ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๓ · หน้า 187a
བརྗོད་པར་བྱ་བ་ནི་མ་ཡིན་པས་སོ། །ཅིའི་ཕྱིར་དཔེར་བརྗོད་དང་ཆོས་མཐུན་པ་ལས་ཞེས་པའི་ལྔ་པ་འདི་མི་རིགས་ཤེ་ན་མ་ཡིན་ཞེས་པ་ལ་སོགས་པ་སྟེ། ཐ་དད་ཡོད་ན་འབྱུང་ཁུངས་བརྗོད་པར་འདོད་པ་ན་ལྔ་པར་འགྱུར་ཏེ། གྲོང་ནས་འོངས་སོ་ཞེས་པ་ལྟ་བུའོ། །
འདིར་ནི་ཐ་དད་པ་མེད་དེ། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ཁོ་ན་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཐ་མི་དད་པ་ལ་ཡང་ལྔ་པ་ཉེ་བར་དམིགས་པ་མ་ཡིན་ནམ། ནགས་ནས་ཤིང་གཅོད་དོ་ཞེས་པ་ལྟ་བུའོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ནགས་དང་ཤིང་དག་
ཚོགས་པ་དང་ཡན་ལག་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །གལ་ཏེ་ཡང་ནགས་དང་ཤིང་དག་དངོས་པོར་ཐ་མི་དད་པ་དེ་ལྟ་ན་ཡང་། བློའི་སྣང་བས་བྱས་པའི་ཐ་དད་ཡོད་པ་ཁོ་ནའོ། །གཞན་ཡང་ཕ་རོལ་པོ་དངོས་པོའི་དབང་ཁོ་ན་ལས་སྒྲའི་དོན་རྣམ་པར་གཞག་པར་འདོད་དོ་ཞེས་པས་དེ་ཁོ་ན་
ལ་འདི་སྐྱོན་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་དག་གི་ཞེས་པ། སྔོན་པོ་དང་ཨུཏྤ་ལ་ལ་སོགས་པ་རྣམས་ཀྱི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ཡོད་ན། གཞི་མཐུན་པ་རྣམས་ལ་རྣམ་དབྱེ་ཐ་དད་པ་ཉིད་མཐོང་བ་མེད་དོ། །འདིར་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཞི་
མཐུན་པ་སྟེ། ཆོས་མཐུན་པ་ཉིད་ནི་ཁྱད་པར་དུ་འདོད་དོ། །དེའི་ཕྱིར་རྣམ་དབྱེ་ཐ་དད་པར་མི་འགྱུར་རོ། །གང་ཞིག་ཀློག་པར་བྱེད་པ། དཔེ་བརྗོད་དང་ཆོས་མཐུན་པ་ཉིད་འདིའི་ཞེས་འབྲུ་མང་པོ་པས་ཆོས་ཅན་བརྗོད་པར་བྱ་ཞིང་། དེའི་ཕྱིར་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་
ཏེ། ཆོས་ཅན་ལས་གང་ཆོས་མཐུན་པ་ཉིད་དུ་འགྱུར་བ་དེ་གཏན་ཚིགས་སོ་ཞེའོ། །དེའི་ཆོས་མཐུན་པ་ཉིད་ཁྱད་པར་དུ་མ་བྱས་པ་ཉིད་ཀྱི་ཕྱིར་ཆོས་མཐུན་པ་ཉིད་ཙམ་གཏན་ཚིགས་སུ་ཐལ་བར་འགྱུར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པར་གཟུང་བ་ནི་དེའི་ཁྱད་པར་དུ་འཐད་པ་ཡང་མ་
ཡིན་ཏེ། དེ་ཁོ་ན་ཡོངས་སུ་མི་ཤེས་པའི་ཕྱིར་ཏེ། ཡན་ལག་ཐམས་ཅད་ཀྱང་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཆོས་མཐུན་པ་ཉིད་སྨོས་པ་ཡང་ཡོད་པ་མ་ཡིན་ནོ། །གང་ཡོད་པ་དེ་ནི་ཆོས་ཅན་གྱི་ཁྱད་པར་རོ་ཞེས་པ་འདི་མི་རིགས་སོ། །ངག་ཅེ་ན་ཞེས་པ་ལ་སོགས་པ་སྟེ།
เล่ม ๑๙๓ · หน้า 187b
ངག་གི་སྒྲས་འདིར་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའི་ཚིག་ཙམ་པོ་བརྗོད་པར་འདོད་པའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པར་གསུངས་པ། ཚིག་གང་ཞིག་ཅེས་པའོ། །འོ་ན་ཡང་དག་པར་སྦྱོར་བ་ལ་སོགས་པ་རྣམས་ལས་སྒྲ་འབྱུང་གི །ཆོས་མཐུན་པ་ཉིད་ལས་ནི་མ་ཡིན་ཞེས་སྨྲས་
པ། བརྒྱུད་པས་ཞེས་པ་སྟེ། བྱས་པ་ཉིད་ལ་སོགས་པ་ཉེ་བར་དམིགས་པ་ན། དེ་བརྗོད་པར་འདོད་པར་འགྱུར་ཞིང་། དེ་ལས་རྩོལ་བའོ་དེ་ལས་དང་འབད་པ་ལས་ཀྱང་བྱེད་པ་བསྐྱོད་པའོ། །དེ་ལས་ཀྱང་ལས་སོ། །དེ་ལས་ཡང་དག་པར་སྦྱོར་བ་དང་རྣམ་པར་འབྱེད་པའོ། །དེ་རྣམས་
ལས་སྒྲའོ་ཞེས་པ་འདི་ནི་བརྒྱུད་པའོ། །གལ་ཏེ་དངོས་སུ་ཞེས་པ་ལ་སོགས་པའོ། །དངོས་སུ་སྟེ་གང་ལས་གཞན་གྱིས་མ་ཆོད་པར་རྗེས་སུ་དཔག་པར་བྱ་བ་ངེས་པ་སྐྱེ་བ་ཡིན་ན། དེ་ཡང་ཉན་པ་པོའི་མེད་ན་མི་འབྱུང་བའི་འབྲེལ་པ་དྲན་པ་སྟེ། དེ་ལས་དེ་མ་ཐག་ཏུ་རྗེས་སུ་དཔག་པར་བྱ་བ་
ངེས་སོ་ཞེས་པས་དེ་ཁོ་ན་གཏན་ཚིགས་ཉིད་དུ་འགྱུར་རོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གང་བར་དུ་ཆོད་ཀྱང་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པའི་རྒྱུ་ཡིན་པ་དེ་བརྒྱུད་པས་ཏེ། ཉན་པ་པོའི་གཏན་ཚིགས་ཤེས་པ་ཡང་རྣམ་པ་འདི་ལྟ་བུའོ་ཞེས་པས་དེ་གཏན་ཚིགས་ཉིད་དུ་
འགྱུར་རོ། །ཕྱོགས་ཆོས་ཀྱི་ཤེས་པ་ཡང་ཆོས་མཐུན་པ་ཉིད་ལས་བརྒྱུད་པས་རྗེས་སུ་དཔོག་པའི་རྒྱུར་འགྱུར་མོད། དེ་ཆོས་མཐུན་ཉིད་གཏན་ཚིགས་མིན། །ཞེས་པ། ཉན་པ་པོའི་གང་ཆོས་མཐུན་པ་ཉིད་ཀྱི་ཤེས་པ་དེ་ནི། དེའི་ཚིག་ལས་བར་མ་ཆད་པར་འགྱུར་གྱི། ཆོས་མཐུན་
པ་ཉིད་ལས་ནི་མ་ཡིན་ནོ། །ཚིག་ནི་དེ་ཁོ་ན་ལས་ཞེས་པ་བསམ་པའོ། །སྐབས་སུ་བབ་པའི་ཕྱིར་ཁྱད་པར་དུ་བྱ་བ་མ་ཡིན་ནོ་ཞེས་པ་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པ་འདི་ལས་སྟོན་པ་སྨོས་པ་རྗེས་སུ་འཇུག་སྟེ། དེས་ན་འདི་ལྟར་འབྲེལ་པར་བྱ་སྟེ། དཔེ་བརྗོད་དང་ཆོས་མཐུན་པ་ཉིད་
ལས་གང་སྟོན་པ་དེ་གཏན་ཚིགས་སོ་ཞེས་པར་ཏེ། དེའི་ཕྱིར་ཁྱད་པར་དུ་བྱ་བ་མ་ཡིན་ནོ། །སྐབས་ཉིད་ཡིན་ན་གཞན་ལ་སྲིད་ཅེས་པ་ནི། སྟོན་པ་སྐབས་ཉིད་དུ་བརྟེན་པར་བྱ་བ་ཡིན་ན། གཏན་ཚིགས་ཉིད་དུ་མངོན་པར་འདོད་པ་སྟོན་པ་ལས་གཞན་པ་སྟོན་པའི་ཡང་གཏན་ཚིགས་
เล่ม ๑๙๓ · หน้า 188a
ཉིད་དུ་སྲིད་དོ་ཞེས་པའི་དོན་ཏོ། །ཅི་ལྟར་གཞན་སྲིད་ཅེ་ན་གསུངས་པ། སྐབས་སུ་བབ་པ་ཉིད་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་སྟོན་པ་སྐབས་སུ་བབ་པ་ཡིན་པ་དེ་ལྟ་ན་ཡང་ལྔ་པས་སྟོན་པ་ཉིད་ལས་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ལས་གང་ངེས་པར་
སྟོན་པ་དེ་གཏན་ཚིགས་ཞེས་པ་འདི་རྟོགས་ཀྱི་དཔེ་བརྗོད་དང་ཆོས་མཐུན་པའི་གང་སྟོན་པ་དེ་གཏན་ཚིགས་སོ་ཞེས་པ་ནི་མ་ཡིན་ནོ། །དེ་ལས་ཀྱང་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་འགྱུར་མོད། དཔེ་བརྗོད་དང་ཆོས་མཐུན་པ་ལས་དེ་ཁོ་ན་སྟོན་པ་ནི་འགྱུར་གྱི། །གཞན་ནི་མ་ཡིན་ནོ། །དེས་
ན་སྐྱོན་འདི་མེད་དོ་ཞེ་ན་གསུངས་པ། འགྱུར་ཏེ་ཞེས་པ་ལ་སོགས་པ་སྟེ། གང་ཁོ་ན་བསྒྲུབ་པར་བྱ་བའི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ཁོ་ན་བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་དཔེ་ནི་དཔེ་བརྗོད་དོ་ཞེས་པ་འདིར་བསྒྲུབ་བྱ་དང་ཆོས་མཐུན་པའི་སྒྲས་བརྗོད་དོ། །དེའི་ཕྱིར་
དཔེ་བརྗོད་དང་ཆོས་མཐུན་པ་ལ་ལྟོས་ནས་དཔེ་སྟོན་པའོ། །དེ་ལྟ་བུ་ནི་ཉེ་བར་སྦྱར་བ་སྟོན་པ་ཡང་སྟེ། གང་གི་ཕྱིར་དེས་ནི་དཔེ་བརྗོད་དང་ཆོས་མཐུན་པ་ཉིད་ཁོ་ནར་བསྒྲུབ་བྱ་ཉེ་བར་གཏོད་དོ། །ཉེས་པ་འདི་ནི་མེད་དེ་ཞེས་པ། འདི་སྙམ་དུ་སེམས་ཏེ། དཔེར་ན་བྲམ་ཟེ་རྣམས་ལ་ཞོ་བྱིན་
ཅིག །ཀུཎ་ཌི་ནའི་བུ་ལ་དར་བ་བྱིན་ཅིག་ཅེས་པ་ལ། སྤྱིར་ཐོབ་པའི་ཞོ་སྦྱིན་པ་ནི། ཁྱད་པར་བྱས་པའི་དར་བ་སྦྱིན་པས་འགོག་པ་དེ་ལྟར་ཡན་ལག་ཕྱི་མ་རྣམས་ལ་གཏན་ཚིགས་ཉིད་ནི། རང་གི་མཚན་ཉིད་སྟོན་པས་སོ་ཞེའོ། །མ་ཡིན་རྣམ་བརྟག་སོགས་སྲིད་ཕྱིར། །ཞེས་པ་སྟེ། དེ་ལ་
རྣམ་པར་བརྟག་པ་ནི་ལྷས་བྱིན་ཁར་བའི་སྣོད་དམ། དངུལ་གྱི་འམ། གསེར་གྱི་རུ་ཟ་རུ་ཆུག་ཅེས་པ་སྟེ། རྣམ་པར་བརྟག་པས་གཞིའི་དངོས་པོ་འདིར་རྣམ་པར་ཤེས་པར་བྱའོ། །བསྡུ་བ་ནི་ལྷས་བྱིན་མར་སར་དང་ལོ་མ་དང་། ལན་ཚྭས་ཟ་རུ་ཆུག །འགེགས་པ་ནི་དཔེར་ན་བྲམ་ཟེ་རྣམས་ལ་
ཞོ་བྱིན། ཀུཎ་ཌི་ནའི་བུ་ལ་དར་བ་བྱིན་ཞེས་པ་ལྟ་བུ་སྟེ། དེ་ལྟར་གང་གི་ཕྱིར་གཅིག་ཏུ་ཐོབ་པ་རྣམས་ལ་ནི་གནོད་པ་བཞིན་དུ་རྣམ་པར་བརྟག་པ་དང་བསྡུ་བ་དག་ཀྱང་འགྱུར་ཏེ། དེ་ལས་ཐེ་ཚོམ་མོ། །དེ་ཕྱིར་ཐེ་ཚོམ་ཡོངས་སུ་སྤང་བའི་དོན་དུ་དྲུག་པར་འགྱུར་མོད། འོ་ན་སྤྱིར་བཏང་ལ་དམིགས་
เล่ม ๑๙๓ · หน้า 188b
བསལ་གནོད་བྱེད་དོ་ཞེས་རབ་ཏུ་གྲགས་པ་འདི་ཁོ་ན་རིགས་པ་སྟེ། དེས་ན་འདི་ལ་ཐེ་ཚོམ་ཟ་བ་ཅི་ཞེ་ན། འདི་སྙམ་དུ་སེམས་ཏེ། རིགས་པ་འདི་ལ་ཕ་རོལ་པོ་རྗེས་སུ་མི་འཇུག་གོ། །གལ་ཏེ་འཇུག་ན་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་སོ། །
དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཞེས་པ་འདིར་སྒྲུབ་པར་བྱེད་པ་སྨོས་པ་མི་བྱེད་པར་འགྱུར་རོ། །དེ་ལྟར་ནི་འདི་གཏན་ཚིགས་ལྟར་སྣང་བའི་བདག་ཉིད་གང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་དེ་རྣམ་པར་གཅོད་པའི་ཆེད་དུ་དེ་ལས་བཟློག་པས་ཉེ་བར་བླངས་པས་སོ། །འདི་སྐད་
བརྗོད་པར་འགྱུར་ཏེ། གང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་ཡིན་ཞིང་གཏན་ཚིགས་ལྟར་སྣང་བ་རྣམས་མ་ཡིན་པ་དེ་གཏན་ཚིགས་སོ་ཞེས་པའོ། །རིགས་པ་འདི་འདོད་པ་ན་ནི། གང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་གཏན་ཚིགས་ལྟར་སྣང་ཡིན་པ་དེ་གཏན་ཚིགས་ཉིད་དུ་
ཐལ་བར་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། དམིགས་བསལ་གྱི་ཡུལ་ལ་སྤྱིར་བཏང་གི་སྐབས་མེད་པ་ཉིད་ཀྱི་ཕྱིར་རོ། །སྒྲུབ་པར་བྱེད་པ་སྨོས་པ་ཡང་བྱས་ཏེ། དེས་ན་རིགས་པ་འདི་འདའ་བར་བྱས་ནས་འཇུག་གོ། །དེས་ན་ཐེ་ཚོམ་མོ་ཞེས་པའོ། །སྐྱོན་མེད་པ་ཁོ་ན་ནི་མ་ཡིན་ཏེ་ཞེས་
པ་མི་སྲིད་པའི་ཁྱད་པར་ཉེ་བར་བླངས་པའི་ཕྱིར་རོ། །དེ་བཞིན་དུ་དོན་གྱི་ཁྱད་པར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་སྟེ། དོན་ཁོ་ནས་དོན་རྟོགས་པར་བྱེད་ཀྱི་སྒྲས་ནི་མ་ཡིན་ནོ། །འོ་ན་ཡང་ཞེས་པ་ལ་སོགས་པ་སྟེ། འདི་ལ་བསམ་པ་ནི་འཆད་པར་འགྱུར་བའོ། །ཡང་ཅི་ལྟར་དེ་ཁྱད་པར་གྱི་དོན་
ཉིད་དུ་བརྟག་པར་བྱ་ཞེ་ན་གསུངས་པ། ངག་ནི་ཆོས་མཐུན་པ་ཐམས་ཅད་ཀྱི་གཏན་ཚིགས་མ་ཡིན་ཞེས་པ་སྟེ། དཔེར་ན་གཞལ་བྱ་ཉིད་ལ་སོགས་པའི་ལྟ་བུའོ། །གང་འདོད་དེ་ནི་ཁྱད་པར་གྱིས། །ཞེས་པ། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་མ་འཁྲུལ་པའི་ཚིག་གཏན་ཚིགས་སོ་ཞེས་
པར་རོ། །ཚིག་གི་ཁྱད་པར་གྱིས་དོན་ཅི་ཞིག་ཡིན་ཞེས་པ། ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །ཁྱད་པར་བརྒྱ་ཕྲག་ལྡན་ཡང་ཚིག་ནི་བསྒྲུབ་པར་བྱ་བའི་དོན་ལ་མི་འཁྲུལ་བར་འགྱུར་བ་མ་ཡིན་པས་སོ། །འོ་ན་ཡང་ཞེས་པ་ལ་སོགས་པས་བསམ་པ་གང་གིས། འོ་ན་ཡང་དེ་ཁང་པར་བྱེད་
เล่ม ๑๙๓ · หน้า 189a
པའི་དོན་དུ་འགྱུར་ཏེ་ཞེས་བཤད་པ་དེ་གསལ་བར་བྱེད་དོ། །དཔེར་ན་དམ་བཅའ་དང་གཏན་ཚིགས་དག་འགལ་བ་ཞེས་པ་སྟེ། འདིར་ནི་ཚིག་དག་འགལ་བ་སྲིད་པ་མ་ཡིན་ནོ་ཞེས་པས་དོན་དག་ཁོ་ན་རྣམ་པར་ཤེས་པར་བྱའོ། །དགོས་པ་མེད་པ་འདོད་མ་
ཡིན། །ཞེས་པ། དགོས་པ་ལས་ཉེ་བར་བཏགས་པའི་སྒྲས་བརྗོད་པ་ལ་བརྟེན་པར་བྱ་སྟེ། དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པ་བཞིན་ཏེ། དཔའ་བ་ཉིད་ཕུལ་དུ་བྱུང་བ་གོ་བའི་ཆེད་དུ་སེང་གེའི་སྒྲས་བརྗོད་པའོ། །འདིར་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་སྒྲའི་གཙོ་བོའི་དོན་ནི་ཆོས་
མཐུན་པ་ཉིད་ཁོ་ནའོ་ཞེས་པས་དེ་ཁོ་ན་ལ་ཁྱད་པར་བྱའི། དོན་ནི་སྒྲའི་ཁྱད་པར་གྱིས་མ་ཡིན་ནོ། །དེ་ལྟར་ཁྱད་པར་བྱའོ་ཞེས་པ། དཔེ་བརྗོད་དང་ཆོས་མཐུན་པ་ནི་སྒྲུབ་བྱེད་མ་ཡིན་པ་ཡང་ཡོད་དོ། །དེའི་ཇི་ལྟར་དེ་ལས་ཁྱད་པར་དུ་འགྱུར་བ་དེ་ལྟར་ཁྱད་པར་དུ་གྱིས་ཤིག །འོ་ན་ཞེས་
པ་སྒྲུབ་བྱེད་མ་ཡིན་པ་རྣམ་པར་གཅོད་པ་ནི་སྒྲུབ་བྱེད་ཀྱི་སྒྲས་བྱེད་དེ། དེས་ན་ཅི་ལྟར་སྒྲུབ་བྱེད་མ་ཡིན་པ་ལས་ཁྱད་པར་དུ་བྱས་པ་མ་ཡིན་པར་འགྱུར་ཞེས་སེམས་པའོ། །འདི་ཁྱད་པར་དུ་བྱས་པ་མ་ཡིན་ཏེ། རྣམ་གྲངས་ཙམ་ཉིད་ཀྱི་ཕྱིར་རོ། །ཡན་ལག་ཐམས་ཅད་རྣམས་ཁོ་ན་བསྒྲུབ་
བྱ་རྟོགས་པའི་ཆེད་དུ་འཇུག་པ་ཉིད་ཀྱི་ཕྱིར། བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའོ་ཞེས་པས་འདི་རྣམ་གྲངས་ཏེ། དེ་ཁོ་ན་ནི་དེ་རྣམས་ཀྱི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་དངོས་པོར་སོ་སོ་ལ་ཇི་ལྟར་རིགས་པ་དེ་ལྟར་ཁྱད་པར་བརྗོད་པར་བྱའོ། །དེ་ཁོ་ན་ནི་ཡན་ལག་ཐམས་ཅད་ཀྱི་ཐུན་མོང་བའི་ངོ་བོ་
མ་ཡིན་ནོ། །དེ་སྒྲུབ་པས་ནི་ཁྱད་པར་རྟོགས་པའི་ཆེད་དུ་ནུས་པ་ཡང་མ་ཡིན་ཏེ། ཡོངས་སུ་མི་ཤེས་པ་ཉིད་ཀྱི་ཕྱིར་ཡང་དེ་ཁྱད་པར་ཉིད་དུ་མི་འཐད་དོ། །ཅི་ལྟར་ན་ཡན་ལག་ཐམས་ཅད་ལ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་སྒྲ་རྣམ་གྲངས་པར་རིགས། སྤྱི་དང་ཁྱད་པར་གྱི་སྒྲ་དག་རྣམ་གྲངས་པ་ཉིད་ནི་མ་
ཡིན་ཏེ། ཤིང་དང་ཤིང་ཤ་པའི་སྒྲ་བཞིན་ནོ་ཞེ་ན། རྣམ་པར་གཅོད་པར་མི་བྱེད་པ་པོ་ཉིད་ཀྱི་ཕྱིར་ན། རྣམ་གྲངས་དང་མཚུངས་པ་ཉིད་ཀྱི་ཕྱིར་རྣམ་གྲངས་ཀྱི་སྒྲས་བརྗོད་དོ་ཞེས་པས་སྐྱོན་མེད་དོ། །དེ་ལྟ་ན་འོ་ན་ཞེས་པ། རྣམ་གྲངས་པ་ཉིད་ཡོངས་སུ་སྤོང་བར་བྱེད་དོ། །སྒྲུབ་བྱེད་མ་ཡིན་
เล่ม ๑๙๓ · หน้า 189b
པའི་ཆོས་མཐུན་པ་ཉིད་དང་ཆོས་མ་མཐུན་པ་ཉིད་ལས་བཟློག་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་སྨོས་པ་འདི་བྱས་སོ། །དོན་གྱི་སྐབས་ཀྱི་དབང་ལས་སྤྱིའི་སྒྲ་རྣམས་ཀྱང་ཁྱད་པར་གྱི་རྣམ་པར་གཅོད་པའི་རྒྱུ་རྣམས་སུ་མཐོང་སྟེ། དཔེར་ན་གླང་པོ་རྣམས་གོ་བསྐོན་པར་བྱ་བ་ཉིད་ལ་སྒྲུབ་པར་བྱེད་པའོ་
ཞེས་པ་ལྟ་བུ་སྟེ། གླང་པོ་ཆེ་རྣམས་ཁོ་ན་སྒྲུབ་པར་བྱེད་པའི་ནུས་པ་དང་བྲལ་བ་རྣམ་པར་གཅོད་པར་བྱེད་ཀྱི་ཤིང་རྟ་ལ་སོགས་པ་རྣམས་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ངོ་། །དཔེར་བརྗོད་དང་ཆོས་མཐུན་པའམ་མི་མཐུན་པ་ཉིད་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་སོ་ཞེས་བརྗོད་པ་ན་
ཆོས་མཐུན་པ་ཉིད་དང་མི་མཐུན་པ་ཉིད་ཁོ་ན་སྒྲུབ་བྱེད་ཡིན་པ་སེལ་ཏེ། དེའི་ཕྱིར་འདི་ཁྱད་པར་དུ་འགྱུར་རོ། །ཆོས་མི་མཐུན་པ་ཉིད་སྨོས་པ་ནི། དེ་བཞིན་དུ་ཆོས་མི་མཐུན་པ་ལས་ཞེས་གཏན་ཚིགས་ཀྱི་མཚན་ཉིད་ཉེ་བར་སྟོན་པ་ལས་སོ། །ཡང་སྒྲུབ་བྱེད་མ་ཡིན་པ་ཅི་ཡིན་ཞེས་པ། སྒྲུབ་
པར་བྱེད་པ་ངེས་པར་མི་ཤེས་པའི་ཕྱིར། སྒྲུབ་བྱེད་མ་ཡིན་པ་ཡང་དེ་ལས་བཟློག་པར་ཤེས་པར་མི་ནུས་ཞེས་པའི་དྲི་བའོ། །གཏན་ཚིགས་ལྟར་སྣང་བ་ཉིད་དུ་ངེས་པར་བསྟན་པ་ལས་སྒྲུབ་བྱེད་མ་ཡིན་པ་ཉིད་དུ་རྟོགས་པ་ཁོ་ནའོ་ཞེས་སེམས་སོ། །གང་གི་ཕྱིར་སྤྱིར་བཏང་ནི་ཞེས་པ་སྟེ། སྤྱིར་
བསྒྲུབ་པ་ནི་སྤྱིར་བཏང་ངོ་། །དེ་འཐོབ་པ་སེལ་བ་ནི་དམིགས་བསལ་ལོ། །དེ་ལ་དཔེ་བརྗོད་དང་ཆོས་མཐུན་པ་གཏན་ཚིགས་སོ་ཞེས་པ་ནི་སྤྱིར་བསྒྲུབ་པའི་ཕྱིར་སྤྱིར་བཏང་ངོ་། །གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ནི་དམིགས་བསལ་ལོ། །སྤྱིར་བཏང་ནི། དམིགས་ཀྱིས་བསལ་ལ་
ཡོད་སྲིད་མིན། །ཡང་སྤྱིའི་འཇུག་པའི་སྤྱིར་བཏང་བ་ནི་ཁྱད་པར་ཐམས་ཅད་ལ་འཇུག་པས་ན་ཅི་ལྟར་དམིགས་ཀྱིས་བསལ་བའི་ཡུལ་ཡོངས་སུ་སྤོང་ཞེ་ན་གསུངས་པ། སྔར་དམིགས་ཀྱིས་བསལ་བ་ཞེས་པ་ལ་སོགས་པས་ཏེ། སྤྱི་ལ་སྤྱིར་བཏང་བ་སྟེ། དེ་ཡང་སྤྱིའི་ནང་དུ་འདུས་པའི་ཁྱད་
པར་རམ་ཡོངས་སུ་བོར་བའི་ཁྱད་པར་ཡིན། གང་གི་ཚེ་རྟོག་པ་སྔ་མ་ཡིན་པ། དེའི་ཚེ་ཡུལ་རྣམ་པར་དབྱེ་བ་མི་ཤེས་པ་ཉིད་ཀྱི་ཕྱིར། དམིགས་ཀྱིས་བསལ་བའི་འཇུག་པ་རེ་ཞིག་བལྟ་བར་བྱའོ། །ཕྱིས་དེ་ལས་གཞན་པའི་ཡུལ་ལ་རང་ཉིད་གནས་སོ། །འདིའི་དབང་དུ་བྱས་ནས་གསུངས་
เล่ม ๑๙๓ · หน้า 190a
པ། སྔར་དམིགས་ཀྱིས་བསལ་བ་ཞེས་པ་ལ་སོགས་པའོ། །གང་གི་ཚེ་གཉིས་པ་ཡིན་པ་དེའི་ཚེ་དམིགས་ཀྱིས་བསལ་བའི་ཡུལ་སྤངས་པ་ཉིད་ཀྱི་ཕྱིར་རང་གི་ཡུལ་ལ་སྔར་སྤྱིར་བཏང་འཇུག་གོ། །དེའི་དབང་དུ་བྱས་ནས་གསུངས་པ། དམིགས་བསལ་གྱི་
ཡུལ་བརྟགས་ནས་ཞེས་པ་ལ་སོགས་པའོ། །ད་ནི་ཁྱད་པར་གཉིས་ཁས་བླངས་ནས་ཀྱང་ཐལ་བར་འགྱུར་བ་སྟོན་པ་གསུངས་པ། གཏན་ཚིགས་འགྱུར་ཞེས་པ་ལ་སོགས་པ། རིགས་པ་ཅན་པས་བརྗོད་པའི་གཏན་ཚིགས་ལྟར་སྣང་བས་སྟོང་པ་ཡང་མཚུངས་པའི་ཆོས་ཉིད་དེ།
དཔེར་བརྗོད་དང་ཆོས་མཐུན་པ་ཉིད་དང་གཞན་གྱི་ཆོས་ཉིད་དེ། ཆོས་མི་མཐུན་པ་ཉིད་གཏན་ཚིགས་སུ་འགྱུར་རོ། །དཔེ་བརྗོད་ཀྱིས་སྟོན་ཏེ། སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །མཉན་པར་བྱ་བ་ཉིད་ནི་མི་མཐུན་པའི་ཟླ་བོའི་གཏན་ཚིགས་གཞན་དང་
བཅས་པ། རིགས་པ་ཅན་པས་བརྗོད་པའི་གཏན་ཚིགས་ལྟར་སྣང་བ་གང་གིའང་ནང་དུ་འདུ་བ་མ་ཡིན་ནོ། །གཏན་ཚིགས་ལྟར་སྣང་བ་མ་ཡིན་པ་ནི་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུད་ཉིད་ཀྱི་ཕྱིར་རོ། །དཔེ་སྒྲ་ཉིད་དང་ཡང་མཚུངས་པའི་ཆོས་ཡིན་པ་ཉིད་དེ། དེས་ན་གཏན་ཚིགས་
སུ་འགྱུར་རོ། །གཞན་གྱི་ཆོས་ཉིད་ཡང་ན་སྟེ། འདི་ཁོ་ན་ལ་བུམ་པ་ལ་སོགས་པ་ཆོས་མི་མཐུན་པས་སོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི། གཞན་གྱི་ཆོས་ཉིད་ཁོ་ན་སྟེ། གློག་ལ་སོགས་པ་ཆོས་མི་མཐུན་པ་ཉིད་ཀྱིས་ཏེ། སྒྲ་རྟག་སྟེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར། མི་རྟག་པ་
གློག་ལ་སོགས་པ་ནི་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་པའོ་ཞེས་པའོ། །འདི་ཡང་དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཞེས་པ་མཚན་ཉིད་གཉིས་པ་ལ་ལྟོས་ནས་བཤད་པའོ། །འདིར་འགྱུར་མོད། འདི་ཡང་ཇི་སྐད་བཤད་པའི་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུ་བ་ཁོ་ནའོ་ཞེ་ན།
དེའི་ཕྱིར་གསུངས་པ། འདི་ནི་ཞེས་པ་ལ་སོགས་པ་སྟེ། འཁྲུལ་པ་དང་བཅས་པ་དང་འགལ་བ་དང་སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་དུས་ལས་འདས་པ་རྣམས་ནི་གཏན་ཚིགས་ལྟར་སྣང་བའོ་ཞེས་ཡོངས་སུ་བགྲངས་པའི་ཕྱིར། འདི་ནི་ཇི་སྐད་བཤད་
เล่ม ๑๙๓ · หน้า 190b
པའི་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུ་བ་མ་ཡིན་ནོ། །འགལ་བ་ཡང་དེར་རྣམ་པ་གཞན་ཁོ་ནར་བརྗོད་དེ། གྲུབ་མཐའ་དང་ཁས་བླངས་དང་འགལ་བ་ནི་འགལ་བའོ་ཞེས་སོ། །དེའི་ཕྱིར་འདི་ནི་ཁྱད་པར་མད་པ་སྟེ། མི་འདོད་པ་ཐམས་ཅད་ལས་རྣམ་པར་མི་གཅོད་པའི་ཕྱིར་རོ། །
གཞན་རྣམས་ནི་ཞེས་པ་ལ་སོགས་པ་ཡན་ལག་སྟོན་པ་ཐམས་ཅད་ནི་བསྒྲུབ་བྱ་སྒྲུབ་པར་བྱེད་པ་སྟེ། དེའི་ཕྱིར་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་སོ་ཞེས་བརྗོད་པ་ན། འདིར་གཏན་ཚིགས་ཡིན་ཞེས་མི་ཤེས་པ་དེའི་ཕྱིར། སེམས་ཁྱད་པར་དུ་བྱེད་དེ། ཆོས་མཐུན་ཉིད་སྟོན་པས་སོ། །
དེ་ནི་མདོའི་སྔ་མའི་ཆ་ཉིད་ཀྱི་ཕྱིར། སྔ་མ་སྟེ་དེ་ཁྱད་པར་དང་། བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཁྱད་པར་ཅན་ཞེས་པའོ། །འདི་བརྗོད་པར་འགྱུར་ཞེས་པས། ཁྱད་པར་དང་ཁྱད་པར་དུ་བྱ་བའི་དངོས་པོ་འདོད་པ་དེ་སྟོན་ཏོ། །དཔེར་བརྗོད་དང་ཆོས་མཐུན་པ་ལས་གང་སྟོན་པ་ཡིན་པའི་བསྒྲུབ་བྱ་
སྒྲུབ་པར་བྱེད་པ་དེ་ནི་གཏན་ཚིགས་སོ། །གང་ཞིག་བསྒྲུབ་བྱ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ངེས་པར་སྟོན་པ་དེ་དཔེའོ། །གང་དཔེར་བརྗོད་ལ་ལྟོས་པར་བྱ་བ་དེ་ལྟ་བུའམ་དེ་ལྟ་བུ་མ་ཡིན་ནོ་ཞེས་པ་མཇུག་སྡུད་དོ། །བསྒྲུབ་བྱ་ལ་ཉེ་བར་གཏོད་པ་ཞེས་པ་ལ་སོགས་
པ་ཐམས་ཅད་བརྗོད་པར་བྱའོ། །དེ་རྣམས་ཀྱི་ཡང་དྲུག་པར་རིགས་པའི་ངོ་བོ་ཞེས་པ། ལྔ་པས་སྟོན་པ་སྐབས་སུ་བྱས་པ་ཉིད་ལ་ནི་གཞན་མི་སྲིད་དོ་ཞེས་བཤད་ཟིན་ཏོ། །གཏན་ཚིགས་ལྟར་སྣང་བ་ལས་ལྡོག་པ་ལ་ཡང་ཞེས་པ། དེར་སྣང་མ་གཏོགས་མཚུངས་པ་དང་། །གཞན་གྱི་
ཆོས་ཉིད་གཏན་ཚིགས་འགྱུར། །ཞེས་གང་བཤད་པའི་སྐྱོན་དེ་ཕྱོགས་འདི་ལ་ཡང་གཡོ་བ་མེད་པ་ཁོ་ནའོ་ཞེས་སྟོན་ཏོ། །དེ་ལྡན་པའི་ཆོས་ཀྱི་གཏན་ཚིགས་སོ་ཞེས་པ་དེ་འདི་ལ་ཡོད་དོ་ཞེས་པ་དེ་དང་ལྡན་པའོ། །དེ་དང་ལྡན་པའི་ཆོས་ནི་དེ་ལྡན་ཆོས་སོ། །འབྲེལ་པ་ཅན་ཉིད་ཙམ་གྱི་
གཏན་ཚིགས་ཉིད་ལ་ཐལ་བར་འགྱུར་ན་དེ་གཅད་པའི་ཆེད་དུ་གསུངས་པ། བརྗོད་པ་ཞེས་འཇུག་གོ་ཞེས་པ། བསྒྲུབ་བྱ་བརྗོད་པ་དམ་བཅའོ་ཞེས་པའི་དཀྱུས་མའོ། །དེས་ན་ངག་གི་དོན་འདི་ཡིན་ཏེ། དེ་ལྡན་པའི་ཆོས་བརྗོད་པ་གཏན་ཚིགས་སོ་ཞེས་པའོ། །གལ་ཏེ་བསྒྲུབ་བྱ་
เล่ม ๑๙๓ · หน้า 191a
བརྗོད་པ་འབྲེལ་པར་བྱེད་ན་ཞེས་པ་དེ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེས་ཀྱང་བསྒྲུབ་བྱ་ཁོ་ན་དེ་དང་ལྡན་པས་ཞེས་པ། འབྲེལ་པ་ཅན་གྱི་སྒྲ་ཉིད་ཀྱི་ཕྱིར། བརྗོད་པའི་བརྗོད་པར་བྱ་བ་ཁོ་ན་དེས་དེ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ནི་བུ་དང་ལྡན་པ་ཞེས་བརྗོད་པ་ན་ཕ་ཁོ་ན་
དེ་དང་ལྡན་པར་འགྱུར་རོ། །ནམ་མཁའ་ཡང་དེས་དེ་དང་ལྡན་པར་འགྱུར་བ་མ་ཡིན་ནམ། དེ་ནི་དེ་དང་འཕྲོད་པ་འདུ་བ་ཅན་ཉིད་ཀྱི་ཕྱིར་རོ་ཞེ་ན། བདེན་ཏེ་དེ་ལྟ་ན་ཡང་བསྟན་བཅོས་ཀྱིས་ནམ་མཁའི་ཆོས་འབྲས་བུ་ཉིད་ལ་སོགས་པ་རྣམས་ཀྱང་ཚིག་གི་རྒྱུ་ཉིད་དུ་ཉེ་བར་བླངས་པའི་ཕྱིར་
ནམ་མཁའི་ཡང་བསྒྲུབ་པ་བྱས་པ་ཁོ་ནའོ་ཞེས་སེམས་སོ། །ཚོགས་པ་ལ་ཆོས་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་པ། ཚོགས་པའི་ནི་བསྡུས་པ་ཙམ་ཡིན་ཞིང་། བློས་ཀུན་རྟོགས་པ་ཁོ་ན་སྟེ། །ཁང་བཟངས་ཀྱི་ཕྲེང་བ་བཞིན་ནོ། །དེ་ཚོགས་པ་ཅན་ལས་ཐ་དད་པར་མེད་པའི་ཕྱིར་རོ། །ཅིའི་
ཕྱིར་བྱས་པ་ཉིད་ལ་སོགས་པ་ཆོས་ཡིན་ཞེ་ན། ཚོགས་པ་ཅན་ཁོ་ནའི་ཆོས་གང་ཡིན་པ་དེ་ནི་དེའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་དེའི་ཞེས་ཐ་སྙད་དུ་བྱ་བར་ནུས་ཏེ། དཔེར་ན་ཁང་པའི་མཛོད་མིག་ལྟ་བུའོ། །དེའི་ཕྱིར་ཚོགས་པ་ཅན་ཁོ་ན་གཏན་ཚིགས་སུ་འཐོབ་ཅིང་། དེ་ཡང་དམ་
བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱི་ཕྱིར་མ་གྲུབ་བོ། །འོ་ན་ཚོགས་པ་ནི་ཆོས་གཞན་མེད་ཅིང་། དེའི་ཕྱོགས་གཅིག་པ་ཆོས་ཅན་སྒྲ་ལ་སོགས་པའི་ནི་བྱས་པ་ཉིད་ལ་སོགས་པ་ཆོས་སྲིད་དེ། དེ་ལས་ཀྱང་དེ་ཁོ་ན་བརྗོད་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན་གསུངས་པ། རྭ་ཅན་
ཡིན་པ་དེའི་ཕྱིར་རྟའོ་ཞེས་པ་ལ་སོགས་པ་སྟེ། གང་སྣང་དུ་རུང་བའི་རྭ་ཅན་གྱི་གོང་བུ་འདི་རྟ་ཡིན་ཏེ། རྭ་ཅན་ཉིད་ཀྱི་ཕྱིར་ཞེས་འདིར་བསྒྲུབ་བྱའི་ཆོས་རྟ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་གོང་བུ་ཆོས་ཅན་གྱི་ཆོས་རྭ་ཅན་ཉིད་ཡིན་ནོ་ཞེས་པ། རང་གི་བསྟན་བཅོས་སུ་བརྗོད་པའི་གཏན་ཚིགས་ལྟར་
སྣང་བ་ནི་གཏན་ཚིགས་སུ་འགྱུར་རོ། །དེ་ལ་ལ་བྱས་པ་ཉིད་ལ་སོགས་པ་སྲིད་པ་མ་ཡིན་ནོ་ཞེས་པ། ཆོས་རྣམས་ནི་ཆོས་ཅན་གྱི་གཞན་གྱི་དབང་ཉིད་ཀྱི་ཕྱིར། མི་རྟག་པ་ཉིད་ལ་སོགས་པའི་ཆོས་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་རྣམས་འཆད་པ་མ་ཡིན་ནོ། །དེ་ནི་གྲུབ་པ་ཉིད་ཀྱི་ཕྱིར་
เล่ม ๑๙๓ · หน้า 191b
རོ་ཞེས་པ། གྲུབ་པ་ནི་བསྒྲུབ་བྱ་ཉིད་དུ་མི་འཐད་པའི་ཕྱིར་རོ། །མཚན་ཉིད་ཡུལ་མེད་པ་ཉིད་དུ་འགྱུར་རོ། །ཆོས་ལ་ཡང་སྐྱོན་འདི་མཚུངས་སོ་ཞེས་པས་དེ་ལ་ཡང་བརྗོད་པར་བྱའོ། །མི་རྟག་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེ་ན་ཞེས་པ། མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པ་བསྒྲུབ་བྱ་ཉིད་ཀྱི་
ཕྱིར་རོ། །རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ། སྒྲའི་སྒྲ་ནི་གནས་སྐབས་ཐམས་ཅད་ཀྱི་སྒྲ་ཡོངས་སུ་བཟུང་ནས་འཇུག་ཅིང་། དེ་བཞིན་དུ་མི་རྟག་པའི་སྒྲ་ནི་སྒྲ་ལ་སོགས་པ་མི་རྟག་པའི་དངོས་པོ་ཐམས་ཅད་ཉེ་བར་བཟུང་ནས་སོ། །དེ་དག་ཕན་ཚུན་དུ་རྣམ་པར་
གཅོད་དེ། མི་རྟག་པའི་སྒྲས་སྒྲའི་གནས་སྐབས་གཞན་རྣམ་པར་གཅོད་པའི་ཕྱིར་དང་། སྒྲའི་སྒྲས་ཀྱང་མི་རྟག་པ་ཉིད་ཀྱི་རྟེན་གཞན་རྣམ་པར་གཅོད་པའི་ཕྱིར་རོ། །དེའི་ཕྱིར་ཡང་ཕན་ཚུན་རྣམ་པར་གཅོད་པས་བསྲེས་པར་གྱུར་པའི་ཕྱིར་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་
རོ། །ཡོན་ཏན་དུ་གྱུར་པ་ཡང་ཞེས་པ་བརྗོད་པའི་ཁྱད་པར་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ནི་ཡོན་ཏན་དུ་གྱུར་པའོ། །དེ་ལྟ་ན་ཡང་བརྗོད་པར་འདོད་པའི་དབང་ལས་ནུས་པ་ཡོད་ན་སྒྲ་རྣམས་བརྗོད་པར་འདོད་པ་རྗེས་སུ་སྒྲུབ་པར་བྱེད་ཅེས་པས། དེའི་སྒྲས་བསྒྲུབ་པར་བྱ་བ་ཁོ་ན་ལ་སྙེགས་པར་
བྱེད་དོ། །ཚོགས་པའམ་ཆོས་ཅན་གྱིས་གཞན་དེ་དང་ལྡན་པ་མེད་དོ་ཞེས་པ་ཆོས་ཅན་དང་ཚོགས་པ་དག་རང་དབང་ཅན་ཉིད་ཀྱི་ཕྱིར་རོ། །འོ་ན་ཚོགས་པ་ཅན་ལས་དེ་དང་ལྡན་པ་མེད་པ་མ་ཡིན་ནམ། དེས་ན་འདི་ལྟ་བུ་ཅི་ཡིན་ཞེ་ན། འདི་འདི་ལྟར་མ་ཡིན་ཏེ། འདིར་ཆོས་ནི་ཚོགས་པས་དེ་དང་ལྡན་
པར་འགྱུར་རམ། ཡང་ན་ཆོས་ཅན་ཡིན། གལ་ཏེ་ཆོས་མི་རྟག་པ་ཉིད་ལ་སོགས་པ་ཡིན་ན། གང་བརྗོད་པ་གཏན་ཚིགས་སུ་འགྱུར་བ་དེའི་ཆོས་མེད་པ་ཁོ་ནའོ། །ཅི་སྟེ་ཆོས་ཅན་ཡིན་ན། དེ་ལ་ཆོས་ཅན་ཙམ་བསྒྲུབ་བྱ་ཡིན་པ་ལ་གང་སྐྱོན་ཡིན་པ་དེ་འཐོབ་པ་ཁོ་ནའོ། །དེའི་ཕྱིར་ཚོགས་
པའམ་ཆོས་ཅན་གྱིས་གཞན་དེ་དང་ལྡན་པ་མེད་དོ་ཞེས་པ་འདི་ལ་ཇི་སྐད་བཤད་པའི་སྐྱོན་མི་འཇུག་སྟེ། དེ་མེད་དོ་ཞེས་དགོངས་པའོ་ཞེས་པས་སྐྱོན་མེད་དོ། །ཁྱད་པར་བསྒྲུབ་བྱ་དང་ལྡན་ཆོས། །འཐོབ་སྟེ་ཞེས་པ་སྟེ། བསྒྲུབ་བྱ་དང་ལྡན་པ་ཁོ་ནའི་ཞེས་ངེས་པ་གཟུང་བ་ལས་ཞེས་པའི་
เล่ม ๑๙๓ · หน้า 192a
དགོངས་པ་གསལ་བར་བྱེད་དོ། །རྒྱུ་ཅིའི་ཕྱིར་ན་འདི་ལྟར་ངེས་པར་གཟུང་ཞེས་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །ཆོས་ཅན་ལ་ཐལ་བར་མི་འགྱུར་བའི་ཕྱིར་རོ་ཞེས་པ། བསྒྲུབ་བྱ་དང་ལྡན་པའི་ཆོས་ཅན་ལ་ཆོས་ཅན་སྲིད་པ་ནི་མ་ཡིན་ཏེ། དེ་ནི་རང་དབང་ཅན་ཉིད་
ཀྱི་ཕྱིར་རོ། །ཉེ་བ་ཉིད་ཀྱི་ཕྱིར་ཏེ། གཞན་དང་འཕྲོད་པ་འདུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ཉེ་བ་ཉིད་དོ། །མཉན་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡང་གཏན་ཚིགས་སུ་འགྱུར་རོ་ཞེས་པའི། ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ནམ། སྨད་པའི་དོན་ཅན་ནོ། །འོ་ན་ཕྱོགས་ཆོས་མེད་
པ་བཟློག་པའི་དོན་དུ་དེའི་ཆོས་ཀྱི་ཚིག་མ་ཡིན་ནམ། དེ་ལྟར་ཡང་དེ་དང་ལྡན་པ་ཁོ་ནའི་ཞེས་ངེས་པར་གཟུང་བ་མེད་པའི་ཕྱིར་ཐུན་མོང་མ་ཡིན་པ་གཏན་ཚིགས་སུ་ཐལ་བར་འགྱུར་བ་མེད་དོ་ཞེ་ན། འདི་ལྟར་སེམས་ཏེ། ཕྱོགས་ཆོས་མེད་པའི་ཐལ་བར་འགྱུར་བ་མེད་པའི་ཕྱིར། དེ་བཟློག་
པའི་ཆེད་དུ་འབད་པ་དོན་མེད་པ་སྟེ། གང་གི་ཕྱིར་འབྲེལ་པ་མེད་པའི་དོན་གྱི་བདག་ཉིད་འདིའི་འདི་ནི་འབྲས་བུ་དང་རྒྱུ་ཞེས་པ་ལ་སོགས་པར་སྔར་ཁོ་ནར་གཏན་ཚིགས་ཉིད་བསལ་ཟིན་ཏོ་ཞེས་པའོ། །བསྒྲུབ་བྱའི་ཆོས་ལ་ཡང་ཞེས་པ་ལ་སོགས་པ་ནི། དེ་ལ་གདོན་མི་ཟ་བར་
འདི་ལྟར་ངེས་པར་གཟུང་བར་བྱ་སྟེ། བསྒྲུབ་པར་བྱ་བ་ཁོ་ནའི་ཆོས་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །མ་ཡིན་ཏེ་དེའི་ཞེས་པ་ལ་སོགས་པ། བསྒྲུབ་པར་བྱ་བའི་ཆོས་ནི་གཞན་ལ་རྣམ་པ་གཉིས་སུ་ཞུགས་ཞེས་ཁྱད་པར་དུ་བྱའོ། །དེ་ལ་གལ་ཏེ་བསྒྲུབ་པར་བྱ་བ་ཁོ་ནའི་ཆོས་
ཞེས་ངེས་པར་གཟུང་ན། ཁྱད་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཁོ་ན་ཞེས་ངེས་པར་གཟུང་བར་བྱའོ་ཞེས་པའོ། །གལ་ཏེ་ཡང་ཐུན་མོང་མ་ཡིན་པ་ཡང་ཆོས་ཁོ་ན་ཡིན་པ་དེ་ལྟ་ནའང་དེ་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ཏེ། གཞན་ལ་འཇུག་པ་མེད་
པའི་ཕྱིར་རོ། །གང་གསུངས་པ། ཐུན་མོང་མ་ཡིན་པ་ནི་ཞེས་པ་ལ་སོགས་པའོ། །སླར་ཡང་འདི་ཅིའི་དོན་དུ་ཉེ་བར་བཀོད་དེ། ཇི་ཙམ་གྱིས་ཕྱོགས་ཆོས་མེད་པ་བཟློག་པའི་དོན་ཁོ་ནས་དེར་བསྒྲུབ་བྱའི་ཆོས་བརྗོད་དེ། གང་སྨྲས་པ། ཕྱོགས་ཀྱི་ཆོས་ཁོ་ན་ཞེས་ངེས་པར་གཟུང་བའི་ཕྱིར་
เล่ม ๑๙๓ · หน้า 192b
རོ་ཞེ་ན། འོ་ན་ཕྱོགས་ཆོས་ཁོ་ནའི་ཞེས་ལྷག་པར་གནས་པར་བྱས་ནས་བརྗོད་པའི་ཕྱིར་སྐྱོན་མེད་དོ། །མི་རྟག་པ་ཉིད་ཙམ་ཞེས་པ་ལ་སོགས་པ་སྟེ། གང་གི་རྟག་པ་ཉིད་ཙམ་བསྒྲུབ་བྱ་ཡིན་པ་དེའི་བུམ་པ་ལ་སོགས་པ་རྣམས་ཀྱང་དེ་དང་ལྡན་པའོ་ཞེས་པས་དེའི་ཆོས་མིག་གིས་གཟུང་བར་བྱ་བ་
ཉིད་ཀྱང་གཏན་ཚིགས་སུ་འགྱུར་རོ། །ཅི་སྟེ་རྟེན་ཐ་དད་པས་བྱས་པའི་ངོ་བོའི་དབྱེ་བ་ལ་བརྟེན་པས་བུམ་པ་ལ་སོགས་པ་ལ་སོན་པའི་མི་རྟག་པ་བསྒྲུབ་བྱ་མིན་པ་ཉིད་ཀྱི་ཕྱིར་ཐལ་བར་འགྱུར་བ་འདི་མེད་དོ་ཞེ་ན། དེ་ལྟར་གྱུར་ན་མཉན་པར་བྱ་བ་ཉིད་ཁོ་ན་གཏན་ཚིགས་སུ་འགྱུར་རོ། །
སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན་ཡང་ཚོགས་དོན་དུ་འགྱུར་རོ། །མ་ངེས་པ་ཞེས་པ་ལ་ངེས་པ་ནི་ངེས་པ་སྟེ། འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་པས་མ་ངེས་པའོ། །འདིའི་དོན་རྣམ་གྲངས་གཞན་གྱིས་གསལ་བར་བྱེད་དེ། ཐེ་ཚོམ་གྱི་གཏན་ཚིགས་ཞེས་པའོ། །ཐེ་ཚོམ་གྱི་
གཏན་ཚིགས་ཞེས་པ་ཅི་ཞེ་ན། འཁྲུལ་པ་ཅན་ནོ་ཞེས་པའོ། །དེ་ཙམ་ཞིག་ཀྱང་ཞེས་པའི་དེའི་སྒྲས་བསྒྲུབ་བྱ་བརྗོད་པ་ལ་བསྙེགས་པའམ། བསྒྲུབ་བྱ་ལ་བསྙེགས་སོ། །བསྒྲུབ་བྱ་ཡང་ཚོགས་པའམ་ཆོས་སམ་ཆོས་ཅན་དུ་འགྱུར། ངེས་པར་གཟུང་བ་ཡང་དེ་དང་ལྡན་པ་ཁོ་ནའི་ཆོས་
སམ། དེ་དང་ལྡན་པའི་ཆོས་ཁོ་ན་ཞེས་པ་འདི་ཙམ་རྣམས་བརྟག་པའོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་བུམ་པ་ལ་སོགས་པས་ཆོས་མཐུན་པ་ཉིད་གང་བསྒྲུབ་པར་བྱ་བ་དེའི་མི་འཁྲུལ་བ་བརྗོད་པ་ནི་གཏན་ཚིགས་སོ་ཞེས་པའོ། །
བསྒྲུབ་པར་བྱ་བ་ཞེས་པ་དེ་ག་ལས་ཤེ་ན། སོ་སོ་ཉེ་བ་ལས་སོ། །དེ་ལྟར་གྱུར་ན་ཆོས་གཞན་སྤངས་པར་འགྱུར་རོ་ཞེས་པས་མིག་གིས་གཟུང་བྱ་ཉིད་དང་མཉན་པར་བྱ་བ་ཉིད་ཡོངས་སུ་སྤངས་པར་འགྱུར་རོ། །དེ་ནི་དེ་དང་ལྡན་པས་བསྒྲུབ་བྱའི་ཆོས་མཐུན་པ་ཉིད་མ་ཡིན་པས་སོ། །ངེས་པར་གཟུང་
བ་ལས་ཞེས་པ། དེ་དང་ལྡན་པ་ཁོ་ནས་ཆོས་མཐུན་པ་ཉིད་ཀྱི་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །མཁའ་སོགས་ཡོད་པར་སྒྲུབ་པ་ལ། །ཞེས་པ་ལ་སོགས་པའི་སྒྲས་བདག་ལ་སོགས་པ་རྣམས་གཟུང་བར་བྱའོ། །དེ་ལ་ཞེས་པ་ནམ་མཁའ་ལ་སོགས་པ་སྒྲུབ་པ་ལའོ། །དམ་བཅའ་
เล่ม ๑๙๓ · หน้า 193a
དང་ལྡན་པའམ་བསྒྲུབ་བྱ་དང་ལྡན་པ་ཞེས་པ་དེའི་སྒྲས་གལ་ཏེ་བརྗོད་པ་ལ་བསྙེགས་སམ། གལ་ཏེ་བསྒྲུབ་བྱ་ལ་ཡིན། རྣམ་པ་གཉིས་ཀ་ལྟར་ན་ཡང་སྦྱོར་བ་འཐད་པ་མ་ཡིན་ནོ། །རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པའི་བྱེ་བྲག་ལས་ཞེས་པ་དེ་ལ་བཤད་པ།
གང་འདི་ཕྱིར་མཐོང་བ་ནི་རྗེས་སུ་དཔག་པ་སྟེ། ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་རྟོགས་པར་བྱ་བ་ལ་གཏན་ཚིགས་སོ། །དེའི་སྦྱོར་བ་ཉེ་བར་སྤྱོད་པའི་བྱེ་བྲག་ལས་རྣམ་པ་གཉིས་ཉིད་དེ། རྣམ་པར་ལྡན་པ་དང་བས་བསལ་ཏེ་འོངས་པའོ་ཞེས་སོ། །
སྦྱོར་བ་ཉེ་བར་སྤྱོད་པའི་བྱེ་བྲག་ལས་ཏེ། སྦྱོར་བ་རྟོགས་པའི་བྱེ་བྲག་ལས་ཞེས་པའི་དོན་ཏོ། །གཞན་སྨྲ་བ། སྦྱོར་བ་ནི་ཕ་རོལ་པོས་རྟོགས་པར་བྱེད་པའི་དུས་ཏེ། འདིར་རབ་ཏུ་སྦྱར་བར་བྱ་བའོ་ཞེས་བྱས་ནས་སོ། །ཉེ་བར་སྤྱོད་པ་ནི་བརྗོད་པའོ། །དེའི་བྱེ་བྲག་ལས་རྣམ་པ་
གཉིས་སོ། །ཡང་དོན་གྱི་དབྱེ་བ་ཡོད་པ་མ་ཡིན་ཏེ། རེས་འགའ་རང་གི་ཕྱོགས་འགྲུབ་པའི་ཆེད་དུ་གཏན་ཚིགས་ཉེ་བར་ལེན་ཅིང་། རེས་འགའ་གཞན་གྱི་ཕྱོགས་དགག་པའི་ཆེད་དུའོ། །རྟོགས་པར་བྱ་བའི་དོན་ཁྱད་པར་དུ་རྟོགས་པ་ནི་རྣམ་པར་ལྡན་པ་སྟེ། གཞན་གྱི་ཕྱོགས་
བཀག་ནས་དོན་དེ་ཁོ་ན་འོངས་པ་ཞེས་པ་ནི་བསལ་ཏེ་འོངས་པའོ། །དེ་ལ་རྣམ་པར་ལྡན་པ་ནི་ངག་གི་རང་བཞིན་ཞེས་པ། ངག་གི་དངོས་པོ་ནི་ངག་གི་རང་བཞིན་ཏེ་ངག་གི་ངོ་བོའོ། །ལྔའི་ཕྱོགས་ཞེས་པ་ཡན་ལག་ལྔའོ། །དམ་བཅའ་ལ་སོགས་པའི་ཁྱད་པར་ལས་ཞེས་
པའི། སོགས་པའི་སྒྲ་ནི་གཏན་ཚིགས་དང་། དཔེ་བརྗོད་དང་ཉེ་བར་སྦྱོར་བ་དང་མཇུག་སྡུད་རྣམས་བསྡུ་བའི་དོན་དུའོ། །འདི་ཡང་ཞེས་པ་རྗེས་སུ་དཔག་པ་རྣམ་པ་གཉིས་སོ། །ཡང་གི་སྒྲ་ནི་བྱེ་བྲག་པ་རྣམས་ཀྱི་འབའ་ཞིག་ཏུ་མ་ཟད་ཅེས་གསལ་བར་བྱེད་པའི་ཆེད་དུའོ། །བྱེ་བྲག་
པ་དགག་པར་ནི། སྦྱོར་བ་གཞལ་བྱ་དང་མ་འབྲེལ་བར་བཤད་དེ། མཁའ་སོགས་ཡོད་ཉིད་སྒྲུབ་པ་ལ། །སྦྱོར་བ་འཐད་པ་མ་ཡིན་ནོ། །ཞེས་པ་འདིས་སོ། །དེ་བཞིན་དུ་འདིར་ཡང་གཞལ་བྱ་དང་མ་འབྲེལ་བ་ཉིད་ཁོ་ནའི་གཏན་ཚིགས་ཀྱིས་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་
เล่ม ๑๙๓ · หน้า 193b
པ་དག་གི་ཡན་ལག་རྣམས་ཐམས་ཅད་རྣམ་པར་དཔྱད་པར་བྱའི། གཏན་ཚིགས་ཁོ་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་རྣམས་རྣམ་པར་ལྡན་པ་དང་། བསལ་ཏེ་འོངས་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །ཡན་ལག་གི་སྦྱོར་བའི་བདག་ཉིད་ནི་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པ་
དག་གོ། །དེའི་ཕྱིར་ཡན་ལག་རྣམས་ཐམས་ཅད་དེའི་ནང་དུ་འདུས་སོ། །གཙོ་བོ་ཡོད་དེ་ཞེས་པ་དམ་བཅའོ། །འདིར་ཁྱད་པར་རྣམས་རབ་ཏུ་གཟུང་བར་བྱ་བའམ། ཁྱད་པར་རྣམས་རབ་ཏུ་འཛིན་པས་ན་ཞེས་པ་གཙོ་བོ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་མཉམ་པའི་གནས་
སྐབས་སོ། །ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ལ་སོགས་པ་ནི་གཏན་ཚིགས་སོ། །ཕན་ཚུན་དུ་ཁྱད་པར་དུ་བྱ་ཞིང་དབྱེ་བར་བྱའོ་ཞེས་པས་ན་ཁྱད་པར་རྣམས་ཏེ་རྣམ་འགྱུར་རྣམས་སོ། །དེ་རྣམས་ལ་རྗེས་སུ་འགྲོ་བ་ནི་རྗེས་སུ་འབྲང་བ་སྟེ། བདེ་བ་དང་སྡུག་བསྔལ་
དང་རྨོངས་པ་རྣམས་བདག་ཉིད་ཀྱི་ཕྱིར་རོ། །དེ་ལ་གལ་ཏེ་ཞེས་པ། གལ་ཏེའི་སྒྲས་དམ་བཅའ་གཞན་ཏེ། དེ་ཡང་གང་གཅིག་མ་ཡིན་པ་དེ་སྙེད་ཀྱི་ཕྱོགས་འགོད་པར་བྱེད་དོ། །དེ་ལྟར་ནི་གཙོ་བོ་ཡོད་དོ་ཞེས་བརྗོད་ནས། གང་ལས་གཏན་ཚིགས་ཀྱི་ཡུལ་འདྲི་བ་ཀུན་ནས་སློང་བར་བྱེད་དེ།
དེའི་ཕྱིར་གཙོ་བོ་ཡོད་པ་ཉིད་བསྒྲུབ་པར་བྱ་བའོ་ཞེས་རྟོགས་པར་བྱའོ། །ཉེ་བར་གཏོད་པའི་སྦྱོར་བ་ནི་ཁྱད་པར་རྣམས་ཁོ་ན་ལ་གཙོ་བོ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བའོ་ཞེས་རྟོགས་པར་བྱ་སྟེ། དེ་ལྟ་ནི་བཤད་པ། ནང་གི་བདག་ཉིད་དང་ཕྱི་རོལ་གྱི་ཁྱད་པར་རྣམས་ལ་རིགས་གཅིག་རྗེས་སུ་
འགྲོ་བ་འདི་ནི་ཡོད་དེ། དེས་ན་འདི་རྣམས་སྔར་ཐ་དད་པ་ལས་འགའ་ཞིག་ཏུ་སྤྱིར་གྱུར་པར་སེམས་སོ་ཞེས་པ་ལ་སོགས་པའོ། །དེ་ལྟར་རྣམ་པར་རྟོག་པ་གཉིས་སྲིད་དེ། གལ་ཏེ་གཙོ་བོ་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན་དེ་ཡང་དག་པ་མ་ཡིན་ཏེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན།
གསུངས་པ། ཚད་མའི་ཡུལ་མི་ཤེས་པའི་ཕྱིར་ཞེས་པ། ཚད་མའི་སྒྲས་འདིར་རྗེས་སུ་དཔག་པ་བརྗོད་པར་འདོད་པའོ། །དེའི་ཡུལ་སྤྱི་སྟེ། དེ་མི་ཤེས་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པ་ཞེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནོ། །བསྟན་ཟིན་ཏོ་ཞེས་པ་རླུང་གི་རབ་
เล่ม ๑๙๓ · หน้า 194a
ཏུ་བྱེད་པར་རྟོགས་པར་བྱས་ཟིན་པའོ། །བསྒྲུབ་བྱའི་ཆོས་ཀྱང་སྒྲུབ་པར་བྱེད། །ཅེས་པ་ལ་སོགས་པས་གང་བསྒྲུབ་བྱའི་ཆོས་སུ་མི་འགྱུར་བ་དེ་སྒྲུབ་བྱེད་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་མེ་སྲེག་པར་བྱེད་པ་ཉིད་བཞིན། གཙོ་བོ་ཡོད་པ་
ཉིད་དུ་བསྒྲུབ་པར་བྱ་བ་ལ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་ཡང་བསྒྲུབ་པར་བྱ་བའི་ཆོས་སུ་འགྱུར་བ་མ་ཡིན་ནོ་ཞེས་ཁྱད་པར་བྱེད་པ་མེད་པ་གསུངས་སོ། །རྒྱས་པའི་ཚིག་མིན་གཏན་ཚིགས་སུ་རིགས་པ་ཞེས་པ་ངག་གི་ལྷག་མའོ། །གཙོ་བོ་ཡོད་དེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་
བའི་ཕྱིར་རོ། །ནང་གི་བདག་ཉིད་ཀྱི་ཁྱད་པར་འབྲས་བུ་དང་རྒྱུར་གྱུར་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་མཐོང་སྟེ། ཇི་སྲིད་དུ་སྒྲ་དང་རེག་པ་དང་། གཟུགས་དང་རོ་དང་དྲི་སྟེ་ལྔ་པོ་རྣམས་ནི། བདེ་བ་དང་སྡུག་བསྔལ་དང་རྨོངས་པ་རྣམས་ཏེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་
པར་རོ། །ཅིའི་ཕྱིར་ལྔ་པོ་རྣམས་ཀྱི་ཞེ་ན། ལྔ་པོ་རྣམས་ལ་འབྲས་བུ་གཅིག་ཡོད་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་རྒྱས་པའི་ཚིག་ནི་གཏན་ཚིགས་སུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྒྲུབ་བྱེད་བསྡུས་པའི་ཚིག་གི་ཕྱིར་རོ་ཞེས་པ། སྒྲུབ་བྱེད་བསྡུས་པའི་ཚིག་གཏན་ཚིགས་སོ་ཞེས་
པའི་མཚན་ཉིད་ཀྱི་ཕྱིར་རོ། །འོ་ན་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་འདི་ཙམ་ཁོ་ནའི་ངག་ནི་འདིར་གཏན་ཚིགས་མ་ཡིན་ནམ། འདི་ཡང་བསྡུས་པ་ཁོ་ན་སྟེ། ཡང་འདིར་གཞུང་ལྷག་མ་ནི་གཏན་ཚིགས་ཀྱི་ཁྱབ་པ་སྟོན་པའི་ཆེད་དུ་དང་། མ་གྲུབ་པ་ཉིད་
ཡོངས་སུ་སྤང་བའི་ཆེད་དུ་བཀོད་པའོ་ཞེ་ན་གསུངས་པ། དེ་ཡང་མ་བརྗོད་དོ་ཞེས་པ། སྒྲུབ་བྱེད་བསྡུས་པའི་ཚིག་གཏན་ཚིགས་སོ་ཞེས་བརྗོད་ཀྱི་སྒྲུབ་བྱེད་ནི་མ་ཡིན་ཏེ། དེ་མ་བརྗོད་ན་དེའི་ཚིག་ཀྱང་གཏན་ཚིགས་ཉིད་དུ་རྟོགས་པར་བྱའོ་ཞེས་པས་འདི་ནི་མ་བརྗོད་པ་དང་མཚུངས་པ་ཁོ་ནའོ་
ཞེས་སེམས་སོ། །དེ་ལྟར་འགྱུར་མོད་ཀྱི་སྒྲུབ་བྱེད་ཀྱི་ཚིག་ལས་ཁྱད་པར་རྟོགས་པར་བྱའོ་ཞེ་ན་གསུངས་པ། ཐམས་ཅད་ཁོ་ན་ནི་ཞེས་པ་ལ་སོགས་པའོ། །ཡང་ན་འདིར་འགྱུར་མོད། འདིར་གང་ཡན་ལག་སྒྲུབ་པར་བྱེད་པ་ནི་དེའི་བརྗོད་པར་བྱ་བའི་དོན་སྒྲུབ་བྱེད་ཉིད་དུ་རྣམ་པར་རིག་པར་བྱེད་
เล่ม ๑๙๓ · หน้า 194b
པ་སྟེ། ངག་གི་སྒྲུབ་པར་བྱེད་པ་ཉིད་ནི་དོན་གྱི་སྒོ་ཅན་ཡིན་གྱི། རང་ཉིད་ལས་ནི་མ་ཡིན་ནོ་ཞེ་ན་གསུངས་པ། ཐམས་ཅད་ཁོ་ན་ནི་ཞེས་པ་ལ་སོགས་པའོ། །འོ་ན་ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་རྟོགས་པར་བྱེད་པ་ལ་གཏན་ཚིགས་སོ་ཞེས་པས་དེ་ཁོ་ན་སྒྲུབ་
པར་བྱེད་པ་སྟེ། དེའི་ཚིག་ནི་གཏན་ཚིགས་སོ་ཞེ་ན། འདི་ནི་མི་རིགས་ཏེ། ཡན་ལག་ཐམས་ཅད་ཚོགས་པ་ནི་ལྷག་མ་དང་ལྡན་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དཔེ་ཡང་ཞེས་པ་ལ་སོགས་པ། དེ་ངེས་པར་སྟོན་པ་དཔེ་ཞེས་པ་འདི་ལ་ཡང་ན་གཞི་བསྒྲུབ་པ་ལ་བརྟེན་པར་བྱ་བ་སྟེ། བསྒྲུབ་པར་
བྱ་བ་དང་སྒྲུབ་པར་བྱེད་པ་དེ་དག་གང་དུ་ངེས་པར་བསྟན་པར་བྱ་བ་ཞེས་པའམ། ཡང་ན་བྱེད་པ་སྟེ། དེ་དག་འདིས་ངེས་པར་སྟོན་པའོ་ཞེས་པ་ཡིན། དེ་ལ་བརྟག་པ་དང་པོ་ལ་མངོན་པར་འདོད་པའི་མཚོན་བྱ་ལ་མ་ཁྱབ་པའི་ཕྱིར་མཚན་ཉིད་མ་ཁྱབ་པ་ཉིད་དུ་སྟོན་པར་གསུངས་པ། གལ་ཏེ་
གང་དུ་ཞེས་པ་ལ་སོགས་པའོ། །ཡོད་ན་ཡང་ཞེས་པ། བསྒྲུབ་བྱ་དང་སྒྲུབ་བྱེད་རྗེས་སུ་འགྲོ་བ་ཁས་བླངས་ནས་དཔེའི་སྐྱོན་གཞན་གསུངས་པ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་པ། བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་ཉེ་བར་སྟོན་པ་ནི་རྗེས་སུ་འགྲོ་བ་སྟེ། འདིར་
ནི་སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བརྗོད་དེ། འཇིག་རྟེན་ན་སྤྱི་སྔོན་མ་ཅན་གྱི་ཁྱད་པར་རྣམས་ལ། རིགས་གཅིག་ཡང་དག་པར་རྗེས་སུ་འགྲོ་བ་མཐོང་ཞེས་པའོ། །འདི་ལྟ་བུ་ནི་སྒྲུབ་པར་བྱེད་པའི་དོན་འགའ་ཡང་མ་ཡིན་ནོ་ཞེས་པ། དཔེ་ལྟར་སྣང་བ་ཉིད་ཀྱི་གཏན་ཚིགས་
སོ། །རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པས་ནི་སྒྲུབ་པར་བྱེད་པ་ལ་ཕན་འདོགས་པ་འགའ་ཡང་འབྱུང་བ་མེད་དེ། མེད་ན་མི་འབྱུང་བ་ཉིད་མི་སྟོན་པའི་ཕྱིར་རོ། །ངག་གི་ཡན་ལག་ཉམས་པའོ་ཞེས་པ། ངག་གི་བདག་ཉིད་རྣམ་པར་ལྡན་པའི་དོན་ཡན་ལག་ཡིན་པར་རིགས་པ་མ་ཡིན་ཏེ། འཇུག་
པ་ཐ་དད་པ་རྣམས་ལྷན་ཅིག་བརྗོད་པར་འདོད་པ་མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །རྣམ་པར་རྟོག་པ་གཉིས་པ་ལ་སྐྱོན་ཉིད་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ། །བརྗོད་པར་བྱ་བ་ཁོ་ན་ལ་དེ་མ་ཡིན་ཞེས་པ་ནི། དེ་ལྟར་གྱུར་པའི་དོན་ལ་མེད་པ་ན།
เล่ม ๑๙๓ · หน้า 195a
ངག་ཀྱང་དེའི་དོན་རྟོགས་པར་བྱེད་པའི་འབྲས་བུ་ཅན་མ་ཡིན་ནོ། །གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །ཉེ་བར་སྦྱར་མི་རིགས་ཞེས་པ་བསྒྲུབ་བྱ་དང་དཔེ་དག་གཅིག་ཏུ་བྱ་བ་ཞེས་པ་ཉེ་བར་སྦྱར་བའི་མཚན་ཉིད་དེ། དེ་དག་གི་དཔེ་ཉིད་ལ་འཐད་པ་མ་ཡིན་ཏེ།
དཔེར་ན་དུམ་ཞོགས་དང་ཐོད་པ་དང་སྣོད་སྤྱད་དང་རྒྱན་ལ་སོགས་པ་ཞེས་པའི་ངག་འདི་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་གཙོ་བོ་ལ་སོགས་པ་བསྒྲུབ་པར་བྱ་བའོ། །དེ་ལྟར་ཡན་ལག་གི་མཚན་ཉིད་ནི་དངོས་སུ་གཙོ་བོ་ཡོད་པ་ཉིད་ཅེས་པ་གཙོ་བོ་ཡོད་དོ་ཞེས་བར་མ་ཆད་པར་གཙོ་བོ་བསྒྲུབ་པར་བྱ་བ་
ལ་ནི་དཔེ་དང་ཉེ་བར་བསྡུ་བའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་འབྲེལ་པ་མ་ཡིན་ནོ། །དེ་ལྟར་ནི་བསྒྲུབ་བྱ་ངེས་པར་འཛིན་པ་དམ་བཅའོ་ཞེས་པ་དམ་བཅའི་མཚན་ཉིད་དེ། གཙོ་བོ་ཟླ་བོའི་ངོ་བོ་བསྒྲུབ་པར་བྱ་བར་བརྟགས་པ་ཡང་མ་ཡིན་ནོ། །དེ་སྟོན་པ་དཔེའོ་ཞེས་པ་དཔེའི་མཚན་ཉིད་
ཡིན་ཞིང་། དེ་དག་གཅིག་ཏུ་བྱ་བ་ཞེས་པ་ཉེ་བར་སྦྱར་བའི་མཚན་ཉིད་དེ། དེ་གཉིས་ཀ་ཡང་འདིར་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱས་ཟིན་ཏོ། །འོ་ན་རིགས་པའི་སྒོར་འདི་སྒྲུབ་བྱེད་དུ་ཉེ་བར་སྒྲུབ་པ་མ་ཡིན་ནམ། དེ་ཅི་ལྟར་སྔ་མའི་སྐྱོན་འབྱུང་ཞེ་ན་གསུངས་པ། རིགས་པའི་སྒོའི་ཕྱོགས་
ཀྱིས་ནི་ཞེས་པ་སྟེ། དེས་ནི་གཙོ་བོ་དོན་གྱིས་སྒྲུབ་ཀྱི་དངོས་སུ་མ་ཡིན་ཏེ། དངོས་སུ་ནི་ཁྱད་པར་རྣམས་ཁོ་ན་བསྒྲུབ་བྱའོ། །ཁྱད་པར་རྣམས་ཁོ་ན་དེར་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཕྱོགས་སོ་ཞེས་པའི་ཚིག་ལས་སོ། །དེ་རྣམས་བསྒྲུབ་པར་བྱ་བ་ཉིད་ན་ཇི་སྐད་བཤད་པའི་ཡན་
ལག་གི་སྦྱོར་བ་འབྲེལ་པར་འགྱུར་ཏེ། འབྲེལ་པ་ཙམ་དུ་འགྱུར་ཞེས་པའོ། །ཙམ་གྱི་སྒྲ་ནི་ཡན་ལག་སྐྱོན་མེད་པ་ཉིད་རྣམ་པར་གཅོད་པའི་དོན་དུའོ། །དམ་བཅའི་དོན་དང་འགལ་བར་འགྱུར་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །དམ་བཅའི་དོན་དང་འགལ་བ་གང་ཡིན་ཞེ་ན་
གསུངས་པ། ཁྱད་པར་རྣམས་རྒྱུ་གཅིག་པ་ཞེས་པའོ། །ཅི་ལྟར་ན་དམ་བཅས་པའི་སྐྱོན་ཡིན་ཞེ་ན་གསུངས་པ། དུམ་བུ་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་དེ་དུམ་ཞོགས་དང་ཐོད་པ་དང་སྣོད་སྤྱད་དང་རྒྱན་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཉིད་དུ་གྱུར་ན། ཤིང་དང་བུམ་
เล่ม ๑๙๓ · หน้า 195b
པ་དང་། སའི་གོང་བུ་དང་གསེར་ལ་སོགས་པ་རྒྱུ་དུ་མ་སྔོན་མ་ཅན་ཉིད་དུ་ཁས་བླངས་སོ། །དེས་རྒྱུ་གཅིག་སྔོན་མ་ཅན་ཉིད་སེལ་བའི་ཕྱིར་དམ་བཅའ་བའི་དོན་དང་འགལ་བའོ། །དེ་ལྟར་འགྱུར་མོད་ནང་གི་བདག་ཉིད་ཀྱི་ཁྱད་པར་རྣམས་ཁོ་ན་རྒྱུ་གཅིག་སྔོན་མ་ཅན་ཉིད་དུ་ཁས་བླང་བར་བྱའི། ཕྱི་
རོལ་གྱི་རྣམ་པ་ནི་མ་ཡིན་ཏེ། དེས་ན་འདི་སྐྱོན་མ་ཡིན་ནོ་ཞེ་ན་གསུངས་པ། ཁས་མི་ལེན་ན་ཡང་དཔེ་མེད་པ་ཞེས་པ་སྟེ། རྒྱུ་གཅིག་པ་ཉིད་མེད་པའི་ཕྱིར་ན་བསྒྲུབ་བྱ་དང་བྲལ་བའི་ཕྱིར་དཔེ་ལྟར་སྣང་བའོ་ཞེས་བྱས་ནས་སོ། །ཡང་ན་འདིར་ཁྱད་པར་ཐམས་ཅད་ཕྱོགས་སུ་བྱས་པ་རྣམས་
ཏེ། དེ་ལ་དུམ་ཞོགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཡོད་པ་ལ་ཤིང་ལ་སོགས་པ་རྒྱུ་དུ་མ་ཁས་བླངས་པའི་ཕྱིར་དམ་བཅའ་བའི་དོན་དང་འགལ་བ་སྟེ། རྒྱུ་གཅིག་པ་ཉིད་སེལ་བའི་ཕྱིར་རོ། །ཁས་མི་ལེན་ན་ཡང་ཞེས་པ་གལ་ཏེ་དུམ་ཞོགས་ལ་སོགས་པ་རྣམས་ཀྱང་གཙོ་བོ་གཅིག་གི་
རྒྱུ་ཅན་ཉིད་ཀྱི་ཕྱིར་ཤིང་ལ་སོགས་པའི་རྒྱུ་ཅན་དུ་ཁས་བླངས་པ་མ་ཡིན་ནོ་ཞེ་ན། དེ་ལྟར་གྱུར་ན་དཔེ་མེད་པ་སྟེ། དུམ་ཞོགས་ལ་སོགས་རྣམས་ཀྱི་རྒྱུ་གཅིག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཅི་ཡོད་པ་སྔོན་མ་ཅན་ཉིད་དུ་ཞེས་པ། གཙོ་བོ་ཡོད་དོ་ཞེས་པའི་དམ་བཅའ་ལས་དང་དེའི་ཕྱིར་གཙོ་
བོ་ཡོད་དོ་ཞེས་པའི་མཇུག་སྡུད་ལས། ཡོད་པ་སྔོན་མ་ཅན་ཁོ་ནར་ཁྱད་པར་རྣམས་བསྒྲུབ་པར་བྱ་ཞིང་། དཔེ་མེད་པ་མ་ཡིན་ཏེ་དུམ་བུ་ལ་སོགས་པ་རྣམས་ཡོད་པ་སྔོན་མ་ཅན་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་གཅིག་ཉིད་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གཅིག་ཉིད་བསྒྲུབ་པར་
བྱ་བ་ལ་ཡང་གཙོ་བོའི་འདི་ཁོ་ན་སྒྲུབ་བྱེད་དུ་སྟོན་ཏེ། འདི་སྐད་དུ་རྣམ་པར་ལྡན་པ་ལྔ་པོ་འདི་རྣམས་ལས་གཙོ་བོའི་ཡོད་པ་ཉིད་དུ་གྲུབ་ཅིང་། འདིའི་གཅིག་ཉིད་ཀྱང་འདི་ཁོ་ན་ལས་གྲུབ་བོ་ཞེས་བརྗོད་པའི་ཕྱིར་རོ། །རྩོད་པ་མེད་ཕྱིར་ཡང་ཞེས་པས་གྲུབ་པ་བསྒྲུབ་བྱ་ཉིད་གསུངས་སོ། །
ཅི་ལྟར་ན་རྩོད་པ་མེད་ཅེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །གཞན་རྣམས་ནི་ཞེས་པ། ཇི་སྐད་བཤད་པའི་སྐྱོན་ཡོངས་སུ་སྤང་བའི་ཆེད་དུ་ཕྱོགས་གཞན་ལ་བརྟེན་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱི་རིགས་རྗེས་སུ་འགྲོ་བས་ཁྱད་པར་རྣམས་གཙོ་བོ་དེའི་རིགས་
เล่ม ๑๙๓ · หน้า 196a
ཅན་ཉིད་དུ་སྟེ། བདེ་བ་ལ་སོགས་པ་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱ་བའོ་ཞེས་ཏེ། ཇི་ལྟར་དུམ་བུ་ལ་སོགས་པ་རྣམས་ལ་ཙནྡན་ལ་སོགས་པའི་རིགས་རྗེས་སུ་འགྲོ་བ་ཡོད་ན། དེའི་རྒྱུ་ཅན་རྣམས་ཙནྡན་ལ་སོགས་པའི་རིགས་ཅན་ཉིད་ཡིན་པ་དེ་ལྟར་ཁྱད་པར་རྣམས་
ལ་བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བ་ན། དེའི་རྒྱུ་ཅན་བདེ་བ་ལ་སོགས་པ་ལས་བྱུང་བའོ་ཞེས་པའོ། །དེ་ལྟར་ནི་གང་གང་གི་རང་བཞིན་རྣམས་ཀྱིས་བརྩམས་པ་དེ་ནི་དེའི་རང་བཞིན་ཁོ་ནར་འགྱུར་རོ། །ཤེས་པའི་བསྟན་བཅོས་ནི་འབྲས་བུ་དང་རྒྱུ་དག་རང་བཞིན་གཅིག་ཉིད་དུ་རྟོགས་པར་བྱེད་
པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། གང་ཞིག་གང་གི་རིགས་དང་ལྡན་པ་དེ་ནི་དེའི་རང་བཞིན་གྱི་རྒྱུ་ཅན་ཡིན་ཏེ། དུམ་བུ་ལ་སོགས་པ་བཞིན། ཁྱད་པར་རྣམས་ཀྱང་བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་ཡིན་ནོ་ཞེས་པ་འབྲས་བུའི་གཟུགས་བརྙན་ནོ། །དེ་ཡང་མ་ཡིན་ཏེ། རིགས་
དུ་མའི་རྗེས་སུ་འགྲོ་བའི་ཕྱིར་རོ་ཞེས་པ་མིག་དང་རྣ་བ་དང་གཟུགས་དང་སྒྲ་ནང་གི་བདག་ཉིད་ལ་སོགས་པའི་རིགས་དང་ལྡན་པའི་ཁྱད་པར་རྣམས་ཀྱང་ཡོད་དོ། །དེ་རྣམས་ཀྱི་རྒྱུ་ནི་དེའི་རང་བཞིན་མ་ཡིན་ནོ་ཞེས་པ་དེས་ངེས་པའོ། །ཐམས་ཅད་ལ་རྗེས་སུ་འགྲོ་བར་བསྒྲུབ་པར་བྱའོ་ཞེ་ན་ཞེས་པ། སྣ་
ཚོགས་པའི་ངོ་བོའི་འབྲས་བུ་སྐྱེད་པ་མཐོང་བའི་ཕྱིར་གཙོ་བོ་ནི་ཐམས་ཅད་ཀྱི་བདག་ཉིད་ཉིད་དུ་འདོད་པ་ཁོ་ནའོ། །དེའི་ཕྱིར་འདིར་བདེ་བ་ལ་སོགས་པའི་རིགས་ཅན་ཙམ་བསྒྲུབ་པར་བྱ་བ་མ་ཡིན་གྱི་འོན་ཀྱང་ཇི་སྙེད་ཅིག་རིགས་དང་ལྡན་པའི་ཁྱད་པར་རྣམས་ཡིན་པ་དེ་སྙེད་པའི་རིགས་ཅན་ཉིད་དུ་
བསྒྲུབ་པར་བྱའོ་ཞེས་པས་མ་ངེས་པ་མ་ཡིན་ནོ། །མ་ཡིན་ཏེ་དཔེ་མེད་པའི་ཕྱིར་རོ་ཞེས་པ། ཐམས་ཅད་ཀྱི་རིགས་དང་ལྡན་པའི་ཁྱད་པར་གྱི་རྒྱུ་བསྒྲུབ་པར་བྱ་བ་ཡིན་ན། དུམ་བུ་ལ་སོགས་པ་རྣམས་བསྒྲུབ་བྱ་དང་བྲལ་བ་ཉིད་དོ་ཞེས་པས་དཔེ་མེད་པའོ། །འདིར་འགྱུར་མོད། གང་ཞིག་གང་
རྗེས་སུ་སོང་བ་དེ་ནི་དེའི་རིགས་ཅན་གྱི་རྒྱུ་ཅན་ཡིན་ཏེ། དུམ་བུ་ལ་སོགས་པ་བཞིན་ཞེས་སྤྱིར་རྗེས་སུ་འགྲོ་བ་སྟོན་པ་ན་དུམ་བུ་ལ་སོགས་པ་དཔེར་རིགས་པ་ཁོ་ནའོ་ཞེ་ན། གསུངས་པ། རགས་པ་དང་མི་རྟག་པ་དང་འབྲས་བུ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བའི་ཕྱིར་ཡང་ཞེས་པ། རགས་པ་དང་
เล่ม ๑๙๓ · หน้า 196b
མི་རྟག་པ་དང་འབྲས་བུ་ཉིད་ལ་སོགས་པ་རྗེས་སུ་འགྲོ་བ་ཁྱད་པར་རྣམས་ལ་དམིགས་སོ་ཞེས་པས་དེའི་བདག་ཉིད་ཉིད་དུ་ཡང་གཙོ་བོ་བསྒྲུབ་པར་བྱ་བར་འགྱུར་རོ། །སོགས་པ་སྨོས་པ་ལས་གསལ་བ་ཉིད་དང་མངོན་སུམ་ཉིད་ལ་སོགས་པ་རྣམས་ཡོངས་སུ་གཟུང་ངོ་། །དེ་རྣམས་དེའི་རྣམ་
པར་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་ལྡན་པ་གཞན་རྣམས་ལ་ཡང་མ་འབྲེལ་བའི་ཕྱིར་རོ་ཞེས་པ། རྣམ་པར་ལྡན་པ་གཞན་རྣམས་ལ་སྟེ་ཚད་དང་། སྣ་ཚོགས་པའི་གཟུགས་ཉིད་དང་འབྲས་བུ་དང་རྒྱུའི་དངོས་པོ་དང་ནུས་པས་འཇུག་པའི་བདག་ཉིད་རྣམས་ལའོ། །གང་ཁྱད་
པར་གྱི་ཆོས་གཏན་ཚིགས་ཉིད་དུ་ཉེ་བར་བླངས་པ་དེ་རྗེས་སུ་འགྲོ་བ་གཙོ་བོ་མི་རུང་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །གཙོ་བོ་ལ་བཅུ་དྲུག་ལ་སོགས་པའི་ཚད་འཐད་པ་མ་ཡིན་ཏེ། གཅིག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །སྣ་ཚོགས་པའི་གཟུགས་ཀྱང་མ་ཡིན་ཏེ། དེ་གཟུགས་མེད་པ་ཉིད་
ཀྱི་ཕྱིར་དང་གཅིག་ཉིད་ཀྱི་ཕྱིར་རོ། །འབྲས་བུ་ཉིད་ཀྱང་མ་ཡིན་ཏེ། རྒྱུ་ཉིད་ཀྱི་ཕྱིར་རོ། །ནུས་པའི་འཇུག་པ་ཡང་མ་ཡིན་ཏེ་ཐོག་མ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ལྡན་པ་གཞན་ཕྱི་མ་རྣམས་ལ་བསྒྲུབ་བྱ་མི་རིགས་པའི་ཕྱིར་འདི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གང་ལས་ཐ་དད་
དུ་ཉེ་བར་ལེན་པ་འདི་དག་གི་གཞུང་ཐ་དད་པ་ཅི་ལྟར་ཡིན་ཞེ་ན། བསྟན་བཅོས་ཅན་དང་བསྟན་བཅོས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རགས་པ་ལ་སོགས་པ་རྣམས་ནི་བསྟན་བཅོས་ཅན་མ་ཡིན་པའོ། །ཚད་ལ་སོགས་པ་རྣམས་ནི་བསྟན་བཅོས་ཅན་ཉིད་ཀྱི་ཕྱིར་ཐ་དད་དུ་ཉེ་བར་བླངས་པའོ། །
རིགས་གཅིག་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་པ། བདེ་བ་ལ་སོགས་པ་རྣམས་སེམས་པ་ཅན་ཉིད་ཀྱི་ཕྱིར། དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་རྗེས་སུ་འགྲོ་བ་ཁྱད་པར་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །འོ་ན་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་པོ་རྣམས་ནི་བདེ་བ་དང་སྡུག་
བསྔལ་དང་རྨོངས་པ་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་ཏེ། ཅི་ལས་ལྔ་རྣམས་དང་ལྔ་པོ་རྣམས་ལ་འབྲས་བུ་གཅིག་པ་མེད་པའི་ཕྱིར་རོ་ཞེས་པའི་བསྟན་བཅོས་ལས་གཏན་ཚིགས་སུ་ཡང་དག་པར་བཞག་པ་ཁོ་ན་ནི་མ་གྲུབ་པ་ཉིད་དོ། །དེ་ལྟར་ནི་འདིས་གང་འབྲས་བུ་གཅིག་པ་དེ་ནི་
เล่ม ๑๙๓ · หน้า 197a
རིགས་གཅིག་རྗེས་སུ་སོང་བ་ཅན་ཡིན་ཏེ། དུམ་བུ་ལ་སོགས་པ་བཞིན་སྒྲ་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་བསལ་བར་བྱས་སོ། །དེའི་ཕྱིར་མ་གྲུབ་པ་ཉིད་མེད་དོ་ཞེ་ན་གསུངས་པ། གང་གི་ཕྱིར་འབྲས་བུ་གཅིག་པ་ཞེས་པ་ལ་སོགས་པའོ། །
དེ་རྣམས་ཀྱི་སྒྲ་ལ་སོགས་པ་འབྲས་བུ་ཐ་མི་དད་པའོ་ཞེས་པ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཕན་ཚུན་ཕན་འདོགས་པའི་དངོས་པོར་འཇུག་པ་རྣམས་ནི་སྒྲ་ལ་སོགས་པའི་བདག་ཉིད་དུ་རྣམ་པར་གཞག་གོ་ཞེས་པས། སྒྲ་ལ་སོགས་པ་འབྲས་བུ་གཅིག་པར་བརྗོད་དོ། །སྙིང་སྟོབས་ལ་
སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་ཡོད་པ་ཡང་མ་ཡིན་ཏེ། ཤིན་ཏུ་ཐ་དད་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་མིག་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་མེད་ན་ཡང་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་
གཅིག་ཡིན་ཏེ། དེའི་ཕྱིར་ཡང་མ་ངེས་པའི་ཕྱིར་ན་རིགས་གཅིག་རྗེས་སུ་འགྲོ་བ་མ་གྲུབ་པའོ། །ཉེ་བར་ལེན་པ་ལས་དེ་རྟོགས་སོ་ཞེས་པ་རྒྱུ་ནི་རྣམ་པ་གཉིས་ཏེ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་མ་ཡིན་པས་སོ། །དེ་ལ་ཉེ་བར་ལེན་པ་ནི་གང་ཐུན་མོང་མ་ཡིན་པ་སྟེ། གང་འབྲས་བུའི་བདག་
ཉིད་ཀྱིས་རྣམ་པར་གནས་པ་དཔེར་ན། མྱུ་གུའི་ས་བོན་དང་བུམ་པའི་སའི་རྫས་ལྟ་བུའོ། །ཅིག་ཤོས་ཕན་འདོགས་པར་བྱེད་པ་ནི་ཉེ་བར་ལན་པ་མ་ཡིན་པ་སྟེ། དཔེར་ན་མྱུ་གུའི་ཆུ་ལ་སོགས་པ་དང་། བུམ་པའི་དབྱུག་པ་དང་སྐུད་པ་ལ་སོགས་པ་ལྟ་བུའོ། །གང་གང་གིས་ཉེ་བར་ལེན་པ་ཡིན་པ་
དེ་ནི་འབྲས་བུའི་ཆོས་དང་འབྲེལ་གྱི། ཅིག་ཤོས་མ་ཡིན་ཏེ། དཔེར་ན་སའི་རང་བཞིན་ཉིད་ལ་སོགས་པ་བུམ་པའི་ཆོས་དང་སའི་གོང་བུ་ཡིན་གྱི། སྐུད་པ་ལ་སོགས་པ་མ་ཡིན་པ་བཞིན་ནོ། །གང་གི་བྱེད་པ་ཁོ་ན་ཡང་རབ་ཏུ་དང་བ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུའོ། །དེ་ལྟར་ནི་དེ་རྣམས་མཚོ་
འཁྱིལ་བ་ལས་ཆུའི་རླབས་བཞིན་དུ་དེ་ལས་ཡོངས་སུ་འཇུག་པས་སོ། །དེའི་ཕྱིར་དེ་ཁོ་ན་རབ་ཏུ་དང་བ་ལ་སོགས་པའི་ཆོས་བདེ་བ་ལ་སོགས་པའི་རང་བཞིན་ཉིད་དང་འབྲེལ་བར་རིགས་ཀྱི་སྒྲ་ལ་སོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ་ཡང་ཅི་ལྟར་ན་
เล่ม ๑๙๓ · หน้า 197b
སྐྱེས་བུ་ན་ཡང་ཡོན་ཏན་གསུམ་རྗེས་སུ་དཔོག་པར་ཐལ་བར་འགྱུར་ཞེ་ན་གསུངས་པ། དེའི་རྣམ་པར་ཤེས་པ་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེས་བུ་ནི་སྐྱེས་བུའི་དེ་ཉིད་རིགས་པ་ཐེ་ཚོམ་དང་ཕྱིན་ཅི་ལོག་ལ་སོགས་པ་རྣམས་ཀྱི་ཡང་ནང་གི་བྱེད་པ་ཡིན་ན། རབ་ཏུ་དང་བ་ལ་སོགས་པའི་འབྲས་བུའི་རྒྱུར་
གྱུར་པ་ཡིན་ཡང་། རབ་ཏུ་དང་བ་ལ་སོགས་པའི་འབྲས་བུའི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བར་འདོད་པ་ནི་མ་ཡིན་ཏེ། དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ཀྱང་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར། བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་མ་ཡིན་ནོ་
ཞེས་རྟོགས་པར་བྱའོ། །ཁས་མི་ལེན་ན་ཡང་སྐྱེས་བུ་ཡང་བདེ་བ་ལ་སོགས་པའི་རིགས་དང་ལྡན་པ་འཐོབ་བོ། །དེ་འདིས་ནི་སྒྲ་ལ་སོགས་པ་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བར་བསྒྲུབ་པར་བྱ་བ་ལ། འབྲས་བུ་གཅིག་པ་ཉིད་ཀྱི་གཏན་ཚིགས་ནི། སྐྱེས་བུས་མ་ངེས་པར་བསྟན་ཏོ། །
ཅི་སྟེ་ཡང་ཞེས་པ་ལ་སོགས་པས་གང་བརྗོད་ཟིན་པ་ཉེ་བར་ལེན་ལ། དེ་རྟོགས་སོ་ཞེས་པ་དེའི་རྗེས་སུ་ཡི་རང་བར་བྱེད་དོ། །ཕྱི་རོལ་ཁོ་ནའི་སྒྲ་ལ་སོགས་པའི་རྒྱུ་ལ་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་འདོད་དེ། ནང་གི་བྱེད་པ་ལ་ནི་མ་ཡིན་ནོ། །དེ་ནི་དཔེར་ན་མེའི་ཡོན་ཏན་དྲོ་བ་ཉིད་ནི་ཆུ་འམ་
ལུས་ལ་གསལ་བ་དེ་ལྟར་སྒྲ་ལ་སོན་པ་ཁོ་ནའི་འབྲས་བུ་ཡིད་ལ་གསལ་ལོ་ཞེས་པ་སྒྲ་ལ་སོགས་པ་རྣམས་ཀྱི་ཉེ་བར་ལེན་པ་ཉིད་ཡོད་དོ། །དེ་ལྟར་རབ་ཏུ་དང་བ་ལ་སོགས་པ་ཉེ་བར་ལེན་པ་ཉིད་ཀྱི་རྒྱུ་གཞན་ནི་ཉེ་བར་ལེན་པ་ཡིན་པའི་ཕྱིར་སྐྱེས་བུས་མ་ངེས་པ་མེད་དོ། །འདི་རབ་ཏུ་དང་བ་ལ་
སོགས་པའི་ཉེ་བར་ལེན་པ་ནི་མ་ཡིན་ཞེས་སེམས་པའོ། །གལ་ཏེ་ཐ་མི་དད་པར་ཞེས་པ། གང་ཁོ་ན་ལ་སྒྲ་ལ་རྣ་བའི་འཇུག་པས་འཛིན་པ་དེ་ཁོ་ན་གལ་ཏེ་རེག་པ་ལ་སོགས་པ་རྣམས་ལ་ཡང་པགས་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་ཡིན་ན། དེ་ལས་རང་གི་ཡུལ་ལས་འཇུག་པ་ཉམས་
ཏེ། རྣ་བ་ལ་སོགས་པའི་འཇུག་པ་ལྔ་པོ་རྣམས་ཀྱི་ཡང་། རབ་ཏུ་དང་བ་ལ་སོགས་པ་འབྲས་བུ་གཅིག་གི་ཡུལ་ཅན་ཉིད་ཀྱི་ཕྱིར་ཞེས་པ་ཁས་བླངས་པ་ཉམས་སོ། །ཅི་སྟེ་ཐ་དད་ན་ཞེས་པ་ལ་སོགས་པ། གང་སྒྲ་ལ་རྣ་བའི་འཇུག་པས་གཟུང་ཞིང་། དེ་ལས་གཞན་པ་ཁོ་ན་རེག་པ་ལ་
เล่ม ๑๙๓ · หน้า 198a
སོགས་པ་རྣམས་ལ་པགས་པ་ལ་སོགས་པའི་འཇུག་པ་རྣམས་ཀྱིས་སོ། །དེ་ལྟར་གྱུར་ན་གཅིག་གི་རིགས་ཅན་དུ་རྗེས་སུ་དཔག་པ་ལ་གནོད་དེ། འབྲས་བུ་གཅིག་པ་ཉིད་མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་དེ་རྣམས་ངོ་བོ་ཐ་དད་པ་ཁོ་ན་སྟེ། སྒྲ་ལ་སོགས་པ་བཞིན་
དབང་པོ་ཐ་དད་པའི་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ཐ་མི་དད་ཀྱི་བརྗོད་པར་བྱ་བ་ཡོད་ན་ཡང་ངོ་། །དེ་ལྟར་འགྱུར་མོད། སྒྲ་ལ་སོགས་པ་རྣམས་རྣ་བ་ལ་སོགས་པའི་འཇུག་པས་གཟུང་བྱ་རྣམས་ཏེ། རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཀྱི་འཇུག་པ་ཡིད་ཀྱིས་བྱིན་གྱིས་བརླབས་
པ་སྒྲ་དང་རིག་པ་དང་གཟུགས་དང་རོ་དང་དྲི་རྣམས་རིམ་པ་ཇི་ལྟ་བར་འཛིན་པ་ལ་འཇུག་པ་ལ་ནི་མངོན་སུམ་མོ་ཞེས་པའི་བསྟན་བཅོས་ལས་ཏེ། དེས་ན་རབ་ཏུ་དང་བ་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་དཔྱོད་པ་འདི་མི་རིགས་པ་ཁོ་ནའོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་
པ་སྟེ། གང་ཞིག་གང་ཚོགས་པ་ལ་གདགས་པར་བྱ་བ་དེ་ནི་དེའི་འབྲས་བུ་མ་ཡིན་ཏེ། དཔེར་ན་སའི་རྣམ་པ་ལ་སོགས་པ་བཞིན། སྒྲ་ལ་སོགས་པ་ཡང་རབ་ཏུ་དང་བ་ལ་སོགས་པ་ཚོགས་པ་ལ་གདགས་པར་བྱ་བའི་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །རྣམ་པ་ལ་སོགས་པ་རྣམས་
ནི་རྣམ་པ་དང་ལྕི་བ་ཉིད་དང་རྩུབ་པ་ཉིད་དང་། སྒྲིབ་བྱེད་དང་། བརྟན་པ་ཉིད་དང་། གཏན་པ་ཉིད་དང་། གནས་པ་དང་། འབྱེད་པ་དང་བཟོད་པ་དང་ནག་པ་ཉིད་དང་ལུས་དང་ཐམས་ཅད་སྤྱད་པར་བྱ་བ་ཉིད་ཅེས་པ་འདི་རྣམས་ནི་ས་ལས་བྱུང་བའི་ཆོས་རྣམས་སོ། །དེའི་ཁྱད་པར་ཅན་དེ་ལྟ་བུ་གཞན་རྣམས་
ནི་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁྱབ་བྱེད་རྣམས་སུ་དེ་རྣམས་རྟོགས་པར་བྱའོ་ཞེས་པ་འདི་རྣམས་རིག་པར་བྱའོ། །དེ་འདིས་འབྲས་བུ་གཅིག་པ་ཉིད་དང་རབ་ཏུ་དང་བ་ལ་སོགས་པའི་ཉེ་བར་ལེན་པ་ཉིད་ཀྱི་མ་གྲུབ་པ་ཉིད་གསུངས་སོ། །གལ་ཏེ་རྗེས་སུ་དཔག་པ་འདི་ལས་ཞེས་པ། གང་འདི་
འབྲས་བུ་གཅིག་པའི་དངོས་པོའི་མཚན་ཉིད་ཉེ་བར་བཀོད་པ་ནི། རིགས་གཅིག་ཁོ་ནས་ཞེས་པ་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་བདག་ཉིད་ཀྱིས་སོ། །སྣ་ཚོགས་པའི་རང་བཞིན་འགལ་ལོ་ཞེས་པ་མཐའ་ཡས་པའི་རིགས་ལ་གནོད་དོ་ཞེས་པའི་དོན་ཏོ། །མཐའ་ཡས་པའི་རིགས་
เล่ม ๑๙๓ · หน้า 198b
རྗེས་སུ་འགྲོ་བ་ནི་སྣ་ཚོགས་པའི་ངོ་བོ་ཉིད་དེ། དེ་ཡང་རིགས་གཅིག་ཁོ་ནས་རྗེས་སུ་འགྲོ་བ་ལ་སྲིད་པ་མ་ཡིན་ནོ། །ཅི་སྟེ་ངེས་པར་མི་འཛིན་ན་སྟེ། གཅིག་ཁོ་ནས་ཞེས་པར་རོ། །རྗེས་སུ་འགྲོ་བ་ལས་སྣ་ཚོགས་པའི་ངོ་བོ་ཉིད་ཀྱི་རྣམ་པར་ལྡན་པ་གཞན་མེད་དོ། །དེ་ལྟར་གལ་ཏེ་སྣ་ཚོགས་
པའི་གཟུགས་ཁོ་ན་ཞེས་ངེས་པར་མི་འཛིན་ན་སྣ་ཚོགས་པའི་ངོ་བོ་ཉིད་ལས་རྗེས་སུ་འགྲོ་བ་རྣམ་པར་ལྡན་པ་གཞན་ཉིད་དུ་མི་འགྱུར་རོ། །གཉི་གར་ཡང་ཞེས་པ་ལ་སོགས་པ། ཕན་ཚུན་དུ་ལྡོག་པ་དག་ཐ་དད་པར་འགྱུར་རོ། །ངེས་པར་མ་བཟུང་ན་ཡང་ལྡོག་པ་མི་སྲིད་དོ། །དེའི་ཕྱིར་དོན་གྱི་
གོ་བས་སམ་ཐོས་པས་ན། གཉི་ག་དག་གིས་ཉེ་བར་ལེན་པ་ལས་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཀྱི་རྣམ་པར་ལྡན་པ་གཅིག་ཁོ་ནར་འགྱུར་རོ། །སྤྱི་ནི་རྗེས་སུ་འགྲོ་བ་དང་ཁྱད་པར་ནི་སྣ་ཚོགས་པའི་ངོ་བོ་ཉིད་དེ། དེ་དག་སོ་སོར་རྣམ་པར་ལྡན་པ་གཞན་ཉིད་མི་འགྲུབ་བོ་ཞེས་པའི་དོན་ཏོ། །གང་
གི་ཕྱིར་དུ་མ་སྔོན་དུ་འགྲོ་བ་ཅན་ཁོ་ན་ཞེས་པ། མི་མཐུན་ཕྱོགས་ཁོ་ན་ལ་རིགས་གཅིག་རྗེས་སུ་འགྲོ་བ་མཐོང་ཞེས་པའི་དོན་ཏོ། །འདིར་འགྱུར་མོད་དུམ་བུ་ལ་སོགས་པ་ཤིང་ལ་སོགས་པའི་རྒྱུ་གཅིག་སྔོན་མ་ཅན་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་མཐོང་སྟེ། དེས་ན་གང་ལས་འགལ་བ་ཉིད་
ཡིན་ཞེ་ན་གསུངས་པ། དེ་ལ་ཤིང་ལ་སོགས་པ་རྣམས་ལ་གཅིག་ཉིད་གྲུབ་པ་ནི་མེད་ཅིང་། དུམ་བུ་ལ་སོགས་པ་རྣམས་དེ་སྔོན་མ་ཅན་ཉིད་ཀྱང་མ་ཡིན་ཏེ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། ཤིང་ལ་སོགས་པ་ཉེ་བར་ལེན་པའི་དངོས་པོའི་ཕྱིར་རོ། །གང་གི་ཕྱིར་དུམ་བུ་ལ་སོགས་པ་རྣམས་
ནི་ཤིང་ལ་སོགས་པའི་ཉེ་བར་ལེན་པ་ཅན་ཉིད་ཉེ་བར་གཟུང་ནས་ཤིང་ལ་སོགས་པ་ཉེ་བར་འདོགས་པའི་ཕྱིར་ཏེ། དྷ་བ་ལ་སོགས་པ་རྣམས་ཉེ་བར་གཟུང་ནས་ནགས་ཉེ་བར་འདོགས་པ་བཞིན་ནོ། །དེའི་ཕྱིར་ཤིང་ལ་སོགས་པ་རྣམས་གཅིག་ཉིད་མ་ཡིན་ཞིང་། དུམ་བུ་ལ་སོགས་པ་རྣམས་དེ་
སྔོན་མ་ཅན་ཉིད་ཀྱང་མ་ཡིན་ནོ། །ནགས་ནི་གཅིག་ཉིད་མ་ཡིན་ཞིང་། །དྷ་བ་ལ་སོགས་པ་རྣམས་དེ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་ནུས་པ་ཡང་མ་ཡིན་ནོ། །འོ་ན་འདི་ནི་མི་འགྲིག་སྟེ། །རིགས་གཅིག་རྗེས་སུ་འགྲོ་བས་རྒྱུ་དུ་མ་སྔོན་མ་ཅན་ཉིད་དུ་འབྱུང་བར་བྱའོ་ཞེས་པའི་གེགས་མེད་པའི་
เล่ม ๑๙๓ · หน้า 199a
ཕྱིར། དེ་དག་ལས་འགལ་བ་ཉིད་ཡིན་ཞེ་ན། ཇི་ལྟར་འགལ་བ་ཉིད་ཡིན་པ་དེ་ལྟར་བརྗོད་པར་བྱ་སྟེ། གལ་ཏེ་གཙོ་བོ་དུ་མ་ཉིད་དུ་མི་འགྱུར་ཞིང་། དེ་ལས་གསལ་བའི་ཐ་དད་པ་ཉིད་ཁོ་ནར་མི་འགྱུར་ན་ཕན་ཚུན་དུ་ཐ་དད་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ནི་ཐ་དད་པ་ཉིད་
དུ་ཉེ་བར་སྐྱེ་ལ། ཕན་ཚུན་ཐ་དད་པ་ཡང་གཙོ་བོ་གཅིག་ཉིད་ལ་སྲིད་པ་མ་ཡིན་ནོ། །འབྲས་བུ་དང་རྒྱུ་དག་གཅིག་ཉིད་དུ་ཁས་བླངས་པའི་ཕྱིར། ཐ་དད་པ་མེད་ནའང་ཅི་ཞིག་ལ་རིགས་གཅིག་རྗེས་སུ་འགྲོ། །དེའི་ཕྱིར་རིགས་གཅིག་རྗེས་སུ་འགྲོ་བར་འདོད་པས་དེའི་རྒྱུ་དུ་མ་ཉིད་དུ་ཁས་བླང་བར་
བྱའོ་ཞེས་པས་འགལ་བ་ཉིད་དུ་འགྱུར་རོ། །ཁས་བླངས་ནས་ཀྱང་ཞེས་པ་གལ་ཏེ་ཡང་དུམ་བུ་ལ་སོགས་པ་རྣམས་གཅིག་ཉིད་ཀྱི་ཁྱད་པར་ཅན་དང་ཤིང་ལ་སོགས་པ་སྔ་མ་ཅན་ཉིད་ཡིན་པ་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་སྟེ། གང་གི་ཕྱིར་དུམ་བུ་དང་ཐོད་པ་དང་སྣོད་སྤྱད་དང་རྒྱན་ལ་
སོགས་པ་བདེ་བ་ལ་སོགས་པའི་རིགས་རྗེས་སུ་འགྲོ་བ་རྣམས། ཤིང་དང་བུམ་པ་དང་སའི་གོང་བུ་དང་གསེར་ལ་སོགས་པའི་རིགས་དུ་མའི་རྒྱུ་སྔོན་མ་ཅན་རྣམས་ཏེ། སྔ་མར་ནི་ཤིང་ལ་སོགས་པ་རྣམས་ལ་ནི་སོ་སོར་གཅིག་ཉིད་མེད་པའི་ཕྱིར་འགལ་བ་ཉིད་དུ་བཤད་ཅིང་། ད་ལྟ་ནི་ཁས་བླངས་ནས་
ཀྱང་གཅིག་ཉིད་མཐའ་དག་གི་དུ་མ་ཉིད་ཀྱི་ཕྱིར་མ་ངེས་པ་ཉིད་དུ་བརྗོད་དོ་ཞེས་པ་ཁྱད་པར་རོ། །དཔེ་ནི་བསྒྲུབ་བྱས་དམན་པ་ཞེས་པ། ཁྱད་པར་རྣམས་ཐམས་ཅད་གཙོ་བོ་གཅིག་གི་རྒྱུ་ཅན་ཉིད་དུ་ཁས་ལེན་པ་ལ་དུམ་ཞོགས་ལ་སོགས་པ་རྣམས་ཤིང་ལ་སོགས་པ་སྔོན་མ་ཅན་ཉིད་རིགས་པ་མ་ཡིན་
ནོ། །འོ་ན་ཁྱད་པར་རྣམས་རྒྱུ་གཅིག་སྔོན་མ་ཅན་རྣམས་སོ་ཞེས་པ་ལྟོས་པ་མེད་པའི་གཙོ་བོ་ལ་སོགས་པའི་ངོ་བོ་གཅིག་གི་རྒྱུ་ཅན་ཉིད་དུ་བསྒྲུབ་པར་བྱ་སྟེ། དེས་ན་གང་ལས་དཔེ་མེད་པ་ཡིན་ཞེ་ན། འདི་ལྟར་སེམས་ཏེ། ཁྱད་པར་ལ་མི་སྙེགས་པ་ཡིན་ན་གྲུབ་པ་བསྒྲུབ་བྱ་ཉིད་ཁོ་ནར་འགྱུར་གྱི།
ཤིང་ལ་སོགས་པ་གཅིག་པ་ཉིད་འགྲུབ་པ་ནི་མ་ཡིན་ནོ། །དེས་ན་དཔེ་ལྟར་སྣང་བའི་ཞེས་པའོ། །དུམ་ཞོགས་ལ་སོགས་པ་རྣམས་ཁྱད་པར་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པའི་ཕྱིར། ཁྱད་པར་རྣམས་ཐམས་ཅད་ཀྱང་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་དཔེ་མེད་དོ། །བསྒྲུབ་པར་བྱ་བ་ཁོ་ན་དཔེར་
เล่ม ๑๙๓ · หน้า 199b
འཐད་པ་ནི་མ་ཡིན་པས་ཏེ། དེའི་ཕྱིར་ཆོས་ཅན་མ་གྲུབ་པའི་དཔེའི་སྐྱོན་ནོ། །འོ་ན་དུམ་ཞོགས་ལ་སོགས་པ་རྣམས་གྲུབ་པ་སྟེ། དེ་ཅི་ལྟར་ཆོས་ཅན་མ་གྲུབ་པ་ཡིན་ཞེ་ན། གྲུབ་པ་བདེན་མོད། གཏན་ཚིགས་ཀྱི་བསྒྲུབ་བྱ་ཉིད་དུ་ཉེ་བར་བླངས་ཏེ། གཞན་ཡོད་པ་མ་ཡིན་ནོ་ཞེས་པས་གསལ་
བ་ཁོ་ནར་ཆོས་ཅན་མ་གྲུབ་བོ། །ཅི་སྟེ་ཉེ་བར་མི་ལེན་ན། དེ་ལྟ་ན་ཡང་གཙོ་བོ་སྔོན་མ་ཅན་ཉིད་དུ་དུམ་ཞོགས་ལ་སོགས་པ་རྣམས་མི་འགྱུར་རོ་ཞེས་པས་ཡོན་ཏན་གསུམ་ཉིད་མེད་དོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཞེས་པ་ཚད་དང་འབྲས་བུ་དང་རྒྱུའི་དངོས་པོ་དང་། ནུས་པས་འཇུག་པ་རྣམས་དང་།
སྣ་ཚོགས་པའི་ངོ་བོའི་རྣམ་པར་ལྡན་པ་རྣམས་ལའོ། །དེ་ལ་ཡང་གལ་ཏེ་དངོས་སུ་གཙོ་བོ་ཡོད་པ་ཉིད་བསྒྲུབ་བྱ་ཡིན་ན། དེ་ཡང་དག་པ་མ་ཡིན་ཏེ། ཚད་མའི་ཡུལ་མི་ཤེས་པའི་ཕྱིར། སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པའི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས་སོ་ཞེས་པ་འདི་ལྟ་བུ་ལ་
སོགས་པ་སྔར་གྱི་རྗེས་སུ་འབྲང་བས་གཏན་ཚིགས་དང་དཔེ་དང་ཉེ་བར་བསྡུ་བ་རྣམས་མ་འབྲེལ་བ་ཉིད་དུ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །རིགས་པའི་སྒོའི་ཕྱོགས་ཀྱིས་ནི་མི་རིགས་པ་ཉིད་དུའོ། །མ་གྲུབ་པ་དང་འགལ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་སྐྱོན་ལས་སོ། །དེ་ལ་ཚད་ཅན་གྱི་རྣམ་
པར་ལྡན་པས་ནི་ཁྱད་པར་རྣམས་རྒྱུ་གཅིག་འདྲེས་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་སྟེ། དཔེར་ན་མྱུ་གུ་དང་འདབ་མ་དང་སྡོང་བུ་ལ་སོགས་པ་རྣམས་ནི་ཡོངས་སུ་འགྱུར་བ་དང་ལྡན་པ་ཉིད་ཀྱི་ཕྱིར་འབྲུ་གཅིག་གི་རྒྱུ་ལ་འདྲེས་པ་ཡིན་པ་དང་། ཇི་ལྟར་མེར་མེར་པོ་དང་ནར་ནར་པོ་ལ་སོགས་པ་རྣམས་
ཁུ་བ་དང་། ཁྲག་ལ་ཡིན་པ་དེ་བཞིན་དུ་ཁྱད་པར་རྣམས་ཀྱང་རྒྱུ་གཅིག་ཏུ་འགའ་ཞིག་ལ་འདྲེས་པར་འབྱུང་བར་བྱ་ཞིང་དེ་ཡང་གཙོ་བོའོ། །དེས་ན་དེ་ཡོད་དོ་ཞེས་གྲག་གོ། །འདི་ཡང་མ་གྲུབ་པ་ཉིད་དེ། ཁྱད་པར་རྣམས་ཚད་མེད་པ་ཉིད་ཀྱི་ཕྱིར་རོ། །མིག་ལ་སོགས་པ་རིགས་ཀྱིས་
ཡོངས་སུ་ཟིན་པས་ཚད་ཅན་ནོ་ཞེ་ན་མ་ཡིན་ཏེ། རིགས་ནི་ཁྱད་པར་རྣམས་ལས་གཞན་མ་ཡིན་པ་ཉིད་དུ་ཁས་ལེན་པའི་ཕྱིར་དེ་དང་ལྡན་པ་མཐའ་ཡས་པའི་ཕྱིར་རོ། །ཁས་བླངས་ནས་ཞེས་པ་ལ་སོགས་པ་འགལ་བ་ཉིད་སྔ་མ་བཞིན་ནོ། །འབྲུ་ལ་སོགས་པ་རྣམས་གཅིག་ཉིད་གྲུབ་པ་མ་
เล่ม ๑๙๓ · หน้า 200a
ཡིན་ཞིང་། མྱུ་གུ་ལ་སོགས་པ་རྣམས་དེ་ལ་འདྲེས་པ་མ་ཡིན་ཏེ། སྐྱེ་བ་ལས་སྔར་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཡོད་ན་ཡང་སྐྱེ་བར་མི་འགྱུར་ཏེ། ད་ལྟར་བ་བཞིན་ནོ། །གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཉིད་ཁས་བླངས་ནས་ཀྱང་མ་ངེས་པ་སྟེ། ས་བོན་ལ་
སོགས་པ་སྣ་ཚོགས་པ་སྔོན་མ་ཅན་འབྲུ་ལ་སོགས་པ་རྣམས་ཀྱི་འདྲེས་པ་མ་མཐོང་བའི་ཕྱིར་དང་། འབྲེལ་པ་མེད་པ་ལས་ཀྱང་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །ནུས་པའི་འཇུག་པའི་རྣམ་པར་ལྡན་པས་ཁྱད་པར་རྣམས་ནུས་པ་གཅིག་སྔོན་མ་ཅན་ཉིད་དུ་སྒྲུབ་པར་བྱེད་དེ། རྒྱུ་རྣམས་ལ་འབྲས་
བུའི་ནུས་པ་ཡོད་ན། འབྲས་བུ་འཇུག་པ་མཐོང་སྟེ། དཔེར་ན་འོ་མ་ལ་ཞོའི་ནུས་པ་ཡོད་པ་ན་ཞོ་ལྟ་བུའོ། །ཆེན་པོ་ལ་སོགས་པ་རྣམས་ཀྱི་འཇུག་པ་ཡང་ཡོད་དེ། དེའི་ཕྱིར་འཇུག་པ་ལས་སྔར་གང་ལས་ཕྱིས་ཆེན་པོ་ལ་སོགས་པ་འབྱུང་བར་འགྱུར་བ་ནུས་པ་དེ་ཡོད་དོ། །དེ་ཡང་གཙོ་བོ་
ཡིན་ནོ་ལོ། །འདིར་གལ་ཏེ་འཇུག་པ་ནི་བྱ་བའི་མཚན་ཉིད་ཅན་དུ་འདོད་ན། དེ་བདེ་བར་གཤེགས་པ་རྣམས་ཀྱི་ངོར་མ་གྲུབ་སྟེ། དངོས་པོ་ཐམས་ཅད་སྐད་ཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་ནི་ཐོག་མཐའ་དང་ལྡན་པ་ཉིད་དམ། སྐྱེ་བ་དང་འཇིག་པའི་མཚན་ཉིད་ཅན་ཡིན་
ན། དེ་ཡང་ཇི་འདྲ་བ་ཕ་རོལ་པོ་མངོན་པར་འདོད་པ་དེ་འདྲ་བར་མ་གྲུབ་པ་ཁོ་ན་སྟེ། ཕ་རོལ་པོ་ནི་སྔར་ཡོད་པ་ཁོ་ན་གསལ་བར་འགྱུར་བ་སྐྱེ་བར་འདོད་ཅིང་། རང་གི་ངོ་བོ་ལས་མ་ཉམས་པའི་བདག་ཉིད་ཁོ་ནའི་མི་གསལ་བར་འགྱུར་བ་ནི་འཇིག་པར་རོ། །འདི་ལྟ་བུའི་རྣམ་པའི་སྐྱེ་
བ་དང་འཇིག་པ་དག་བདེ་བར་གཤེགས་པ་རྣམས་ཀྱིས་ཁས་ལེན་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་མ་བྱུང་བ་འབྱུང་བ་དང་རང་གི་ངོ་བོ་ཉམས་པའི་མཚན་ཉིད་ཅན་དག་གོ། །འོ་ན་བརྗོད་པར་འདོད་པའི་ཁྱད་པར་ཅན་གྱི་སྤྱི་གྲུབ་པ་ཉིད་མ་ཡིན་ནམ་དེ་གྲུབ་པ་ན་ཁྱད་པར་རྣམ་པར་བརྟག་པས་མ་གྲུབ་
པར་རྩོད་པ་ནི་ལྟག་ཆོད་ཀྱི་ལན་ཁོ་ནའོ་ཞེ་ན། གལ་ཏེ་གཉིས་ཀ་ཡང་འདོད་པའི་དངོས་པོའི་སྤྱི་ཅུང་ཟད་པ། གང་གི་རྒྱུ་ཅན་སྐྱེ་བ་དང་མི་རྟག་པའི་སྒྲ་དག་ཡིན་པ་བྱས་པ་ཉིད་ལ་སོགས་པ་ལྟ་བུ་ཡོད་ན་ལྟག་ཆོད་ཀྱི་ལན་དུ་འགྱུར་མོད། དེ་ཡང་མེད་དོ། །གསལ་བར་འགྱུར་བ་དང་
เล่ม ๑๙๓ · หน้า 200b
མི་གསལ་བར་འགྱུར་བ་དག་ཀྱང་སྔ་མ་ཕྱིས་གནས་པའི་རང་གི་ངོ་བོ་ཅན་ལ་རིགས་པ་མ་ཡིན་ཏེ། དབུས་ཀྱི་གནས་སྐབས་བཞིན་ཞེས་པས་འཇུག་པ་མ་གྲུབ་བོ། །ཁས་བླངས་ནས་ཀྱང་འགལ་བ་ཉིད་དེ། ཆོས་གང་རྣམས་ཀྱིས་ཁྱད་པར་དུ་བྱས་པའི་གཙོ་བོ་བསྒྲུབ་བྱ་ཉིད་དུ་མངོན་པར་འདོད་པ་
དེ་དང་མཚན་ཉིད་མི་མཐུན་པ་སྔ་མ་ཁོ་ནའི་ཞོ་ལ་སོགས་པ་རྣམས་ལ་འཇུག་པ་མཐོང་བའི་ཕྱིར་རོ། །གཏན་ཚིགས་མཐུན་ཕྱོགས་ལ་ཡོད་པ་ཉིད་དུ་ཁས་བླངས་ནས་ཀྱང་མ་ངེས་པ་ཉིད་དེ། ནུས་པ་སྔོན་མ་ཅན་སྣ་ཚོགས་པའི་དངོས་པོ་རྣམས་ལ་འཇུག་པ་མཐོང་བའི་ཕྱིར་རོ། །འབྲས་བུ་དང་
རྒྱུའི་དངོས་པོས་ཁྱད་པར་རྣམས་བྱེད་པ་པོ་གཅིག་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ནི། དཔེར་ན་མལ་ཆ་དང་སྟན་དང་ཤིང་རྟ་ལ་སོགས་པ་རྣམས་འབྲས་བུ་དང་རྒྱུའི་དངོས་པོ་ཉིད་ཀྱི་ཕྱིར་བྱེད་པ་པོ་གཅིག་སྔོན་མ་ཅན་ཉིད་ཡིན་པ་དེ་ལྟར་ཆེན་པོ་ལ་སོགས་པ་རྣམས་ཀྱང་ངོ་། །གང་
བྱེད་པ་པོར་གྱུར་པའི་དངོས་པོ་གཅིག་པོ་དེ་གཙོ་བོའོ་ཞེ་ལོ། །འདི་ཡང་དེ་མ་ཐག་ཏུ་བརྗོད་པའི་ཚུལ་གྱིས་མ་གྲུབ་པ་ཉིད་དང་འགལ་བ་ཉིད་བརྗོད་པར་བྱའོ། །མ་ངེས་པ་ཉིད་དེ། བྱེད་པ་པོ་གཅིག་མ་ཡིན་པ་མལ་ཆ་དང་སྟན་ལ་སོགས་པ་རྣམས་ལ་ཡང་མཐོང་བའི་ཕྱིར་རོ། །སྣ་ཚོགས་
པའི་ངོ་བོ་ཉིད་ཀྱི་རྣམ་པར་ལྡན་པས། ཁྱད་པར་རྣམས་རྒྱུ་གཅིག་པ་རྣམ་པར་དབྱེར་མེད་པ་སྔོན་མ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ནི། ཇི་ལྟར་ཞོ་དང་སྤྲིས་མ་དང་དར་བ་ལ་སོགས་པ་སྣ་ཚོགས་པའི་ངོ་བོ་རྣམས་ནི་བྱེད་པ་པོ་འོ་མ་གཅིག་ལ་སྔར་མ་བྲལ་བར་གྱུར་པ་རྣམས་ཕྱིས་རྣམ་པར་དབྱེ་བར་
འགྱུར་བ་སྟེ། དེ་ལྟར་ཆེན་པོ་ལ་སོགས་པ་རྣམས་ཀྱང་ངོ་། །གང་དུ་འདི་རྣམས་སྔར་རྣམ་པར་དབྱེ་བ་མེད་པར་གྱུར་པ་དེ་གཙོ་བོའོ་ཞེ་ལོ། །འདི་ལ་ཡང་འགལ་བ་དང་མ་ངེས་པ་ཉིད་དག །སྔ་མའི་རྗེས་སུ་འབྲང་བས་བརྗོད་པར་བྱའོ། །ཡོངས་སུ་བའི་ལྷག་མ་ལས་བསལ་ཏེ་འོངས་པས་
གྲུབ་པ་ཞེས་པའོ། །འདི་ནི་བསལ་ཏེ་འོངས་པའི་མཚན་ཉིད་དོ། །འདིའི་བཤད་པ་ནི། ཇི་སྐད་དུ་འདི་ནི་འདི་ལས་རྣམ་པ་གཞན་དུ་སྲིད་པ་མ་ཡིན་ཏེ། འདི་ཡང་ཡོད་དོ། །དེའི་ཕྱིར་ཡོངས་སུ་བའི་ལྷག་མ་ལས་འདི་ནི་གཏན་ཚིགས་ཁོ་ནའོ་ཞེས་ངེས་པར་གཟུང་བའི་འབྲས་བུ་གྲུབ་ན་ཡང་
เล่ม ๑๙๓ · หน้า 201a
སྟོན་པ་དེའི་ཚེ་བསལ་ཏེ་འོངས་པ་ཞེས་པར་འགྱུར་རོ་ཞེས་སོ། །གཞན་གྱི་ཕྱོགས་བཀག་པས་ཞེས་པ་ལ་སོགས་པས་བསལ་ཏེ་འོངས་པའི་མཚན་ཉིད་ཀྱི་དོན་བསྡུས་ནས་སྨྲའོ། །ལོའི་སྒྲ་ནི་མི་འདོད་པ་བསལ་བར་བྱེད་པའི་དོན་ཅན་ནོ། །དགག་པའི་ཐབས་གཉིས་ཏེ་ཞེས་
པ། ལན་གཉིས་དག་གོ་ཞེས་པའི་དོན་ཏོ། །དཔེ་བརྗོད་ལ་དཔེར་རབ་ཏུ་གྲགས་སོ། །དེ་གཅོད་པའི་ཆེད་དུ་སྨྲས་པ། འཇིག་རྟེན་དཔེ་ཞེས་པའོ། །གང་འཇིག་རྟེན་ལ་རབ་ཏུ་གྲགས་པ་དང་འགལ་བའི་ཚིག་དེ་དཔེ་དང་འགལ་བ་ཡིན་ལོ། །དེ་དེ་དང་འགལ་བ་བརྗོད་པ་ཁོ་ནས་སེལ་ན་ནི་
འཇིག་རྟེན་ན་དཔེ་ཞེས་པའི་རྗེས་སུ་དཔག་པའོ་ཞེས་གཞན་རྣམས་སོ། །དོན་སྣ་ཚོགས་བལྟ་བར་བྱ་ཞིང་སྣང་བར་བྱའོ་ཞེས་པ་འཇིག་རྟེན་ནོ། །མཐའ་ནི་དངོས་པོ་ཇི་ལྟ་བ་བཞིན་གྱི་བདག་ཉིད་དེ། མཐའ་འདིར་རམ་འདིས་མཐོང་ངོ་ཞེས་པ་དཔེའོ། །བསྟན་བཅོས་ཚད་མ་ཉིད་ནི་ཁས་ལེན་པ་
སྟེ། དེ་དང་འགལ་བ་བརྗོད་པ་གང་ཡིན་པ་དེ་ཁས་བླངས་པ་ཉམས་པའོ། །གཞན་གྱི་ཕྱོགས་བཀག་པ་ཙམ་གྱིས་རང་གི་ཕྱོགས་འགྲུབ་པ་ནི་མཐོང་བ་མ་ཡིན་ནོ་ཞེས་པ། རང་གི་ཕྱོགས་ཀྱི་སྒྲུབ་བྱེད་མེད་པར་ཞེས་པ་ཙམ་གྱི་སྒྲས་གསལ་བར་བྱེད་དོ། །ཅི་ལྟར་མཐོང་བ་མེད་ཅེ་ན་གསུངས་
པ། དཔེར་ན་ཞེས་པ་ལ་སོགས་པའོ། །འོ་ན་སྔར་རྟག་པ་ཉིད་དགག་པ་མ་གཏོགས་པར་མི་རྟག་པ་ཉིད་གཞན་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ། དེ་ཅི་ལྟར་མི་རྟག་པ་ཉིད་འགྲུབ་པ་མ་ཡིན་ཞེ་ན། འདི་ནི་གཏམ་སྟེ། གང་གི་ཕྱིར་དེར་ནི་མ་ཡིན་དགག་ཁོ་ན་ལ་བརྟེན་པ་སྟེ། དེས་
ན་རྟག་པ་ཉིད་ལས་བཟློག་པའི་ཆོས་གཞན་ཁོ་ན་མི་རྟག་པ་ཉིད་དེ། བྲམ་ཟེ་མ་ཡིན་པ་ལ་སོགས་པ་བཞིན་ཡིན་གྱི། རྟག་པ་ཉིད་བཀག་པ་ཙམ་ནི་མ་ཡིན་ནོ། །གཞན་དུ་ན་རི་བོང་གི་རྭ་ལ་སོགས་པ་རྣམས་ཀྱང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལས་ཀྱང་མི་རྟག་པ་ཉིད་འདུས་
བྱས་ཀྱི་མཚན་ཉིད་དུ་མི་འགྱུར་ཏེ། འདུས་མ་བྱས་རྣམས་ལ་ཡང་ཡོད་པའི་ཕྱིར་རོ། །གནས་སྐབས་དེ་ཡང་དངོས་པོའི་རྐྱེན་གྱིས་བརྗོད་པར་བྱའོ་ཞེས་པས་འགལ་བའོ། །གང་ཡང་རྟག་པ་ཉིད་དགག་པ་མ་གཏོགས་པར་ཞེས་པ་ལ་སོགས་པ་བཤད་པ་འདི་ནི། དེས་དབེན་པའི་སྤྱི་ལ་དགོངས་
เล่ม ๑๙๓ · หน้า 201b
ནས་ཡིན་ནོ། །དེ་ལྟར་ན་སྒྲ་མི་རྟག་པ་འགྲུབ་པ་ནི་མ་ཡིན་ཏེ་ཞེས་པ། སྒྲུབ་བྱེད་ཀྱི་སྐྱོན་བརྗོད་པས་གཞན་གྱི་ཕྱོགས་བཀག་པ་ཙམ་གྱིས་སོ། །དེ་ལ་ཡང་མ་ངེས་པའི་ཕྱིར་རོ་ཞེས་པ་ངེས་བྱད་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འོ་ན་དགག་པ་ཙམ་ལས་ཀྱང་། ཆུ་ཀླུང་ཁེངས་པ་ནི་ཆར་བབ་པ་སྔོན་མ་
ཅན་ཉིད་གྲུབ་པ་མཐོང་ངོ་ཞེ་ན་གསུངས་པ། གང་ཆུ་ཀླུང་ཁེངས་པ་ནི་ཞེས་པ་ལ་སོགས་པ་སྟེ། དགག་པ་ཙམ་ལས་དེ་གྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཁྱད་པར་ཅན་གྱི་ཆུ་ཀླུང་ཁེངས་པ་ལས་ཏེ། ཁ་བ་ཞུ་བ་ལ་སོགས་པ་བཀག་པས་ཏེ་དཀར་བ་ཉིད་ལ་སོགས་པ་མེད་པས་ཆུ་ཀླུང་ཁེངས་པ་ཁྱད་པར་དུ་
བྱའོ། །གང་འདྲ་བའི་ཆུ་ཀླུང་ཁེངས་པ་ཆར་བབ་པ་མེད་ན་མི་འབྱུང་བར་མཐོང་བ། འདི་ལྟ་སྟེ་ལྦུ་བ་ཅན་དང་གྲང་བ་དང་རྙོག་པ་ཅན་དང་རྩྭ་དང་ལོ་མ་ལ་སོགས་པ་འདྲེས་པའི་ཆུ་ཅན་ཏེ། འདི་ལྟ་བུ་ནི་ཁ་བ་ཞུ་བ་ལ་མེད་ལ། ཆུ་ལོན་བཅིངས་པ་ལ་མེད་ཅིང་། སྦྲུལ་རྩེ་བ་ལ་མཐོང་བ་མེད་དེ།
དེ་རྣམས་ལ་རྣམ་པ་འདི་ལྟ་བུ་མི་སྲིད་པའི་ཕྱིར་རོ་ཞེས་པའོ། །དགག་པ་ཙམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་པ་སྨོས་པས་ལྷ་རྩེ་བ་སྔོན་མ་ཅན་ཡང་ངོ་། །ཅི་སྟེ་དེ་བཀག་པས་ཀྱང་ཆར་བབ་པ་སྔོན་མ་ཅན་ཉིད་བསྒྲུབ་ན། ལྷས་བྱིན་རྒོད་པ་སྔོན་མ་ཅན་ཡང་འགྱུར་རོ། །
འདི་ཅི་ལས་ཤེ་ན། ཁ་བ་ཞུ་བ་ལ་སོགས་པ་བཀག་པས་ཆར་བབ་པ་སྔོན་མ་ཅན་ཁོ་ན་སྟེ། ལྷས་བྱིན་རྒོད་པ་སྔོན་མ་ཅན་ཡང་མ་ཡིན་ནོ། །ཅི་སྟེ་ལྷས་བྱིན་རྒོད་པ་སྔོན་མ་ཅན་ཆུ་ཀླུང་གང་བ་མ་མཐོང་བའི་ཕྱིར། དེ་སྔོན་མ་ཅན་ཉིད་རྗེས་སུ་དཔོག་པ་མེད་ན། འོ་ན་བཀག་པ་ཙམ་ལས་རང་གི་
ཕྱོགས་འགྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཁྱད་པར་ཅན་ཆར་བབ་པ་མེད་ན་མི་འབྱུང་བའི་ཆུ་ཀླུང་གང་བ་ལས་སོ། །དེ་ནི་དེའི་ཁྱད་པར་ཅན་ཉིད་དུ་དགག་པས་ཉེ་བར་བསྟན་པར་བྱའོ་ཞེས་པ་འདི་ཙམ་ནི་དགག་པའི་ཉེ་བར་མཁོ་བའོ། །དགག་པ་གཏན་ཚིགས་ཅན་མིན་ཞེས་པ་གཏན་
ཚིགས་གཉིས་པ་ཅན་ཁོ་ན་མ་ཡིན་ནོ་ཞེས་པའི་དོན་ཏོ། །ངེས་པར་གཟུང་བས་ནི་འདིར་དགག་པར་བྱ་སྟེ། རྒྱུ་གཉིས་ཅན་ཉིད་ནི་མ་ཡིན་ནོ། །དེ་ལྟར་ནི་གསུངས་པ། དགག་པ་ནི་གཉིས་དག་ཁོ་ནས་མ་ཡིན་ཞེས་པ་ལ་སོགས་པའོ། །འཇིག་རྟེན་གྱི་སྒྲས་རྗེས་སུ་དཔག་པ་བརྗོད་ན་ནི་དེ་དང་
เล่ม ๑๙๓ · หน้า 202a
འགལ་བ་ཡོངས་སུ་གཟུང་བ་ཙམ་དུ་འགྱུར་གྱི། དགག་པའི་ཐབས་མཐའ་དག་རྣམས་ཡོངས་སུ་གཟུང་བ་ནི་མ་ཡིན་ཏེ། དེ་རྣམས་རྗེས་སུ་དཔག་པ་དང་འགལ་བ་ལས་ཐ་དད་པའི་ཕྱིར་རོ། །དེ་ལས་ཀྱང་དེ་ཁོ་ན་སྐྱོན་ཡིན་ཏེ། དགག་པ་རྒྱུ་གཉིས་ཅན་མ་ཡིན་ཞེས་
པའོ། །ཅི་སྟེ་དགག་པའི་ཐབས་མཐའ་དག་དཔེའི་སྒྲས་ཡོངས་སུ་གཟུང་བར་བྱ་ན། ཁས་བླངས་པ་ཉམས་པའི་ཚིག་དོན་མེད་པར་འགྱུར་ཏེ། དེ་ཡང་དེའི་ནང་དུ་འདུས་པའི་ཕྱིར་རོ། །སྦྱོར་བ་གཉིས་ཀྱང་རིགས་མ་ཡིན། །ཞེས་པ་བས་རྣམ་པ་གཉིས་ཀས་ཀྱང་མི་རིགས་སོ་ཞེས་པའི་
དོན་ཏོ། །གལ་ཏེ་གསལ་བ་མེད་པ་ལས་སྐྱེ་བ་ཞེས་པ། མེད་པ་ལས་ཏེ་ཡོད་པ་མ་ཡིན་པའི་རྒྱུ་ལས་ཞེས་པའི་དོན་ཏོ། །སྐྱེ་གནས་མེད་པའི་ཕྱིར་ཞེས་པ་རྒྱུ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་འདྲེ་བར་བྱེད་དེ་ཁྱད་པར་རྣམས་ཐམས་ཅད་ནུས་པའི་བདག་ཉིད་ཀྱིས་འདྲེ་བར་འགྱུར་རོ་
ཞེས་པ་སྐྱེ་གནས་ཏེ་གཙོ་བོ་ནུས་པའི་ཁྱད་པར་མཐའ་དག་གི་རྗེས་སུ་སོང་བ་སྟེ། ཁྱད་པར་ལ་རྗེས་སུ་འགྲོ་བ་བཟློག་པ་ནི་ཐ་དད་པར་ཐལ་བར་འགྱུར་བ་ལས་ཏེ་རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་བ་ལས་ཞེས་པའི་དོན་ཏོ། །འདི་ནི་ཞེས་པ་ལ་སོགས་པས་བསམ་པ་རྣམ་པ་གཉིས་པོ་དེ་
སྟོན་ཏོ། །གང་སྐྱེ་གནས་མེད་པའི་ཕྱིར་ཐ་དད་པར་ཐལ་བར་འགྱུར་རོ་ཞེས་པ་འདི་བརྗོད་པར་བྱ་བ་སྟེ། སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ཐ་དད་པར་དམིགས་ནས་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་རྟག་པ་རྣམས་མ་བྱས་པ་ཁོ་ནར་ཉེ་བར་དམིགས་ནས། སྒྲ་རྟག་པ་ཉིད་དུ་ཁས་ལེན་
ན་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་བར་བྱེད་དེ། གལ་ཏེ་སྒྲ་རྟག་པར་ཁས་ལེན་ན་མ་བྱས་པ་ཡང་འཐོབ་བོ་ཞེས་པ་དེ་བཞིན་དུ་འདིར་ཡང་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ཐ་དད་པར་ཉེ་བར་དམིགས་ནས། སྐྱེ་གནས་མེད་པ་སྔོན་མ་ཅན་ཉིད་དུ་ཁས་ལེན་ན་ཐ་དད་དེ་སྤྱི་མེད་པའི་ཁྱད་པར་
ཙམ་འཐོབ་བོ་ཞེས་པའོ། །རིགས་གཅིག་རྗེས་སུ་འགྲོ་བ་ཞེས་པ་ལ་སོགས་པ་ལ། ཇི་ལྟར་རྟག་པ་ནམ་མཁའ་ལ་སོགས་པ་རྣམས་ལ་བྱས་པ་ཉིད་མ་མཐོང་ནས། སྒྲ་རྟག་པར་ཁས་ལེན་ན་བྱས་པ་ཉིད་ལས་བཟློག་པས་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་བ་སྒྲ་ལས་བྱེད་དེ། དེ་རྣམས་
เล่ม ๑๙๓ · หน้า 202b
མ་བྱས་པར་འཐོབ་བོ་ཞེས་པ་དེ་ལྟར་འདིར་ཡང་སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་རྣམས་རྗེས་སུ་འགྲོ་བ་སྟེ་རིགས་གཅིག་རྗེས་སུ་འབྲང་བར་མ་མཐོང་ནས། སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་ཉིད་དུ་ཁས་ལེན་ན་ཐ་དད་དུ་ཐལ་བར་འགྱུར་བར་བྱེད་དེ། དེ་རྣམས་ཐ་དད་པར་འཐོབ་བོ་ཞེས་
པའོ། །དེ་ལ་རེ་ཞིག་ཅེས་པ་ལ་སོགས་པས། སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་རྣམས་མེད་པ་ཁོ་ནའི་ཕྱིར། དེ་མཐོང་བའི་སྒོས་ཐ་དད་དུ་ཐལ་བར་འགྱུར་བ་མི་འཐད་པར་སྟོན་ཏོ། །འོ་ན་སྐྱེ་གནས་སྔོན་མ་ཅན་མ་ཡིན་པར་སྐྱེས་བུ་རྣམས་འདོད་དེ། དེ་རྣམས་ཀྱང་ཐ་དད་པའོ་ཞེ་ན།
འདི་ཡོད་པ་མིན་ཏེ། སྐྱེ་གནས་སྔོན་མ་ཅན་དུ་འགྱུར་བ་མ་ཡིན་ནོ་ཞེས་པ་སྐྱེ་གནས་སྔོན་མ་ཅན་མ་ཡིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐྱེ་གནས་མེད་པ་འདི་རྣམས་ཀྱི་སྔོན་དུའོ་ཞེས་པས་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་སོ། །སྐྱེས་བུ་ནི་རྟག་པ་ཉིད་ཀྱི་ཕྱིར་སྐྱེ་གནས་སྔ་མ་མ་ཡིན་ཞིང་། སྐྱེ་གནས་
མེད་པས་སྔོན་ཅན་མིན། །ཞེས་པས་འདི་བརྩད་པར་བྱ་བ་མ་ཡིན་ནོ། །མ་ཡིན་ཞེས་པ་ལ་སོགས་པས་ནི་མ་མཐོང་བའི་སྒོ་ནས་བཟློག་པའི་ཐལ་བར་འགྱུར་བ་མི་སྲིད་པར་གསུངས་སོ། །མ་མཐོང་བ་ཙམ་གྱིས་ཞེས་པའི་ཙམ་གྱི་སྒྲ་ནི། སྐྱེ་གནས་མེད་པས་སྔོན་མ་ཅན་རྣམས་ལ་རྗེས་སུ་འགྲོ་བ་མ་
མཐོང་བ་དགག་པའི་དོན་ཏོ། །མ་མཐོང་བ་ཙམ་གྱིས་བཟློག་པ་སྒྲོ་འདོགས་པ་རིགས་པ་མ་ཡིན་ཏེ། ཐ་དད་པ་ཡང་མ་མཐོང་བའི་ཕྱིར་ན། དེ་ལས་བཟློག་པ་སྒྲོ་འདོགས་པར་ཐལ་བར་འགྱུར་ན་མི་རུང་ངོ་། །ཇི་ལྟར་སྐྱེ་གནས་མེད་པ་སྔོན་མ་ཅན་རྣམས་ལ་རྗེས་སུ་འགྲོ་བ་མ་མཐོང་བ་དག་དེ་
ལས་བཟློག་པས་ཐ་དད་པར་ཐལ་བར་འགྱུར་བ་དེ་བཞིན་དུ་ཐ་དད་པར་ཡང་མ་མཐོང་བ་ཁོ་ནའོ་ཞེས་པ་དེ་ལས་བཟློག་པས་རྗེས་སུ་འགྲོ་བར་ཐལ་བར་འགྱུར་ཏེ། གཉི་ག་ལྟར་ཡང་མ་མཐོང་བ་མཚུངས་པའི་ཕྱིར་རོ། །དེ་ལས་ཀྱང་ཁས་བླངས་པ་ཉམས་པ་སྟེ། རིགས་གཅིག་རྗེས་སུ་འགྲོ་བ་
མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཉེས་པ་འདི་མེད་དེ་ཞེས་པ་ཁས་བླངས་པ་ཉམས་པ་མ་ཡིན་ཏེ། རིགས་གཅིག་རྗེས་སུ་འགྲོ་བར་ཐལ་བར་འགྱུར་བ་ཡང་འདོད་པའི་ཕྱིར། དེ་འདོད་པ་ཉིད་དུ་སྟོན་པ་སྨྲས་པ་ཞེས་པ་ལ་སོགས་པའོ། །བསྟན་བཅོས་སུ་བཤད་པ་ཁོ་ན་སྟེ། སྐྱེ་གནས་
เล่ม ๑๙๓ · หน้า 203a
མེད་པའི་ཕྱིར་གཅིག་ཉིད་དུ་ཐལ་བར་འགྱུར་རོ་ཞེས་སོ། །ཁྱད་པར་ནི་སྤྱི་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཏེ། འཇིག་རྟེན་ན་ཁྱད་པར་རྣམས་ནི་སྤྱི་སྔོན་མ་ཅན་རྣམས་རིགས་གཅིག་པ་ཅན་དུ་མཐོང་སྟེ། འདི་ལྟ་སྟེ་འོ་མ་སྔོན་མ་ཅན་དུ་ཞོ་དང་སྤྲིས་མ་དང་དར་བ་དང་མར་ལ་སོགས་པ་
རྣམས་འགྱུར་ཞིང་། མེད་ན་འབྱུང་བ་ནི་མ་ཡིན་ནོ། །གང་སྔོན་མ་ཅན་གསལ་བའི་ཁྱད་པར་རྣམས་སུ་འགྱུར་བ་འགའ་ཞིག་ཡོད་དེ། དེའི་ཕྱིར་སྤྱི་ཙམ་འདི་གསལ་བའི་ནི་ཁྱད་པར་མེད་པའོ་ཞེས་པ་འདིར་ཐལ་བར་འགྱུར་རོ་ཞེས་པའོ། །འདི་རིགས་པར་ནི་མ་བརྗོད་དོ་ཞེས་པ། འདིར་མི་
རིགས་པ་ཉིད་ལ་གཏན་ཚིགས་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། ཐལ་བར་འགྱུར་བར་ཞེས་བྱ་བ་ནི་མི་འདོད་པ་འབེབས་པ་ཡིན་གྱི། འདོད་པ་ཁོ་ན་ནི་མ་ཡིན་ཏེ། སྒྲ་མི་རྟག་པར་སྨྲ་བ་ལ་བྱས་པ་ཉིད་དུ་ཐལ་བར་འགྱུར་བར་མི་འོས་སོ། །རྗེས་
སུ་འགྲོ་བ་ཁྱད་པར་རྣམས་ལ་འདོད་པ་མེད་པ་ཡང་མ་ཡིན་ནོ་ཞེས་པའོ། །གལ་ཏེ་མཐའ་གཅིག་ཏུ་དགག་པ་ཡིན་ནོ་ཞེ་ན་ཞེས་པ། དེ་ལྟར་འགྱུར་མོད་ཁྱད་པར་རྣམས་ལ་རིགས་གཅིག་རྗེས་སུ་འགྲོ་བ་མེད་པ་ནི་མ་ཡིན་གྱི། རིགས་གཅིག་རྗེས་སུ་འགྲོ་བ་ཁོ་ན་དགག་སྟེ། བདེ་བ་ལ་
སོགས་པའི་རིགས་རྗེས་སུ་འགྲོ་བ་ཡོད་ན། ཐ་དད་པ་ཁྱད་པར་ལ་ཡང་འདོད་པ་ཉིད་ཀྱི་ཕྱིར་རོ། །མ་ཡིན་ཏེ་དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་མ་མཐོང་བ་ཙམ་གྱིས་བཟློག་པ་སྒྲོ་འདོགས་པར་བྱེད་ན། གཅིག་ཉིད་དུ་མཐའ་གཅིག་ཏུ་ངེས་པར་ནི་རྣམ་པར་ལྡན་པ་སྐྱེ་གནས་མེད་པ་
སྔོན་མ་ཅན་རྣམས་ལ་ཡང་མ་མཐོང་ངོ་ཞེས་པས་བཟློག་པས། སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་འཐོབ་བོ་ཞེས་པ་འདི་ལྟ་ན་ཡང་མི་འདོད་པ་ལྟུང་བ་ལས་མི་གྲོལ་ལོ། །རྗེས་སུ་འགྲོ་ན་སྣ་ཚོགས་པའི་ངོ་བོ་དག་གི་ཞེས་པ་ལ་སོགས་པ་ཉེས་པ་གཞན་འགོད་དོ། །ཅི་ལྟར་ཞེ་ན་དེའི་ཕྱིར་
གསུངས་པ། དེ་ལ་མིན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་རྗེས་སུ་འགྲོ་བ་ལ་དང་སྣ་ཚོགས་པའི་ངོ་བོ་ཉིད་ལའོ། །གང་གི་ཚེ་ཡང་རྗེས་སུ་འགྲོ་བ་མཐའ་གཅིག་པ་འདོད་པ་དེའི་ཚེ་སྣ་ཚོགས་པའི་ངོ་བོའི་རྣམ་པར་ལྡན་པ་ལས་རྗེས་སུ་འགྲོ་བ་ཐ་དད་པར་འགྱུར་ཞིང་། གང་གི་
เล่ม ๑๙๓ · หน้า 203b
ཚེ་སྣ་ཚོགས་པའི་ངོ་བོ་ཉིད་མཐའ་གཅིག་པའི་འདོད་པ་དེའི་ཚེ་རྗེས་སུ་འགྲོ་བའི་རྣམ་པར་ལྡན་པ་ལས་སྣ་ཚོགས་པའི་ངོ་བོའི་རྣམ་པར་ལྡན་པ་ཐ་དད་དེ། ཕན་ཚུན་ཤིན་ཏུ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །གང་གི་ཚེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐའ་གཅིག་པ་མེད་ཅིང་། སྣ་ཚོགས་
པའི་ངོ་བོ་ཉིད་མཐའ་གཅིག་པ་མེད་པ་དེའི་ཚེ། དེ་དག་ཐ་དད་པ་མི་རིགས་པ་ཁོ་ནའོ་ཞེས་པས། སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཅན་རྣམ་པར་ལྡན་པ་གཅིག་ཁོ་ནར་ཐལ་བར་འགྱུར་རོ། །འོ་ན་ཅི་ལྟར་ན་བཟློག་པའི་ཐལ་བར་འགྱུར་བ་རིགས་ཤེ་ན་གསུངས་པ། འགྱུར་ཏེ་ཞེས་པ་ལ་སོགས་པ།
གང་ཐ་མི་དད་པ་དེ་རྣམས་སྐྱེ་གནས་མེད་པ་སྔོན་མ་ཅན་མ་ཡིན་གྱི། འོ་ན་ཅི་ཞེ་ན་རྒྱུ་གཅིག་སྔོན་མ་ཅན་རྣམས་སོ་ཞེས་པ་གང་འདི་མཐའ་གཅིག་པའི་ངེས་པ་སྟེ། དེ་ལས་བཟློག་ན་གཅིག་སྔོན་མ་ཅན་ཉིད་མེད་ན་བསལ་བ་ནི་ཐ་དད་པར་ཐལ་བར་འགྱུར་བར་རིགས་ཏེ། དཔེར་བྱས་པ་རྣམས་མི་
རྟག་པ་ཉིད་དུ་མཐའ་གཅིག་པའི་ཕྱིར། སྒྲ་ནི་མི་རྟག་པ་ཉིད་ལས་བཟློག་པ་ཡིན་ན། མ་བྱས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་ཡོངས་སུ་ལྷག་པ་བཟློག་པ་ལ་ཞེས་པ། ཇི་ལྟ་བ་བཞིན་ཉིད་དུ་བརྗོད་པ་མ་ཡིན་ནོ། །འདི་མེད་པ་ལས་སྐྱེ་བ་མིན་གྱི། ཡོངས་
སུ་ལྷག་མ་ལས་གསལ་བ་འདི་གཙོ་བོ་ཁོ་ན་ལས་སྐྱེའོ་ཞེས་པའོ། །དེ་ལྟར་ན་ཡང་ཡོངས་སུ་ལྷག་མ་ནི་རིགས་སོ་ཞེས་པའི་བསམ་པའོ། །འདི་ལྟ་ན་ཡང་ཞེས་པ་ལ་སོགས་པས། དེ་ལྟར་ཡང་། ཡོངས་སུ་ལྷག་མ་བཟློག་པ་ལ། །ཞེས་པ་འདིས་དོན་གསལ་བར་བྱེད་དེ། རིགས་
གཅིག་པ་རྣམས་གཅིག་སྔོན་མ་ཅན་ཉིད་དུ་རྗེས་སུ་དཔོག་པས་ཞེས་པས། ཐ་མི་དད་པ་རྣམས་གཅིག་སྔོན་མ་ཅན་ཉིད་དུ་མཐའ་གཅིག་པ་རྗེས་སུ་བརྗོད་དོ། །མེད་པ་སྔོན་མ་ཅན་ཉིད་ལ་སོགས་པ་ཉིད་ཅེས་པ་གཅིག་སྔོན་མ་ཅན་ཉིད་མེད་པ་གསུངས་སོ། །དེ་ལ་གཅིག་སྔོན་མ་ཅན་ཉིད་མེད་ན་ཡོངས་སུ་
བའི་ལྷག་མ་ལས་ཐ་དད་པར་ཐལ་བར་རིགས་ཏེ། དེ་ཁོ་ན་དེ་ཡོངས་སུ་བའི་ལྷག་མའི་ཡུལ་ཡིན་ཞེས་བྱས་ནས་སོ། །ཡོངས་སུ་ལྷག་མ་ལས་གཅིག་སྔོན་མ་ཅན་ཉིད་རྗེས་སུ་དཔོག་པ་མ་ཡིན་ཞེས་པ། གཏན་ཚིགས་ཀྱིས་ཕན་མི་འདོགས་པའི་ཕྱིར་རོ། །གལ་ཏེ་གསལ་བ་ནི་མེད་པ་
เล่ม ๑๙๓ · หน้า 204a
ལས་སྐྱེ་ན་སྐྱེ་གནས་མེད་པའི་ཕྱིར་ཐ་དད་པར་འགྱུར་རོ་ཞེས་བྱེད་པ་ན། རྗེས་སུ་འགྲོ་བའི་གཏན་ཚིགས་ཀྱིས་ཕན་པ་ཅི་ཡང་བྱས་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །དེ་ལས་ཡང་ཞེས་པ་ལ་སོགས་པས་ཀྱང་། རྣམ་པར་ལྡན་པ་མ་ཡིན་པ་དག་གི་ཐ་མི་དད་པར་སྟོན་ཏེ།
དེ་ལའི་སྒྲས་ནི་རྗེས་སུ་འགྲོ་བའི་བ་ལ་སྙེག་གོ། །གལ་ཏེ་གསལ་བ་ལ་ནི་མེད་པ་ལས་སྐྱེ་ན་སྐྱེ་གནས་མེད་པའི་ཕྱིར་ཐ་དད་པར་ཐལ་བར་འགྱུར་ན། ཐ་དད་པ་ཡོད་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་རིགས་གཅིག་ཡང་དག་པར་རྗེས་སུ་འགྲོ་བའོ། །དེའི་ཕྱིར་རིགས་གཅིག་རྗེས་སུ་འགྲོ་བའི་
ཕྱིར་རྒྱུ་གཅིག་སྔོན་མ་ཅན་ནི་གསལ་བའོ་ཞེས་པ་དག་གི་དོན་འདི་ནི་ཐལ་བར་འགྱུར་བ་དང་བཟློག་པས་ཉེ་བར་སྐྱེའོ། །དེའི་ཕྱིར་རྣམ་པར་ལྡན་པ་དང་བསལ་ཏེ་འོངས་པ་དག་གི་ཐ་དད་པ་མེད་དེ། གཉི་ག་ལ་ངག་གི་དོན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཡང་གང་བརྗོད་པ་འདི་
ལྟར་རྣམ་པར་ལྡན་པ་ལྔ་པོ་འདི་རྣམས་ཀྱི་གཙོ་བོ་ཡོངས་སུ་གཟུང་བ་བྱས་ནས་སླར་ཡང་བསལ་ཏེ་འོངས་པ་རྣམས་ཀྱི་བྱའོ་ཞེས་པ་འདི་མི་རིགས་སོ། །སྦྱོར་བ་ཡང་འདི་ལྟར་ཞེས་པ་ལ་སོགས་པ་སྟེ། གཙོ་བོ་སྔོན་མ་ཅན་དུ་གསལ་བ་བསྒྲུབ་པར་བྱ་ཞིང་། དེ་མི་འདོད་པ་རྣམས་ལ་མི་འདོད་
པ་འབབ་པར་ཉེ་བར་སྟོན་པས་སྦྱོར་བ་འདི་ལྟར་བྱའོ། །གལ་ཏེ་གསལ་བ་ནི་གཅིག་ལས་སྐྱེ་བ་མ་ཡིན་ན་ཞེས་པ། གང་གི་ཕྱིར་ཁྱབ་པར་བྱེད་པའི་དོན་གྱི་དངོས་པོ་མེད་ན། ཁྱབ་པར་བྱ་བ་ཟློག་པར་འགྱུར་ཏེ། འདིར་ཡང་གཅིག་སྔོན་མ་ཅན་ཉིད་ཀྱིས་རིགས་གཅིག་རྗེས་སུ་འགྲོ་བ་ལ་ཁྱབ་
སྟེ། གང་གི་ཕྱིར་རིགས་གཅིག་དང་ལྡན་པ་རྣམས་གཅིག་སྔོན་མ་ཅན་ཉིད་དུ་མཐོང་གི །མེད་པ་སྔོན་མ་ཅན་མ་ཡིན་ཞིང་དབང་ཕྱུག་ལ་སོགས་པ་སྔོན་མ་ཅན་ཉིད་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་གཅིག་ལས་སྐྱེ་བ་མ་ཡིན་ན་ནི་ཞེས་པ་འདི་ལྟར་བརྗོད་པར་བྱའོ། །འོ་ན་གལ་ཏེ་མེད་པ་ལས་
སྐྱེ་ན་ཞེས་པ་མ་ཡིན་ནམ་ཞེ་ན། ཡོད་པ་སྔོན་མ་ཅན་ཉིད་ཙམ་བསྒྲུབ་པར་བྱ་བ་ནི་མ་ཡིན་པས་སོ་ཞེས་པ་འདི་ལ་རྩོད་པ་མེད་པའི་ཕྱིར་རོ། །རིགས་གཅིག་པ་ཅན་མེད་པར་ཐལ་བར་འགྱུར་རོ་ཞེས་པ་འདིས་ཀྱང་ངོ་། །ཐ་དད་པ་སྨོས་པ་ནི་རྗེས་སུ་འགྲོ་བ་མེད་པ་ཉེ་བར་མཚོན་པའི་དོན་དུ་
เล่ม ๑๙๓ · หน้า 204b
བཤད་པར་བྱ་སྟེ། བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པའི་ཕྱིར་ཞེས་སྟོན་ཏོ། །ཡོངས་སུ་ལྷག་པ་ལས་ཀྱང་ཞེས་པ་ཐམས་ཅད་ལས་ལྷག་མ་ནི་ཡོངས་སུ་ལྷག་པའོ། །འདིར་ཐམས་ཅད་ཀྱི་ཅི་ཞེ་ན་ཟླ་བོའི་ཕྱོགས་སུའོ། །དེ་ཡང་རྣམ་པ་དུ་མ་སྟེ། ཐམས་ཅད་ཀྱི་མཐའ་གཅིག་
པ་ཅན་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པའི་དབྱེ་བ་ལས་སོ། །དེ་ཐམས་ཅད་བཀག་པས་ཡོངས་སུ་ལྷག་མ་རིགས་ཏེ། འདི་མེད་པ་ལས་སྐྱེ་བ་ཡང་མ་ཡིན། དབང་ཕྱུག་ལ་སོགས་པ་རྣམས་ལས་ཀྱང་མ་ཡིན་གྱི། ཡོངས་སུའི་ལྷག་མ་ལས་གཙོ་བོ་ཁོ་ན་ལས་སོ་ཞེས་པའོ། །གཞན་
དུ་ན་མེད་པ་ལས་སྐྱེ་བ་མ་ཡིན་ཞེས་བྱ་བ་ན། ཡོངས་སུ་ལྷག་མ་ལས་དབང་ཕྱུག་ལ་སོགས་པ་ཁོ་ན་ལས་སོ་ཞེས་པར་ཡང་འགྱུར་རོ། །ལྔ་ཉིད་མིན་པ་དང་ཞེས་པའི་དང་གི་སྒྲ་ལས་གཅིག་གསལ་བ་ན། ཡོངས་སུ་ལྷག་མ་འདི་རིགས་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། ལྔ་ཉིད་མིན་
ཞེས་གསུངས་སོ། །འདི་ནི་མིན་ཞེས་པ་ལ་སོགས་པ། འདི་ནི་མེད་པ་ལས་སྐྱེ་བ་མ་ཡིན་གྱི། ཡོངས་སུ་ལྷག་མ་ལས་གཙོ་བོ་ཁོ་ན་ལས་གསལ་བ་འདི་སྐྱེའོ་ཞེས་པ་འདི་ནི་ཡོངས་སུ་ལྷག་མའི་མཚན་ཉིད་དང་འབྲེལ་པ་མ་ཡིན་ཏེ། གང་གི་ཕྱིར་ཀུན་ནས་ལྷག་མ་ནི་ཡོངས་སུ་ལྷག་
མ་ཡིན་ཞིང་། གཙོ་བོ་ཁོ་ནའང་ཡོངས་སུ་ལྷག་མ་མ་ཡིན་ཏེ། ཕྱོགས་གཞན་སོ་སོར་བཀག་པ་མ་ཡིན་པ་རྣམས་ཀྱང་ཡོངས་སུ་ལྷག་མར་བྱ་བ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་གཞན་གྱི་ཕྱོགས་ཐམས་ཅད་རྒྱུ་ཉིད་དུ་བཀག་པར་གྱུར་པ་དེའི་ཚེ་གཙོ་བོ་ཁོ་ན་ཡོངས་སུ་ལྷག་མར་འགྱུར་རོ་
ཞེས་པས། ཡོངས་སུ་ལྷག་མ་ལས་བསལ་ཏེ་འོངས་པ་གཅིག་ཁོ་ནར་འགྱུར་གྱི་ལྔ་མ་ཡིན་ནོ། །དེ་ལྟར་འགྱུར་མོད། རྒོལ་བ་ཐམས་ཅད་བཀག་པས་ཡོངས་སུ་ལྷག་མར་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཞན་གྱི་ཕྱོགས་རེ་རེ་བཀག་པས་སོ། །དེའི་ཕྱིར་བསལ་ཏེ་འོངས་
པ་གཅིག་ཉིད་དུ་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྔ་ཉིད་ཁོ་ནར་ཏེ། སོ་སོ་བས་ཡོངས་སུ་ལྷག་མར་རྟོགས་པའི་ཕྱིར། དེ་ལྟར་ནི་འདིར་ཐ་དད་པ་མེད་པར་ཐལ་བར་འགྱུར་བ་ལ་སོགས་པ་ཐབས་ལྔ་པོ་རྣམས་ངེས་པར་བསྟན་ཏོ་ཞེ་ན། གསུངས་པ། རྒོལ་བ་གཅིག་ནི་བཀག་
เล่ม ๑๙๓ · หน้า 205a
པ་ཡིས། །ཞེས་པ་ལ་སོགས་པས་ཏེ། དེ་ལྟ་ན་ཡང་བསལ་ཏེ་འོངས་པ་རྣམས་ལྔ་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ལྷ་རྣམས་ལས་ལྷག་པའི་རྒོལ་བ་འགེགས་པའི་ཐབས་རྣམས་ཡིན་པས་སོ། །ཡང་ན་གལ་ཏེ་རྒོལ་བ་གཅིག་བཀག་པ་ན་ཡང་། ཡོངས་
སུ་ལྷག་མའི་ཐབས་སུ་འདོད་ན་བསལ་ཏེ་འོངས་པ་རྣམ་ལྔ་ཉིད་མ་ཡིན་ཏེ། རྒོལ་བ་མཐའ་ཡས་པ་རྣམས་དགག་པར་བྱ་བ་པ་ཉིད་ཀྱི་ཕྱིར་རོ། །མཐའ་ཡས་པའི་སྒྲས་འདིར་ལྔ་རྣམས་ལས་ལྷག་པ་ཉེ་བར་མཚོན་པའོ། །གཏན་ཚིགས་ལྟར་སྣང་བ་རྣམས་བསམ་པར་བྱ་སྟེ། དེ་ལས་བཟློག་པས་
གཏན་ཚིགས་གསལ་བ་ཁོང་དུ་ཆུད་པའི་དོན་དུའོ། །གང་མ་བཤད་པ་མ་གྲུབ་པའི་དབྱེ་བ་འདི་ཅི་ཡིན་ཞེ་ན་གསུངས་པ། དེ་ནི་གང་ཡང་རུང་བ་མ་གྲུབ་པ་ལ་སོགས་པའི་དབྱེ་བས་ཞེས་པ་ལ་སོགས་པའོ། །འོ་ན་མིག་གིས་གཟུང་བར་བྱ་བ་ཉིད་དང་འདྲ་བ་ལས་དེ་རྣམས་ཕྱོགས་ཆོས་
མེད་པ་ཉིད་དུ་བཤད་པ་བྱས་པ་མ་ཡིན་ནམ་ཞེ་ན། གསུངས་པ། མཚན་ཉིད་བརྗོད་པ་མེད་ན་དེ་འདྲ་བ་ཁོང་དུ་ཆུད། འོ་ན་དོན་དང་མཐུན་པའི་མིང་བསྟན་པ་ཁོ་ན་ལས། འདི་རྣམས་ཀྱི་མཚན་ཉིད་ཤེས་པ་ཡང་མ་ཡིན་ནམ་ཞེ་ན། ཁྱད་པར་ཡོངས་སུ་མི་ཤེས་པ་ལས་ནི་མ་ཡིན་ཏེ། མ་གྲུབ་
པ་ཞེས་པར་མི་ཤེས་ཏེ། ཅི་ཞིག་ཏུ་མ་གྲུབ་པ་ཞེས་སོ། །འོ་ན་སློབ་དཔོན་གྱིས་ཀྱང་མ་གྲུབ་པའི་དབྱེ་བ་བཤད་པ་མེད་པ་ཁོ་ན་མ་ཡིན་ནམ། ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་དང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་མ་གྲུབ་པ་དག་མ་བརྗོད་པའི་ཕྱིར་རོ་ཞེ་ན། སྐྱོན་འདི་
མེད་དེ། མཚན་ཉིད་བརྗོད་པ་ལས། སྤྱིར་དཔེར་བརྗོད་པ་མཐའ་དག་རྟོགས་པའི་ཕྱིར་རོ། །འོ་ན་འདིར་ཡང་གཏན་ཚིགས་ཀྱི་མཚན་ཉིད་རྟོགས་པ་ལས། གཏན་ཚིགས་ཀྱི་མཚན་ཉིད་ལས་བཟློག་པས་བདེ་བླག་ཏུ་ཤེས་པ་ཉིད་ཀྱི་ཕྱིར་མཚན་ཉིད་མ་བརྗོད་ན་ཡང་གཏན་ཚིགས་ལྟར་
སྣང་བ་ཐམས་ཅད་ཀྱི་རང་གི་ངོ་བོ་རྟོགས་པར་འགྱུར་རོ་ཞེ་ན་འདི་ཡོད་པ་མ་ཡིན་ཏེ། དེ་འདྲ་བ་མེད་ན་མི་འབྱུང་བའི་ཆོས་སྟོན་པ་གཏན་ཚིགས་སོ་ཞེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ལས་མ་གྲུབ་པ་མ་བསལ་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་ཟིན་ཏེ། མིག་གི་གཟུང་སོགས་སྒྲ་
เล่ม ๑๙๓ · หน้า 205b
ཡི་ནི། །མི་རྟག་པ་ལ་གཏན་ཚིགས་འགྱུར། །ཞེས་སོ། །གང་ཡང་འདིའི་དོན་མ་གྲུབ་བོ་ཞེས་པས་མ་གྲུབ་པའོ། །ཅི་ཞིག་ཏུ་མ་གྲུབ་ཅེ་ན། ཉེ་བ་ལས་ཕྱོགས་སུ་བྱས་པ་ཁོ་ནའི་ཆོས་ཅན་ལའོ། །དེས་ན་གང་ཡང་རུང་བ་ལ་མ་གྲུབ་པ་ལ་སོགས་པ་རྣམས་ཀྱང་གསལ་བ་བྱས་པ་ཁོ་ནའོ་
ཞེས་སེམས་པ་དེའི་གཏན་ཚིགས་ཀྱི་སྒྲ་ཁོ་ནས་གཏན་ཚིགས་རྟོགས་ཟིན་པ་ཉིད་ཀྱི་ཕྱིར། མཚན་ཉིད་བརྗོད་པའི་འབད་པ་དོན་མེད་དོ། །གང་དབྱེ་བ་མ་བཤད་པའི་འགལ་བ་མི་འཁྲུལ་བ་ཅན་དེ་ཅི་ཡིན་ཞེ་ན། གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། ཐུན་མོང་མ་ཡིན་པ་ཡང་ཡོད་ཅིང་།
གང་ལུས་ཅན་ཉིད་ལ་སོགས་པའི་མཚན་ཉིད་ཅན། འགལ་བ་མི་འཁྲུལ་བ་ཅན་ཡང་ངོ་། །འགལ་བ་གཅིག་ནི་སྤྱི་ཡིན་ནོ་ཞེས་པ་བྱེ་བྲག་པའི་སྤྱི་དབང་པོས་གཟུང་བར་བྱ་བ་རྣམས་ཡོད་དེ། དེའི་ཕྱིར་དབང་པོ་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་མི་རྟག་པའོ་ཞེས་སྒྲུབ་པར་བྱེད་པ་ལ་དེ་འགལ་བའི་
ཕྱིར་འགལ་བ་ཞེས་བརྗོད་པར་བྱའོ། །འདི་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡང་མ་ཡིན་གྱི། འོན་ཀྱང་རྟག་པ་དང་མི་རྟག་པ་རྣམས་ལ་ཐུན་མོང་དུ་བུམ་པ་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་མ་ངེས་པ་ཁོ་ནའོ། །གྲངས་ཅན་པའི་རྒྱུ་ལ་འབྲས་བུ་ཡོད་དེ། འབྱུང་བའི་ཕྱིར་རོ་ཞེས་
པ་འབྱུང་བ་ནི་ཡོད་པ་ཉིད་དང་འགལ་བའོ་ཞེས་པས་དམ་བཅའི་དོན་སེལ་བའི་ཕྱིར་འགལ་བ་གཉིས་པའོ་ལོ། །འདི་ཡང་མ་གྲུབ་པ་དང་ཐུན་མོང་མིན་པར་འགྱུར་རོ། །ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འབྲས་བུ་ནི་སྐྱེ་བ་ལས་སྔར་ཐམས་ཅད་ཡོད་པ་ཉིད་དུ་བསྒྲུབ་
པར་བྱ་སྟེ། སྐྱེས་ཟིན་པ་ཡོད་པ་ཉིད་ལ་ནི་རྩོད་པ་མེད་པའི་ཕྱིར་རོ། །སྐྱེ་བ་ལས་སྔར་འབྱུང་བ་ནི་མི་རིགས་ཏེ། གང་ལས་འབྱུང་བ་ནི་ཡོད་པ་འབྱུང་བ་ཁོ་ན་ཡིན་པའོ། །འབྱུང་བ་ནི་འདིར་འབྱུང་བ་རྗོད་པར་འདོད་པའོ་ཞེ་ན་མ་ཡིན་ཏེ། གང་ཡོད་པ་དེ་ནི་སྐྱེས་ཟིན་པ་ཁོ་ན་སྟེ། ཅིས་ན་སྐྱེ་བ་ཡིན། སྐྱེ་བ་
ནི་བདག་ཉིད་འཐོབ་པ་ཡིན་ན། ཡོད་པ་ཉིད་ནི་བདག་ཉིད་ཀྱི་འཐོབ་པར་བྱེད་པ་ཡང་མ་ཡིན་ནོ། །སྐྱེ་བའི་ཆེད་དུ་འབྱུང་བ་དེ་ཁོ་ན་འབྱུང་བའོ། །འབྲས་བུ་རྣམས་ཐམས་ཅད་ཡོད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར། དེ་ལས་གཞན་ལ་འབྱུང་བ་མེད་པའི་ཕྱིར། ཐུན་མོང་མ་ཡིན་པ་
เล่ม ๑๙๓ · หน้า 206a
ཡིན་གྱི་འགལ་བ་མ་ཡིན་ཏེ། བཟློག་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། མ་ངེས་པ་བཞིན་ནོ། །བཟློག་པ་ཡི་ནི་རྒྱུ་མཚན་དང་། །འདོད་ལ་གནོད་པར་བྱེད་མ་བརྗོད། །ཅེས་པས་དཔེར་བརྗོད་ལས་ཀྱང་མ་ཚང་བ་ཉིད་གསུངས་སོ། །འདོད་པར་འགྱུར་ཏེ་འདི་
རྣམས་ཀྱི་ནང་ཁོ་ནར་འདི་དག་འདུས་བྱས་པར་འགྱུར་རོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་ཀྱི། དེ་དག་གཏན་ཚིགས་ལྟར་སྣང་བར་འགྱུར་བ་མ་ཡིན་པ་ཁོ་ནའོ་ཞེ་ན། གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདི་ཁོ་ན་ལ་གཏན་ཚིགས་གསུངས་
པ། བཟློག་པ་དང་གནོད་པའི་གཏན་ཚིགས་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ལ་མ་ངེས་པ་ནི་འཁྲུལ་པ་དང་བཅས་པའོ་ཞེས་པ་འཁྲུལ་པ་དང་ལྷན་ཅིག་པ་ནི་འཁྲུལ་པ་དང་བཅས་པའོ། །འཁྲུལ་པ་ནི་གཞན་ལ་ཡོད་པ་སྟེ། གཅིག་ལ་གནས་པ་མ་ཡིན་པ་ཉིད་ཅེས་པའི་དོན་ཏོ། །དེ་
ཡང་མ་ངེས་པ་ལ་ཡོད་དེ། དེའི་ཕྱིར་འདི་ནི་འཁྲུལ་པ་དང་བཅས་པའོ། །འདི་ནི་ཞེས་པ་ལ་སོགས་པ་སྟེ། ཁྱད་པར་མེད་པར་ནི་སྤྱིར་བརྗོད་པ་ཉིད་ལས་མ་ངེས་པའི་སྒྲ་ནི་ཁྱད་པར་ལ་གནས་པ་འཐོབ་པ་མ་ཡིན་ཏེ། དེ་ལས་ཀྱང་གཏན་ཚིགས་ཀྱང་མ་ངེས་པར་འགྱུར་རོ་ཞེས་པ་དགོངས་པའོ། །
དེ་ལྟར་ནི་དེར་ཡང་ཕྱོགས་ལས་གཞན་ལའང་འཇུག་སྟེ། མཐའ་གཅིག་ཏུ་ཕྱོགས་ཁོ་ན་ལ་མ་ཡིན་ནོ། །དེས་ན་ཁྱད་པར་དུ་བྱས་ནས་བརྗོད་པར་བྱའོ། །འོ་ན་སྤྱིའི་སྒྲ་ཡང་ཁྱད་པར་ལ་གནས་པ་མཐོང་སྟེ། དཔེར་ན་འགའ་ཞིག་འོངས་སོ་ཞེས་པ་བཞིན། དེའི་ཕྱིར་སྤྱིའི་སྒྲ་འདི་ཡང་ཁྱད་པར་ལ་
གནས་པར་འགྱུར་ཏེ། དེས་ན་བསྒྲུབ་བྱའི་རིགས་ཁོ་ན་ལ་འཇུག་པ་མ་ཡིན་པ་དེ་ཁོ་ན་མ་ངེས་པའོ་ཞེས་རྟོགས་པར་བྱའོ་ཞེ་ན། གསུངས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ཉིད་ལ་དཔེ་གསུངས་པ། གཉིས་ཀ་ལྟར་ན་ཞེས་པ་ལ་སོགས་པའོ། །གཉིས་ཀྱི་སྒྲས་ནི་སྤྱིར་བརྗོད་པ་ཡང་
འགལ་བ་ཅན་དང་མི་འགལ་བ་ཅན་ཉིད་དོ། །ཡོན་ཏན་གྱི་འབྲས་བུས་སྐབས་སུ་བྱས་པ་གང་ཞིག་ཤེས་པར་བྱེད་དེ། སྐབས་ཀྱི་སྟོབས་ལས་སོ། །དེ་ཁོ་ན་སོ་སོའི་ཁྱད་པར་ལ་གནས་ཏེ། འབྲས་བུའི་འགལ་བ་ཅན་དང་མི་འགལ་བ་ཅན་ནོ་ཞེས་པའོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པས་
เล่ม ๑๙๓ · หน้า 206b
ནི་སྤྱིའི་སྒྲ་ཉིད་ལ་གནོད་པར་བྱེད་དོ། །གང་མ་ཡིན་པ་དགག་པས་མ་ངེས་པ་ཉིད་དུ་རིག་པར་བྱ་བ་ངེས་པ་ཉིད་ཅི་ཡིན་ཞེ་ན། བཤད་པ་གང་ཞིག་ཅེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བ་དང་སོ་སོར་ཉེ་བ་ཉིད་ཀྱི་ཕྱིར་རྟག་ཏུ་བ་ཉིད་ལས་བསྒྲུབ་པར་བྱ་བའི་རིགས་ཁོ་ན་ལ་གང་འཇུག་པ་
དེ་ནི་ངེས་པ་ཉིད་དེ། དེ་དགག་པས་མ་ངེས་པ་ཉིད་ཁྱད་པར་དུ་བྱས་པ་ཁོ་ན་རྟོགས་པར་བྱའོ་ཞེས་སེམས་སོ། །དེ་ལྟ་ན་ཡང་ཁྱད་པར་དུ་བྱས་པ་མ་ཡིན་ཏེ་ཞེས་པས། རྣམ་པར་རྟོག་པ་འདི་ལ་ཡང་། །འདི་ཁྱད་པར་གྱི་སྒྲ་མ་ཡིན་པ་ཁོ་ནའོ་ཞེས་སྟོན་ཏོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ལྟར་ནི་ཞེས་
པ་ལ་སོགས་པའོ། །གང་ཞིག་བསྒྲུབ་པར་བྱ་བའི་རིགས་ཁོ་ན་ལ་འཇུག་པ་དེ་ངེས་པ་ཉིད་དོ། །འདི་ལས་དོན་གྱིས་རྟོགས་པར་བྱ་སྟེ། གང་གི་བསྒྲུབ་བྱ་མེད་པའམ། དེ་ལས་གཞན་པའམ། དེ་དང་འགལ་བ་ལ་འཇུག་པ་མ་ངེས་པ་ཉིད་དོ་ཞེས་སོ། །དེ་ལས་ཀྱང་ཇི་སྲིད་བསྒྲུབ་པར་བྱ་བ་མེད་
པ་ལ་སོགས་པ་རྣམས་ལ་འཇུག་པ་ཅུང་ཟད་པ་དེ་ཐམས་ཅད་མ་ངེས་པ་ཉིད་དུ་འགྱུར་རམ། འོན་ཏེ་འདོད་པ་ཁོ་ནར་འགྱུར་ཞེས་པའོ། །དེའི་ཕྱིར་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །གང་ཞིག་བསྒྲུབ་པར་བྱ་བའི་རིགས་ལ་འཇུག་པ་ཡོད་ན། དེ་མེད་པ་ལ་སོགས་པ་རྣམས་ལ་
འཇུག་པ་མ་མཐོང་བ་འམ་སྲིད་པ་དེ་མ་ངེས་པ་ཉིད་དུ་རིགས་སོ། །གང་གིས་བསྒྲུབ་པར་བྱ་བའི་རིགས་མེད་པ་ལ་སོགས་པ་ཁོ་ན་ལ་འཇུག་ཅིང་བསྒྲུབ་བྱའི་རིགས་ལ་ནི་མ་ཡིན། དེ་ཅི་ལྟར་མ་ངེས་པ་ཉིད་ཡིན་ཏེ། དེ་ནི་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་དུ་དྲང་བར་བྱའོ། །འདིར་
འགྱུར་མོད། ངེས་པ་ཉིད་བཀག་པས། བསྒྲུབ་པར་བྱ་བའི་རིགས་ཅན་ལ་འཇུག་པ་བཞིན་གང་གིས་གཞན་ལ་ཡང་འཇུག་པ་དེ་ཁོ་ན་མ་ངེས་པ་ཉིད་དུ་རྟོགས་པར་བྱ་སྟེ། དེའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན་གལ་ཏེ་དེ་ལྟ་ན་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་རིགས་ཅན་ལས་ཀྱང་གཞན་ཕྱོགས་ལ་
འཇུག་པ་ཡོད་དོ་ཞེས་པས། དེ་ཡང་མ་ངེས་པ་ཉིད་དུ་འགྱུར་རོ་ཞེས་པས་འདི་ནི་ལན་མ་ཡིན་པ་ཁོ་ནའོ། །སྔར་བཤད་ཟིན་ཏོ་ཞེས་པ། འདི་ལས་བཟློག་པ་ནི་འགལ་བའོ་ཞེས་འགལ་བའི་མཚན་ཉིད་བྱེད་པས་སོ། །དོན་གྱིས་བསྒྲུབ་བྱའི་རིགས་མེད་པ་ལ་སོགས་པ་རྣམས་ལ་འཇུག་
เล่ม ๑๙๓ · หน้า 207a
པ་ཡོད་དེ་ཐམས་ཅད་ནི་འཁྲུལ་པ་དང་བཅས་པའོ་ཞེས་བརྗོད་པར་འགྱུར་རོ། །དཔེར་ན་བྱེ་བྲག་པའི་ཞེས་པ། དེས་ན་རྫས་རྣམས་ནི་རྫས་གཞན་རྩོལ་བར་བྱེད་དོ་ཞེས་པའི་ཐམས་ཅད་དུ་སོང་བའི་རྫས་ཀྱི་ཚད་ནི་ལུས་ཅན་ནོ་ཞེས་པའི་བརྗོད་པ་ལས་རྡུལ་ཕྲ་རབ་རྣམས་རྩོམ་པར་བྱེད་པ་
ཉིད་དང་ལུས་ཅན་ཉིད་དུ་ཁས་བླངས་སོ། །དེ་ལྟར་ཁས་བླངས་ནས་རྡུལ་ཕྲ་རབ་རྣམས་ནི་རྩོམ་པ་པོ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་སྨྲས་པ། གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ན་འགལ་བར་འགྱུར་རོ། །དེ་ལྟར་ཡང་བརྟག་པར་བྱ་བ་ཞེས་པ། གལ་ཏེ་ཡན་ལག་གཞན་གྱི་
སྐྱོན་ཉིད་དུ་རྟོགས་པ་ཡང་འགལ་བ་ཉིད་དུ་བརྟག་པར་བྱ་བ་དེའི་ཚེ་སྒྲུབ་པར་བྱེད་པའི་སྐྱོན་གཞན་ཡང་གཏན་ཚིགས་ཀྱི་སྐྱོན་ལས་གཞན་ཉིད་དུ་རྟོགས་པ་དེ་ནི་རང་གི་གྲུབ་པའི་མཐའ་དང་འགལ་བར་བརྗོད་པར་བྱ་བའི་འགལ་བར་འགྱུར་རོ། །དེ་ལྟར་ཡང་སྒྲ་རྟག་སྟེ། ལུས་ཅན་མ་ཡིན་པ་ཉིད་
ཀྱི་ཕྱིར་སྨྲས་པ། ལས་བཞིན་དང་རྡུལ་ཕྲ་རབ་བཞིན་དང་བུམ་པ་བཞིན་ཞེས་པའི་ལས་ལ་སོགས་པ་རྣམས་ཀྱི་རྟག་པ་ཉིད་ལ་སོགས་པའི་ཆོས་ནི་གྲུབ་པའི་མཐའ་དང་འགལ་བའོ་ཞེས་བྱས་ནས་དཔེའི་སྐྱོན་འགལ་བར་འགྱུར་རོ། །འདིས་ནི་ཁས་བླངས་ཉམས་པ་གསུངས་ཏེ། མདོར་གཏན་
ཚིགས་ལྟར་སྣང་བ་ཉིད་ཁོ་ནར་བསྟན་པའི་ཕྱིར་དང་། བཤད་པ་ཡང་། ཡན་ལག་གཞན་གྱི་སྐྱོན་ཡང་འགལ་བ་ཉིད་དུ་དཔེར་བརྗོད་པའི་ཕྱིར་རོ། །ཡང་ཅིས་ན་སྐྱོན་གཞན་འགལ་བར་བརྗོད་ཅེ་ན། དེའི་ཕྱིར་གསུངས་པ། འདི་ལ་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །
ཡང་ན་འདི་ལྟར་ཡང་བརྟག་པར་བྱ་བ་ཞེས་པ། གལ་ཏེ་གྲུབ་པའི་མཐའ་དང་འགལ་བར་བརྗོད་པར་བྱ་བ་འགལ་བར་འདོད་ན་དེ་ལྟར་གྱུར་ན་སྒྲུབ་པར་བྱེད་པའི་སྐྱོན་གཞན་ཡང་སྟེ། གང་ཡང་མ་གྲུབ་པའམ། མ་ངེས་པ་ཡང་འགལ་བར་འགྱུར་ཏེ། འདི་གཅིག་པུ་འབའ་ཞིག་ཁོ་ན་ནི་མ་ཡིན་
ནོ། །སླར་ཡང་གཞན་ཡང་ཞེས་པ་འདིའི་དོན་གཞན་པ་ནི་འདི་ཡིན་ཏེ། ཡན་ལག་གཞན་གྱི་སྐྱོན་ཡང་འགལ་བ་ཁོ་ནར་འགྱུར་ཞེས་པའོ། །དེ་ལས་ཀྱང་ཤིན་ཏུ་ཁྱབ་པའི་མཚན་ཉིད་དོ། །ཅི་ཞིག་ཏུ་གཏན་ཚིགས་ལྟར་སྣང་བ་གཞན་དང་ཡན་ལག་གཞན་གྱི་སྐྱོན་ཡང་འགལ་བ་ཉིད་དུ་
เล่ม ๑๙๓ · หน้า 207b
འཐོབ་ཅེ་ན། གསུངས་པ། འདི་ལ་ནི་ཞེས་པ་ལ་སོགས་པའོ། །མ་གྲུབ་པ་ཉིད་ཀྱི་སྐྱོན་ཞེས་པ། རྡུལ་ཕྲ་རབ་རྣམས་ལུས་ཅན་མ་ཡིན་པ་ཉིད་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དམ་བཅའི་སྐྱོན་ཞེས་པ། སྔར་ཁས་ལེན་པས་གནོད་པའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ་སོགས་པ་ཤིན་ཏུ་ཁྱབ་པ་ཉིད་སྤོང་བར་
བྱེད་དེ། མི་འདོད་པ་ཡང་འཐོབ་པ་ནི་ཤིན་ཏུ་ཁྱབ་པ་ཡིན་ན། འདི་ལ་དེ་ཡོད་པ་མ་ཡིན་ཏེ། མཚན་ཉིད་ཀྱི་ཡུལ་ཐམས་ཅད་འགལ་བ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཞེས་པ་ཇི་སྐད་བརྗོད་པའི་དཔེར་བརྗོད་ལའོ། །སྦྱོར་བ་ནི་གཉིས་ཀ་ཅིག་ཅར་འགལ་བ་དག་སྟེ་ཞེས་པ་བརྗོད་པ་འདོད་པ་
གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །སྦྱོར་བའི་སྒྲས་ཀྱང་འདིར་སྐྱོན་རྗོད་པར་འདོད་པའོ། །གལ་ཏེ་འདིར་གཉིས་གཉིས་དག་ཏུ་འགྱུར་ན། ཁྱོད་ཀྱི་བསམ་པས་གཉིས་དག་ཅིག་ཅར་སྦྱོར་བ་འཐད་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པ་གཉིས་དག་ཅིག་ཅར་གཅིག་ལ་སྲིད་པ་ཡོད་པ་མ་ཡིན་
ནོ། །གང་གི་ཚེ་ཡང་འགའ་ཞིག་ཏུ་གཅིག་ལ་ཡང་འགལ་བ་ཉིད་ལ་སོགས་པའི་སྐྱོན་རྣམས་བརྗོད་པ་དེའི་ཚེ་སྐྱོན་གཞན་མེད་པར་ཁས་བླངས་ནས། སྐྱོན་གཞན་རྗོད་པར་བྱེད་པའི་ཕྱིར་ཅིག་ཅར་སྦྱོར་བ་སྲིད་པ་མ་ཡིན་པ་ཁོ་ན་སྟེ། མ་གྲུབ་པ་དང་འགལ་བ་ཉིད་དང་མ་ངེས་པ་རྣམས་བསྡུས་པ་མི་སྲིད་
པའི་ཕྱིར་རོ། །དེ་ཡང་བྱེད་པ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། འདིར་ཅིག་ཅར་སྦྱོར་བར་འདོད་པ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། གང་ཡང་རུང་བ་ཁོ་ནའིའོ། །ཇི་ལྟར་གཞུ་གཅིག་ལ་བྱེད་པ་དུ་མ་སྲིད་ན་ཡང་བརྗོད་པར་འདོད་པའི་དབང་ལས་གང་ཡང་རུང་བའི་སྦྱོར་བར་འགྱུར་ཏེ།
གཞུ་སྣུན་པར་བྱེད་དོ། །གཞུས་སྣུན་ནོ་ཞེས་པ་དེ་ལྟར་འདིར་ཡང་བརྗོད་པར་འདོད་པའི་དབང་ལས་སྐྱོན་གང་ཡང་རུང་བ་རྗོད་པ་འགལ་བ་མེད་དོ། །གལ་ཏེ་བྱེད་པའི་སྦྱོར་བ་བཞིན་དུ་ཞེས་པ། བྱེད་པའི་སྦྱོར་བ་བཞིན་དུ་གལ་ཏེ་ཆོས་གཞན་སྟོན་པར་བྱེད་ན། འདི་འདི་ལྟར་འགྱུར་མོད་དེ།
འདི་ལྟ་བུར་འགྱུར་ཏེ། གང་ཡང་རུང་བའི་སྦྱོར་བར་རོ་ཞེས་པའི་དོན་ཏོ། །ཆོས་གཞན་ཉེ་བར་སྟོན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མ་གྲུབ་པ་ཉིད་ཁོ་ན་དང་དེར་དམ་བཅའ་བའི་སྐྱོན་ཡང་འགལ་བར་བརྗོད་པར་བྱ་སྟེ། དེ་མེད་ན་བསྟན་བཅོས་དང་འགལ་བ་མི་སྲིད་པའི་ཕྱིར་རོ། །དེ་གཞན་
เล่ม ๑๙๓ · หน้า 208a
མིན་ཁོ་ནའོ། །དེ་ལ་འགལ་བ་ཉིད་ཅེས་བྱ་བ་ཆོས་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་རྡུལ་ཕྲ་རབ་རྣམས་ལུས་ཅན་ཉིད་ཀྱི་ཕྱིར། གྲུབ་པའི་མཐའ་དང་འགལ་བ་ཉིད་དེ། དེ་ཁོ་ནའི་ཕྱིར་ཡང་མ་གྲུབ་པ་ཉིད་དོ་ཞེས་པས་གཞན་ཉིད་མེད་དོ། །དེ་ལྟར་ན་ཡང་རྩོམ་བྱེད་
ཡིན་པ་ཉིད་ཀྱི་ཕྱིར་འགལ་བ་ཉིད་དེ། དམ་བཅའ་བའི་སྐྱོན་ཡང་ངོ་ཞེས་སོ། །བྱེད་པ་ལ་ནི་ཞེས་པ་ལ་སོགས་པས། དེ་ལ་ཆོས་མི་མཐུན་པ་ཉིད་གསུངས་སོ། ཡང་ཅི་ལྟར་ན་ཆོས་གཞན་ཡིན་ཞེ་ན་གསུངས་པ། རང་དབང་ཉིད་དང་གཞན་དབང་ཉིད་ལས་ཞེས་པ་སྟེ། གཞུ་སྣུན་པར་བྱེད་
དོ་ཞེས་པ་བྱེད་པ་པོ་ཉིད་ཀྱི་ཕྱིར་རང་དབང་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་གཞན་ཉེ་བར་སྟོན་ཏོ། །གཞུས་སྣུན་ནོ་ཞེས་པ་བྱེད་པ་ཉིད་ཀྱི་ཕྱིར་གཞན་དབང་ཅན་ཉིད་ཀྱི་མཚན་ཉིད་ཅན་ནོ། །འོ་ན་གང་དུ་ཞེས་པ་ལ་སོགས་པ། སེམས་པ་ཅན་མ་ཡིན་པའི་གཙོ་བོ་ནི་གྲུབ་མཐའ་དང་འགལ་བའི་
དོན་གྱིས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་འགལ་བ་སྟེ། མ་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་འགལ་བའོ་ཞེས་པ་ནི་ཉེ་བར་དགོས་པའོ། །འདི་ལ་ཁས་བླངས་པས་གནོད་པ་ནི་མ་ཡིན་གྱི། སྐྱོན་གཞན་ཉིད་ཀྱི་ཕྱིར་བསམ་པར་བྱའོ། །གཏན་ཚིགས་ཀྱི་སྐྱོན་ཙམ་ལ་བརྟེན་ནས་དཔེར་
བརྗོད་པའི་ཕྱིར། དེ་ལ་ཡང་ཞེས་པས་གསལ་བ་གཙོ་བོ་ལས་གཞན་མ་ཡིན་པ་ཉིད་ན། གཙོ་བོ་ལས་ཐ་དད་པའི་སེམས་པ་ཅན་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེས་བུ་ནི་སེམས་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་ཁོ་ན་སྟེ། མ་ངེས་པ་
ཉིད་དོ། །ཁྱད་པར་རྣམས་ལས་གཞན་དུ་བརྗོད་པར་འདོད་ན་ཞེས་པ། ཆེན་པོ་ལ་སོགས་པ་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་དང་། མཐུན་ཕྱོགས་སྐྱེས་བུ་ལ་མེད་པའི་ཕྱིར། སེམས་པ་ཅན་མ་ཡིན་པ་ཉིད་ནི་འགལ་བ་ཉིད་དུ་འགྱུར་རོ། །ལོག་པའི་ཕྱོགས་ལ། འོན་ཀྱང་ཞེས་པ་
ལ་སོགས་པ་སྟེ་གོ་བླའོ། །ཕྱོགས་ཅན་ལ་ནི་སྨྲ་བ་རྣམ་འགྱུར་ནི་གསལ་བ་དང་བྲལ་བ་སྟེ། རྟག་པ་ཉིད་བཀག་པའི་ཕྱིར་རོ་ཞེས་པའི་གཏན་ཚིགས་འདི་ནི། རྣམ་འགྱུར་གསལ་བ་དང་བྲལ་བ་ཡང་ཡོད་དོ་ཞེས་པའི་གྲུབ་པའི་མཐའ་འདི་དང་འགལ་བའི་ཕྱིར་འགལ་བའོ་ཞེའོ། །འདིར་
เล่ม ๑๙๓ · หน้า 208b
ཡང་སྐྱོན་དེ་དག་ཁོ་ན་སྟེ། དེ་ལྟར་ནི་གསལ་བ་དང་བྲལ་བའོ་ཞེས་པ་འདིས་ནི་ནུས་པའི་ངོ་བོ་ལས་ཀྱང་བྲལ་བར་བརྗོད་དེ། ནུས་པ་དང་འགལ་བ་དག་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཁས་ལེན་པ་དང་འགལ་བ་སྟེ། དེ་ཉིད་ཀྱི་ཕྱིར་རྟག་པ་ཉིད་བཀག་པ་གྲུབ་པ་སྟེ་རྫས་རྟག་པའི་
ཕྱིར་རོ། །གསལ་བ་ཡང་དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགལ་བ་མེད་དོ། །གང་ལས་སྐབས་སེམས་པ་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། དྲི་མ་དང་བྲལ་བ་ལ་གནས་པའི་ཕྱོགས་དང་ཟླ་བོའི་ཕྱོགས་དག་སྐབས་ཀྱི་སྒྲས་བརྗོད་དེ། རྣམ་པར་དཔྱོད་པའི་ཆེད་དུ་རབ་ཏུ་
བྱེད་ཅེས་བྱས་ནས་སོ། །དེ་སེམས་པ་སྟེ་རྣམ་པར་བརྟག་པ་གང་ལས་ཉེ་བར་སྐྱེ་བའོ། །དེ་གཏན་ཚིགས་ཉིད་དུ་སྟོན་པ་ནི་སྐབས་དང་མཚུངས་པ་སྟེ། དཔེར་ན་བདག་ནི་མི་རྟག་པ་སྟེ། ལུས་ལས་གཞན་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ། གང་གི་ཕྱིར་ལུས་ལས་གཞན་ཡིན་པ་དེའི་
ཕྱིར་རྟག་པ་དང་མི་རྟག་པ་བསམ་པར་བྱ་སྟེ། གལ་ཏེ་ལུས་ཁོ་ན་བདག་ཏུ་གྱུར་ན་དེ་མངོན་སུམ་ཁོ་ནར་འཇིག་པ་ཉིད་དོ་ཞེས་པས་སེམས་པར་མི་འགྱུར་རོ། །འདི་ལ་ཡང་ལུས་ལས་གཞན་ཉིད་ཀྱི་ཕྱིར་རྟག་པ་དང་མི་རྟག་པ་སེམས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཞན་ཉིད་དེ་ནི། མ་ངེས་
པ་ལས། གལ་ཏེ་ལུས་ལས་གཞན་ཉིད་ནི་ཕྱོགས་གཅིག་ལ་གནས་པར་གྱུར་ན། རྟག་པ་དང་མི་རྟག་པ་རྣམ་པར་དཔྱོད་པར་མི་འགྱུར་རོ། །ཡང་ཅིའི་ཕྱིར་འདི་ལས་མ་ངེས་པ་ཡིན་ཞེ་ན། གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །ཕྱོགས་ཅན་ལེན་པ་ནི་སྨྲ་བ། སྒྲ་མི་རྟག་སྟེ།
རྟག་པའི་ཆོས་ཉེ་བར་མ་དམིགས་པའི་ཕྱིར་ཞེས་པ་འདི་སྐབས་དང་མཚུངས་པ་སྟེ། གང་གི་ཕྱིར་རྟག་པ་དང་མི་རྟག་པའི་ཆོས་མ་དམིགས་པ་ཁོ་ན་ལས་སྒྲ་ལ་སེམས་ཤིང་། མི་དམིགས་པ་ཁོ་ན་ནི་གཏན་ཚིགས་ཉིད་དུ་སྟོན་པའོ་ཞེའོ། །གལ་ཏེ་རྟག་པ་དང་མི་རྟག་པའི་ཆོས་མ་
དམིགས་པའི་ཕྱིར་ཞེས་བརྗོད་ན། འདི་འདི་ལྟར་འགྱུར་མོད། དེ་ལ་ཡང་ཐུན་མོང་མིན་པ་ཉིད་ཀྱི་སྐྱོན་ཏེ། རྟག་པ་དང་མི་རྟག་པའི་ཆོས་མི་དམིགས་པ་ནི། གཞན་འགའ་ཞིག་ཏུ་ཡང་མ་མཐོང་བའི་ཕྱིར་རོ། །མ་གྲུབ་པ་ཉིད་ཡང་ན་སྟེ། སྒྲ་ལ་ཡང་གདོན་མི་ཟ་བར་བྱས་པ་ཉིད་
เล่ม ๑๙๓ · หน้า 209a
ལ་སོགས་པ་རྟག་པ་དང་མི་རྟག་པའི་ཆོས་དམིགས་པའི་ཕྱིར་རོ། །ཡང་ན་མ་ངེས་པ་ཉིད་ནམ་མཁའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་སོ། །ཡང་དག་པར་རྟོགས་པར་བྱ་བ་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་གཞི་མཚུངས་པ་རྣམས་ཀྱིས་འབྲུ་མང་པོ་པའོ་
ཞེས་བཤད་ཅིང་། འདིར་མི་འགྱུར་ཏེ། འདི་ལྔ་རྣམས་ཀྱིས་ཟོས་པའོ་ཞེས་པའོ། །འོ་ན་མགྲིན་པ་ན་ནག་པོ་ལ་སོགས་པ་རྣམས་ལ། གཞི་མི་མཐུན་པ་རྣམས་ཀྱང་འགའ་ཞིག་ཏུ་འགྱུར་བ་ཁོ་ན་མ་ཡིན་ནམ་ཞེ་ན། དེའི་ཕྱིར་གསུངས་པ། ཐམས་ཅད་དུ་ཞེས་པ་ལ་སོགས་པའོ། །གང་
དུ་གོ་བར་བྱེད་པ་དེ་ཁོ་ན་ལ་འདོད་ཅིང་། འདིར་གོ་བར་བྱེད་པ་ཉིད་ཀྱང་མ་ཡིན་ཏེ། བསྒྲུབ་བྱས་ཁྱད་པར་དུ་མ་བྱས་པའི་དཔེའི་སྒྲ་ཁོ་ན་ནི་བརྗོད་པར་འདོད་པའི་དོན་གྱི་རྗོད་པར་བྱེད་པ་ཡིན་གྱི། བསྒྲུབ་བྱས་ཁྱད་པར་དུ་བྱས་པའི་སྒྲ་ནི་མ་ཡིན་ནོ། །མ་གྲུབ་པ་གཏན་ཚིགས་མ་ཡིན་ནོ་ཞེས་པ། འདི་
ལ་གྲུབ་པ་ཡོད་པ་མ་ཡིན་ཞེས་པ་མ་གྲུབ་པའོ། །གཏན་ཚིགས་མ་ཡིན་ཏེ། བསྒྲུབ་བྱས་ཁྱད་པར་དུ་མ་བྱས་པའི་དཔེ་ཞེས་པའི་དོན་ཏོ། །འདི་སྟོན་ཏོ། །བསྒྲུབ་བྱས་གང་ལ་ཁྱད་པར་དུ་མ་བྱས་པ་ཞེས་པ་ངག་ཚོགས་པ་སྟེ། བདུན་པས་འབྲེལ་པར་འོས་ཀྱི་གཏན་ཚིགས་ནི་མ་ཡིན་ཏེ།
དཔེ་ནི་ངག་ཚོགས་པའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་ནི་དཔེ་དང་འདྲ་བར་ངག་ཚོགས་པ་ཁོ་ན་སྟེ། ཡན་ལག་ཉིད་ཀྱིས་ནི་ཡོན་ཏན་དུ་གྱུར་པའོ་ཞེས་པས་གཙོ་བོ་མ་ཡིན་ནོ། །ཡན་ལག་ནི་ཡན་ལག་གཞན་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། ལག་པ་འདིའི་རྣ་བ་དག་འཕྱང་
ངོ་ཞེས་པར་ནི་འགྱུར་བ་མ་ཡིན་ནོ། །དུས་ལས་འདས་ནས་བསྟན་པ་ནི་དུས་ལས་འདས་པ་ཞེས་པའོ། །དུས་ལས་འདས་པར་བྱེད་པ་ནི་དུས་ལས་རྒལ་བའོ། །དུས་ལས་འདས་པར་བྱེད་པས་བསྟན་པ་གང་ཡིན་པ་དེ་ནི་དུས་ལས་འདས་པའོ། །གཏན་ཚིགས་རྣམས་ནི་དུས་ངེས་པ་ཅན་ཁོ་ནར་
འགྱུར་ཏེ། དེ་ལྟར་ནི་དུས་གཞན་དུ་བསྐྲུན་ཀྱང་ས་བོན་ནི་མྱུ་གུ་བསྐྱེད་པར་ནུས་པ་མ་ཡིན་པས་སོ། །དེའི་ཕྱིར་དུས་ལས་འདས་ནས་བརྗོད་པ་ནི། གཏན་ཚིགས་སུ་འགྱུར་བ་མ་ཡིན་ནོ། །བརྒལ་ནས་སམ་ཞེས་པ། ཁྱོད་ཀྱིས་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་མ་ཚང་བའོ་ཞེས་པ་འདི་ལྟ་
เล่ม ๑๙๓ · หน้า 209b
བུའམ། ངེས་པའི་དོན་དུ་ཞེས་གང་གི་ཚེ་རྒོལ་བས་མ་རྟོགས་པ་ཉིད་ཀྱི་ཕྱིར་རམ། སྐབས་ཉིད་ཀྱི་ཕྱིར་མ་བརྗོད་པར་གྱུར་པ་ན། བྱས་པ་ཉིད་ཀྱི་ཕྱིར་ཞེས་སོ། །ཕ་རོལ་པོ་ཡང་བསམ་པ་ཤེས་པ་ཁོ་ན་གསལ་བར་བྱ་བར་འདོད་པས་འདྲི་སྟེ། གང་གི་སྒྲ་མི་རྟག་པ་ཉིད་དུ་ཁོ་བོ་ཅག་གིས་
རྟོགས་པར་འགྱུར་བ། འདི་ལ་གཏན་ཚིགས་ཅི་ཡིན་ནོ་ཞེས་སོ། །དེ་ལྟ་ན་ཅི་ལྟར་གཏན་ཚིགས་ལྟར་སྣང་བ་ཉིད་དུ་རིགས་པ་མ་ཡིན་ཞེ་ན་གསུངས་པ། གཏན་ཚིགས་ཀྱི་གནས་སུ་ཞེས་པ་ལ་སོགས་པ་སྟེ། གཏན་ཚིགས་ཀྱི་གནས་ནི་རྩོད་པའི་གཞི་སྟེ། དེའི་རྒྱུ་མཚན་དུ་རབ་ཏུ་
སྦྱར་བ་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཕྱོགས་གཅིག་དང་ལྡན་པའི་ཕྱིར། གཏན་ཚིགས་བཞིན་དུ་སྣང་བ་གང་ཡིན་པ་དེ་གཏན་ཚིགས་ལྟར་སྣང་བ་སྟེ། དེ་འདི་ལ་ཡོད་པ་མ་ཡིན་ཞེས་པས། གཏན་ཚིགས་ལྟར་སྣང་བ་ག་ལ་ཡིན། གང་དུས་ངེས་པ་ཉིད་དུ་ས་བོན་ལ་སོགས་པ་རྣམས།
དེའི་བྱེད་པོ་ཉིད་ལས་སྐྱེ་ཞིང་། ཤེས་བྱེད་ནི་ཇི་ལྟར་དེ་ལྟར་རྟོགས་པ་ལྟར། རང་གི་དོན་ཁོང་དུ་ཆུད་པ་ན་དུས་ལ་ལྟོས་པ་མ་ཡིན་ནོ། །ཕྱོགས་ཅན་ལན་སྨྲ་བ། གང་གི་དོན་ཕྱོགས་གཅིག་སྟོན་བཞིན་པའི་དུས་ལས་འདས་པར་སྦྱར་བ། དུས་ལས་འདས་པ་སྟོན་པ་སྟེ། དཔེར་ན་སྒྲ་རྟག་སྟེ།
ལྡན་པས་མངོན་པར་གསལ་བར་བྱ་བ་ཉིད་ཀྱི་ཕྱིར་གཟུགས་བཞིན་ཞེས་པ་ལྟ་བུ་སྟེ། སྔར་དང་ཕྱིས་ཀྱང་མངོན་པར་གསལ་བའི་གནས་སྐབས་ནི་རྟག་པ་ཉིད་དོ། །འདི་ནི་གཏན་ཚིགས་མ་ཡིན་ཏེ། དུས་ལས་འདས་པར་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་གསལ་བྱ་གཟུགས་ལ་སོགས་པ།
གསལ་བར་བྱེད་པ་འོད་དང་ལྡན་པ་ལྡན་པ་ཡོད་པ་ཁོ་ན་ནི་འཛིན་པར་འགྱུར་གྱི་འདས་པ་ན་ནི་མ་ཡིན་ནོ། །གལ་ཏེ་དེ་ཡང་སྒྲ་དང་ལྡན་པའི་གསལ་བར་བྱ་བར་གྱུར་ན་དེ་གཟུགས་གསལ་བར་བྱེད་པ་ཉེ་བ་ཁོ་ན་ན་རྟོགས་པར་འགྱུར་གྱི། དེ་འདས་པ་ན་སྟེ་གསལ་བར་བྱེད་པ་འདས་པ་ན་
ནི་མ་ཡིན་ནོ། །ཤིང་དང་སྟ་རེ་ལྡན་པ་ན་རིང་པོ་ནས་གནས་པ་རྣམས་ཀྱིས་སྒྲ་རྣམ་པར་དབྱེ་བ་དང་དུས་སུ་ཉེ་བར་དམིགས་ཏེ། དེ་ལས་ཀྱང་མངོན་པར་གསལ་བ་ལྡན་པའི་དུས་ལས་འདས་སོ་ཞེས་པས་ལྡན་པའི་རྒྱུ་ཅན་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལྟར་སྣང་བའོ་ཞེས་པས་
เล่ม ๑๙๓ · หน้า 210a
དེ་འདི་བསྒྲུབ་བྱ་དང་མཚུངས་པ་ལས་ཐ་དད་པ་མིན་ནོ། །ལྡན་པ་སྒྲ་མངོན་པར་གསལ་བའི་རྒྱུ་མཚན་ཡིན་པ་བཀག་པའི་ཕྱིར། དེའི་ཕྱིར་འདི་མ་གྲུབ་པ་ཁོ་ནའོ། །བྱེ་བྲག་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་རབ་ཏུ་མ་གྲུབ་པ་ནི་རྟགས་དང་རྟགས་
ཅན་གྱི་འབྲེལ་པ་རབ་ཏུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་མེ་དང་དུ་བའི་འབྲེལ་པ་ཡོད་ཀྱང་གང་གིས་འབྲས་བུ་དང་ལྡན་པའི་རྒྱུའི་མཚན་ཉིད་མ་གྲུབ་པ་དེའི་ངོར་དུ་བ་ནི་མ་བསྟན་པ་སྟེ་གཏན་ཚིགས་མ་ཡིན་པའོ་ཞེས་པའི་དོན་ཏོ། །མེད་པ་ནི་ལྡན་པ་ལ་སོགས་པའི་འབྲེལ་པ་མེད་པའི་ཕྱིར་ཡོད་པ་
མ་ཡིན་པ་སྟེ། དཔེར་ན་རྭ་ཅན་ཏེ་དེའི་ཕྱིར་རྟའོ་ཞེས་པ་ལྟ་བུའོ། །གང་རྟ་དང་རྭ་དག་གཞན་མ་ཡིན་པ་ཉིད་དུ་གྲུབ་ན་རྭ་ཅན་དུ་འབུགས་སོ་ཞེས་བརྗོད་པ་ན། ཅི་ཞིག་འདིར་ཤེས་པར་བྱ། གལ་ཏེ་རྭ་ཅན་ཏེ། དེའི་ཕྱིར་རྟའོ་ཞེས་སྨྲ་ན། སྨྲ་བྱ་དེ་ནི་མེད་པ་སྨྲའོ་ཞེས་པས། རྟ་དང་རྭ་དག་ལ་
འབྲེལ་པ་གང་ཡང་རུང་བ་ཡོད་པ་མ་ཡིན་པས་སོ། །ཐེ་ཚོམ་ཟ་བ་ནི་གང་ཡོད་ཀྱང་མ་ངེས་པ་སྟེ། དཔེར་ན་རྭ་ཅན་རིག་གོ་ཞེས་བརྗོད་པ་ན། ཅི་ཞིག་འདིར་ཤེས་པར་བྱ་ཞེ་ན། གལ་ཏེ་རྭ་ཅན་ཏེ། དེའི་ཕྱིར་བ་ལང་ངོ་ཞེས་སྨྲ་ན་དེ་ནི་སྨྲ་བར་བྱ་བ་ཐེ་ཚོམ་དུ་སྨྲའོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། མ་ཧེ་
ལ་སོགས་པ་རྣམས་ལ་ཡང་རྭ་ཡོད་ཅེས་སོ། །རེ་ཞིག་རབ་ཏུ་མ་གྲུབ་པ་ཞེས་པ་ལ་སོགས་པ་རྟགས་དང་རྟགས་ཅན་དག་གིས་འབྲེལ་པ་རབ་ཏུ་མ་གྲུབ་ན་དཔེ་ལ་རྟེན་པའི་སྐྱོན་གཉིས་དག་སྲིད་དེ། དཔེ་ནི་མེད་པའམ་རབ་ཏུ་མ་གྲུབ་པའི་དོན་ཉིད་ཡང་ན་སྟེ་གཏན་ཚིགས་ཀྱི་དོན་གྱིས་སོ། །དེའི་
ཕྱིར་གསུངས་པ། འམ་གྱི་སྒྲ་ནི་རྣམ་པར་བརྟགས་པའི་དོན་ཅན་ནོ་ཞེས་པའོ། །དེ་ལ་གང་གི་ཚེ་ན་རེ་ཞིག་དཔེའི་ཆོས་ཅན་ཁོ་ན་རང་གི་ངོ་བོ་རབ་ཏུ་མ་གྲུབ་པ་ལས་འབྲེལ་པ་མ་རྟོགས་པ་དེའི་ཚེ་དཔེ་མེད་པ་སྟེ། ཆོས་ཅན་མ་གྲུབ་པ་ལས་སོ། །ཅི་སྟེ་ཆོས་ཅན་གྲུབ་ན་ཡང་དེ་ལ་སྔར་རྟགས་མ་
མཐོང་བའི་ཕྱིར་འབྲེལ་པ་རབ་ཏུ་མ་གྲུབ་པ་ཉིད་ཡིན་པ་དེའི་ཚེ། གཏན་ཚིགས་ཀྱི་དོན་གྱིས་རབ་ཏུ་མ་གྲུབ་པའི་དོན་ཉིད་དེ། སྒྲུབ་པར་བྱེད་པ་ན་མ་ཚང་བ་ཉིད་ཅེས་པའི་དོན་ཏོ། །ཅིའི་ཕྱིར་ཡང་དཔེ་ལྟར་སྣང་བ་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ན་ནི་ཞེས་པ་ལ་
เล่ม ๑๙๓ · หน้า 210b
སོགས་པ་སྟེ། རྣམ་པ་འདི་དག་གིས་གང་གི་ཕྱིར་དཔེ་ལ་རབ་ཏུ་མ་གྲུབ་པར་འགྱུར་བ་དེའི་ཕྱིར་འདི་ནི་དཔེའི་སྐྱོན་ཏེ། གཏན་ཚིགས་ལྟར་སྣང་བ་ནི་མ་ཡིན་ནོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་ཆོས་ཅན་ལའམ་ཡོད་བཞིན་པ་ཡང་ན་སྟེ། མིག་གི་གཟུང་བྱ་ཉིད་དང་
འདྲ་བ་ནི་རབ་ཏུ་མ་གྲུབ་པའི་སྒྲས་བརྗོད་ཀྱི་དཔེ་ལ་ནི་མ་ཡིན་ཞེའོ། །དེ་ལྟར་གྱུར་ན་གཏན་ཚིགས་ཀྱི་དོན་འགལ་བར་འགྱུར་རོ། །ཡང་གཏན་ཚིགས་ཀྱི་དོན་འགལ་བར་འགྱུར་བ་ཅིས་ཤེ་ན་གསུངས་པ། བསྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཞེས་པ། གང་སྔོན་འབྲེལ་པའི་
དུས་སུ་རབ་ཏུ་གྲུབ་ཅིང་རྣམ་པར་ཤེས་པ་དེ་ཁོ་ན་བསྟན་གྱི། གཞན་ནི་མ་ཡིན་ནོ་ཞེས་པའི་དོན་མངོན་པར་འདོད་པའོ། །དེ་ལྟར་ནི་གལ་ཏེ་ཡོད་པ་མ་ཡིན་ཡང་ཥཪྵའི་ལས་གཏན་ཚིགས་ཉིད་དུ་འདོད་ན། དེ་ལྟར་གྱུར་ན་རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ནའི་རྒྱུ་ཉིད་དོ་ཞེས་གང་ཁས་
བླངས་པ་དེ་ཉམས་སོ་ཞེས་ཡོངས་སུ་རྩོད་པ་བརྗོད་དོ། །བྱུང་བ་མིན་པ་རྟགས་མ་ཡིན་གྱི་འོ་ན་ཅི་ཞེ་ན། བྱུང་བ་མིན་པ་ལ་སོགས་པ་རྟོགས་པའོ། །གཏན་ཚིགས་ཅི་ཞེ་ན། བསྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཞེས་པ་ཉེ་བར་དམིགས་པ་སྔོན་མ་ཅན་གྱི་ཕྱིར་ཞེས་པའི་དོན་ཏོ། །
གང་གི་དུ་བ་ལ་སོགས་པ་རྣམས་དང་མེ་ལ་སོགས་པ་རྣམས་འབྲེལ་པ་འགལ་བ་ཅན་ནམ་མི་འགལ་བ་ཅན་རབ་ཏུ་གྲུབ་པར་འགྱུར་བ་དེའི་དུ་བ་ལ་སོགས་པ་རྣམས་བསྟན་པར་འགྱུར་རོ། །རབ་ཏུ་གྲུབ་པ་སྔོན་མ་ཅན་ཁོ་ན་བསྟན་པའོ་ཞེས་ཅི་ལྟར་རྟོགས་པར་བྱ་ཞེ་ན། སྔོན་མའི་སྒྲ་སྦྱོར་བའི་ཕྱིར་ཡང་
འབྲེལ་པའི་དུས་སུ་གྲུབ་པ་ཉིད་ཁོ་ན་འདིས་བརྗོད་དེ་གཞན་དུ་ན་རབ་ཏུ་གྲུབ་པ་ཉིད་ཀྱི་ཕྱིར་ཞེས་པ་ཁོ་ན་བརྗོད་པར་བྱ་བར་འགྱུར་རོ་རབ་ཏུ་གྲུབ་པར་བྱས་ནས་ཞེས་པ། དེ་ལ་སྣང་བཞིན་པའི་གོང་བུ་ལ་རྭ་ཅན་ཉིད་མེད་པའམ་ཐེ་ཚོམ་ཟ་བར་བྱས་ནས་དཔེར་བརྗོད་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། རབ་ཏུ་གྲུབ་པ་ཁོ་ནའོ། །
འདི་ག་ལས་ཤེ་ན། གལ་ཏེ་རྭ་ཅན་ཏེ་ཞེས་རྗེས་སུ་བརྗོད་པ་ལས་ཏེ། ཕྱོགས་ཀྱི་ཆོས་ཁས་བླངས་པ་ནི་འདི་སྐད་སྨྲའོ། །བསྒྲུབ་པར་བྱ་བའི་ཆོས་རྟ་ལ་དང་། བ་ལང་ལ་དེ་རབ་ཏུ་མ་གྲུབ་པ་ཉིད་ནི་མ་ངེས་པ་ཉིད་སྤངས་ཏེ། ཆོས་ཅན་གོང་བུ་ལ་ནི་མ་ཡིན་ནོ། །ཅི་སྟེ་ཡང་མེད་པའི་གཏན་
เล่ม ๑๙๓ · หน้า 211a
ཚིགས་ཞེས་པ་མེད་པའི་ཤེས་པའི་གཏན་ཚིགས་ནི་མེད་པ་དང་། ཐེ་ཚོམ་གྱི་གཏན་ཚིགས་ཐེ་ཚོམ་དུ་འགྱུར་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །གཏན་ཚིགས་ཀྱི་ཆོས་ཅན་མེད་པ་ཉིད་ཀྱི་ཕྱིར་དང་། ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཉུང་
བར་བརྗོད་པ་ཡིན་ཞེས་པས་མ་ཚང་བ་ཉིད་གསུངས་སོ། །རྭ་ཅན་ཏེ་དེའི་ཕྱིར་བ་ལང་ངོ་ཞེས་པ་ནི་ཐུན་མོང་གི་མ་ངེས་པ་ཁོ་ནའི་དཔེར་བརྗོད་དེ། དཔེར་རྗོད་མཐོང་བ་ལས་ཀྱང་དེ་དང་འདྲ་བ་ཁོ་ནའི་དངོས་པོ་རྟོགས་པར་འགྱུར་གྱི། མ་ངེས་པ་མ་ལུས་པ་དང་། ཐུན་མོང་མ་ཡིན་པ་དང་འགལ་
བའི་མི་འཁྲུལ་བ་དག་ནི་མ་ཡིན་ཏེ། དེ་ལས་མཚན་ཉིད་ཤིན་ཏུ་མི་མཐུན་པའི་ཕྱིར་ག་ལ་རྟོགས། དཔེར་ན་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པ་རེ་ཞིག་མ་བླངས་པ་དཔེར་རྗོད་ཀྱིས་སྟོན་ཏོ། །ཚིག་གི་དོན་དྲུག་པོ་རྣམས་ལ་ཞེས་པ། ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་འཇུག་གོ། །ཡང་ཅིའི་
ཕྱིར་དྲུག་པོ་རྣམས་ལ་ཡང་ཐེ་ཚོམ་གྱི་རྒྱུ་ཞེ་ན། ཐམས་ཅད་ལ་མེད་པའི་ཕྱིར་ཞེས་པ་སྟེ། ཐམས་ཅད་དུ་མ་མཐོང་བའི་ཕྱིར་ཞེས་པའི་དོན་ཏོ། །འདི་ལས་ཡོད་པའི་ཐ་སྙད་དུ་འགྱུར་རོ་ཞེས་པས་མཐོང་བ་ནི་ཡོད་པའོ། །དེ་བཀག་པས་མ་མཐོང་བ་ནི་མེད་པའོ་ཞེས་བརྗོད་པར་བྱའོ། །འོ་ན་ཡང་མ་བརྗོད་པ་
ཡང་ཐེ་ཚོམ་གྱི་གཏན་ཚིགས་སོ། །ཐེ་ཚོམ་ཟ་བ་ཞེས་པའི་མཚན་ཉིད་ལ་རྟོགས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་གཏན་ཚིགས་སོ་ཞེས་པ་འདི་ཐེ་ཚོམ་གཏན་ཚིགས་ཀྱི་མཚན་ཉིད་དུ་བརྟག་པར་བྱ་བ་ནི་མ་ཡིན་ཏེ། དེ་ཉིད་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །
གང་རྣམས་སྨྲ་བ་ཞེས་པ་བྱེ་བྲག་པ་ཁོ་ན་འགའ་ཞིག་གོ། །ཁྱད་པར་དུ་བྱེད་ཅིང་ལྡོག་པར་བྱེད་དོ་ཞེས་པ་ཁྱད་པར་རོ། །གཉིས་ཀ་ལ་མཐོང་བའི་ཕྱིར་རོ་ཞེས་པ་བསྒྲུབ་བྱ་ལ་ལྟོས་པས་རིགས་མཚུངས་པ་རྣམས་དང་། ཅིག་ཤོས་རྣམས་ལ་འབྲེལ་པ་ཅན་ཉིད་དུ་མཐོང་བའི་ཕྱིར་རོ། །བསྒྲེང་བ་ལ་
སོགས་པ་བཞིན་དུ་ཞེས་པ། ཇི་ལྟར་བསྒྲེང་བ་ཉིད་ཐོ་ཡོར་དང་སྐྱེས་བུ་དང་འབྲེལ་པ་ཅན་ལ་རྗེས་སུ་འཇུག་པའི་སྒོས་ཡིན་པ་དེ་ལྟར་མཉན་པར་བྱ་བ་ཉིད་རྫས་ལ་སོགས་པའི་ཚིག་གི་དོན་དང་འབྲེལ་པ་ཅན་ལ་ལྡོག་པའི་སྒོས་སོ། །དེ་ལས་ཀྱང་གལ་ཏེ་རྭ་ཅན་ཡིན་ན་དེའི་ཕྱིར་བ་ལང་ངོ་ཞེས་
เล่ม ๑๙๓ · หน้า 211b
པའི་དཔེ་རྗོད་པ་འདིས་ཐུན་མོང་མ་ཡིན་པ་ཉེ་བར་བླང་བར་བྱས་སོ་ཞེས་པ་བསམས་པའོ། །དེ་མི་རིགས་ཏེ་ཞེས་པ་གལ་ཏེ་ལྡོག་པ་གཉིས་ཀ་ལྟར་འགྱུར་ན་དེའི་སྒོ་ནས་ཕྱིར་འགྱུར་མོད། དེ་ཉིད་ནི་སྲིད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། མ་ཡིན་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་གང་ལས་
ལྡོག་པ་དེ་ལྟར་སྣང་བ་ལ་ཐེ་ཚོམ་འཐད་པར་བྱེད་པ་མ་ཡིན་ཞེ་ན། གསུངས་པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། རྫས་གཅིག་དང་ལྡན་པ་ཉིད་ནི་ས་ལ་སོགས་པ་ལས་ལྡོག་ཅིང་། དེའི་རྣམ་པས་ཐེ་ཚོམ་སྐྱེད་པར་བྱེད་པ་ཡང་མ་ཡིན་ཏེ། ཅི་རྫས་གཅིག་དང་ལྡན་པ་ཉིད་ཀྱི་ཕྱིར་སའམ།
འོན་ཏེ་ཆུའམ། འོན་ཏེ་མེ་ཡིན་ཞེས་པར་རོ། །དེ་འདིས་ནི་གང་ཞིག་གང་ལས་ལོག་པ་དེ་ནི་དེ་ལ་དེར་སྣང་བའི་ཐེ་ཚོམ་གྱི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་རྫས་གཅིག་དང་ལྡན་པ་ཉིད་ནི་ས་ལ་སོགས་པ་རྣམས་ལ་བཞིན་མཉན་པར་བྱ་བ་ཉིད་ཀྱང་ཚིག་གི་དོན་དྲུག་རྣམས་ལས་ཁྱོད་ཀྱི་
ལུགས་ཀྱིས་ལྡོག་པ་ཡིན་ནོ་ཞེས་པ་ཁྱབ་བྱེད་དང་འགལ་བའི་ཐལ་བར་འགྱུར་བར་གསུངས་སོ། །དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་སྟེ། གང་ཞིག་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་དེ་ནི་དེ་ལས་ལྡོག་པ་མ་ཡིན་ཏེ། དཔེར་ན་ཐོ་ཡོར་དང་མི་དག་འགྲེང་བ་བཞིན་མཉན་པར་བྱ་བ་ཉིད་ཀྱང་ཚིག་གི་
དོན་དྲུག་རྣམས་ལ་ཐེ་ཚོམ་གྱི་རྒྱུའོ་ཞེས་པ་བཟློག་པས་ཀྱང་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ཁོ་ནའོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ལ་སོགས་པ་རྣམས་གང་ཡང་རུང་བའི་སྒྲ་གདོན་མི་ཟ་བར་འབྱུང་བར་བྱའོ། །གཞན་དུ་ན་དེ་དངོས་པོ་ཉིད་ཁོ་ནར་མི་འགྱུར་ཏེ། ཚིག་
གི་དོན་གཞན་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་རྫས་ལ་སོགས་པ་རྣམས་ཁོ་ན་ལས་གང་ཡང་རུང་བར་གྱུར་པ་འགའ་ཞིག་གི་ཆོས་འདི་ཡིན་ཞེས་པ་སྟེ། དེའི་ཆོས་སུ་སྲེད་པའི་སྒོ་ནས་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་ལས་ལྡོག་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་པ་ཐུན་མོང་བ་ལས་གཞན་ཡིན་
ཏེ། དེ་ཡང་མཚན་ཉིད་ལས་དང་དཔེ་བརྗོད་ལས་ཀྱང་མ་བཤད་དོ་ཞེས་པས་ཉུངས་པས་བརྗོད་པའོ། །འགལ་བ་མཐའ་གཅིག་པ་ཅན་ཞེས་པ་ཕན་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡང་འདི་ཡིན་ལ་མཐའ་གཅིག་པ་ཅན་ཡང་ངོ་ཞེས་པས་འགལ་བ་མཐའ་
เล่ม ๑๙๓ · หน้า 212a
གཅིག་པ་ཅན་ཏེ། ཡན་ལག་གི་སྒོ་ནས་ཚོགས་པ་ལ་འཇུག་པ་དག་གི་ཚིག་སྡུད་དེ་གཞུ་དམར་པོ་བཞིན་ནོ། །འགལ་བ་མ་ངེས་པ་ཅན་ཞེས་པ་ཁ་ཅིག་ཏུ་ཀློག་སྟེ་དེ་ལ་འགལ་བ་ནི་སྔ་མ་བཞིན་ཡིན་ཞིང་། མ་ངེས་པ་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །འགལ་བ་མ་ངེས་
པ་ཅན་ཞེས་བརྗོད་པ་ལ། སླར་ཡང་དུ་མ་སྨོས་པ་ནི། འགལ་བའི་གཏན་ཚིགས་ལས་ཁྱད་པར་གྱི་དོན་དུའོ། །གཞན་པ་ཟེར་བ་ནི། ཐེ་ཚོམ་གྱི་གཏན་ཚིགས་ཀྱི་སྐབས་ལས། ཤུགས་ཀྱིས་ཐོབ་པ་ཁོ་ནའི་དུ་མ་ཉིད། དུ་མ་ཞེས་རྗེས་སུ་བརྗོད་པ་ནི་བདེ་བླག་ཏུ་རྟོགས་པའི་དོན་དུའོ་ཞེའོ། །
ལྔ་པོ་རྣམས་ཀྱི་རྟགས་དམིགས་པའི་ཕྱིར་དང་ཞེས་པ། གང་ཞིག་གང་དུ་རྟགས་དམིགས་པ་དེ་དེའི་རྩོམ་པར་བྱེད་པ་སྟེ། དཔེར་ན་བུམ་པའི་ས་བཞིན་ལུས་ལ་ཡང་འབྱུང་བ་ཆེན་པོ་རྣམས་འཛིན་པ་དང་སྡུད་པ་དང་སྨིན་པ་དང་། གཡོ་བ་དང་སྐབས་སྦྱིན་པའི་རྟགས་ཅན་རྣམས་དམིགས་སོ་ཞེས་
པ་རང་བཞིན་ནོ། །རིགས་མི་མཐུན་པ་རྩོམ་པ་བཀག་པའི་ཕྱིར་ཞེས་པ། གང་ཞིག་གང་ལས་རིགས་མི་མཐུན་པ་དེ་དེའི་རྩོམ་པར་བྱེད་པ་པོ་མ་ཡིན་ཏེ། དཔེར་ན་མེའི་རྡུལ་ཕྲ་རབ་རྣམས་སའི་ཡན་ལག་ཅན་གྱི་བཞིན་ལུས་ཀྱང་འབྱུང་བ་རྣམས་ལས་རིགས་མི་མཐུན་པའོ། །ཁྱབ་པར་བྱེད་པ་དང་
འགལ་བའོ། །འདི་ཡང་ཐེ་ཚོམ་གྱི་གཏན་ཚིགས་ཏེ་བསྟན་བཅོས་སུ་མཐོང་བ་ཁོ་ན་ཡིན་ཏེ། མཚན་ཉིད་ལས་སམ་དཔེར་བརྗོད་ལས་མ་བཤད་དོ་ཞེས་པས་མ་ཚང་བ་ཉིད་དོ། །འདིས་ཞེས་པ་ཐུན་མོང་མ་ཡིན་པ་དང་འགལ་བ་མི་འཁྲུལ་བ་ཅན་དག་གིས་དཔེ་བརྗོད་མ་བསྡུས་པས་སོ། །སྤྱི་མངོན་
སུམ་ལས་དང་ཁྱད་པར་མངོན་སུམ་མ་ཡིན་པ་ལས་ཁྱད་པར་དྲན་པ་ལས་ཐེ་ཚོམ་མོ་ཞེས་པ་མདོའོ། །འདི་ཐེ་ཚོམ་གྱི་གཏན་ཚིགས་དག་ཡིན་ཡང་ཐུན་མོང་མ་ཡིན་པ་དང་འགལ་བ་མི་འཁྲུལ་བ་དག་མ་བསྡུས་པའི་ཕྱིར་མ་ཁྱབ་པ་ཉིད་དོ། །འདིར་ཡང་ཞེས་པ་ཐེ་ཚོམ་གྱི་མདོ་འདིར་རོ། །ཐེ་ཚོམ་གྱི་
གཏན་ཚིགས་ཀྱི་མཚན་ཉིད་ཧ་ཅང་ཁྱབ་པ་ཉིད་གསུངས་ཏེ། གང་གི་ཕྱིར་ཀུན་ད་དཀར་བ་ཉིད་སྤྱི་ཡིན་ཞིང་དེ་མངོན་སུམ་ཉིད་ན་ཡང་གཟུགས་ལ་སོགས་པ་རྣམས་ལ་ངེས་པ་མཐོང་གི་ཐེ་ཚོམ་ནི་མ་ཡིན་ནོ། །ཇི་ལྟར་མཚན་ཉིད་ཡིན་པ་དེ་ལྟར་དེ་ཡང་ཐེ་ཚོམ་གྱི་གཏན་ཚིགས་ཉིད་ཁོ་ནར་འཐོབ་བོ། །
เล่ม ๑๙๓ · หน้า 212b
དེའི་ཕྱིར་གང་རྣམ་པར་གཅོད་བྱེད་མ་ཡིན་པའི་གཏན་ཚིགས་སྤྱི་དེ་མངོན་སུམ་པ་ཉིད་ན་ཐེ་ཚོམ་དུ་འགྱུར་རོ་ཞེས་ཁྱད་པར་དུ་བྱས་ནས་བརྗོད་པར་བྱའོ། །བརྗོད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མ་ཚང་བ་ཉིད་དོ། །རྣམ་པར་གཅོད་བྱེད་མ་ཡིན་པའི་གཏན་ཚིགས་ཞེས་པ་འཁྲུལ་པ་ཅན་ཞེས་
པའི་དོན་ཏོ། །ཡང་ཅི་ལྟར་དེ་ནི་དེ་རྣམས་ཀྱི་སྤྱི་ཡིན་ཏེ། ཇི་ཙམ་དུ་དཀར་པོ་ཉིད་དེ་ནི་ཁྱད་པར་ཁོ་ནའོ་ཞེ་ན་འདི་སྐྱོན་མ་ཡིན་ཏེ། དུ་མ་དང་འབྲེལ་པ་ཅན་ཉིད་ཀྱི་ཕྱིར་དེ་ཡང་སྤྱི་དང་འདྲ་བས་སྤྱི་སྟེ། འདིར་སྤྱིའི་ཚིག་དོན་ཁོ་ན་སྤྱིའི་མཉན་པས་བརྗོད་པར་འདོད་པ་ཡང་མ་ཡིན་ནོ། །
གང་གི་ཕྱིར་ཡོན་ཏན་མཐོང་བ་ལས་ཀྱང་ཐེ་ཚོམ་ཉེ་བར་སྐྱེ་བ་སྟེ། དེས་ན་དུ་མ་དང་འབྲེལ་པ་ཅན་ཁོ་ན་འདིར་ཐེ་ཚོམ་གྱི་རྒྱུར་བརྗོད་དོ། །ཡུལ་འགའ་ཞིག་ཏུ་ཞེས་པ་ཐམས་ཅད་དུ་དུ་བ་ལ་སོགས་པ་ཉིད་ཀྱི་ཐེ་ཚོམ་ཟ་བ་མི་སྲིད་པར་སྟོན་ཏོ། །འདིར་དེའི་བདག་ཉིད་དང་དེ་ལས་བྱུང་
བའི་མཚན་ཉིད་ཅན་གྱི་འབྲེལ་པ་བཤད་པའི་ཆེད་དུ་གཏན་ཚིགས་རིགས་མཐུན་པ་དང་མི་མཐུན་པ་དག་ལ་ཡོད་པ་དང་མེད་པ་ཉིད་དག་དཔེའི་སྦྱོར་བས་བཤད་པར་བྱ་ན། དེ་དག་ཀྱང་གཏན་ཚིགས་ཀྱི་མཚན་ཉིད་ཁོ་ན་ལས་གྲུབ་སྟེ། དེའི་ཕྱིར་དཔེའི་མཚན་ཉིད་དོན་མེད་པ་ཅན་ནོ་ཞེ་ན་
གསུངས་པ། ཚུལ་གསུམ་གཏན་ཚིགས་ཞེས་པ་ལ་སོགས་པའོ། །གལ་ཏེ་ཡང་ཚུལ་གསུམ་གཏན་ཚིགས་ཞེས་བརྗོད་པ་དེ་ལྟ་ན་ཡང་སྦྱོར་བའི་དུས་སུ། ཕྱོགས་ཆོས་སུ་ནི་ལེགས་གནས་པ། །ནིའི་སྒྲ་ནི་ངེས་པར་གཟུང་བ་ལའོ། །ཕྱོགས་ཆོས་ཙམ་རང་གི་ངོ་བོས་གནས་
པར་གཏན་ཚིགས་ཀྱི་ཚིག་གིས་སྟོན་ཏེ། ཕྱོགས་ཆོས་ཙམ་བརྗོད་ཅེས་པའི་དོན་ཏོ། །ཅི་ལས་ཤེ་ན་གསུངས་པ། གྲགས་ཕྱིར་ཞེས་སོ། །ཡང་གྲགས་པ་དེས་ཅི་བྱས་ཤེ་ན་གསུངས་པ། རྟོག་གེའི་བསྟན་བཅོས་རྣམས་སུ་ནི་ཞེས་པ་ལ་སོགས་པ་སྟེ། རྒྱུ་མཚན་གྱི་དོན་ལ་བདུན་
པའོ། །རིགས་པ་ཕྲ་མོ་ལ་སོགས་པ་རྣམས་སུ་ཕྱོགས་ཆོས་ཙམ་གཏན་ཚིགས་སུ་བཤད་དེ་དེའི་ཕྱིར་དེའི་སྒོས་འཇིག་རྟེན་པའི་སྦྱོར་བ་ལ་ཡང་ཕྱོགས་ཆོས་ཙམ་གཏན་ཚིགས་ཉིད་དུ་རབ་ཏུ་གྲགས་སོ། །དེ་སྐད་དུ་དེར་གཏན་ཚིགས་བརྗོད་པ་བཤད་ཟིན་ཏོ། །དཔེ་བརྗོད་པར་བྱའོ་ཞེས་སྨྲ་བ་
เล่ม ๑๙๓ · หน้า 213a
པོ་རྣམས་དམིགས་སོ། །གྲགས་པ་དེ་ཉིད་སྟོན་པ་གསུངས་པ། དཔེར་ན་ཞེས་པ་ལ་སོགས་པའོ། །སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བརྗོད་པ་ན། བྱས་པ་ཉིད་ཙམ་གྱི་གཏན་ཚིགས་ཕྱོགས་སུ་བྱས་པ་སྒྲའི་ཆོས་སོ་ཞེས་པ་འདི་ཙམ་རྟོགས་སོ་ཞེས་པའི་དོན་ཏོ། །
མཚན་ཉིད་ལྷག་མ་ནི་སྦྱོར་བ་ལ་མ་བརྗོད་ཅེས་པ་བྱས་པའི་ཕྱིར་ཞེས་པ་འདི་ཁོ་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་དག་ལ་འདི་ཡོད་པ་དང་མེད་པ་དག་བཤད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་དོན་དུ་དཔེ་བརྗོད་པར་བྱ་བའོ་ཞེས་པ་དང་། དཔེ་ཡིས་རབ་ཏུ་གསལ་བར་བྱེད། །ཅེས་ཀྱང་ངོ་། །རྗོད་པར་
བྱེད་པ་དང་བརྗོད་པར་བྱ་བ་དག་ཐ་མི་དད་པར་ཉེ་བར་བཏགས་པ་ལ་འདི་སྐད་ཅེས་བརྗོད་དོ། །གཞན་དུ་ན་གང་ལ་ཞེས་པ་བརྗོད་པར་བྱ་བ་ལ་ཞེས་པའི་ཚིག་ལས་དོན་ཁོ་ན་དཔེ་ཉིད་དེ། དོན་གྱིས་གསལ་བར་བྱེད་པ་ཡང་མ་ཡིན་ནོ་ཞེས་པས་འདི་མི་རིགས་པར་འགྱུར་རོ། །དེའི་ཕྱིར་ཐ་མི་དད་པ་ཉེ་བར་
བཏགས་པ་ལས་དཔེ་རྗོད་པར་བྱེད་པའི་ངང་ཚུལ་ཅན་གྱི་ཚིག་ནི་འདིར་དཔེའི་སྒྲས་བརྗོད་དོ། །གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །ཞེས་པ་བསྒྲུབ་བྱའི་སྒྲ་ནི་འདིར་ཤེས་པར་འདོད་པའི་ཆོས་ཙམ་ལ་འཇུག་གོ། །རྗེས་འགྲོ་བ་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་པ་སྟེ་གང་ན་གཏན་ཚིགས་ཡོད་པ་
དེ་ན་བསྒྲུབ་བྱའི་ཡོད་པ་ཁོ་ན་སྟེ། ལྷན་ཅིག་ཡོད་པ་ཙམ་ནི་མ་ཡིན་ནོ། །བསྒྲུབ་བྱ་ཁོ་ནས་གཏན་ཚིགས་ཀྱི་སྟེ། གཏན་ཚིགས་ཀྱིས་བསྒྲུབ་བྱའི་ནི་མ་ཡིན་ནོ། །བསྒྲུབ་བྱ་མེད་ལ་མེད་པ་ཉིད་བསྒྲུབ་པར་བྱ་བ་མེད་པ་ཁོ་ན་ལ་གཏན་ཚིགས་མེད་པ་ཉིད་དེ། གཏན་ཚིགས་མེད་པ་ལ་བསྒྲུབ་བྱ་
ནི་མ་ཡིན་ནོ། །དེའི་མི་མཐུན་ཕྱོགས་དག་ལ་ལྷན་ཅིག་ཡོད་པ་ཉིད་ཙམ་ཡང་མ་ཡིན་ནོ། །མེད་པ་ཉིད་ཅེས་པའི་མེད་པའི་སྒྲ་ནི་འདི་ངག་གི་ངོ་བོའི་སྒྲ་གཞན་པ་མེད་པ་བརྗོད་པ་རྟོགས་པར་བྱེད་པར་བལྟ་བར་བྱའོ། །དེ་ཆོས་མཐུན་དང་ཅིག་ཤོས་ཞེས་པ། ཆོས་མཐུན་པ་ཉིད་ཅན་གྱི་དཔེ་དང་
ཆོས་མི་མཐུན་པ་ཉིད་ཀྱི་དཔེའོ་ཞེས་ཞར་བའམ་འཕྱེ་བོ་ལ་སོགས་པ་བཞིན་དུ་ཁྱད་པར་གྱི་བསྡུ་བའོ། །ཡང་ན་ཆོས་མཐུན་པ་ཉིད་དང་ཅིག་ཤོས་དང་བཅས་པ་ནི་ཆོས་མཐུན་བཅས། ཅིག་ཤོས་ཞེས་པ་འབྲུ་མང་པོའོ། །བཤད་པ་ནི་འདི་ལ་ནི་དེ་ཞེས་པ་མིང་ཐམས་ཅད་པའི་ཚིག་འདི་མ་བརྗོད་
เล่ม ๑๙๓ · หน้า 213b
ཀྱང་། གང་དང་དེ་དག་ནི་རྟག་ཏུ་འབྲེལ་པའི་ཕྱིར་འཐོབ་པོ། །ཐམས་ཅད་ལ་འགྲོ་བ་ནི་རྗེས་སུ་འགྲོ་བའོ་ཞེས་པ་འདིས་རྗེས་སུའི་སྒྲ་ནི་འདིར་ཁྱབ་པ་གསལ་བར་བྱེད་དོ་ཞེས་བསྟན་ཏོ། །གང་ལ་ཞེས་པ་བརྗོད་པར་བྱ་བ་ལ་ཞེས་པ་འདིས་དོན་དཔེ་ཉིད་གསུངས་སོ། །ཚིག་ནི་དེའི་རྗོད་
པར་བྱེད་པ་ཉིད་ཀྱི་ཕྱིར་ཉེ་བར་བཏགས་པའི་དཔེའོ། །འདི་ཡང་། དཔེ་ཡིས་རབ་ཏུ་བསྟན་པར་བྱ། །ཞེས་པ་འདིས་སྔར་ཉིད་རིག་པར་བྱས་ཟིན་ཏོ། །གང་རྩོལ་བ་ལས་བྱུང་བ་དེ་ནི་ཞེས་པའི་ནིའི་སྒྲ་ནི་ཐོབ་པར་འདོད་པའི་དོན་ཏོ། །དེ་ལྟ་ན་ནི་གཏན་ཚིགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་
དུ་བཤད་པར་འགྱུར་རོ། །གལ་ཏེ་གང་དང་གང་རྩོལ་མ་ཐག་ཏུ་བྱུང་བ་དེ་དང་དེ་མི་རྟག་གོ་ཞེས་སྟོན་པར་བྱེད་ན་སྟེ། གཞན་དུ་ན་མ་ཡིན་ནོ། །དེ་ལྟར་ཐམས་ཅད་བསྡུས་པས་ཁྱབ་པ་བསྟན་ནས། གསལ་བར་བྱེད་པའི་དོན་དུ་ཕྱོགས་གཅིག་དཔེར་རྗོད་པར་བྱེད་དེ། དཔེར་ན་བུམ་པ་བཞིན་
ཞེས་པའོ། །རྟག་པ་ནི་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་ཞེས་པ། རྟག་པའི་སྒྲས་མི་རྟག་པ་ཉིད་མེད་པ་མཚོན་པར་བྱེད་དོ། །དེ་ལྟར་ན་ནི་གཏན་ཚིགས་སྒྲུབ་བྱེད་མེད་པ་ལ་མེད་པ་ཉིད་བརྗོད་པར་འགྱུར་གྱི། རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེ་འདིས་འབྲས་བུ་དང་རང་བཞིན་གྱི་གཏན་
ཚིགས་གཉིས་པོ་དེ་དག་གི་ཡང་མཚན་ཉིད་ལྷག་མ་བསྟན་ཏོ། །དེ་ལྟར་ནི་རྩོལ་མ་ཐག་ཏུ་བྱུང་བ་ཉིད་གཉིས་ཀའི་ནང་དུ་འདུས་ཏེ། བརྩལ་མ་ཐག་ཏུ་གསལ་བ་དང་སྐྱེ་བ་དག་རྩོལ་མ་ཐག་ཏུ་བྱུང་བའི་སྒྲས་བརྗོད་པའི་ཕྱིར་རོ། །དངོས་པོ་སྒྲུབ་པར་བྱེད་པའི་གཏན་ཚིགས་ལ་ཡང་བསྒྲུབ་
བྱའི་ཁྱད་པར་མི་རྟག་པ་ལ་སོགས་པ་འགའ་ཞིག་ལ་དགག་སྒྲའི་སྦྱོར་བ་བསྟན་པའི་ཕྱིར་ན། འགའ་ཞིག་གི་དགག་པའི་ངོ་བོར་བསྒྲུབ་བྱ་སྟོན་པར་བྱེད་དོ་ཞེས་དོགས་པར་འགྱུར་ཏེ། དེའི་ཕྱིར་དེ་གསལ་བའི་ཆེད་དུ་གསུངས་པ། སྒྲུབ་པས་ཞེས་པ་ལ་སོགས་པའོ། །ཆོས་མཐུན་པ་ཉིད་
ཅན་གྱི་དཔེ་ལ་དངོས་པོར་གྱུར་པའི་བསྒྲུབ་བྱ་རང་གི་ངོ་བོ་ཁོ་ནས་སྒྲུབ་བྱེད་ལ་བསྟན་པར་བྱའི་རང་གི་ངོ་བོ་དགག་པའི་ངོ་བོས་ནི་མ་ཡིན་ནོ། །གདོན་མི་ཟ་བར་ཞེས་པ་གཞན་དུ་ན་དོན་གང་ཆོས་མཐུན་པ་ཉིད་ཀྱི་དཔེ་ལ་བརྗོད་པར་བྱ་བ་ཁོ་ན་གཏན་ཚིགས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དུ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด