ལྟར་སྣང་བའོ། །སྔ་མ་བཞིན་ཞེས་པ། སྔར་ཇི་སྐད་དུ་བཤད་པ། རྗེས་འགྲོ་ཕྱིན་ཅི་ལོག་རྣམ་གཉིས། །རྗེས་འགྲོ་མེད་པའང་དེར་སྣང་བའོ་ཞེས་པ་དེ་ལྟར་འདིར་ཡང་བརྗོད་པར་བྱའོ། །རྣམ་པ་གཉིས་ཀ་ལྟར་ན་ཡང་མི་རིགས་སོ་ཞེས་པ། གལ་ཏེ་གཏན་ཚིགས་
དམ་བཅའ་བ་དག་གཉིས་ཀ་སྨོས་པས་འཛིན་ན་དང་། གལ་ཏེ་དེའི་དོན་དག་ནའོ། །སྒྲུབ་བྱེད་ཉིད་དང་དཔེའི་དོན་ཀྱང་། རང་དབང་ཡིན་ན་དོན་མེད་དོ། །ཞེས་པ། བསྒྲུབ་པར་བྱ་བ་ཡང་དག་པར་འགྲུབ་པའི་དོན་དུ་གཉེར་བར་བྱའོ་ཞེས་པའི་དོན་ཏེ། བསྒྲུབ་པར་བྱ་བ་སྒྲུབ་
པར་བྱེད་པའི་ནུས་པའི་རང་གི་ངོ་བོར་བརྗོད་པར་བྱའོ། །དེ་དག་ལ་དོན་ཡོད་པ་མ་ཡིན་ནོ་ཞེས་དོན་མེད་པ་སྟེ། བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པར་ནུས་པའི་རང་གི་ངོ་བོ་དག་མི་སྲིད་པ་དག་ཅེས་པའི་དོན་ཏོ། །དོན་འདི་ཉིད་འགྲེལ་པས་གསལ་བར་བྱེད་དེ། སྒྲུབ་པར་བྱེད་པ་
ཉིད་སྲིད་པ་མ་ཡིན་ཞིང་། དཔེའི་དོན་ཡང་མ་ཡིན་ནོ། །ཞེས་པའོ། །རིགས་པ་ནི། གང་སྒྲུབ་པར་བྱེད་པ་ཉིད་སྲིད་པ་མ་ཡིན་ཏེ་སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །དཔེའི་དོན་ནི་ཅི་ལྟར་ཡིན་ཏེ། གང་འདྲ་བ་ཕ་རོལ་པོས་བསྒྲུབ་པར་བྱ་བ་རྗེས་སུ་
เล่ม ๑๙๓ · หน้า 237b
འཛིན་པ་མངོན་པར་འདོད་པ་དེ་འདྲ་བ་སྲིད་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །སྔར་ཇི་སྐད་བཤད་པ་བཞིན་ཞེས་པ། དཔེར་བརྗོད་པ་དང་ཆོས་མཐུན་ཉིད། །འབའ་ཞིག་དེ་རྣམས་ཀྱིས་བརྗོད་བྱ། །བསྒྲུབ་བྱ་སྒྲུབ་བྱེད་གཉིས་བརྗོད་མིན། །དེ་ལྟར་དཔེ་ཉིད་ཙམ་ཡིན་ནོ། །ཞེས་
པའོ། །དེ་ལྟར་སྒྲུབ་པར་བྱེད་པ་ཉིད་མེད་པར་བརྗོད་དོ། །དཔེ་མེད་པ་ཡང་གཏན་ཚིགས་བཅས་པའི་བསྒྲུབ་བྱ་ཙམ་མམ། དེ་ཡི་ཁྱད་པར་དཔོག་པ་ན། །དཔེ་ནི་ཐུག་པ་མེད་པར་འགྱུར། །མི་མཐུན་ཕྱོགས་ལས་ལྡོག་པར་ཡང་། །ཅེས་པའོ། །ལེའུ་བཞི་པའོ།། །།
ཚད་མ་གཞན་དུ་རྩོད་པའི་སྐབས་སྦྱིན་པའི་ཆེད་དུ་གསུངས་པ། ཚད་མ་གཉིས་བཤད་ཟིན་ཏོ་ཞེས་པ་སྟེ། གང་སྔར་དམ་བཅས་པ། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་དག་ནི་གཉིས་ཁོ་ན། །ཞེས་པའི་ཚད་མ་གཉིས་པོ་དེ་བཤད་ཟིན་ཏོ། །རང་གི་ཚད་མའི་ཡོན་ཏན་བརྗོད་པ་
ལས་དང་། གཞན་གྱི་ཚད་མ་དགག་པ་ལས་ཀྱང་ངོ་། །ཁ་ཅིག་ནི་སྒྲ་ལས་བྱུང་བ་ཡང་ཞེས་པ་ཁ་ཅིག་ཅེས་པ་སེར་སྐྱ་པ་ལ་སོགས་པ་རྣམས་སོ། །སྒྲ་ལས་ཉེ་བ་མ་ཡིན་པའི་དོན་ལ་ཤེས་པ་ཉེ་བར་སྐྱེ་བ་ནི་སྒྲ་ལས་བྱུང་བའོ། །དོན་གྱི་གོ་བ་ལ་སོགས་པ་རྣམས་འབའ་ཞིག་ཏུ་མ་ཟད་དོ་ཞེས་པ་
ཡང་གི་སྒྲའི་དོན་ཏོ། །ཅི་ལྟར་སྒྲ་ལས་བྱུང་བ་ཚད་མ་གཞན་མ་ཡིན་ཞེ་ན་གསུངས་པ། དེ་ལྟར་དེ་ཞེས་པ་ལ་སོགས་པའོ། །དེ་ཞེས་པ་ཤུགས་ཀྱིས་ཐོབ་པ་སྒྲ་ལ་སྦྲེལ་ལོ། །བྱས་སོགས་བཞིན་དུ་ཞེས་པ། ཇི་ལྟར་བྱིས་པ་ཉིད་ལ་སོགས་པའི་རྟགས་ནི་ཚུལ་གསུམ་དང་ལྡན་པ་ལས་
རང་གི་དོན་གསལ་བར་བྱེད་པ་དེ་བཞིན་སྒྲ་ཡང་ངོ་ཞེས་པའི་དོན་ཏོ། །དཔེ་འདིས་ནི་སྒྲ་རྟག་པ་ཉིད་དུ་ཡོངས་སུ་གསལ་བར་བྱེད་པས་སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ཉིད་དུ་མཚོན་པར་གསལ་བར་བྱེད་དོ། །གཞན་སེལ་བ་ཡིས་ཞེས་པ་དོན་གཞན་ལས་ལྡོག་པས་ཡིན་གྱི།
མཐོང་བ་བཞིན་དུ་སྒྲུབ་པའི་ངོ་བོས་ནི་མ་ཡིན་ནོ། །སྒྲ་ནི་ཡུལ་གང་ལ་རབ་ཏུ་སྦྱོར་བ་ཞེས་པ། དོན་གང་གོ་བར་བྱེད་པའི་དོན་དུ་བརྗོད་པ་དེ་དེའི་ཡུལ་ཏེ། གོ་བར་བྱ་བ་ཉིད་ཀྱི་ཕྱིར། །དཔེར་ན་རྟགས་ཀྱི་རྟགས་ཅན་བཞིན་ནོ། །དེའི་ཡན་ལག་གང་གིས་ཞེས་པ། བརྗོད་པར་བྱ་
เล่ม ๑๙๓ · หน้า 238a
བའི་དོན་གྱི་ཡན་ལག་ཡོད་པ་ཉིད་དང་ཤེས་བྱ་དེ་ཉིད་ལ་སོགས་པ་རྣམས་ནི་མང་བ་སྟེ། དེ་རྣམས་ཐམས་ཅད་དང་ཤིང་ལ་སོགས་པའི་སྒྲ་མེད་ན་མི་འབྱུང་བ་ཉིད་དུ་འབྲེལ་པ་ཡང་མ་ཡིན་གྱི། གང་དང་འབྲེལ་པ་དེ་བྱས་པ་ཉིད་ལ་སོགས་པ་བཞིན་དུ་དོན་
གཞན་རྣམ་པར་གཅོད་པས་གསལ་བར་བྱེད་དོ། །བརྗོད་པ་ནི་སྒྲའི་ཆོས་ཉིད་དུ་གྲགས་པ་ཉིད་ཀྱི་ཕྱིར་དཔེ་དང་དཔེ་ཅན་དག་མི་མཚུངས་པ་ཉིད་དུ་མ་གྱུར་ཅིག་ཅེས་གསལ་བར་བྱེད་དོ་ཞེས་གསུངས་སོ། །དེས་ཇི་སྐད་བརྗོད་པར་འགྱུར་ཏེ། གང་རྗེས་སུ་དཔག་པའི་མཚན་ཉིད་ཅན་
དེ་ནི་དེ་ལས་ཐ་དད་པ་མ་ཡིན་ཏེ། དུ་བ་ལས་མེ་ཤེས་པ་བཞིན། །སྒྲ་ལས་བྱུང་བ་ཡང་དེ་ལྟ་བུ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །ཅི་སྟེ། གཞན་སེལ་བ་ཡིན་རྗོད་པར་བྱེད། །ཅེས་པ་འདི་ཅིའི་དོན་དུ་ཡིན། །ཇི་ཙམ་དུ། བྱས་ཉིད་སོགས་བཞིན་རྗོད་པར་བྱེད། །ཅེས་
པ་འདི་ཁོ་ནས་རྗེས་སུ་དཔག་པ་ལས་སྒྲ་ལས་བྱུང་བ་ཐ་མི་དད་པར་རྟོགས་སོ་ཞེ་ན། དགོས་པ་ཡོད་དོ། །བྱས་པ་ཉིད་ལ་སོགས་པའི་རྟགས་ནི་དོན་གཞན་རྣམ་པར་གཅོད་པས་རང་གི་དོན་རྟོགས་པར་བྱེད་དོ་ཞེས་སྔར་འདི་བསྒྲུབས་ཟིན་ཏོ། །དེའི་ཕྱིར་གལ་ཏེ་གཞན་སེལ་བས་ཞེས་
པ་འདི་མ་བརྗོད་ན། དེའི་ཚེ་ཚད་མ་གཞན་སྨྲ་བ་རྣམས་ཀྱི་རྟོགས་པ་འདིར་འགྱུར་ཏེ། བྱས་པ་ཉིད་ལ་སོགས་པའི་རྟགས་ནི་དོན་གཞན་ལས་ལྡོག་པས་རང་གི་དོན་རྟོགས་པར་བྱེད་ཅིང་། སྒྲ་ནི་སྒྲུབ་པའི་སྒོ་ཡིས་ཏེ། །དེ་ཁོ་ནའི་ཁྱད་པར་ལས་སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ལས་
ཐ་དད་དོ་ཞེས་པའོ། །དེའི་ཕྱིར། དེ་གསལ་བའི་དོན་དུ་འདི་བཤད་དོ། །སླར་ཡང་སྐབས་གཞན་གྱིས་འདིའི་དོགས་པ་བསལ་བར་བྱེད་པར་འགྱུར་རོ་ཞེས་རེ་ཞིག་གཞག་གོ། །ཅི་ལྟར་སྒྲའི་ཚུལ་གསུམ་ཉིད་ཡིན། ཅི་ལྟར་མི་འགྱུར་ན། ཆོས་ཅན་མི་རིགས་པའི་ཕྱིར་རོ། །
དེ་ལྟར་ནི་སྒྲའི་དོན་ནི་ཆོས་ཅན་ཉིད་དུ་འཐད་པ་མ་ཡིན་ཏེ། རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་བཞིན་ནོ། །དོན་ལ་སྒྲ་མཐོང་བ་ཡང་མ་ཡིན་ཏེ། སྨྲ་བ་པོ་ལ་གནས་པ་ཉིད་ཀྱི་ཕྱིར་ཏེ། དེ་ཁོ་ན་ལ་ཉེ་བར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཚད་མ་གཞན་ཁོ་ན་སྟེ།
เล่ม ๑๙๓ · หน้า 238b
བརྡ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་དང་འདི་ནི་སྒྲ་ལས་བྱུང་བའི་ཚད་མ་ཉིད་ཀྱི་ཡུལ་ཡོངས་སུ་མི་ཤེས་པའི་ཕྱིར་འདི་ལྟར་བརྗོད་པ་སྟེ། དེའི་ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་མ་ཡིན་པས་ཏེ། དེ་ལྟར་ནི་དེ་དེའི་རྟོགས་པར་བྱེད་པར་འགྱུར་བ་མ་ཡིན་པས་ཏེ།
འོ་ན་ཅི་ལ་ཞེ་ན། བརྗོད་པར་འདོད་པ་ལ་སྟེ། དེ་ལ་ནི་སྒྲའི་ཚུལ་གསུམ་པ་ཉིད་ཡོད་པ་ཁོ་ནའོ། །དེ་ལྟར་ནི་བརྗོད་པར་འདོད་པ་དང་ལྡན་པའི་སྐྱེས་བུ་ཆོས་ཅན་ནོ། །བརྗོད་པར་འདོད་པ་བསྒྲུབ་པར་བྱ་བའི་ཆོས་སོ། །བརྗོད་པར་འདོད་པ་དང་ལྡན་པ་ལ་ཉེ་བར་དམིགས་པ་ཡོད་པ་
ཁོ་ནའི་ཕྱིར་སྒྲ་ནི་ཕྱོགས་ཀྱི་ཆོས་སོ། །བརྗོད་པར་འདོད་པ་དང་ལྡན་པ་སྔར་ཉམས་སུ་མྱོང་བ་ནི་མཐུན་ཕྱོགས་སོ། །དེ་དང་བྲལ་བ་ནི་མི་མཐུན་ཕྱོགས་སོ་ཞེས་པས་ཅི་ལྟར་ཚུལ་གསུམ་སྲིད་པ་མ་ཡིན། འོ་ན་བརྗོད་པར་འདོད་པ་ལ་ཡང་དེ་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ། །དེ་ལྟར་
ནི་བརྗོད་པར་འདོད་པ་སྤྱི་ལ་ཚད་མ་ཉིད་དུ་འགྱུར་རམ། ཡང་ན་བརྗོད་པར་འདོད་པའི་ཁྱད་པར་ལ་ཡིན། རེ་ཞིག་སྤྱི་ལ་མ་ཡིན་ཏེ་དེ་ལས་ཐ་སྙད་དུ་མི་རིགས་པའི་ཕྱིར་རོ། །གལ་ཏེ་བརྗོད་པར་འདོད་པའི་སྤྱི་སྒྲའི་དོན་དུ་གྱུར་ན་གོ་ཞེས་བརྗོད་པ་ན་དགུ་བཟུང་བའི་ཡི་གེའི་རྣམ་པར་དབྱེ་བ།
འདི་ཅི་སྨྲ་ཞེས་ཡོངས་སུ་རྗེས་སུ་སྦྱོར་བ་མ་ཡིན་ཏེ། སྒྲ་བརྗོད་པ་ཙམ་ཁོ་ན་ལས་བརྗོད་པར་འདོད་པའི་སྤྱིའི་ངེས་པར་ཤེས་པ་ཉིད་ཀྱི་ཕྱིར་རོ། །བརྗོད་པར་འདོད་པའི་སྤྱིའི་དོན་དང་ལྡན་པ་ཉིད་ནི་སྒྲ་རྣམས་འཇུག་པའི་རྒྱུར་འགྱུར་བ་ཡང་མ་ཡིན་ཏེ། བརྗོད་པར་འདོད་པའི་
སྤྱིས་ནི་དོན་དུ་གཉེར་བ་པོ་འགའ་ཞིག་རབ་ཏུ་འཇུག་པའི་ཡན་ལག་དང་ཚད་མ་ཡང་མ་ཡིན་ཏེ། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར་རོ་ཞེས་བརྗོད་པའི་ཕྱིར་རོ། །དེ་འདི་ལྟར་བརྗོད་པར་འདོད་པའི་སྤྱི་ལ་ཚད་མ་ཉིད་མ་ཡིན་
ནོ། །ཁྱད་པར་ལ་ཡང་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ཡང་བརྗོད་པར་འདོད་པའི་ཁྱད་པར་དང་ལྡན་པ་ལས་སྒྲ་གཞན་དུ་དམིགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་འདོད་ཆགས་དང་ལྡན་པ་སྨྲ་བ་དེ་ལྟར་འདོད་ཆགས་དང་བྲལ་བ་ཡང་ངོ་
เล่ม ๑๙๓ · หน้า 239a
ཞེས་སོ། །སྒྲའི་ཐ་སྙད་ནི་བློ་སྔོན་དུ་བཏང་ནས་རྣམ་པ་གཞན་དུ་ཡང་བྱ་བར་ནུས་ཏེ། དེའི་ཕྱིར་སྒྲ་རྣམས་ལས་ཁྱད་པར་ངེས་པ་མ་ཡིན་ཞིང་། ཁྱད་པར་ཁོ་ན་ཡང་ཐ་སྙད་ཀྱི་ཡན་ལག་ཡིན་ན། དེ་ཡང་ངེས་པར་གཟུང་བར་མི་ནུས་པ་ཉིད་ཀྱི་
ཕྱིར། །ཅི་ལས་སྒྲ་ལས་བྱུང་བ་ཚད་མ་ཉིད་ཡིན་ཞེ་ན། དེ་ལ་བརྗོད་པར་འདོད་པའི་སྤྱི་ནི་མི་འཁྲུལ་ན་ཡང་སྒྲའི་དོན་མ་ཡིན་ཏེ་དེས་ཐ་སྙད་ལ་མི་སྦྱོར་བའི་ཕྱིར་རོ་ཞེས་གང་བརྗོད་པ་དེ་རིགས་པ་མ་ཡིན་ཏེ། གང་ཞིག་རྒྱུད་གཞན་ཙམ་བསྒྲུབ་པར་བྱ་བ་དོན་དུ་གཉེར་བ་པོ་དེ་ལ་ཅི་
ལྟར་བརྗོད་པར་འདོད་པའི་སྤྱི་ཐ་སྙད་ཀྱི་ཡན་ལག་མ་ཡིན། འདི་ནི་སྒྲ་ལས་བརྗོད་པར་འདོད་པའི་སྤྱི་ཡོངས་སུ་བཅད་ནས་འཇུག་པ་ན་རྒྱུད་གཞན་ཙམ་བསྒྲུབ་པར་བྱ་བའི་དོན་བྱ་བ་ལ་འཇུག་པ་ན་སླུ་བ་མེད་པའི་ཕྱིར་རོ། །གང་ཡང་ཁྱད་པར་ལ་ཡང་ཚད་མ་ཉིད་མ་ཡིན་ཏེ། འཁྲུལ་པའི་
ཕྱིར་རོ་ཞེས་བརྗོད་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། ཁྱད་པར་ཁོ་ན་གཏན་ཚིགས་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཁྱད་པར་ནི་རྗེས་སུ་འགྲོ་བ་དཀའ་བ་ཉིད་ཀྱི་ཕྱིར་གཏན་ཚིགས་ཉིད་དུ་མི་རིགས་སོ་ཞེ་ན། འོ་ན་དུ་བ་ཡང་གཏན་ཚིགས་ཉིད་དུ་མི་འགྱུར་ཏེ། འདི་ཡང་སྒྱུ་མ་བྱེད་པས་སྤྲུལ་
པའི་དུ་བ་ལྟར་སྣང་བའི་འབྱུང་བ་འདུས་པ་ལས་ནི་གཞན་ལས་ལོག་པའི་ངོ་བོར་རྟོགས་པ་པོ་ཐམས་ཅད་ཀྱིས་ངེས་པར་གཟུང་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་གང་ཞིག་དེ་ངེས་པར་གཟུང་བར་ནུས་པ་དེའི་ངོར་དེ་རྗེས་སུ་དཔག་པའི་ཡན་ལག་ཉིད་ཡིན་ན། དེ་དང་འདི་ནི་ཅིག་
ཤོས་ལ་ཡང་མཚུངས་སོ། །ཡང་ན་ངེས་པར་རྟོགས་པ་པོས་མི་སླུ་བའི་ངག་འདི་ནི་འདི་འདྲ་བར་གང་ལ་མངོན་པར་ཞེན་པ་དེའི་ཚིག་ནི་མི་སླུ་བར་མཚུངས་པ་ཉིད་དུ་སྒྲོ་བཏགས་ནས་རྗེས་སུ་དཔག་པར་བྱེད་དེ། དེའི་ཕྱིར་རྟོགས་པ་པོའི་བསམ་པའི་ཁྱད་པར་གྱི་དབང་ལས།
ཁྱད་པར་ལ་སྒྲ་རྗེས་སུ་དཔག་པ་ཉིད་དུ་གསུངས་ཏེ་དོན་དམ་པར་ནི་མ་ཡིན་ནོ། །གཞན་སེལ་བས་སྒྲའི་དོན་རྟོགས་པར་བྱེད་དོ་ཞེས་བཤད་པ་ཡིན་ཏེ། དེ་རྗེས་སུ་མ་བསམས་པས་གང་རྣམས་སྨྲ་བ། རིགས་ཀྱི་སྒྲ་ཞེས་པ་ལ་སོགས་པའོ། །རིགས་ཀྱི་སྒྲ་ནི་ཡོད་པ་ལ་སོགས་
เล่ม ๑๙๓ · หน้า 239b
པའོ། ཅི་ལྟར་རིགས་བརྗོད་པར་བྱ་བ་མ་ཡིན་པར་གྱུར་པ་ཐ་སྙད་ཀྱི་རྒྱུ་ཡིན་ཞེ་ན། ཐ་དད་མེད་པར་ཉེ་བར་གདགས་པའི་རྒྱུ་ཉིད་ཀྱི་ཕྱིར་ཡོན་ཏན་བཞིན་ནོ། །དཔེར་ན་བྲམ་ཟེའི་ཁྱེའུ་སེང་གེ་ཞེས་པ་བཞིན་ཏེ། དཔའ་བ་ཉིད་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ནི་སེང་གེ་དང་བྲམ་ཟེའི་ཁྱེའུ་དག་
གི་ཐ་དད་མེད་པར་ཉེ་བར་གདགས་པའི་རྒྱུར་འགྱུར་ཞིང་ཐ་སྙད་ཀྱི་རྒྱུར་འགྱུར་ཏེ། ཡོན་ཏན་གྱི་སྒྲ་ཞེས་པ་ཡིན་པ་དེ་ལྟར་རིགས་ཀྱང་སྟེ་སྒྲའི་ཐ་དད་པ་རྣམས་ཀྱིས་ཐ་མི་དད་པར་ཉེ་བར་གདགས་པའི་རྒྱུའོ་ཞེས་པས་རིགས་ཀྱི་སྒྲ་ཞེས་དེ་ནི་ཐ་སྙད་ཀྱི་རྒྱུ་ཡིན་ནོ། །རང་གི་ཁྱད་པར་རྣམས་ཤེས་པ་རང་གི་སྟེ་
རིགས་ཀྱི་ཁྱད་པར་རྣམས་ཏེ། རིགས་གང་གིས་སྒྲ་གང་གི་ཐ་སྙད་དུ་སྟོན་པའི་རྒྱུ་ཡིན་པ་དེ་ནི་དེའི་རང་གི་བར་འགྱུར་རོ། །ཕན་ཚུན་ཁྱད་པར་དུ་བྱེད་ཅིང་ཐ་དད་དུ་བྱེད་དོ་ཞེས་པ་ཁྱད་པར་རྣམས་ཏེ། དཔེར་ན་རིགས་ཡོད་པའི་རྫས་དང་ཡོན་ཏན་དང་ལས་རྣམས་ལྟ་བུའོ། །ཐམས་ཅད་
རྣམས་ཁོ་ན་སྨྲས་པ་ཞེས་པ། ཅུང་ཟད་ཙམ་ཁོ་ན་མ་ཡིན་པའོ། །དེ་ལྟར་ནི་བྲམ་ཟེ་གསད་པར་བྱ་བ་མ་ཡིན་ནོ་ཞེས་པས་བརྗོད་པ་ན། བྲམ་ཟེའི་རིགས་ཀྱི་ཁྱད་པར་མ་ཋ་རའི་བུ་ལ་སོགས་པ་ཐམས་ཅད་གསད་པར་བྱ་བ་མ་ཡིན་ནོ། །གལ་ཏེ་རིགས་ཀྱི་སྒྲས་རང་གི་ཁྱད་པར་མ་ལུས་
པ་བརྗོད་ན། འོ་ན་བྲམ་ཟེ་ཀུཎ་ཌི་ནའི་བུ་ཤོག་ཅིག་ཅེས་ཁྱད་པར་གྱི་མཉན་པ་ཅིའི་དོན་དུ་ཡིན། བྲམ་ཟེའི་སྒྲ་ཇི་ཙམ་པས་ཀུཎ་ཌི་ནའི་བུ་མངོན་པར་བརྗོད་པས་སོ་ཞེ་ན། སྨྲས་པ་བརྗོད་པ་རྣམས་ལ་ནི་ངེས་པའི་དོན་དུ་ཁྱད་པར་གྱི་སྒྲ་ཞེས་པ། ཀུཎ་ཌི་ནའི་བུ་ཁོ་ན་སྟེ་མ་ཋ་རའི་
བུ་ནི་མ་ཡིན་ནོ་ཞེས་པའོ། །དཔེར་ན་བྱ་བས་ནི་རྫས་འདྲེན་པར་བྱེད་དོ་ཞེས་བརྗོད་པ་ན། སླར་ཡང་རྫས་མ་ཡིན་པ་ནི་མ་ཡིན་ཞེས་ངེས་པའི་དོན་དུ་བརྗོད་པ་བཞིན་དང་། ཇི་ལྟར་རྫས་ཁོ་ན་རྟོགས་པ་བཞིན་ནོ་ཞེས་པའོ། །རྗོད་པར་བྱེད་པ་ཞེས་བརྗོད་པར་བྱ་སྟེ་ཞེས་པ་སྟེ། དོགས་
པ་དང་བཅས་པ་ཉིད་ཀྱི་ཕྱིར་ཡོངས་སུ་མ་རྫོགས་པའི་ངག་ཅེས་པས་ན་འཆད་པར་འགྱུར་བའི་ཚིག་གིས་དོགས་པ་རྣམ་པར་གཅོད་པར་སྟོན་ཏོ། །མཐའ་ཡས་ཉིད་ཕྱིར་ཞེས་པ་འཐད་པའོ། །ཅི་ཞིག་མཐའ་ཡས་པའི་ཕྱིར་ཞེ་ན། སྐབས་ཉིད་ཀྱི་ཕྱིར་ཁྱད་པར་རྣམས་ཁོ་ན་
เล่ม ๑๙๓ · หน้า 240a
སྟེ། གང་གསུངས་པ་ཁྱད་པར་རྣམས་ནི་མཐའ་ཡས་པ་ཡིན་ན་ནི་ཞེས་པ་ལ་སོགས་པའོ། །འབྲེལ་པ་བྱ་བར་མི་ནུས་ཞེས་པ། བརྗོད་པ་སྟེ། བྱ་བའི་བྱིངས་ནི་དོན་དུ་མ་ཅན་ཉིད་ཀྱི་ཕྱིར་རོ། །དེ་འདི་གཏན་ཚིགས་གཉིས་བཤད་དེ། །མཐའ་
ཡས་པ་ཉིད་ནི་འབྲེལ་པ་མི་ནུས་པ་ཉིད་ལ་གཏན་ཚིགས་སོ། །འབྲེལ་པ་མ་བརྗོད་པ་ཉིད་ནི་ཡང་རྗོད་པར་བྱེད་པ་མ་ཡིན་པ་ཉིད་ལ་སྟེ། དེ་ལྟར་ཡང་གསུངས་པ། འབྲེལ་པ་མ་བྱས་པའི་སྒྲ་ལ་ནི་དོན་རྗོད་པར་བྱེད་པའི་རིགས་པ་མ་ཡིན་ཞེས་པའོ། །མཐའ་ཡས་པ་ཉིད་ཀྱང་
ཡུལ་གྱིས་བསྐལ་པ་སྟེ། ཉེ་བར་རྗོད་པར་བྱེད་པའི་མཐའི་སྒྲའི་དགག་པ་དང་མངོན་པར་འབྲེལ་པའི་ཕྱིར་རོ། །དེ་དང་འདིས་འདི་སྐད་སྟོན་ཏེ། གང་རྣམས་བསྐལ་པའི་ཡུལ་དུ་འཇུག་པ་དེ་རྣམས་འདིར་གནས་པ་རྣམས་ཀྱིས་རང་ཉིད་ཀྱི་སྦྱོར་ཟླའི་འབྲེལ་པ་ཉིད་དུ་བརྗོད་པར་ནུས་
པ་མ་ཡིན་ཏེ། དཔེར་ན་མཐོ་རིས་སུ་སོང་བའི་ནག་པ་ལ་སོགས་པ་རྣམས་བཞིན། ཁྱད་པར་ཁ་ཅིག་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །ཡང་ན་མུ་མེད་པ་ཉིད་མཐའ་ཡས་པ་ཉིད་དེ། ཕྱོགས་ཀྱི་མཐའ་བཞིན་ཏེ། ཡོངས་སུ་བཅད་པ་རྗོད་པར་
བྱེད་པའི་མཐའི་སྒྲ་དགག་སྒྲ་དང་འབྲེལ་པའི་ཕྱིར་རོ། །སྦྱོར་བ་ནི་གང་རྣམས་མུ་མེད་པ་དེ་རྣམས་རང་དང་འབྲེལ་པ་ཅན་གྱི་འབྲེལ་པ་ཅན་ཉིད་དུ་བཤད་པར་བྱ་བ་མ་ཡིན་ཏེ། ས་གཞིའི་རྡུལ་བཞིན་ཁྱད་པར་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་འགལ་བ་དེ་ཁོ་ནའོ། །འབྲེལ་པ་མ་བྱས་པ་ཞེས་པ་ལ་སོགས་
པས། གང་ཁྱད་པར་རྣམས་དང་འབྲེལ་པ་མ་བཤད་པ་དེ་ནི། དེ་རྣམས་ཀྱི་རྗོད་པར་བྱེད་པ་མ་ཡིན་ཏེ། འཕགས་པ་པའི་ངོར་ཀླ་ཀློའི་སྒྲ་བཞིན། རིགས་ཀྱི་སྒྲ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་མི་དམིགས་པ་གསུངས་སོ། །རང་གི་ངོ་བོ་ཙམ་རྟོགས་པའི་ཕྱིར་རོ་ཞེས་པ་
དཔེ་གསལ་བར་བྱེད་པ་སྟེ། ཀླ་ཀློའི་སྒྲ་ལ་ནི་སྒྲའི་རང་གི་ངོ་བོ་ཙམ་ཁོ་ན་རྟོགས་ཀྱི་དོན་ནི་མ་ཡིན་པས་སོ། །གཞན་ཡང་ཞེས་པ་གཏན་ཚིགས་སོགས་པའོ། །ཅི་ལྟར་ན་ཡང་འཁྲུལ་པ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། རྫས་མེད་ན་ཡང་
เล่ม ๑๙๓ · หน้า 240b
ཡོན་ཏན་མཐོང་བའི་ཕྱིར་དང་། དེ་མེད་ན་ཡང་རྫས་དང་ལས་དག་ལ་ཡང་ཞེས་པ་ཐམས་ཅད་དུ་འཁྲུལ་པར་ཐེ་ཚོམ་དུ་འགྱུར་རོ། །རྗོད་པར་བྱེད་པ་མ་ཡིན་ཞེས་པ་གང་ཞིག་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་དེའི་རྟོགས་པར་བྱེད་པ་མ་ཡིན་ཏེ། འདི་ལྟ་སྟེ་གཞལ་བྱ་ཉིད་རྟག་པ་དང་
མི་རྟག་པ་དག་གི་བཞིན་རིགས་ཀྱི་སྒྲ་ཡང་ཁྱད་པར་རྣམས་ལ་དེ་ལྟ་བུའོ་ཞེས་རང་བཞིན་འགལ་བ་གསུངས་སོ། །ཐེ་ཚོམ་གྱི་རྒྱུ་ཉིད་དང་འཁྲུལ་པའི་ཕྱིར་ཞེས་པ་འདིས་གསལ་བར་བྱས་སོ། །གང་ཞིག་གང་ལ་འཁྲུལ་པ་དེ་ནི་དེ་ལ་ཐེ་ཚོམ་གྱི་རྒྱུ་སྟེ། དཔེ་དེ་ཁོ་ནའོ། །རིགས་ཀྱི་
སྒྲ་ཡང་ཁྱད་པར་ལ་འཁྲུལ་པའོ། །རང་བཞིན་ནོ། །འོ་ན་རིགས་ཀྱི་སྒྲ་ལས་རང་གི་ཁྱད་པར་ཐམས་ཅད་རྟོགས་པ་མ་ཡིན་ནམ། ཐམས་ཅད་ལ་ཐེ་ཚོམ་ཉེ་བར་སྐྱེ་བ་ནི་མ་ཡིན་ཞིང་། རང་གི་ཁྱད་པར་ཐམས་ཅད་མེད་པ་ན་ནམ་ཡང་། རིགས་ཀྱི་སྒྲ་ནི་འགའ་ཞིག་ཏུ་ཡང་དོན་
གཞན་ལ་འཇུག་པ་ཉེ་བར་དམིགས་པ་ཡང་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་འཁྲུལ་ཞེ་ན་སྐྱོན་འདི་མེད་དེ། རིགས་ཀྱི་སྒྲས་ཁྱད་པར་དང་ཁྱད་པར་མེད་པའི་ངོ་བོ་ལ་རེག་པས་རྟོགས་པར་བྱ་བ་ནི་མ་ཡིན་ཞིང་། གང་སྒྲས་བརྗོད་པར་བྱ་བ་ཁྱད་པར་མཐའ་དག་གི་ངོ་བོ་ཞེས་བྱ་བ་དེ་རྣམས་ཀྱི་སྤྱི་
ཡང་ཡོད་པ་མ་ཡིན་ཏེ། ཁྱད་པར་གྱི་ངོ་བོ་ཡོངས་སུ་གཏོང་བ་ན། དེ་རྣམས་ཁོ་ནའི་རིགས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་གྱི་ངོ་བོས་ཁྱབ་པ་ཡོད་པ་ཡང་མ་ཡིན་ཏེ། ཁྱད་པར་གྱི་ངོ་བོ་ནི་ཕན་ཚུན་ལོག་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་མ་གྲུབ་པ་མེད་དོ། །གང་ཡང་
སེམས་པ་ཞེས་པ་སྐྱོན་སྔ་མ་མེད་པ་ལས་ཕྱོགས་གཞན་ཉེ་བར་དགོད་པའོ། །འབྲེལ་པ་སླ་བ་ཉིད་ཀྱི་ཕྱིར་དང་མི་འཁྲུལ་བའི་ཕྱིར་ཞེས་པ་སླ་བ་ནི་རིགས་གཅིག་ཉིད་ཀྱི་ཕྱིར་ཏེ། ཡུལ་མང་པོ་ཉིད་ཡོད་ནའང་སོ་སོར་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །
ཉེ་བ་ཉིད་ཀྱི་ཕྱིར་ཡང་རྟེན་ཉེ་བ་ཉིད་ཀྱིས་འབྲེལ་པའོ། །འབྲེལ་པ་རང་གི་རྟེན་ལ་འཕྲོད་པ་འདུ་བ་ཡང་འཁྲུལ་པ་ཡང་མེད་པ་ཁོ་ནའོ། །ཁྱད་པར་རྣམས་ནི་དུ་མ་ཉིད་ཀྱི་ཕྱིར་ཕན་ཚུན་མེད་པ་ལ་ཡང་ཡོད་པའི་འཁྲུལ་པར་རིགས་ཀྱི་རིགས་སམ་སྦྱོར་བ་ལ་ནི་མ་ཡིན་ཏེ། དེ་དག་ཐ་མི་དད་པའི་ཕྱིར་དང་།
เล่ม ๑๙๓ · หน้า 241a
དེ་མེད་ན་ཡང་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་མི་རིགས་ཞེས་པ་རིགས་པ་དང་འབྲེལ་པ་མ་ཡིན་ཞེས་པའི་དོན་ཏོ། །ཡང་འདིར་རིགས་པ་ཅི་ཞིག་ཅེ་ན། ལུང་ཞེས་བྱ་བའི་ཚད་མའོ། །ཅི་ལྟར་དེ་དང་འབྲེལ་པ་མ་ཡིན་ཞེ་ན། ཐ་དད་པའི། དོན་དང་ཐ་དད་མེད་ཐོས་ཕྱིར། །
གང་རྣམས་ཀྱི་དོན་ཐ་དད་ཡིན་པ་ཞེས་པ་སྟེ། ཐ་དད་པའི་དོན་ཅན་གྱི་བྱེ་བྲག་གི་སྒྲ་རྣམས་སོ། །དེ་རྣམས་དང་ཐ་དད་མེད་པར་ཐོས་པ་ནི་གཞི་མཐུན་པ་ཉིད་དེ། ཐ་དད་མེད་པ་སྟེ་གཞི་གཅིག་ལ་ཐོས་པ་ཞེས་བྱས་ནས་སོ། །ཡིད་ཆེས་པ་རྣམས་ལས་ཐ་དད་མེད་པར་ཐོས་པ་ཡོད་པའི་
རྫས་ཞེས་པ་ལ་སོགས་པ་མཐོང་བ་དེར་མི་འགྱུར་ན། དེ་ཡང་མཐོང་ངོ་ཞེས་པ་རིགས་དང་འབྲེལ་པ་རྗོད་པར་བྱེད་པ་དམ་བཅའ་བ་བསྟན་བཅོས་སུ་མཐོང་བས་གཞི་མཐུན་པ་ཉིད་ཀྱིས་གནོད་དོ་ཞེས་པའི་དོན་ཏོ། །ཡང་ན་གང་གིས་ཐ་དད་པའི་དོན་ཅན་རྣམས་དང་གཞི་མཐུན་པ་ཉིད་
ཡིན་པ་དེ་ནི་རིགས་དང་སྦྱོར་བ་བརྗོད་པ་མ་ཡིན་ཏེ། འདི་ལྟ་སྟེ། འདི་བུམ་པའོ་འདི་སྒྲའོ་ཞེས་པ་བཞིན། ཡོད་པའི་སྒྲའི་ཡང་ཐ་དད་པའི་དོན་ཅན་རྣམས་དང་གཞི་མཐུན་པ་ཉིད་ཡིན་ནོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ཡང་ཅིའི་ཕྱིར་བསྟན་པ་འདི་ལ་གཞི་མཐུན་པ་
ཉིད་དུ་མི་འགྱུར་ཞེ་ན་གསུངས་པ། ཡོད་པ་ཉིད་ཅེས་པ་ལ་སོགས་པའོ། །གང་གི་ཕྱིར་རྫས་དང་ཡོན་ཏན་དང་ལས་རྣམས་ལ་དོན་གཞན་པ་ཡོད་པ་ཉིད་བཤད་ལ། འབྲེལ་པ་ཡང་རྫས་ལ་སོགས་པ་དགག་པ་སྟེ། དངོས་པོ་ལ་ནི་བཤད་པའོ་ཞེས་པའོ། །འོ་ན་ཅི་ཞེ་ན། རྫས་ཀྱིའམ་
ཡོན་ཏན་གྱིའོ་ཞེས་པ། འབྲེལ་པའི་མཚན་ཉིད་ཀྱི་དྲུག་པས་འདིར་འབྱུང་བར་བྱའོ་ཞེས་པའི་དོན་ཏོ། །འོ་ན་རྫས་ལ་སོགས་པའི་སྒྲ་རྣམས་ཀྱིས་ཀྱང་རིགས་ཙམ་པོ་རྫས་ཉིད་ལས་བརྗོད་པར་བྱའོ་ཞེས་པས། དེ་ལས་གང་ལ་དྲུག་པའི་བརྗོད་པར་བྱ་བར་རིགས་ནི་རིགས་གཞན་
དང་འབྲེལ་པ་ཅི་ཞིག་ཡིན་ཞེ་ན། སྐྱོན་འདི་མེད་དེ། རྫས་ཉིད་དང་ལྡན་པ་ནི་རྫས་སུ་འདིར་ལྡན་པའི་དོན་ཅན་གྱི་རྐྱེན་དབྱི་བར་བྱས་ནས་བསྟན་ཏེ། གཞི་མི་མཐུན་པ་ཉིད་རབ་ཏུ་བསྟན་པའི་དོན་དུའོ། །གལ་ཏེ་འདི་ལྟར་བྱས་ན་ཡོད་པའི་སྒྲ་ལ་ཡང་ལྡན་པའི་དོན་ཅན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด