ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๓ · หน้า 160b
སེར་སྐྱའི་ནི་རབ་ཏུ་དང་བ་ལ་སོགས་པར་འགྱུར་ལ། དེ་ལས་གཞན་རྣམས་ཀྱི་ནི་མྱ་ངན་ལ་སོགས་པར་རོ། །དེའི་ཕྱིར་སྐྱེས་བུ་ཡང་བདེ་བ་ལ་སོགས་པའི་རང་བཞིན་དུ་ཐལ་བར་འགྱུར་རོ། །ཁས་མི་ལེན་ན་ཡང་ཞེས་པ་ལ་སོགས་པས་དེ་ཉིད་མ་ངེས་པ་ཉིད་དུ་གསལ་བར་བྱེད་ཅིང་མ་ངེས་པ་ཉིད་
དུ་བརྗོད་པའི་འབྲས་བུ་སྟོན་པར་བྱེད་དོ། །འམ་གྱི་སྒྲ་ནི་གཏན་ཚིགས་ལའོ། །འདི་བཤད་པར་འགྱུར་ཏེ། གང་གི་ཕྱིར་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་ཅན་ཡིན་ཡང་སྐྱེས་བུ་བདེ་བ་ལ་སོགས་པའི་རང་བཞིན་དུ་ཁས་མ་བླངས་ཏེ། དེའི་ཕྱིར་དེ་ཁས་མི་ལེན་ན་ལོངས་སྤྱད་པར་བྱ་བ་
ཡང་ཡོན་ཏན་མ་ཡིན་པ་སྟེ། དེའི་ཕྱིར་རྩ་བའི་གཏན་ཚིགས་ཡོན་ཏན་རྗེས་སུ་འགྲོ་བ་ནི་མ་གྲུབ་པ་ཉིད་དོ་ཞེས་པའོ། །དེ་ལྟར་འགྱུར་མོད་ཀྱི། སྐྱེས་བུ་ནི་མཐོང་བ་ཉིད་མེད་དེ། དེས་ན་ཅིའི་ཕྱིར་དེ་མཐོང་བ་ལ་རབ་ཏུ་དང་བ་ལ་སོགས་པའི་འབྲས་བུ་སྐྱེད་པར་བྱེད་ཅེ་ན། དེ་ནི་ཡོད་པ་མ་ཡིན་ཏེ།
ལྐོག་ཏུ་གྱུར་པའི་ཡང་རྗེས་སུ་དཔག་པའི་དངོས་པོའི་རབ་ཏུ་དང་བ་དང་མྱ་ངན་ལ་སོགས་པའི་འབྲས་བུ་མཐོང་བའི་ཕྱིར་ཏེ། དེ་ལྟར་ནི་གྲང་བས་ཉེན་པ་དུ་བ་མཐོང་བ་ལས་མེ་ངེས་པ་ནི་དགའ་བར་འགྱུར་ཞིང་། སྟག་གི་སྒྲ་ཐོས་པ་ལས་སྟག་ཐག་ཉེ་བར་རྗེས་སུ་དཔག་པ་ལ་ཡོངས་སུ་གདུང་
བར་རོ། །དེའི་ཕྱིར་སྐྱེས་བུ་རྗེས་སུ་དཔག་པའི་ཡང་རབ་ཏུ་དང་བ་ལ་སོགས་པར་འགྱུར་བ་ཁོ་ན་སྟེ། བདག་གིས་སྐྱེས་བུ་ངེས་པར་བྱ་སྟེ་རིང་པོ་མི་ཐོགས་པར་ཐར་པ་ཉིད་ཐོབ་པར་འགྱུར་རོ་ཞེས་སེམས་པའི་འོ། །ཅི་སྟེ་རྗེས་སུ་དཔག་པའི་ཡུལ་དུ་ཡང་འགྱུར་བ་མ་ཡིན་ན་ནི། འོ་ན་དེ་ཡོད་དོ་
ཞེས་ཅི་ལྟར་ངེས་པར་བྱ། དེའི་ཕྱིར་བསྟན་བཅོས་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། བསྟན་བཅོས་ཀྱི་འབྲས་བུ་ནི་སྐྱེས་བུ་ཐར་པའི་ཐབས་སྒྲུབ་པ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཡང་སྐྱེས་བུ་ཉེ་བར་སེམས་པ་ཅན་གྱི་གཟུགས་བརྙན་བསྒྲུབ་པའི་ཡིད་ཁོ་ན་རབ་ཏུ་དང་བ་ལ་སོགས་པ་མངོན་པར་
གསལ་བར་བྱེད་པ་མ་ཡིན་ནམ། དེ་ཡང་གཙོ་བོ་ཅན་ཉིད་ཀྱི་ཕྱིར་ཡོན་ཏན་གསུམ་ཁོ་ནའོ་ཞེས་པས། ཅིའི་ཕྱིར་སྐྱེས་བུ་མ་ངེས་པ་ཡིན་ཞེ་ན། འདི་ནི་གཏམ་སྟེ། སྐྱེས་བུའི་རང་གི་ངོ་བོ་ཡོངས་སུ་མ་ཤེས་ན་སྐྱེས་བུ་ཉེ་བའི་སེམས་པ་ཅན་གྱི་ཡིད་དོ་ཞེས་ཅི་ལས་ངེས་པ་ཡིན། རྒྱ་སྐྱེགས་ལ་
เล่ม ๑๙๓ · หน้า 161a
སོགས་པ་འགེགས་པར་བྱེད་པ་ངེས་པར་མ་བཅད་ན་ནི། དེས་བཀབ་པའི་གཟུགས་ཀྱི་བྱེ་བྲག་ཤེལ་ལ་སོགས་པ་ལ། རྒྱ་སྐྱེགས་ལ་སོགས་པས་བཀབ་པའི་གཟུགས་ཀྱི་བྱེ་བྲག་གོ་ཞེས་ངེས་པར་ནུས་པ་མ་ཡིན་པས་སོ། །གལ་ཏེ་ཡང་སྐྱེས་བུ་ཉེ་བ་ན་ཡིད་ནི་སེམས་
པ་ཅན་གྱི་གཟུགས་བརྙན་ཐོབ་པར་འགྱུར་རོ་ཞེ་ན། རྟག་ཏུ་འགྱུར་ཏེ་སྐྱེས་བུ་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཞར་ལས་བྱུང་བས་ཆོག་གོ། །རྫས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། འདི་ནི་དམ་བཅའི་སྒོ་ནས་སུན་འབྱིན་པའོ། །རྫས་ཉིད་དང་ལྡན་པ་དེའི་དངོས་པོར་ཁས་ལེན་ན་ཞེས་པ། རྫས་
ཀྱི་དངོས་པོར་ཁས་ལེན་ནའོ། །བྱེ་བྲག་པ་རྣམས་ཀྱི་དམ་བཅའ་འདི་ཡིན་ཏེ། རྫས་ཉིད་དང་ལྡན་པ་ནི་རྫས་སུ་ཡོད་དོ་ཞེས་པའོ། །དེའི་ཕྱིར་སྐྱོན་འདི་བརྗོད་པར་བྱ་སྟེ། ཡོན་ཏན་རྣམས་ཀྱང་རྫས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་སྟེ། སྦྱོར་བ་ལས་དམིགས་བསལ་ཏེ། རྫས་ཀྱི་སྦྱོར་བ་ཁོ་ན་ལས་
རྫས་དམིགས་ཀྱིས་བསལ་བའོ་ཞེས་པའི་དོན་ཏོ། །ཅི་ལྟར་ཞེ་ན་གསུངས་པ། འཕྲོད་པ་འདུ་བ་གཅིག་ཉིད་ཀྱི་ཕྱིར་དང་ཞེས་པའོ། །པེ་ལུ་ཀའི་གལ་ཏེ་ཡང་སྤྱི་རྣམས་རང་གི་རྟེན་ལས་འཕྲོད་པ་འདུས་པ་དེ་ལྟ་ན་ཡང་། འཕྲོད་འདུ་བ་གང་གི་རྫས་ཉིད་རྫས་ལ་འཇུག་པའི་འཕྲོད་འདུ་དེ་ཁོ་ན་ཡོན་
ཏན་རྣམས་ལ་ཡང་ངོ་ཞེས་པས་ཡོན་ཏན་རྣམས་ཀྱང་རྫས་སུ་འགྱུར་བ་འཐོབ་བོ། །འོ་ན་བཻ་ཐ་ར་རྣམས་ཀྱི་ཡང་དག་པ་ལྡན་པ་བཞིན་དུ་འཕྲོད་འདུ་ཡང་འཕྲོད་འདུ་ཅན་སོ་སོ་ཐ་དད་པ་ཁོ་ན་མ་ཡིན་ནམ། དེས་ན་ཅིའི་ཕྱིར་ཐལ་འགྱུར་འདིར་འགྱུར་ཞེ་ན། གསུངས་པ། ཡང་ན་སྤྱི་རྣམས་ཐམས་ཅད་
དུ་སོང་བའི་ཕྱིར་ཞེས་པའོ། །རྫས་ཉིད་དང་ལྡན་པའི་ཡང་ཞེས་པ་ལ་སོགས་པ་སྟེ། ཅི་སྟེ་རྫས་ཉིད་དང་ལྡན་པ་ཡང་རྫས་སུ་མི་འདོད་ན་རྫས་ཉིད་དང་ལྡན་པ་ཡོད་དོ་ཞེས་པའི་དམ་བཅའ་སུན་འབྱིན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྫས་ནི་རྫས་མ་ཡིན་པ་ཉིད་ཀྱིས་སེལ་བའི་
ཕྱིར་རོ་ཞེས་པའོ། །མ་ངེས་པའི་རྩོད་པར་འགྱུར་རོ་ཞེས་པ། རྫས་ཉིད་དང་ལྡན་པ་ཉིད་ཀྱི་ཕྱིར་རྫས་ཉིད་དུ་སྒྲུབ་པར་བྱེད་ན་ཡོན་ཏན་རྣམས་ལ་ཡང་གཏན་ཚིགས་འདི་ཡོད་པའི་ཕྱིར་མ་ངེས་པའི་རྩོད་པར་འགྱུར་རོ། །རྫས་ཉིད་དང་ལྡན་པ་གཞན་ཞེས་པ་སྟེ། མཐུན་ཕྱོགས་ལ་ཡོད་ཅིང་མི་མཐུན་
เล่ม ๑๙๓ · หน้า 161b
ཕྱོགས་ལ་འཇུག་ན་མ་ངེས་པར་འགྱུར་ན། འདི་ལ་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཏེ། རྫས་ཉིད་དང་ལྡན་པ་གཞན་མ་མཐོང་བའི་ཕྱིར་རོ། །འགལ་བའི་རྩོད་པར་འགྱུར་བ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། དེ་ལྟར་སྦྱོར་བ་མེད་པའི་ཕྱིར་རོ། །འདིར་ཡང་རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་
དང་རྫས་རྣམས་ཀྱི་རྫས་དང་རྫས་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བརྗོད་པ་ཡིན་གྱི། རྫས་ནི་མེད་དེ་ཡོན་ཏན་རྣམས་ཁོ་ན་རྫས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ནི་མ་ཡིན་ནོ། །མ་ངེས་པར་རྩོད་པ་འཁྲུལ་པ་མཐོང་བའི་ཕྱིར་དོགས་སོ། །མཚན་ཉིད་ཀྱི་གཏན་
ཚིགས་ལ་ནི་ཞེས་པ། དོན་གཞན་ལས་ལོག་པའི་ཚུལ་གྱིས་མཚོན་ཆ་གོ་བར་བྱེད་ཅིང་རྟོགས་པར་བྱེད་དོ་ཞེས་པས་མཚན་ཉིད་ཁོ་ན་གཏན་ཚིགས་སུ་འདིར་མངོན་པར་དགོངས་ཏེ། སའི་སྲ་བ་ཉིད་བཞིན་ནོ། །རྫས་ཉིད་དང་ལྡན་པས་ཀྱང་རྫས་མཚོན་པར་བྱ་བའོ་ཞེས་པས་འདི་མཚན་
ཉིད་ཀྱི་གཏན་ཚིགས་སོ། །དེ་ཡང་རྫས་ལས་གཞན་ལ་ཡང་འཇུག་གོ་ཞེས་པ་ཡོན་ཏན་རྣམས་ལ་ཐལ་བར་འགྱུར་བ་བརྗོད་ཟིན་ཏོ། །ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་ནི་མ་ཡིན་ཏེ། མ་ངེས་པ་ཉིད་ཀྱི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཞེས་པ་ལ། བསྒྲུབ་པར་བྱ་བ་ཡང་འདི་
ཡིན་ལ་ཆོས་ཀྱང་ངོ་ཞེས་པ་བསྒྲུབ་བྱའི་ཆོས་སོ་དེ་ཁོ་ན་སྤྱི་སྟེ། དེས་མཐུན་པའི་ཕྱོགས་ནི་མཐུན་ཕྱོགས་སོ། །སར་འགྱུར་བ་ནི་ཡང་འདིར་སྦྱོར་བ་ཐ་དད་པའི་ཕྱིར་ས་བྷཱ་ག་དང་། ས་ཛཱ་ཏི་བཞིན་ནོ། །སྤྱིར་བརྗོད་པའི་ཕྱིར་ཅི་ལྟར་འདི་ཐོབ་ཅེ་ན་གསུངས་པ། ཉེ་བའི་ཕྱིར་ཞེས་པ། གང་གིས་ན་མི་
རྟག་པ་ཉིད་ལ་སོགས་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པར་ཆོས་ཅན་བསྒྲུབ་པར་བྱ་བ་སྟེ། དེ་སྐབས་སུ་བྱས་པ་ཉིད་ཀྱི་ཕྱིར་ཉེ་བའོ། །དེའི་ཕྱིར་དེ་ཁོ་ན་དང་མཐུན་པའི་ཕྱོགས་ནི་མཐུན་ཕྱོགས་ཏེ་གཞན་དང་ནི་མ་ཡིན་ནོ་ཞེས་པ་རིགས་པའོ། །འོ་ན་འདི་ཕྱོགས་ཉིད་དུ་འགྱུར་བ་མ་ཡིན་ཏེ།
བསྒྲུབ་པར་བྱ་བ་ཉིད་དུ་མི་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་གསུངས་པ། དོན་ཐམས་ཅད་ཕྱོགས་ཞེས་པར་བྱས་ནས་ཞེས་པ། རང་གི་ཡོངས་སུ་བཤད་པ་སྟོན་ཏོ་ཕྱོགས་སུ་བྱའོ། །གསལ་བར་བྱའོ་ཞེས་པས་དངོས་པོ་ཐམས་ཅད་ཕྱོགས་ཞེས་བཤད་པར་བྱའོ། །འོ་ན་ཁྱད་པར་ནི་རང་གི་
เล่ม ๑๙๓ · หน้า 162a
རྟེན་ལ་ངེས་པ་མ་ཡིན་ནམ། དེ་ཅི་ལྟར་གཞན་གྱི་ཆོས་གཞན་ལ་ཡིན་ཞེ་ན་གསུངས་པ། སྒྲུབ་པར་བྱེད་པའི་ཆོས་དེ་ནི་ཞེས་པ་ལ་སོགས་པའོ། །སྤྱི་གཏན་ཚིགས་ཉིད་དུ་ཉེ་བར་བླངས་པའི་ཕྱིར་ཏེ། ཁྱད་པར་ནི་མ་ཡིན་ནོ། །དེས་ན་སྐྱོན་འདི་མེད་དོ་ཞེས་སྟོན་ཏོ། །དེ་
ལྟ་ན་འོ་ན་ཞེས་ཇི་ལྟར་སྒྲུབ་པར་བྱེད་པའི་ཆོས་ནི་རྗེས་སུ་དཔག་པ་ལ་སྤྱིའི་ངོ་བོར་བླང་བར་བྱ་བ་དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱང་སྟེ། ཁྱད་པར་རྗེས་སུ་དཔག་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་མི་རྟག་པ་ཉིད་གཅིག་ཡིན་པ་དེ་ཁོ་ན་གཉིས་ཀ་ལ་ཡང་འཇུག་གོ་ཞེས་པས་མཐུན་ཕྱོགས་ཀྱང་
ནི་ཕྱོགས་ཉིད་འགྱུར། ཅིའི་ཕྱིར་ཐ་སྙད་གཞན་གྱི་ཐ་སྙད་དུ་བྱེད་ཅེ་ན། འདིར་འགྱུར་མོད་ཅེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་མེད་པ་ལ་བརྗོད་འདོད་པ་མི་རིགས་སོ་ཞེ་ན། གསུངས་པ། ཐ་དད་ནི་ཡོད་དེ་ཞེས་སོ། །ཡང་ཅི་ལྟར་ཐ་དད་མེད་པའི་མི་རྟག་པ་ཉིད་ཀྱི་ཐ་དད་པ་
མ་ཡིན་ཞེ་ན། བུམ་པ་ཞེས་པ་ལ་སོགས་པ་སྟེ་བུམ་པ་ལ་སོགས་པ་ལ་མི་རྟག་པ་ཉིད་གྲུབ་ཟིན་པ་ཉིད་ཀྱི་ཕྱིར། བསྒྲུབ་པར་བྱ་བ་ཉིད་མེད་ལ། སྒྲ་ལ་དེ་ལྟ་མ་ཡིན་ནོ། །དེས་ན་འདི་ཁོ་ན་ཐ་དད་དེ། གང་གཅིག་ལ་བསྒྲུབ་བྱའི་ཆོས་རྟོགས་ཟིན་ཅིང་གཞན་ལ་རྟོགས་མ་ཟིན་པའོ་ཞེས་པའོ། །གང་
དུ་དེ་རྟོགས་ཟིན་པ་དེ་མཐུན་ཕྱོགས་སུ་བརྗོད་ཅིང་། གང་དུ་རྟོགས་མ་ཟིན་པ་དེ་ཕྱོགས་ཞེས་པར་རོ། །གཏན་ཚིགས་ནི་གཉིས་ཀ་ལ་གྲུབ་པ་ཁོ་ན་རྗེས་སུ་དཔོག་པ་ལ་ཉེ་བར་སྦྱོར་རོ་ཞེས་པས་དེ་ལ་རྣམ་པ་འདི་ལྟ་བུའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བརྗོད་པར་འདོད་པ་མ་ཡིན་ནོ། །དེའི་
ཕྱིར་འདིར་ཐ་དད་པའང་ཞེས་ཏེ། ཇི་སྐད་བཤད་པའོ། །ཡང་གི་སྒྲ་ལས་ཐ་མི་དད་པ་ཡང་སྟེ་རྟག་པ་རྣམ་པར་གཅོད་པའི་ངོ་བོའི་མི་རྟག་པ་ཉིད་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་ཡི་གེ་གཏན་ཚིགས་ཀྱི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཐ་དད་པ་དང་ཐ་མི་དད་པ་དག་སྟེ། དེའི་ཕྱིར་མི་འདོད་དོ། །
ཕྱོགས་དང་མཐུན་ཕྱོགས་དག་གཅིག་ཉིད་དུའོ་ཞེས་པའི་དོན་ཏོ། །འོ་ན་མི་མཐུན་པའི་ཕྱོགས་ཅི་ཡིན་ཞེས་པ་ཐེ་ཚོམ་ཅན་གྱི་དྲི་བའོ། །ཐེ་ཚོམ་གྱི་ཡང་དག་པ་དོན་དུ་མ་ལ་འཇུག་པ་ཉིད་དེ། དེ་ཡང་རང་ཉིད་ཀྱིས་སྟོན་པ་གསུངས་པ། ཡོད་དོ་ཞེས་པ་ལ་སོགས་པའོ། །གལ་ཏེ་ཡང་སྨད་པ་ལ་
เล่ม ๑๙๓ · หน้า 162b
སོགས་པ་རྣམས་ལ་ཡང་འཇུག་མོད། དེ་ལྟ་ན་ཡང་གང་ཁོ་ན་འདིར་དོན་གསུམ་སྲིད་པ་དེ་ཁོ་ན་ཉེ་བར་བཀོད་པའོ། །དེ་ལ་ཞེས་པ་ལ་སོགས་པའོ། །འདིར་ཁས་བླང་བར་བྱའོ་ཞེས་བརྟག་པར་བྱའོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །མ་ཡིན་པའི་ཡི་གེ་ནི་རིམ་པ་ཐ་དད་པ་སྟེ། རྣམ་པར་
གཅོད་པའི་སྒྲའི་དེ་མ་ཐག་ཏུ་བལྟ་བར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། རྣམ་པ་གསུམ་པོ་དེ་རྣམས་ལ། དེ་ལས་ཏེ་མཐུན་ཕྱོགས་ལས་གཞན་དང་དེ་དང་འགལ་བ་སྟེ། རྣམ་པ་གཉིས་པ་འདི་ཡང་མི་མཐུན་ཕྱོགས་སུ་རེ་ཞིག་ཁས་བླང་བར་གྱིས་ཞེས་པའོ། །རེ་ཞིག་གི་སྒྲས་དུས་ཕྱིས་
མེད་པར་ཡང་མི་མཐུན་ཕྱོགས་ཉིད་དུ་ཁས་ལེན་པ་བསལ་བར་བྱེད་པའོ། །དེར་འགྱུར་མོད། དེ་ལས་གཞན་པ་ལ་དང་དེ་དང་འགལ་བ་ལ་སྟེ། རྣམ་པ་གཉིས་ཀ་ཡང་འདིར་མི་མཐུན་པའི་ཕྱོགས་ཡིན་ན་སྐྱོན་ཡིན་ནོ། །གལ་ཏེ་དེ་ལས་གཞན་པ་མི་མཐུན་པའི་ཕྱོགས་ཉིད་དུ་ཁས་
ལེན་ནའང་ཁོ་བོ་ལ་གཏན་ཚིགས་མེད་པ་ཁོ་ནར་ཐལ་བར་འགྱུར་ཏེ། དེ་ལྟར་ནི་གང་ཁོ་ན་བུམ་པ་ལ་སོགས་པ་མཐུན་པའི་ཕྱོགས་ཡིན་པ་དེ་ཁོ་ན་མི་རྟག་པ་ཉིད་ལས་ཆོས་གཞན་དང་ལྡན་པའི་ཕྱིར་མཐུན་ཕྱོགས་ལས་གཞན་ནོ་ཞེས་པས་མི་མཐུན་ཕྱོགས་ཡིན་ཞིང་། དེ་ལ་ཡང་བྱས་པ་
ཉིད་ལ་སོགས་པ་འཇུག་པའི་ཕྱིར་མ་ངེས་པ་ཉིད་དུ་འགྱུར་རོ། །དེ་དང་འགལ་བ་མི་མཐུན་པའི་ཕྱོགས་ཉིད་ན་ཡང་། མེ་ནི་འདིར་དྲོ་བ་ཉིད་དོ་ཞེས་པ། མི་མཐུན་ཕྱོགས་རྣམ་པར་གཅོད་པས་གཏན་ཚིགས་བསྒྲུབ་པར་བྱ་བ་གོ་བར་བྱེད་དོ་ཞེས་པས་འགལ་བ་གྲང་བ་ཁོ་ན་ལས་རྣམ་པར་
བཅད་པར་མེ་བསྒྲུབ་པར་བྱ་བ་ན་གོ་བར་བྱེད་ཀྱི། དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་པ་ལས་ནི་མ་ཡིན་ཏེ། དེ་ནི་མི་འགལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་དྲོ་བའི་རེག་པ་རྟོགས་པར་འགྱུར་བ་མ་ཡིན་ནོ། །དེས་ན་ཅི་ལྟར་འདི་དག་མི་མཐུན་ཕྱོགས་སུ་ཁས་ལེན་པར་བྱེད་ཅེ་ན་གསུངས་པ།
གཉིས་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་གཏན་ཚིགས་ལའོ། །གང་གི་ཕྱིར་གཞན་པ་དང་འགལ་བ་དག་མི་མཐུན་ཕྱོགས་ཉིད་ཡིན་ན། རིམ་པ་ཇི་ལྟ་བར་གཏན་ཚིགས་མེད་པར་ཐལ་འགྱུར་བ་དང་འགལ་བ་ལས་ཀྱང་རྣམ་པར་གཅོད་པར་ཐལ་བར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་འདི་
เล่ม ๑๙๓ · หน้า 163a
གཉིས་ཀ་དག་གི་ཡང་མི་མཐུན་ཕྱོགས་ཉིད་དུ་ཁས་བླང་བར་བྱོས་ཤིག་ཅེས་པའི་དོན་ཏོ། །གལ་ཏེ་མཐུན་ཕྱོགས་ལས་གཞན་གང་ཡིན་པ་དེ་མི་མཐུན་ཕྱོགས་ཡིན་ན་ཞེས་པ་ལ་སོགས་པ་སྟེ། ཚིག་ཕྲད་ནི་རིམ་པ་ཐ་དད་པ་སྟེ། གལ་ཏེ་མཐུན་ཕྱོགས་ལ་གཞན་གང་
ཡིན་པ་དེ་མི་མཐུན་ཕྱོགས་ཡིན་ན་ཁྱོད་ལ་གཏན་ཚིགས་མེད་པ་འཐོབ་པ་མ་ཡིན་པ་ཁོ་ན་ཞེས་པའི་དོན་ཏོ། །འདི་ལྟར་སེམས་ཏེ། ཆོས་གཞན་དང་ལྡན་པ་ལས་མཐུན་པའི་ཕྱོགས་རང་ཉིད་ཁོ་ན་ལས་གཞན་ཉིད་དུ་རིགས་པ་ནི་མ་ཡིན་ཏེ། དེ་ལྟར་ནི་བྲམ་ཟེ་ལས་གཞན་ཤོག་ཅིག་ཅེས་བརྗོད་
པ་ནི། བྲམ་ཟེ་ཁོ་ན་སྐྱེས་བུ་ཉིད་ལ་སོགས་པ་ཆོས་གཞན་དང་ལྡན་པའི་ཕྱིར་བྲམ་ཟེ་ལས་གཞན་ཡིན་ནོ་ཞེས་འཇིག་རྟེན་ན་རྟོགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བརྗོད་པར་འདོད་པའི་ཆོས་མི་བརྟེན་པ་རྒྱལ་རིགས་ལ་སོགས་པའོ། །དེའི་ཕྱིར་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་
མ་ཡིན་ནོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་ནི་གཅིག་མིན་སྒྲུབ་པར་བྱེད་པ་ཉིད་ནི། གཞན་པ་མི་མཐུན་ཕྱོགས་ཉིད་ཡིན་པ་ལ་གཏན་ཚིགས་སྟོན་པར་བྱེད་ཅིང་། དེ་མ་ཐག་པའི་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་མེད་པ་གཞུང་འཛུགས་པར་བྱེད་དོ། །གང་མཐུན་པའི་ཕྱོགས་ལ་ཡོད་
དོ་ཞེས་པས་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་ངེས་པར་བཟུང་བ་བལྟ་བར་བྱའོ། །དེ་མི་རྟག་པ་ཉིད་ལ་སོགས་པ་ལས་གཞན་ལ་ཡང་ཞེས་པ་སྟེ། འདིར་སྡུག་བསྔལ་ལ་སོགས་པ་ལ་ཞེས་པ་འདི་ནི་རྒྱུ་མཚན་གྱི་བདུན་པའོ། །དེ་ལ་འདི་ནི་ཚོགས་པའི་དོན་ཏེ། གང་གི་ཕྱིར་གང་མཐུན་ཕྱོགས་ཁོ་
ན་ལ་ཡོད་པའི་བྱས་པ་ཉིད་ལ་སོགས་པའི་ཕྱོགས་ཆོས་ནི་གཞན་པའི་མཚན་ཉིད་ཅན་གྱི་མི་མཐུན་ཕྱོགས་ལ་མེད་ཅིང་། དེ་ནི་མི་རྟག་པ་ཉིད་ཀྱི་རྒྱུ་མཚན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་མི་རྟག་པ་ཉིད་ལས་གཞན་ཡང་གང་ཆོས་གཞན་སྡུག་བསྔལ་བ་ཉིད་ལ་སོགས་པ་དེའི་རྒྱུ་མཚན་
ཡང་ཡིན་པ་དེའི་ཕྱིར་གཏན་ཚིགས་མེད་པར་ཐལ་བར་བཟློག་གོ། །གལ་ཏེ་ཡང་མཐུན་པའི་ཕྱོགས་དང་འགལ་བ་དེ་མི་མཐུན་ཕྱོགས་ཡིན་པ་དེ་ལྟ་ན་ཡང་སྐྱོན་མེད་དོ་ཞེས་པ་ལྷག་མའོ། །མཐུན་ཕྱོགས་དང་འགལ་བ་ཁོ་ན་ཞེས་ངེས་པར་གཟུང་བ་འདིར་བལྟ་བར་བྱའོ། །གལ་ཏེ་ཡང་ཞེས་པ་
เล่ม ๑๙๓ · หน้า 163b
འདིས་འདི་སྐད་སྟོན་ཏེ། འགལ་བ་ཁོ་ན་མི་མཐུན་ཕྱོགས་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན་གཞན་པ་དང་མེད་པ་དག་ཀྱང་ངོ་། །དེས་ན་འདི་སྐྱོན་མེད་པ་ཁོ་ནའོ། །འགལ་བ་ཁོ་ན་མཐུན་ཕྱོགས་ཉིད་དུ་ཁས་བླངས་ནས་ནི་བདག་གིས་ལན་བརྗོད་པར་བྱའོ་ཞེས་པའོ། །ཅིའི་ཕྱིར་འགལ་བ་ཁོ་ན་མི་
མཐུན་ཕྱོགས་ཉིད་ན་སྐྱོན་མེད་ཅེ་ན། དེས་ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པ་ནི་འགལ་བ་ཁོ་ན་མི་མཐུན་ཕྱོགས་ཉིད་ཀྱིས་སོ། །གང་ཁོ་ན་ལ་སྟེ་མི་མཐུན་ཕྱོགས་འགལ་བའི་བདག་ཉིད་ལ་མེད་པ་དེ་ཁོ་ན་རྣམ་པར་གཅོད་པ་བསྒྲུབ་པར་བྱ་བ་མ་རྟོགས་པར་འགྱུར་རོ་ཞེས་པའི་དོན་ཏོ། །འོ་ན་
གང་ལ་ཞེས་པ་སྤྱི་སྒྲ་འདི་ཅི་ལས་ཁྱད་པར་འདི་འཐོབ་པ་ཡིན་ཞེ་ན། འོ་ན་མི་མཐུན་ཕྱོགས་ཅི་ཡིན་ཞེས་པ་འདིར་མི་མཐུན་ཕྱོགས་ཀྱི་སྐབས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་ནི་གང་ཞིག་དེ་ཉིད་ལ་མེད་པ་ཞེས་ཀློག་པར་བྱེད་དོ། །འདི་ལྟར་བཤད་པར་བྱ་སྟེ། གང་དེ་ཁོ་ན་ལ་སྟེ། མཐུན་
ཕྱོགས་དང་འགལ་བའི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པའོ། །ཁོ་ནའི་ཡི་གེ་ནི་མཐུན་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་མི་གཅོད་པའི་དོན་ཅན་ནོ་དེས་ནི་དེ་རྣམ་པར་གཅོད་པ་སྟེ། འགལ་བ་རྣམ་པར་གཅོད་པ་ཁོ་ན་བསྒྲུབ་པར་བྱ་བ་ལ་རྟོགས་པར་བྱེད་དོ། །གལ་ཏེ་འགལ་བ་ཁོ་ན་རྣམ་པར་གཅོད་པ་བསྒྲུབ་
པར་བྱ་བ་ལ་རྟོགས་པར་བྱེད་ན་དེ་ལས་ཅི་ལྟར་མི་འདོད་པ་འོངས་པ་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ཡང་ཞེས་པ་ལ་སོགས་པའོ། །འདི་ལྟར་སེམས་ཏེ། མི་མཐུན་ཕྱོགས་ལས་ལོག་པའི་གཏན་ཚིགས་ནི་མཐུན་ཕྱོགས་མེད་པར་བསྒྲུབ་བྱ་ལ་རྟོགས་པར་བྱེད་ཅིང་དྲོ་མིན་གྲང་མིན་ནི་མ་ཡིན་ནོ། །
མི་མཐུན་ཕྱོགས་ཀྱང་འགལ་བ་གྲང་བ་ཁོ་ན་སྟེ། དེ་ལས་ཀྱང་འདི་ན་དྲོ་བ་ཉིད་དེ་མེའི་ཕྱིར་རོ་ཞེས་པ་འདི་ལ། མེ་གྲང་བ་མེད་པ་བསྒྲུབ་བྱ་ལ་གོ་བར་བྱེད་ཀྱི། དྲོ་མིན་གྲང་མིན་མེད་པ་ཡང་མ་ཡིན་ནོ། །འདི་ནི་འདོད་པ་ཡང་སྟེ། གང་གི་ཕྱིར་དྲོ་མིན་གྲང་མིན་གྱི་རེག་པ་ནི་གྲང་བ་དང་དྲོ་བ་དག་ལས་
གཞན་ཡོད་པ་མ་ཡིན་ཏེ། འཇམ་པ་ཉིད་དང་རྩུབ་པ་ཉིད་ལ་སོགས་པ་རེག་བྱའི་བྱེ་བྲག་རྣམས་ལས་གཞན་དུའོ། །དེ་ལྟར་ནི་བསྟན་བཅོས་སུ་རེག་བྱ་བཅུ་གཅིག་བདག་ཉིད་དུ་གསུངས་ཤིང་། དེའི་ནང་དུ་ཡང་དྲོ་མིན་གྲང་མིན་གྱི་རེག་བྱ་བཤད་པ་མེད་དོ། །དེའི་ཕྱིར་འཇམ་པ་ཉིད་ལ་སོགས་
เล่ม ๑๙๓ · หน้า 164a
པ་རྣམས་ཁོ་ན་དྲོ་མིན་གྲང་མིན་ནོ། །དེ་རྣམས་ཀྱང་ཕྱོགས་གང་ན་དྲོ་བའི་རེག་པ་འཇུག་པའི་ཕྱོགས་དེ་ན་ཡོད་པ་ཁོ་ནའོ། །དེའི་ཕྱིར་གང་ན་དྲོ་བའི་རེག་པ་ཡིན་པ་དེ་ནི་དྲོ་མིན་གྲང་མིན་གྱི་རེག་པ་རྣམ་པར་གཅོད་པ་མེད་པ་ཁོ་ནའོ། །དྲོ་མིན་གྲང་མིན་གྱི་རེག་པ་འཇམ་པ་ཉིད་
ལ་སོགས་པ་ལས་ཐ་དད་པ་ཡོད་ན་ཆུག་མོད། དེ་ལྟ་ན་ཡང་ཇི་ལྟར་དྲོ་བའི་རེག་པ་གྲང་བའི་རེག་པ་དང་འགལ་བ་དེ་ལྟར་དྲོ་མིན་གྲང་མིན་དང་ཡང་སྟེ། ལྷན་ཅིག་མི་གནས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་མི་འགལ་བ་དེ་ལྟ་ན་ཡང་ལྷན་ཅིག་གནས་པའི་ཕྱིར། གང་ན་དྲོ་བའི་རེག་པ་ཡོད་པ་དེ་ན་
དེ་རྣམ་པར་གཅོད་པ་མེད་པ་ཁོ་ནའོ། །དེ་མེད་པར་གལ་ཏེ་མེས་རྟོགས་པར་བྱེད་པ་མ་ཡིན་ན་ནི་མ་ཡིན་དུ་ཆུག་ཀྱང་ཡོད་པ་རྟོགས་པར་བྱེད་པ་མ་ཡིན་ན་སྐྱོན་དུ་འགྱུར་ཞིང་། མེད་པ་ནི་རྟོགས་པར་མི་བྱེད་པར་ཡང་འདོད་པ་ཁོ་ན་སྟེ། མི་འདོད་པ་འབབ་པར་ཡང་ཐལ་བར་འགྱུར་རོ་ཞེས་པའོ། །རེག་བྱ་ལ་
རྟོགས་པར་འགྱུར་རོ་ཞེས་པ་འདིར་རེག་བྱའི་སྒྲ་ནི་དེ་དང་ལྡན་པའི་ཕྱོགས་ལ་འཇུག་གོ་ཞེས་པའི་ཡི་གེ་ནི་གཏན་ཚིགས་ལའོ། །གང་གི་ཕྱིར་མེ་ནི་གྲང་བ་ཉིད་མེད་པ་རེག་བྱ་ལ་གོ་བར་བྱེད་ཀྱི་དྲོ་མིན་གྲང་མིན་མེད་པར་ཡང་མ་ཡིན་ཞིང་། དེ་འདོད་པ་ཡང་ཡིན་ནོ། །དེའི་ཕྱིར་གང་སྔར་འགལ་བ་ཁོ་ན་
ལས་རྣམ་པར་གཅོད་པར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་ནི་མི་འདོད་པ་འབྱུང་བའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་འོ་ན་གང་ན་མེ་ཡོད་པ་དེ་ན་འཇམ་པ་ཉིད་ལ་སོགས་པའི་རེག་པ་ཡང་ཡོད་ན། ཅིའི་ཕྱིར་མེས་དྲོ་བའི་རེག་པ་ཁོ་ན་རྟོགས་པར་བྱེད་ཀྱི་གཞན་མ་ཡིན་ཞེ་ན། གང་ཞིག་ལ་
གང་གིས་ཁྱབ་པ་དེས་དེ་རྟོགས་པར་བྱེད་དེ། གལ་ཏེ་ཡང་དྲོ་བའི་རེག་པས་སམ་གཞན་གྱིས་ཀྱང་མེ་ལ་ཁྱབ་ན། དེ་ཡང་རྟོགས་པར་བྱེད་པ་ཁོ་ན་སྟེ། གཏན་ཚིགས་ནི་དོན་དུ་མ་གྲུབ་པར་བྱེད་པ་ཉིད་མི་འགལ་བ་ཁོ་ནའི་ཕྱིར་རོ། །ཅི་སྟེ་མ་གྲུབ་ན་དེ་ལ་འཁྲུལ་པ་ཉིད་ཀྱི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ་
ཞེས་པས་རྩོད་པ་འདི་མེད་དོ། །གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་དག་འགྱུར་དུ་ཆུག་མོད། མེད་པ་ནི་ཅི་ལྟར་ཡིན། མེད་པ་མི་མཐུན་ཕྱོགས་ཉིད་ཡིན་ན་ནི། གང་འདི་སྐད་བརྗོད་པ། སོ་སོར་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་པ་མི་རིགས་ཏེ། དངོས་
เล่ม ๑๙๓ · หน้า 164b
པོར་མ་གྱུར་པའི་ཕྱོགས་ཆོས་ནི་མེད་པ་ལ་ཡོད་པ་ཉིད་དུ་འགྱུར་དུ་ཆུག་མོད། དངོས་པོར་གྱུར་པ་ནི་ཅི་ལྟར་ཞེ་ན། གསུངས་པ། དེ་ཕྱིར་མཐུན་ཕྱོགས་མེད་ཁོ་ནའོ་ཞེས་སོ། །ཁོ་ནའི་སྒྲ་ནི་དེའི་ཕྱིར་གྱི་སྒྲའི་དེ་མ་ཐག་པར་བལྟ་བར་བྱའོ། །དེའི་ཕྱིར་ཞེས་པ་འདིས་ཀྱང་དེ་མ་ཐག་ཏུ་བསྒྲུབ་པའི་
གཞན་པ་དང་། འགལ་བ་དག་མི་མཐུན་ཕྱོགས་སུ་འགྱུར་བ་ལ་སྙེགས་སོ། །གང་གི་ཕྱིར་གཞན་པ་དང་འགལ་བ་དག་མི་མཐུན་ཕྱོགས་ཡིན་པ་དེ་ཁོ་ནའི་ཕྱིར་མཐུན་ཕྱོགས་མེད་པ་ནི་མི་མཐུན་ཕྱོགས་སུ་འདོད་དོ། །དེ་ལས་ཀྱང་མེད་པའི་མཚན་ཉིད་ཅན་གྱི་མི་མཐུན་ཕྱོགས་ལ་ལྟོས་པས་
ཕྱོགས་ཆོས་ཡོད་དང་མེད་ཕྱིར་རོ་ཞེས་པ་འདི་མི་རིགས་སོ་ཞེས་པ་འདི་དོགས་པར་མི་བྱའོ། །གང་གི་ཕྱིར་མེད་པ་ཙམ་ནི་མི་མཐུན་ཕྱོགས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་པ་དང་འགལ་བ་དག་ཀྱང་ངོ་། །ཡང་ཅི་ལྟར་གསུམ་པོ་རྣམས་མི་མཐུན་ཕྱོགས་ཉིད་དུ་འཐོབ་ཅེ་ན། གང་གི་ཕྱིར་མཐུན་
ཕྱོགས་མ་ཡིན་པ་ནི་མི་མཐུན་ཕྱོགས་སོ་ཞེས་མཐུན་ཕྱོགས་ལྡོག་པ་ནི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ཞིང་། མ་ཡིན་པར་དགག་པ་དེ་ནི་མི་མཐུན་ཕྱོགས་དེ་དག་ལ་ཡང་མཚུངས་ཏེ། ལྡོག་པ་རྟོགས་པ་ནི་ཐམས་ཅད་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཏེ། དངོས་དང་དོན་གྱིས་གོ་བས་ཀྱང་ངོ་ཞེས་
པའོ། །དེ་ལྟར་གཅིག་ཀྱང་ཞེས་པ་ལ་སོགས་པས། མེད་པ་མི་མཐུན་ཕྱོགས་ལ་གཏན་ཚིགས་དོན་དུ་མ་སྒྲུབ་པར་བྱེད་པ་ཉིད་དུ་སྟོན་ཅིང་མེད་པ་མི་མཐུན་ཕྱོགས་ཉིད་དུ་བརྟན་པར་བྱེད་དོ། །མཚན་ཉིད་ལས་ཞེས་པ་གཏན་ཚིགས་ཀྱི་མཚན་ཉིད་ལས་ཞེས་པའི་དོན་ཏོ། །གཞན་པ་དང་མེད་
པའི་མི་མཐུན་ཕྱོགས་དག་ལ། དུ་མ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་འགལ་བའི་མི་མཐུན་ཕྱོགས་ལ་ཡང་དེ་རྟོགས་པའོ་ཞེས་པས་མ་བཤད་དོ། །འོ་ན་ཡང་འདི་ཞེས་པ་ལ་སོགས་པས། གང་རྣམས་བྱས་པ་ཉིད་ཐུན་མོང་བ་ནི། དེ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ་བུམ་པ་ལ་སོགས་པ་བཞིན། དེ་
ཡང་ནི་མི་རྟག་པ་དང་བདག་མེད་པ་ཉིད་ལ་སོགས་པ་རྣམས་ཀྱི་ཐུན་མོང་བ་ཡང་ངོ་ཞེས་པ་རང་བཞིན་གྱི་གཟུགས་བརྙན་སྨྲས་སོ། །སྤྱི་ཞེས་པ་ལ་སོགས་པ་ཕྱོགས་ཀྱི་ཆོས་སོ། །བུམ་པ་ལ་སོགས་པ་རྣམས་ལ་ཞེས་པ་ནི་དཔེའོ། །ཐེ་ཚོམ་ཉིད་དུ་འགྱུར་ཞེས་བྱ་བ་ནི་ཚད་མའི་འབྲས་བུའོ། །
เล่ม ๑๙๓ · หน้า 165a
མིན་ཞེས་པ་ལ་སོགས་པས་མ་ངེས་པར་གསུངས་སོ། །རྟོགས་པར་བྱར་མི་ནུས་པ་ཉིད་ཀྱི་ཕྱིར་ཐེ་ཚོམ་གྱི་རྒྱུ་ནི་བླུན་པོ་ཞེས་པར་གསུངས་སོ། །རྗེས་སུ་འགྲོ་བ་ནི་ཁྱབ་པའོ། །སྤྱི་ཡིན་ནོ་ཞེས་པ་ཁོ་ནས་ཐེ་ཚོམ་གྱི་རྒྱུ་ནི་མ་ཡིན་ཏེ། དེ་ལྟར་ནི་དུ་བ་ནི་རྫས་ཉིད་ལ་སོགས་པ་དོན་དུ་མ་
དང་ལྷན་ཅིག་འབྱུང་བ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ། །གལ་ཏེ་རང་གི་བསྒྲུབ་པར་བྱ་བ་མེད་པར་དུ་མ་ལ་འཇུག་ན་ཐེ་ཚོམ་གྱི་རྒྱུར་འགྱུར་རོ་ཞེས་སྟོན་པ་གསུངས་པ། བུམ་པ་ལ་ནི་ཞེས་པ་ལ་སོགས་པའོ། །བྱས་པ་ནི་བུམ་པ་ལ་སོགས་པ་རྣམས་ལ་ཕན་ཚུན་མེད་པ་ལའང་མཐོང་སྟེ། དེའི་ཕྱིར་དེ་
ནི་ཐེ་ཚོམ་གྱི་རྒྱུ་ཉིད་དུ་རིགས་ཀྱི། དེ་བདག་མེད་པ་ཉིད་ལ་སོགས་པ་རྣམས་ལ་ཕན་ཚུན་མེད་པ་ལ་མཐོང་བ་ནི་མ་ཡིན་ནོ་ཞེས་པས་ནི། སྤྱི་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ཏེ། ཁྱབ་པ་ཡོད་པ་ནའོ། །རྣམ་པར་གཅོད་པའི་གཏན་ཚིགས་སོ་ཞེས་པ་ནི་ངེས་པར་བྱེད་པའི་གཏན་ཚིགས་སོ་
ཞེས་པའི་དོན་ཏོ། །དང་གི་སྒྲ་ཕྱིས་པ་ལས་ཞེས་པ། དང་གི་དོན་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གང་དུ་གང་སྦྱར་བ་མེད་ཀྱང་དོན་རྟོགས་པ་དེར་དེ་ཕྱིས་པའོ་ཞེས་བརྗོད་པར་བྱ་ཞིང་འདིར་ཡང་། ཡང་རྣམ་གསུམ་ཞེས་བརྗོད་པ་ལས་དང་། སྔར་ཡང་རྣམ་པ་གསུམ་ཉིད་དུ་བསྒྲུབས་
པའི་ཕྱིར་དོན་རྟོགས་སོ། །གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་ཇི་སྐད་བརྗོད་པའི་རྣམ་པས་དང་གི་དོན་རྟོགས་པ་མ་ཡིན་ན། དེ་ལས་གཉིས་པོ་འདི་ཁོ་ནའི་ལྷུར་ལེན་པ་རྟོགས་པར་འགྱུར་རོ། །དེ་ལྟ་ན་གང་གི་ཚེ་ཞེས་པ་ལ་སོགས་པས། མཚན་ཉིད་མ་ཁྱབ་པ་ཉིད་སྨྲས་སོ། །
དངོས་པོ་ཡོད་ན་དེ་ལ་མེད་དོ་ཞེས་སྨྲ་བ་ནུས་ཀྱི་གཞན་དུ་ན་མ་ཡིན་ནོ། །གང་གི་ཕྱིར་རྟེན་གྱི་བྱེ་བྲག་གི་ཁྱད་པར་ཅན་དུ་འདིར་མེད་པ་ཉིད་བརྗོད་པ་ཡིན་ནོ། །མཐུན་ཕྱོགས་མེད་པ་ཡང་མི་མཐུན་ཕྱོགས་སུ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཅི་ལྟར་མེད་དོ་ཞེས་བརྗོད་པར་བྱ་སྟེ། དངོས་པོར་གྱུར་པ་མེད་
དོ་ཞེས་བསམ་པའོ། །དེའི་ཚེ་ཞེས་པ་ལ་སོགས་པ་སྟེ། འདིར་རྟེན་རྣམ་པར་བཅད་པའི་དབང་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་བརྗོད་པས། བསྒྲུབ་པར་བྱ་བ་ཡོད་པར་གྱུར་པ་ལ་རྟགས་ཡོད་པར་བརྗོད་པའོ། །གལ་ཏེ་ཡང་དངོས་པོ་རྟག་པ་མེད་པ་ཁོ་ན་ཡིན་ན་དེ་ལ་ཡོད་
เล่ม ๑๙๓ · หน้า 165b
པར་ཆེས་ཤིན་ཏུ་འགྲུབ་སྟེ། དངོས་པོ་རྟག་པ་ཡོད་ན་བྱས་པ་ཉིད་ལ་སོགས་པ་དངོས་པོའི་ཆོས་ནི་དེ་ལ་ཡང་འཇུག་པར་དོགས་ཤིང་། དེ་ལས་ཀྱང་དེ་ཡོད་པར་བརྗོད་པའི་ཆེད་དུ་འབད་པ་གནས་པར་བྱའོ། །གང་གི་ཚེ་དངོས་པོ་རྟག་པ་མེད་པ་ཁོ་ནའོ་ཞེས་ཁས་ལེན་པ་དེའི་ཚེ། བསྒྲུབ་པར་བྱ་བའི་
སྒྲུབ་པར་བྱེད་པ་ཡོད་པ་ཐེ་ཚོམ་མེད་པ་ཁོ་ནའོ། །གཏན་ཚིགས་ཁོ་ན་འབའ་ཞིག་པ་བརྗོད་པར་བྱ་སྟེ། གང་གི་དོན་དུ་དཔེ་བརྗོད་པར་བྱ་བའི་དོན་དེ་གྲུབ་ཟིན་བྱས་ནས་སོ་ཞེས་པ་དགོངས་པའོ། །རྒྱུ་ཅིའི་ཕྱིར་དེ་ལྟར་ཕྱོགས་ཆོས་རྣམ་པ་དགུར་ཕྱེ་ཞེ་ན། གང་ལ་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་
འབྲེལ་པ་ཅན་དང་། གང་ལ་འབྲས་བུ་དང་རྒྱུའི་དངོས་པོའི་སྒོ་ཅན་དེ་དག་ཁོ་ན་རང་གི་ཁྱབ་བྱེད་བསྒྲུབ་པར་བྱ་བ་ལ་གོ་བར་བྱེད་པ་ཉིད་ཡིན་ཞིང་། བཟློག་པ་ན་ཡང་ཟློག་པར་བྱེད་པའོ་ཞེས་བསྟན་པའི་དོན་དུ། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་དང་། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་
གཏན་ཚིགས་གཉིས་དག་ངེས་པར་བསྟན་ཅིང་། སྒྲ་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་འགལ་བ་གཉིས་དག་ཀྱང་ངོ་། །ཁ་ཅིག་ཁྱད་པར་དང་སྤྱིའི་མ་ངེས་པ་དག་ཀྱང་མཐའ་གཅིག་པ་ཅན་ཉིད་དུ་སྨྲའོ། །དེའི་ཕྱིར་ལྡོག་པ་ཅན་དང་རྗེས་སུ་འགྲོ་བ་ཅན་ནི་གོ་བྱེད་
ཀྱི་གཏན་ཚིགས་མ་ཡིན་ནོ་ཞེས་སྒྲུབ་པའི་ཆེད་དུ་གཞན་གཉིས་དག་སྟེ། དཔེར་ན་སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་དང་། གཞལ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ། །གཏན་ཚིགས་ཀྱི་ལྡོག་པ་གཙོ་བོར་བཤད་པའི་ཆེད་དུ་གསུམ་སྟེ། དེ་ལྟར་ནི་རྗེས་སུ་འགྲོ་བའི་སྒོ་ནས་ནི་གཏན་ཚིགས་གོ་བྱེད་
མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་པའོ་ཞེས་པས་མ་གོ་བའི་ཕྱིར་རོ། །དེ་ལས་མི་འགྱུར་ཏེ་ལྡོག་པ་མེད་པ་ཉིད་ཀྱིས་ན་རྗེས་སུ་འགྲོ་བ་འབའ་ཞིག་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འོ་ན་རེག་བྱ་མ་ཡིན་པའི་ཕྱིར་རྟག་གོ་ཞེས་པ་འདི་ལ་འགྱུར་རོ། །འདི་ལ་ཡང་རྗེས་སུ་འགྲོ་བ་གཙོ་བོ་
མ་ཡིན་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ་ཞེ་ན། འདི་ལ་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང་ལྡོག་པ་སྟོབས་ཆུང་བ་སྟེ། གཏན་ཚིགས་མཐུན་ཕྱོགས་ལ་ཁྱབ་པའི་ཕྱིར་དང་མི་མཐུན་ཕྱོགས་འགའ་ཞིག་ལ་མེད་པའི་ཕྱིར་ཏེ། དཔེར་ན་རྩོལ་མ་ཐག་ཏུ་བྱུང་བ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་གོ་བྱེད་དུ་
เล่ม ๑๙๓ · หน้า 166a
འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཡོད་པ་ཙམ་གྱིས་མ་ཡིན་ཞིང་ལྡོག་པ་དང་བཅས་པ་ཉིད་ཀྱིས་མ་ཡིན་ལ་གཙོ་ཆེ་བས་ཀྱང་གཏན་ཚིགས་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་ཐམས་ཅད་ལས་ལྡོག་པ་ངེས་པས་ཡིན་ནོ། །དེ་ལས་ཀྱང་
གང་བྱས་པ་དེ་མི་རྟག་པ་ཁོ་ནའོ་ཞེས་རྟག་པ་རྣམ་པར་གཅོད་པས་གོ་བར་བྱེད་དོ། །འོ་ན་སྒྲ་མི་རྟག་སྟེ་རྩོལ་མ་ཐག་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་དཔེར་བརྗོད་འདི་ཁོ་ན་བསྟན་པས་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་བསྟན་པ་ཁོ་ན་སྟེ། རྩོལ་མ་ཐག་པའི་བསལ་བ་འབྱུང་བ་དང་སྐྱེ་བ་དག་ལ་རྩོལ་
མ་ཐག་ཏུ་འབྱུང་བའི་སྒྲས་བརྗོད་པའི་ཕྱིར་རོ། །དེ་ལ་གང་གི་ཚེ་བསལ་བ་ཤེས་པའི་མཚན་ཉིད་དུ་བརྗོད་པར་བྱ་བ་དེའི་ཚེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་འབྲས་བུར་འགྱུར་ཞིང་། གང་གི་ཕྱིར་སྐྱེ་བ་ཡིན་པ་དེའི་ཚེ་ནི་རང་བཞིན་ནོ། །དེས་ན་ཅིའི་དོན་དུ་རང་བཞིན་བྱས་པ་ཉིད་ཐ་དད་དུ་དཔེར་བརྗོད་ཅེ་ན།
རང་བཞིན་ཐམས་ཅད་རྣམ་པ་འདི་ལྟ་བུར་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ཁོ་ནའོ་ཞེས་ཁ་ཅིག་དོགས་པར་འགྱུར་ཏེ། དེའི་ཕྱིར་དེ་བསལ་བའི་ཆེད་དུ་ཐ་དད་པར་དཔེར་བརྗོད་དོ། །གཏན་ཚིགས་ཀྱི་ཚིག་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཆེད་དུ་རང་དོན་རྗེས་སུ་དཔག་པར་བཤད་ཟིན་
པའི་དོན་ཅན་ཡིན་ཡང་སླར་ཡང་འདིར་སྐབས་སུ་བྱ་སྟེ། དེས་ན་རབ་ཏུ་དབྱེ་བ་ཙམ་བཤད་དེ། མཚན་ཉིད་ནི་དེ་ཁོ་ནའོ། །གཞན་ཡང་ཞེས་པ་ལ་སོགས་པས་ངེས་པར་གཟུང་བ་ངས་ཉེ་བར་ཐོབ་པར་བྱེད་དེ། འདི་ཡང་ཅི་ཞིག་ཡིན་ཞེ་ན་གསུངས་པ། བསྒྲུབ་བྱ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་
ཅེས་པའི་འཆད་པར་འགྱུར་བའི་འདུས་པ་ཉིད་ལ་ལྟོས་པས་ན་མ་ནིང་གིས་བསྟན་ཏོ། །འགལ་བ་ཐམས་ཅད་ཀྱང་བསྒྲུབ་བྱ་ལ་གནོད་པར་བྱེད་པའི་སྒྲུབ་བྱེད་ཡིན་ཏེ། དེའི་ཕྱིར་བསྒྲུབ་བྱ་ལ་གནོད་པའི་སྒྲུབ་བྱེད་ཅེས་པའི་ཚིག་གི་ཤུགས་ལས་ཁྱད་པར་རྟོགས་པར་བྱ་ཞིང་། དེ་ཡང་གང་ངག་ཏུ་
མ་བརྗོད་ཀྱང་འདོད་པས་ཁྱབ་པ་ལ་གནོད་པ་སྒྲུབ་པར་བྱེད་པ་དེ་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་གནོད་པ་ལ་གནོད་པར་བྱེད་པའོ་ཞེས་བརྗོད་པར་བྱའོ། །དེ་དཔེར་བརྗོད་ཀྱིས་སྟོན་ཏེ། དཔེར་ན་ཞེས་པ་ལ་སོགས་པས་སོ། །ཐ་དད་པ་རྣམས་ཀྱི་ཞེས་པ་མིག་ལ་སོགས་པ་རྣམས་
เล่ม ๑๙๓ · หน้า 166b
ཀྱིའོ། །དེ་ནི་ཞེས་པ་ལ་སོགས་པ་སྟེ། འདུས་པ་ཉིད་ནི་གཞན་གྱི་དོན་ཡང་སྒྲུབ་པར་བྱེད་དོ། །འདུས་པ་ཉིད་ཀྱང་ཆོས་སམ་ཆོས་ཅན་གྱི་ཁྱད་པར་ལ་གནོད་པར་བྱེད་དོ། །གང་ཁོ་ན་འདིས་བསྒྲུབ་པར་འདོད་པ་དེ་ཁོ་ན་ལ་ལྟོས་ནས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བཤད་དེ། གཡོན་ཅན་གྱི་
ཐ་སྙད་ལ་ཁྱད་པར་ཇི་ལྟ་བ་བཞིན་སྐྱོན་བསྟན་པའི་དོན་དུའོ། །འདི་རྣམས་ནི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་ཡིན་ཏེ་ཞེས་བརྗོད་པ་ན་ཆོས་ཀྱི་ཁྱད་པར་ཉིད་དུ་ཉེ་བར་བླངས་པའི་ཕྱིར་དེའི་ཁྱད་པར་ཡིན་ཞིང་། མིག་ལ་སོགས་པ་འདུས་པ་མ་ཡིན་པའི་དོན་རྣམས་གཞན་གྱི་དོན་ཡིན་ནོ་ཞེས་
པ་ཆོས་ཅན་གྱི་ཁྱད་པར་རོ། །གཏན་ཚིགས་ཁོ་ནའི་ནང་དུ་འདུས། །ཞེས་པ། ཇི་ལྟར་གནས་པའི་དངོས་པོའི་རང་གི་ངོ་བོ་འདོད་པའམ་མི་འདོད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་གཏན་ཚིགས་ཏེ། འདིར་ནི་འགལ་བ་གཞན་ཡང་ཡོད་དོ་ཞེས་པའི་ཚིག་ལས། སྦྱོར་བ་པོའི་འདོད་པ་ལས་བཟློག་
པ་སྒྲུབ་པར་བྱེད་པ་གང་ཡིན་པ་དོན་གཅིག་མིན་སྒྲུབ་པར་བྱེད་པ་དེའི་ནང་དུ་འདུ་བར་རིག་པར་བྱའོ། །ཇི་ལྟར་སྒྲ་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དོན་གཅིག་མིན་སྒྲུབ་པར་བྱེད་པ་འགལ་བའི་གཏན་ཚིགས་ཁོ་ན་ཡིན་པ་དེ་ལྟར་འདི་ཡང་ངོ་ཞེས་པའོ་ཞེས་པའི་ཡི་གེ་ནི་གཏན་ཚིགས་ལ་སྟེ། གང་གི་
ཕྱིར་དོན་གཅིག་མིན་སྒྲུབ་པར་བྱེད་པའི་འགལ་བའི་གཏན་ཚིགས་ཀྱི་ནང་དུ་འདུས་པ་དེའི་ཕྱིར་དགུ་པོ་རྣམས་ལས་ཕྱི་རོལ་དུ་རྣམ་པར་གཞག་པ་མ་ཡིན་ནོ། །དེའི་ཕྱིར་ངེས་པར་གཟུང་བ་འགལ་བ་མེད་དོ་ཞེས་པ་དགོངས་པའོ། །འོ་ན་འདུས་པ་རྣམས་གཞན་ལ་ཕན་འདོགས་པར་བྱེད་པ་ངེས་པ་མེད་པའི་
ཕྱིར་འདི་འགལ་བ་མ་ཡིན་པ་ཁོ་ན་སྟེ། གང་འདུས་པ་རྣམས་གཞན་ལ་ཕན་པ་བྱེད་པའོ་ཞེས་པའི་ངེས་པ་འདི་ཅི་ཡོད་དེ། འདི་ཡང་རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་ཤེ་ན། སྐྱོན་འདི་མེད་དེ། འདིར་ཕན་འདོགས་པའི་བྱ་བ་ལ་ཐོགས་པ་མེད་པའི་ནུས་པ་ཅན་གྱི་མིག་ལ་སོགས་
པ་རྣམས་ཕྱོགས་སུ་བྱས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཡང་འདུས་པ་ལ་ཕན་འདོགས་པ་ཞེས་པའི་འབྲེལ་པ་ཅི་ཞེ་ན། འདི་ཡང་སྐྱོན་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་རྣམ་པ་འདི་ལྟ་བུའི་མིག་ལ་སོགས་པ་རྣམས་ཀྱི་རང་བཞིན་དུ་གྱུར་པ་ཁོ་ནའི་ཕན་པ་རྣམས་གཞན་ལ་བྱེད་དེ། དེ་ལྟར་གྱུར་པའི་ཕན་པ་
เล่ม ๑๙๓ · หน้า 167a
བྱེད་པ་དེ་རྣམས་ཁོ་ན་འདུས་པའི་སྒྲས་བརྗོད་དེ། དུ་མའི་བདག་ཉིད་ཅན་ཉིད་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རོ། །དེ་གྲུབ་ན་ཡང་སྐྱེས་བུའི་འདོད་པས་གཞག་པའི་གཅིག་གི་རང་བཞིན་ཉིད་ཉམས་པར་བྱེད་དོ་ཞེས་པས་འགལ་བར་འགྱུར་རོ། །འདིར་གཅིག་གི་ཚིག་གི་མཐའ་
ཅན་གྱི་རིགས་ཀྱི་སྒྲ་རྣམས་ལ་ཁ་ཅིག་ཏུ་རིགས་ཙམ་བརྗོད་པར་འདོད་ཀྱི་གྲངས་མ་ཡིན་ཏེ། དཔེར་ན་བྲམ་ཟེ་གཞོམ་བྱ་མ་ཡིན་ཞེས་པ་ལྟ་བུའོ། །ཁ་ཅིག་ཏུ་གཅིག་ཉིད་ཀྱི་གྲངས་ཏེ་དཔེར་ན་འདིར་བ་ལང་འགའ་ཞིག་མཐོང་ངོ་ཞེས་པ་ལྟ་བུའོ། །བ་ལང་གི་སྒྲ་ནི་གསལ་བའི་ཁྱད་པར་
ཉེ་བར་མཚོན་པའི་དོན་དུའོ། །ཁ་ཅིག་ཏུ་གཉིས་ཀ་སྟེ། དཔེར་ན་ཕྱུགས་ཀྱིས་མཆོད་སྦྱིན་བྱེད་དོ་ཞེས་པ་འདི་ལྟ་བུར་རོ། །འདིར་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ལ་རྟོགས་པ་ཅི་ཡིན་ཞེ་ན་གསུངས་པ། འདིར་ཡང་ཞེས་པ་བརྗོད་མ་ཐག་པའི་ཚིགས་སུ་བཅད་པར་རོ། །
གཏན་ཚིགས་ལ་སོགས་པའི་མཚན་ཉིད་རྣམས་ལ་ཞེས་པ། སོགས་པའི་སྒྲས་འགལ་བ་དང་མ་ངེས་པར་གཟུང་ངོ་། །འདི་ལ་གྲངས་གཅིག་ཡིན་པ་ཞེས་པ་ནི་གྲངས་གཅིག་ཅན་ཏེ་དེའི་དངོས་པོ་ནི་གྲངས་གཅིག་ཅན་ཉིད་དོ། །བརྗོད་པར་འདོད་པ་ཡང་དེ་ཡིན་ལ་གྲངས་གཅིག་པ་ཅན་ཡང་
ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཡང་ཅི་ཞིག་ལ་ཞེ་ན་གསུངས་པ། རིགས་ཀྱི་ཚིག་གི་དོན་ལ་ཞེས་པ་སྟེ། འདིར་ཁ་ཅིག་རིགས་ཚིག་གི་དོན་དུ་འདོད་ཅིང་། གཞན་རྣམས་ནི་རྫས་ཏེ། དེའི་ཕྱིར་ཁྱད་པར་གྱི་དོན་དུ་དེ་སྐད་བརྗོད་དོ། །འདི་སྐད་བརྗོད་པར་འགྱུར་ཏེ། རྟེན་གྱི་གྲངས་ཀྱིས་
འདིར་རིགས་ངེས་པར་བསྟན་པའོ། །དེའི་ཕྱིར་གཏན་ཚིགས་གཅིག་ལ་སོགས་པའི་གཞི་ཁོ་ན་འདིར་གཏན་ཚིགས་ལ་སོགས་པའི་རིགས་སུ་རིག་པར་བྱའོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན་ཞེས་པ། རེ་ཞིག་རིགས་བརྗོད་པར་འདོད་པ་ནི་རིགས་པ་ཡིན་ན། དཔེར་བརྗོད་མཚན་ཉིད་གཅིག་སྦྱར་
བར་ནི་འོས་པ་མ་ཡིན་ཏེ། དེ་ཉིད་རང་གི་ངོ་བོས་རྗོད་པར་ཐལ་བའི་ཕྱིར་ཏེ། འཛིན་ཏོ་ཞེས་པ་ལ་སོགས་པའི་སྒྲ་བཞིན་ནོ། །ཅི་སྟེ་གཅིག་ཉིད་ཀྱི་གྲངས་བརྗོད་པར་འདོད་པའི་དགོས་པ་ཅི་ཡིན་ཞེས་མི་ཤེས་པ་འདྲི་བར་བྱེད་པའོ། །འགལ་བ་དག་ལས་ཞེས་པ་ལ་སོགས་པ་ལ་ཕན་ཚུན་
เล่ม ๑๙๓ · หน้า 167b
འགལ་བའི་དོན་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་འགལ་བ་དག་སྟེ། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་བུམ་པ་བཞིན། སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་ཉིད་བཞིན་ཞེས་པ་འདི་དག་གཉི་ག་ཡང་རང་གི་ཡུལ་ལ་ངེས་པར་བྱེད་པའི་གཏན་ཚིགས་དག་ཡིན་ཞིང་། ཚོགས་པ་དག་ནི་ཐེ་ཚོམ་གྱི་རྒྱུ་
ཉིད་དུ་མཐོང་ངོ་། །དེ་བཞིན་དུ་སྒྲ་རྟག་སྟེ་བྱས་པའི་ཕྱིར། མི་རྟག་སྟེ་མཉན་བྱ་ཉིད་ཀྱི་ཕྱིར་ཞེས་བསྣོལ་བ་དག་ལ་ནི་འགལ་བ་དག་ཀྱང་མཉམ་པ་དག་ལ་ཐེ་ཚོམ་གྱི་རྒྱུ་ཉིད་དོ། །འདི་ནི་སྔ་མ་ཁོ་ནས་རྟོགས་པ་ཉིད་ཀྱི་ཕྱིར་དཔེར་མ་བརྗོད་དོ། །དེ་བཞིན་ཐེ་ཚོམ་རྟགས་དག་ལས། །ཞེས་པ་
གང་གི་ཚེ་སྒྲ་ནི་རྫས་མ་ཡིན་ཞིང་། ལས་མ་ཡིན་ཏེ་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་ན་རོ་བཞིན་ནོ་ཞེས་བྱ་བ་དེའི་ཚེ་ཡིད་ཀྱིས་དང་དེ་རྟོགས་པའི་ལས་ཀྱིས་ཀྱང་མ་ངེས་པའི་ཕྱིར་ཐེ་ཚོམ་མོ། །གང་གི་ཚེ་ཡང་མངོན་སུམ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་བྱས་པ་དེའི་ཚེ་ཡང་བུམ་པ་ལ་སོགས་པས་
དང་དེས་རྟོགས་པའི་ལས་ཀྱིས་སོ། །གང་གི་ཚེ་སྒྲ་ནི་རྫས་མ་ཡིན་ཞིང་ལས་མ་ཡིན་ཏེ། མིག་གིས་གཟུང་བྱ་མ་ཡིན་ཞིང་མངོན་སུམ་པ་ཉིད་ཀྱི་ཕྱིར་རོ་བཞིན་ཞེས་ལྷན་ཅིག་པ་དག་སྦྱོར་བ་དེའི་ཚེ་ངེས་པ་མཐོང་ངོ་། །འོ་ན་མེད་ན་མི་འབྱུང་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་དེ། དེ་ཡང་འབྲས་བུ་
དང་རང་བཞིན་དག་ཁོ་ན་ལ་ཡིན་ནོ། །འབྲས་བུ་དང་རང་བཞིན་ཉིད་ཀྱང་དངོས་པོ་རྣམས་ལ་གནས་པ་ཁོ་ན་སྟེ། དེ་དོན་གཞན་ལ་ཉེ་བར་གནས་པས་ཉམས་པའམ་སྐྱེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་གང་གི་གཏན་ཚིགས་ཡིན་པ་ནི་དོན་གཞན་དང་ལྷན་ཅིག་པ་ཡང་དེ་དེའི་གཏན་ཚིགས་ཁོ་ན་སྟེ།
གང་ཡང་གང་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པ་ནི་ལྷན་ཅིག་པ་ཡིན་ཡང་དེ་དེ་ལ་ཐེ་ཚོམ་གྱི་རྒྱུ་ཁོ་ནའོ། །དེའི་ཕྱིར་ཞེ་ན་གཅིག་ཉིད་ཀྱི་གྲངས་བརྗོད་པར་འདོད་ཅེ་ན་འདི་ནི་སྐྱོན་མ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ཁོ་ན་ལ་འདི་དེ་ལྟར་ཡིན་ཞིང་དེའི་དབང་དུ་བྱས་ནས་བརྗོད་པར་འདོད་པའི་
གྲངས་གཅིག་པ་ཉིད་བཤད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་སྟོབས་ཀྱིས་མ་ཞུགས་པ་ལུང་ལ་བརྟེན་པའི་སྟེ། དེ་ལ་ཡང་ཇི་སྐད་བཤད་པའི་རྣམ་པ་སྲིད་དེ། བསྟན་བཅོས་བྱེད་པ་རྣམས་དོན་རྣམས་ལ་འཁྲུལ་པས་ཕྱིན་ཅི་ལོག་གི་རང་བཞིན་ཉེ་བར་སྡུད་པའི་ཕྱིར་རོ། །གལ་ཏེ་དེ་
เล่ม ๑๙๓ · หน้า 168a
ལྟ་ན་འདིར་བྱས་པ་ཉིད་དེ་མཉན་བྱ་དག་ལས་སྒྲ་ལ་རྟག་པ་ཉིད་དང་མི་རྟག་པར་ཐེ་ཚོམ་མཐོང་ངོ་ཞེས་བཤད་པ་དེ་ཅི་ལྟར་ཡིན། ཇི་ཙམ་དུ་བྱས་པ་ཉིད་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡིན་ཏེ། དེའི་ཕྱིར་དེ་འདིར་ཉེ་བར་དགོད་པར་མི་རིགས་སོ་ཞེ་ན། སྐྱོན་འདི་མེད་
དེ། ཕྱོགས་ཙམ་བསྟན་པའི་ཆེད་དུ་དཔེར་བརྗོད་པ་འདི་སློབ་དཔོན་གྱིས་གསུངས་སོ། །འདི་ནི་འདིར་དཔེ་བརྗོད་དུ་རིགས་ཏེ། གང་ཡུལ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་ཅིག་ཅར་འབྲེལ་པ་དེ་ནི་ཐམས་ཅད་དུ་སོང་བ་ཡིན་ཏེ་དཔེར་ན་ནམ་མཁའ་བཞིན། སྤྱི་ཡང་
ཡུལ་ཐམས་ཅད་ན་གནས་པའི་རང་དང་འབྲེལ་པ་ཅན་རྣམས་དང་ཅིག་ཅར་འབྲེལ་པའོ་ཞེས་པ་སྟེ། དེ་དང་འབྲེལ་བ་ཅན་གྱི་རང་བཞིན་ཙམ་དང་རྗེས་སུ་འབྲེལ་པ་ནི་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་དོ། །འདིའི་གང་ཞིག་གང་ན་མེད་པ་དེ་ནི་དེའི་ཡུལ་ལ་བདག་ཉིད་ཀྱིས་ཁྱབ་པ་མ་
ཡིན་ནོ་ཞེས་པས་ནི་འདི་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །སྦྱོར་བ་གཉིས་པ་ཡང་། གང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ནི་མ་དམིགས་པ་དེ་ནི་དེ་ན་ཡོད་པ་མ་ཡིན་ཏེ། དཔེར་ན་འགའ་ཞིག་ན་བུམ་པ་མེད་པ་བཞིན། སྤྱི་ཡང་བསལ་བའི་བར་རྣམས་སུ་དམིགས་པའི་
མཚན་ཉིད་ཀྱིར་གྱུར་པ་མ་དམིགས་སོ་ཞེས་པའོ། །མི་དམིགས་པ་འདི་དང་རང་བཞིན་ནི་ཕན་ཚུན་འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ་ཞེས་པའོ། །དེའི་ཕྱིར་བརྗོད་པར་འདོད་པ་ཞེས་པ། གྲངས་ཀྱང་མཚན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འོ་ན་ཚུལ་
གསུམ་རྟགས་ལས་དོན་མཐོང་བའོ་ཞེས་བརྗོད་པར་བྱ་བ་མ་ཡིན་གྱི། ཚུལ་བཞིན་ཞེས་བྱ་བར་བརྗོད་པར་བྱ་སྟེ། གཅིག་ཉིད་ནི་ཚུལ་གཞན་ཉིད་ཡིན་པའི་ཕྱིར་ཞེ་ན། དངོས་པོའི་སྟོབས་ཞུགས་ཀྱི་རྟགས་ཀྱི་དབང་དུ་བྱས་ནས་དེ་སྐད་བཤད་ཅིང་གྲངས་གཅིག་བརྗོད་པར་འདོད་པ་ཅན་ཉིད་ནི་ལུང་གི་
སྟོབས་ཀྱིས་ཞུགས་པའི་དབང་དུ་བྱས་ནས་སོ་ཞེས་པ་འདི་བརྗོད་ཟིན་ཏོ། །དེས་ན་འདི་མི་འགལ་ལོ། །ཅི་ལྟར་ད་ནི་ལུང་ལ་བརྟེན་པའི་རྟགས་ལས་སྐྱེས་པ་དེ་རྗེས་སུ་དཔག་པ་ཉིད་དུ་རྟོགས་པར་བྱ། ཇི་སྐད་བཤད་པའི་མཚན་ཉིད་ཇི་ཙམ་པས་དེ་མཚོན་པར་བྱས་པ་མ་ཡིན་པས་སོ་ཞེ་ན། གལ་ཏེ་
เล่ม ๑๙๓ · หน้า 168b
ཡང་མཚོན་པར་བྱས་པ་མ་ཡིན་མོད། དེ་ལྟ་ན་ཡང་འདིར་ཡང་གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ལ་གྲངས་གཅིག་བརྗོད་པར་འདོད་པ་ཉིད་ཅེས་པ་ལ་སོགས་པའི་གཞུང་གིས་གསལ་བར་བྱས་སོ་ཞེས་སྐྱོན་མེད་དོ། །ཡང་ཅིའི་དོན་དུ་དེའི་མཚན་ཉིད་ཀྱི་མདོ་བྱས་ཤེ་ན། གཙོ་བོ་མ་
ཡིན་པ་ཉིད་དུ་ཤེས་པའི་དོན་དུའོ། །གཙོ་བོ་མ་ཡིན་པ་ནི། དངོས་པོར་ན་དེ་ཚད་མ་ཉིད་མ་ཡིན་པའི་ཕྱིར་ཏེ། ལུང་ཡང་རེ་ཞིག་དངོས་པོའི་དབང་ལས་ཚད་མ་ཉིད་མ་ཡིན་ན། དེའི་གྲུབ་པའི་རྟགས་ལས་སྐྱེས་པའི་ཤེས་པ་ལྟ་ཅི་སྨོས། ཁས་བླངས་པའི་དབང་ལས་ནི་དེ་ཚད་མ་ཉིད་དུ་རྣམ་
པར་གཞག་གོ་ཞེས་པ་ཞར་ལ་བྱུང་བས་ཆོག་གོ། །གཉིས་དག་ལས་ཐེ་ཚོམ་དང་ངེས་པ་ཡང་འཐོབ་པ་མ་ཡིན་ནོ་ཞེས་ཁས་བླངས་ཉམས་པ་སྨྲས་སོ། །བྱས་པ་ཉིད་དང་མཉན་པར་བྱ་བ་ཉིད་དག་ལས་ཡང་དག་པའི་ཤེས་པ་དང་བཟློག་པ་བཞིན་དུ་ཐེ་ཚོམ་མེད་པ་ཉིད་ཐོབ་པར་འགྱུར་ཞིང་།
མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་དག་ལས་ཀྱང་ཐེ་ཚོམ་བཞིན་དུ་ངེས་པ་མེད་པའོ། །གཉིས་དག་གིས་ཏེ། ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གི་མཚན་ཉིད་ཀྱིས་ཞེས་པ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པ་ལས། ཐེ་ཚོམ་དང་གཏན་ལ་ཕེབས་པའི་རྒྱུ་དག་ཐེ་ཚོམ་དང་
གཏན་ལ་ཕེབས་པའི་སྒྲས་བརྗོད་དོ། །གཏན་ཚིགས་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ལ་གྲངས་གཅིག་བརྗོད་པར་འདོད་པ་ཡིན་གྱི། བྱས་པ་ཉིད་དང་མཉན་པར་བྱ་བ་ཉིད་འབའ་ཞིག་པ་དག་ལ། ཐེ་ཚོམ་གྱི་རྒྱུའི་མཚན་ཉིད་ཡོད་པ་མ་ཡིན་ཞིང་། མིག་གིས་གཟུང་བྱ་མ་ཡིན་པ་
ཉིད་དང་མངོན་སུམ་པ་ཉིད་དག་ལ་གཏན་ལ་ཕེབས་པའི་རྒྱུའི་མཚན་ཉིད་ཀྱང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྷན་ཅིག་པ་དག་ལའོ། །འདིར་ཅི་ཞེས་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཉིད་སྲིད་པའི་ཕྱིར་དྲི་བའོ། །འགལ་བ་མི་འཁྲུལ་བ་ནི་རེ་ཞིག་ཅེས་པ་ལ། རེ་ཞིག་གི་སྒྲས་ཐུན་མོང་
བ་དང་ཐུན་མོང་མ་ཡིན་པ་དག་ཁོ་ན་གདོན་མི་ཟ་བར་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཞེས་སྟོན་ཏོ། །འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཡང་དེ་དག་ཡིན་ལ། མི་འཁྲུལ་བ་ཅན་དག་ཀྱང་ངོ་ཞེས་པ་འགལ་བ་མི་འཁྲུལ་བ་དག་གོ། །ཡན་ལག་གི་ཆོས་ཀྱིས་ཚོགས་པ་ལ་བསྟན་
เล่ม ๑๙๓ · หน้า 169a
པའི་ཕྱིར། འགལ་བ་མི་འཁྲུལ་བ་ཅན་ཞེས་བརྗོད་པར་བྱའོ། །ཡང་ན་འགལ་བ་དག་གི་མི་འཁྲུལ་བ་སྟེ། དེ་འདི་ལ་ཡོད་དོ་ཞེས་པས་འགལ་བ་མི་འཁྲུལ་བ་ཅན་ཏེ། དེ་ནི་འགལ་བ་དོན་གཅིག་པ་མི་སྲིད་པའི་ཕྱིར་ཐེ་ཚོམ་གྱི་རྒྱུའོ། །དེ་གཅིག་ལ་མེད་ཅེས་
པ་ལ་སོགས་པས་ཁས་བླངས་པ་ཉམས་པ་ཡོངས་སུ་སྤོང་སྟེ། གཅིག་ཁོ་ན་ལ་ཞེས་པ། ཐེ་ཚོམ་གྱི་རྒྱུ་ཉིད་ལ་བྱས་པ་ཉིད་དང་མཉན་བྱ་ཉིད་དག་གིས་ཐ་མི་དད་པ་གསུངས་སོ། །དེ་བཞིན་དུ་མིག་གིས་གཟུང་བ་མ་ཡིན་པ་ཉིད་དང་མངོན་སུམ་ཉིད་དག་ངེས་པའི་རྒྱུ་ཉིད་ལའོ། །དེ་ལ་དུ་
མ་ལས་ཅི་ལྟར་ངེས་པར་འགྱུར་ཏེ། ངེས་པར་འགྱུར་བ་མ་ཡིན་པ་ཁོ་ན་ཞེ་ན། གཅིག་ཉིད་དུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་ཡོད་དོ། །དེའི་ཕྱིར་བརྗོད་པར་འདོད་པའི་གྲངས་གཅིག་ཉིད་རིགས་པ་མ་ཡིན་ནོ་ཞེས་པའོ། །འོ་ན་ལུང་ན་གྲུབ་པ་དག་གི་གཅིག་ཉིད་བརྗོད་
པར་འདོད་པ་མ་ཡིན་ནམ་འདི་དག་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མ་ཁོ་ནས་གྲུབ་པ་དག་སྟེ། དེས་ན་ཅིའི་ཕྱིར་འདིའི་སྐབས་ཡིན་ཞེ་ན། སྐྱོན་འདི་མེད་དེ། ཕ་རོལ་པོས་ནི་སློབ་དཔོན་གྱི་དགོངས་པ་གཅིག་ཉིད་དུ་བརྗོད་པར་འདོད་པའི་ཡུལ་མི་ཤེས་པས། ཡུལ་ཐམས་
ཅད་ལ་གཅིག་ཉིད་དུ་བརྗོད་པར་འདོད་པའོ་ཞེས་བསམས་ནས་རྩོད་ཅིང་། སློབ་དཔོན་གྱིས་ནི་རེ་ཞིག་འདི་ལྟར་འགྱུར་དུ་ཆུག་མོད། ཕྱིས་རང་གི་དགོངས་པ་གསལ་བར་བྱའོ་ཞེས་དགོངས་པས་ཁས་བླངས་ནས་ལན་གསུངས་པའོ། །མི་འགལ་བ་ནི་ཞེས་པ་ལ་སོགས་པ་སྟེ། མི་
འགལ་བའི་དོན་སྒྲུབ་པར་བྱེད་པའི་ཕྱིར་མི་འགལ་བ་སྟེ། དེའི་དོན་དུ་མ་ཉིད་ཡོད་ན་ཡང་དོན་གཅིག་བྱེད་པ་ཉིད་ཀྱི་ཕྱིར་གཅིག་ཁོ་ནའོ་ཞེས་པས་སྐྱོན་མེད་དོ། །དེ་ལྟ་ན་གང་དུ་ཞེས་པ་ལ་སོགས་པས་སླར་ཡང་དོན་གཅིག་བརྗོད་པར་འདོད་པ་མི་འཐད་པར་གསུངས་སོ། །རེ་རེ་ནི་དེར་ཞེས་
པ་ལ་སོགས་པས། དོན་གཅིག་བྱེད་པ་ཉིད་སྟོན་ཅིང་། དེ་ཁོ་ནའི་ལན་གསུངས་སོ། །འོ་ན་གང་དུ་ཞེས་པ་ལ་སོགས་པ་སྟེ། ཡན་ལག་ཅན་ནི་ཡན་ལག་རྣམས་ལ་གཞན་ཞེས་པ་འདིར་ནི་བསྒྲུབ་པར་བྱ་བ་ཐ་དད་པ་དག་སྟེ། ཕན་ཚུན་གྱི་མཚམས་ལ་ལྟོས་པས། གཞན་ཉིད་ཀྱི་ཁྱད་པར་
เล่ม ๑๙๓ · หน้า 169b
ཡན་ལག་དང་ཡན་ལག་ཅན་དག་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ། །འདིར་གཏན་ཚིགས་ཀྱང་ཐ་དད་པ་སྟེ། ཐེ་ཚོམ་དང་གཏན་ལ་ཕེབས་པའི་དངོས་པའི་ཕྱིར་རོ་ཞེས་པ་ཐེ་ཚོམ་དང་གཏན་ལ་ཕེབས་པ་དག་གོ། །དེ་ལྟར་ནི་རྐྱང་བ་ཙམ་དམིགས་པ་ན། ཡན་ལག་སྣལ་མ་རྣམས་ལ་ངེས་པ་མཐོང་ཞིང་
ཡན་ལག་ཅན་སྣམ་བུ་ལ་སོགས་ལ་ཐེ་ཚོམ་སྟེ། ཅི་འདི་སྣམ་བུའམ་འོན་ཏེ་ཡོལ་བ་ཡིན་ཞེས་པའོ། །གང་ལ་ཐེ་ཚོམ་དང་གཏན་ལ་ཕེབས་པ་ཡོད་པ་དེ་ལ་གཞན་ཉིད་དེ། དཔེར་ན་དགེ་སློང་དང་ངུར་སྨྲིག་དག་ལ་བཞིན་ཏེ། ངུར་སྨྲིག་ཙམ་མཐོང་བ་ལས་ངུར་སྨྲིག་ལ་ངེས་པ་དང་དགེ་
སློང་ལ་ཐེ་ཚོམ་སྟེ། ཅི་འདི་ཤཱཀྱའི་དགེ་སློང་ངམ། འོན་ཏེ་སེར་སྐྱ་བའི་དགེ་སློང་ཡིན་ཞེས་རིང་པོར་གོང་བུ་ཙམ་དམིགས་པ་ནའོ། །དེ་ལ་ཡང་གཉིས་ཀར་གཏོགས་པའི་གཞན་ཉིད་ཅེས་པ། གང་ཡན་ལག་ཅན་ཡན་ལག་ལས་གཞན་དུ་གྱུར་པ་འདི་ནི་སྲིད་པ་ཡོད་པ་མ་ཡིན་ཏེ། ཡན་
ལག་རྣམས་ནི་དེ་ལས་གཞན་མ་ཡིན་ནོ་ཞེས་པའོ། །དཔེར་ན་ནག་པ་བཤེས་གཉེན་གྱི་སྤུན་ཡ་ཡིན་ཞེས་པ་ལ། དེ་ཡང་དེའི་སྤུན་དྲང་ངོ་ཞེས་རྟོགས་པ་བཞིན་ནོ། །རེ་རེ་ཡང་གཏན་ཚིགས་ཡིན་ཞེས་པ་ཐེ་ཚོམ་ནི་གཏན་ལ་ཕེབས་པའི་ཟླ་བོ་ལ་ལྟོས་པ་སྟེ། གཏན་ལ་ཕེབས་པ་ཡོད་ན་
ཐེ་ཚོམ་ཡོད་པའི་ཕྱིར་ཞེས་པའོ། །གཏན་ལ་ཕེབས་ཀྱང་ཐེ་ཚོམ་གྱི་ཟླ་བོ་ལ་ལྟོས་པའི་གཏན་ཚིགས་ཏེ། ཐེ་ཚོམ་ཡོད་ན་གཏན་ལ་ཕེབས་པའི་ཕྱིར་རོ་ཞེས་པའོ། །བསྡུས་པ་དག་ནི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་ཉེས་པ་མེད་དོ་ཞེས་འབྲེལ་བར་བྱའོ། །གཉིས་ཀ་སྒྲུབ་
པར་བྱེད་ན་ཞེས་བྱ་བ་རྒྱུ་མཚན་གྱི་དོན་ཅན་གྱི་བདུན་པའོ། །རེ་ཞིག་རིགས་པ་ཞེས་པ། རྣམ་པ་བཞི་པོ་ནི་ཐེ་ཚོམ་གྱི་རྒྱུ་ཉིད་ལ་བྱེད་རྒྱུ་གཉིས་ཀ་ལ་ཡོད་པ་ཡོད་དེ། དེས་ན་གཞལ་བྱ་ཉིད་ལ་སོགས་པས་ཐེ་ཚོམ་སྐྱེད་པར་བྱེད་ཅིང་། མཉན་པར་བྱ་བ་ཉིད་ལ་ནི་དེ་མེད་དོ་ཞེས་སྨྲས་པ། མཉན་
པར་བྱ་བ་ནི་ཅི་ལྟར་ཞེས་པ་རྣམ་པ་ཅི་ཞིག་གིས་ཞེས་པ་སྟེ་བྱེད་པའི་རྒྱུ་མ་མཐོང་བས་དྲིས་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་བྱེད་རྒྱུ་གསུངས་སོ། །གལ་ཏེ་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་པ་ཅིས་ཤེ་ན་གསུངས་པ། གང་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་པར་བྱ་
เล่ม ๑๙๓ · หน้า 170a
བའི་ཆོས་ཞེས་པ་ཕྱོགས་ཆོས་སོ། །འདིས་འབྲེལ་པ་ཉིད་གསུངས་ཏེ། མ་འབྲེལ་པ་ལ་ནི་མིག་གིས་གཟུང་བྱ་ཉིད་བཞིན་དུ་དཔྱོད་པ་མེད་པའི་ཕྱིར་རོ། །ཁྱད་པར་ཇི་སྲིད་ཀྱིས་ཞེས་པ། རྟག་པ་དང་མི་རྟག་པའི་དངོས་པོའི་ཁྱད་པར་གྱིས་དང་། ཟག་པ་དང་བཅས་པ་
དང་ཟག་པ་མེད་པའི་ཁྱད་པར་གྱིས་སམ། མུ་སྟེགས་བྱེད་ཀྱིས་རྣམ་པར་གཞག་པའི་དངོས་པོའི་ཁྱད་པར་གྱིས་དངོས་པོ་ཐམས་ཅད་བསྡུས་པའོ། །དེ་ལ་སྟེ་དངོས་པོ་དེ་རྣམས་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། དེ་དང་ལྡན་པ་རྣམས་དེས་བསྡུས་པའི་ཕྱིར་དང་ཞེས་པ་ཐུན་མོང་མ་ཡིན་པའི་ཆོས་དང་ལྡན་
པ་རྣམས་དེ་རྣམས་ཀྱིས་བསྡུས་པའི་ཕྱིར་རམ་དེ་རྣམས་སུ་བསྡུས་པའི་ཕྱིར་རོ། །འདིས་ནི་གང་ལ་དངོས་པོའི་ཆོས་ཚིག་གི་དོན་ལས་ཕྱི་རོལ་དུ་གྱུར་པ་འདི་གནས་པར་འགྱུར་བ་རྣམ་པའི་ཁྱད་པར་ལས་ཕྱི་རོལ་པ་མེད་པར་གསུངས་སོ། །མཐའ་གཅིག་པ་ལྡོག་པའི་ཕྱིར་རོ་ཞེས་པ། མཐའ་
གཅིག་པ་ནི་གཏན་ལ་ཕེབས་པ་ཡིན་ཞིང་། དེ་ལྡོག་པ་ནི་མེད་པའོ། །འདིས་གཅིག་ལ་ཡོད་པ་ལ་སྒྲུབ་བྱེད་མེད་པ་གསུངས་སོ། །གཉིས་པོ་འདི་གཅིག་ལ་བསྡུས་པས་ནི་རྣམ་པའི་ཁྱད་པར་ཐམས་ཅད་ལ་ཐུན་མོང་མ་ཡིན་པ་ཐེ་ཚོམ་གྱི་རྒྱུ་སྟེ། གཞན་ལས་མ་བྱུང་བར་ངེས་ཤིང་ཡོན་ཏན་
མཚུངས་པའི་སྐྱེས་བུ་ལ་སྲིད་པའི་བུད་མེད་ཀྱི་མངལ་ནི་སྐྱེས་བུ་རྣམས་ལ་བཞིན་ནོ། །འོ་ན་དེ་ཡང་ཐམས་ཅད་ཐེ་ཚོམ་གྱི་རྒྱུར་བརྗོད་པར་བྱ་བ་མ་ཡིན་ཏེ། ཐུན་མོང་མ་ཡིན་པ་འགའ་ཞིག་ཀྱང་ངེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་སྟེ། སྲོག་ལ་
སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལྟ་བུའོ་ཞེ་ན། འདི་མཉན་པར་བྱ་བ་ཉིད་ལས་ཁྱད་པར་ཅི་ཞིག་ཡོད་གལ་ཏེ་ལྡོག་པ་མི་འཁྲུལ་བའོ། །འདི་ནི་འགྱུར་ཏེ། སྲོག་ལ་སོགས་པ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་གི་མཐུན་ཕྱོགས་ལས་ནི་མ་ཡིན་ཏེ། མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་
ཞེས་པས། འདིའི་ལྡོག་པ་ནི་མི་འཁྲུལ་བའོ། །མཉན་པར་བྱ་བ་ཉིད་ཀྱི་ནི་དེ་ལྟ་མ་ཡིན་ཏེ། མི་མཐུན་ཕྱོགས་ཉིད་ལས་མཉན་པར་བྱ་བ་ཉིད་ལྡོག་པ་ནི་མ་ཡིན་གྱི། འོན་ཀྱང་མཐུན་ཕྱོགས་ལས་ཀྱང་ངོ་ཞེའོ། །དེ་ལྟ་ན་མཉན་པར་བྱ་བ་ཉིད་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མ་ཡིན་ནོ་ཞེས་སྨྲས་པས་
เล่ม ๑๙๓ · หน้า 170b
ཁྱོད་ཀྱིས་ཀྱང་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པར་འགྱུར་བ་མ་ཡིན་ནམ། དེ་གཞན་ལ་ཡང་མཚུངས་པ་ཁོ་ན་སྟེ། རྣམ་པ་གཞན་དུ་ན་འདི་ལྡོག་པ་ཅན་ཁོ་ནར་མི་འགྱུར་རོ་ཞེས་པས་སྲོག་ལ་སོགས་པ་མཉན་པར་བྱ་བ་ཉིད་དང་ཁྱད་པར་མེད་དོ། །གང་ཡང་མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་ཞེས་
བརྗོད་པ་འདི་ཡང་སྔར་ཁོ་ནར་བཏགས་ཟིན་པ་ཉིད་དེ། དངོས་པོའི་ངོ་བོ་འགུགས་པའི་དགག་པ་མེད་པ་ལ་མི་སྲིད་མོད། མ་ཡིན་པར་དགག་པ་གཅིག་པུ་ནི་དགག་པའི་ཡུལ་མ་ཡིན་གྱི། འོན་ཀྱང་མེད་པར་དགག་པ་ཡང་ཡིན་ཞིང་། དེ་མེད་པ་ལ་ཡང་འགལ་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཐུན་
མོང་བ་དང་ཐུན་མོང་མ་ཡིན་པ་དག་ཐེ་ཚོམ་གྱི་རྒྱུ་ཉིད་དུ་མཚུངས་པ་ལ། ཁྱད་པར་སྟོན་པ་གསུངས་པ། ཐུན་མོང་བ་ནི་ཞེས་པ་ལ་སོགས་པ་སྟེ། རྣམ་པར་མི་གཅོད་པའི་གཏན་ཚིགས་ནི་ཐེ་ཚོམ་གྱི་རྒྱུའོ་ཞེས་པའི་དོན་ཏོ། །དེ་ཞེས་པའི་ཐམས་ཅད་པའི་མིང་གིས་སྐབས་སུ་བབ་པའི་ཐེ་ཚོམ་གྱི་རྒྱུ་ལ་
སྙེགས་སོ། །འདིར་འདི་ལྟར་ཡང་བཤད་པར་བྱ་སྟེ། ཐུན་མོང་བ་ནི་གང་རྣམས་ཀྱི་ཐེ་ཚོམ་གྱི་རྒྱུར་ཡོད་པ་དེ་ཁོ་ན་ལ་རྣམ་པར་གཅོད་པ་མིན་པའི་གཏན་ཚིགས་སུ་འགྱུར་གྱི་གཞན་ལ་མ་ཡིན་ནོ་ཞེས་པའོ། །གང་འདིར་གཉིས་ཀ་ལ་བརྟེན་པ་ཞེས་པ་རྗེས་སུ་འཇུག་པ་དང་ལྡོག་པ་དག་ལ་བརྟེན་པའོ། །
ཐེ་ཚོམ་གྱི་རྒྱུ་ཉིད་དུ་མཚུངས་ན་ཡང་འདི་ནི་ཁྱད་པར་ཏེ། འདི་རྣམས་ལ་གང་གཉིས་ཀ་ལ་བརྟེན་པ་དེ་ནི་བསྒྲུབ་པར་བྱ་བ་འགའ་ཞིག་ལ་ངེས་པའི་རྒྱུ་ཡང་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཁོ་ན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། གཞན་ལས་ལྡོག་པའི་ཕྱིར་ཞེས་པ། མི་མཐུན་ཕྱོགས་ལས་ལྡོག་པའི་
ཕྱིར་ཞེས་པའི་དོན་ཏོ། །དཔེར་ན་རྩོལ་མ་ཐག་ཏུ་བྱུང་བ་བསྒྲུབ་པར་བྱ་བ་ལ། མི་རྟག་པ་ཉིད་ཐེ་ཚོམ་གྱི་གཏན་ཚིགས་ཡིན་ཞིང་། བྱས་པ་ཉིད་ལ་ངེས་པའི་གཏན་ཚིགས་ཡིན་པ་བཞིན་ཏེ། མ་བྱས་པ་ལས་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་རེག་པར་བྱ་བ་མ་ཡིན་པ་ནི་རྟག་པ་དང་མི་རྟག་པ་དག་ལ་ཐེ་
ཚོམ་གྱི་རྒྱུ་སྟེ། བྱ་བ་མེད་པ་ཉིད་ལ་ནི་བྱ་བ་དང་བཅས་པ་ལས་ལྡོག་པའི་ཕྱིར་ངེས་པའི་གཏན་ཚིགས་སོ། །གང་གཉི་ག་ལ་བརྟེན་པར་མི་འགྱུར་བ་དཔེར་ན་མཉན་བྱ་ཉིད་དང་གཞལ་བྱ་ཉིད་ལྟ་བུ་དེ་ནི་བསྒྲུབ་པར་བྱ་བ་གཞན་ལ་ཡང་ངེས་པའི་རྒྱུ་མ་ཡིན་ཏེ། གཞན་ལས་ལྡོག་པ་མེད་པའི་ཕྱིར་རོ། །
เล่ม ๑๙๓ · หน้า 171a
ཡང་མཉན་པར་བྱ་བ་ཉིད་ཅི་ལྟར་ན་གཉི་ག་བརྟེན་པར་མི་འགྱུར་ཏེ། དངོས་པོའི་ཆོས་སུ་གྱུར་པ་དེས་ནི་གདོན་མི་ཟ་བར་འགའ་ཞིག་ཏུ་འཇུག་པར་བྱ་བ་འམ། འགའ་ཞིག་ལས་ལྡོག་པར་བྱའོ་ཞེ་ན། འཇུག་པ་དང་ལྡོག་པ་དག་མ་ངེས་པ་ཉིད་ཀྱི་ཕྱིར་དེ་སྐད་དུ་བཤད་དོ་
ཞེས་པས་སྐྱོན་མེད་དེ། ཡོད་ན་ཡང་དེ་དག་ནི་ཇི་སྲིད་དུ་ངེས་པར་མ་བྱས་པ་དེ་སྲིད་དུ་མེད་པ་དང་མཚུངས་པ་དག་སྟེ། རྗེས་སུ་དཔོག་པ་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་མཉན་པར་བྱ་བ་ཉིད་ནི་རྣ་བས་གཟུང་བར་བྱ་བ་ཉིད་དེ། རང་གི་རྣམ་པ་ཅན་གྱི་རྣ་བའི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་
མཚན་ཉིད་ཅན་ཡིན་ཞིང་། དེ་ཡང་མི་རྟག་པ་ཁོ་ནར་རིགས་ཀྱི་རྟག་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དོན་བྱེད་ནུས་པ་མི་འཐད་པའི་ཕྱིར་རོ། །དོན་བྱེད་ནུས་པའི་མཚན་ཉིད་ཅན་ཡང་དངོས་པོ་ཞེས་པ་འདི་ནི་བཤད་ཟིན་ཏོ། །དེས་ན་མཉན་པར་བྱ་བ་ཉིད་མི་རྟག་པ་ཁོ་ན་ལ་འཇུག་གོ་ཞེས་
པ་འདི་ནི་ཐེ་ཚོམ་མེད་དེ། དེས་ན་ཅི་ལྟར་རྗེས་སུ་འཇུག་པ་དང་ལྡོག་པ་དག་མ་ངེས་པའི་ཕྱིར་རོ་ཞེས་བརྗོད་ཅེ་ན། སྐྱོན་འདི་མེད་དེ། ཕ་རོལ་པོའི་རྟག་པ་ཡང་དངོས་པོར་ཁས་ལེན་ཏེ། དེས་ན་དེའི་འདོད་པ་ལ་ལྟོས་པས་དེ་སྐད་བཤད་དོ། །རང་གི་ལུགས་ཀྱིས་ནི་མཉན་བྱ་ཉིད་མི་རྟག་པ་
ཉིད་ལ་གཏན་ཚིགས་ཁོ་ནའོ། །ཁ་ཅིག་ནི་གཉིས་ཀ་ལ་མི་བསྟེན་པའི་གཞལ་བྱ་ཉིད་ཀྱང་འདུས་མ་བྱས་ལ་སྐུར་པ་འདེབས་པ་ལས་མེད་པ་ལ་རྗེས་སུ་འགྲོ་བ་མི་རིགས་པའི་ཕྱིར་རྗེས་སུ་འགྲོ་བ་མི་འཁྲུལ་བ་ཅན་མཐུན་ཕྱོགས་ཁོ་ན་ལ་ཡོད་དོ་ཞེས་པས་རྗེས་སུ་འགྲོ་བ་ཅན་ཁོ་ནའི་གཏན་ཚིགས་སུ་
སྨྲའོ། །དེ་མི་རིགས་ཏེ་ཅི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའམ། ཅི་ལྟར་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཡིན་ཞེས་པའོ། །གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་མི་གཅོད་ན་ངེས་པར་གཟུང་བ་འདིའི་འབྲས་བུ་ཅི་ཡིན་རྣམ་པར་གཅོད་ནའང་ཅི་ལྟར་མི་ལྡོག་
སྟེ། ལྡོག་པ་ནི་ཡོད་པ་རྣམ་པར་གཅོད་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཡང་མ་ཡིན་ཞིང་ལྡོག་པ་ཡང་མ་ཡིན་ཞེས་པ་འདི་ནི་འགལ་བ་སྟེ། གང་མེད་དོ་ཞེས་རྗེས་སུ་འགྲོ་བ་བཀག་པ་དེ་ཉིད་ལྡོག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བའི་གཏན་
เล่ม ๑๙๓ · หน้า 171b
ཚིགས་ནི་འགའ་ཡང་མེད་དོ། །གཞལ་བྱ་ཉིད་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་ལྡན་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཆོས་རྣམ་པ་གསུམ་སྟེ། དངོས་པོའི་ཆོས་སྐྱེ་བ་ལ་སོགས་པ་རྣམས་དང་། དངོས་པོ་མེད་པའི་ཆོས་སྐྱེ་བ་མེད་པ་ལ་སོགས་པ་རྣམས་དང་། གཉི་གའི་ཆོས་གཞལ་
བྱ་ཉིད་ལ་སོགས་པ་རྣམས་ཡིན་པའི་ཕྱིར་རོ། །མེད་པ་ནི་ཆོས་འགའ་ཡང་མ་ཡིན་པ་ཁོ་ནའོ་ཞེ་ན། ཆོས་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་འདི་ཁོ་ན་དེའི་ཆོས་མ་ཡིན་ནམ། བློས་སྤྲུལ་པ་ནི་མེད་པ་ལ་ཡང་མི་འགལ་བའི་ཕྱིར་རོ། །རང་བཞིན་ཐམས་ཅད་དང་བྲལ་བ་དངོས་པོ་མེད་པའོ་ཞེས་ཉེ་བར་སྐྱེ་
བའི་བློ་ནི་དངོས་པོ་ཐམས་ཅད་དང་བྲལ་བ་ནི་དེའི་ཆོས་བཞིན་དུ་ཉེ་བར་སྟོན་ཏེ། དེའི་ཕྱིར་དེའི་བསམ་པའི་ངོར་དངོས་མེད་ལ་ཡང་ཆོས་སུ་རྣམ་པར་གཞག་པར་བྱའོ་ཞེས་པའོ། །འོ་ན་གང་གི་ཚེ་ཞེས་པ་ལ་སོགས་པ་སྟེ། འདི་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ན་ཐེ་ཚོམ་གྱི་རྒྱུའོ་ཞེས་བཤད་ཟིན་ལ་
གང་གི་ཚེ་སྒྲ་ཉིད་དེ་མཉན་པར་བྱ་བ་ཉིད་རྟག་པར་ཁས་ལེན་པར་བྱེད་པ་དེའི་ཚེ་གང་ལས་འདི་ཐེ་ཚོམ་གྱི་རྒྱུར་འགྱུར་བ་ཐུན་མོང་མ་ཡིན་པ་ཉིད་ཅི་ལྟར་ཡིན་དེའི་ཚེ་འདི་ཞེས་པ་ལ་སོགས་པ་སྟེ། གཉིས་ཀ་མ་ཡིན་པ་བསྟེན་པ་ཉིད་ཀྱི་གནས་སྐབས་ལ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཐེ་ཚོམ་གྱི་རྒྱུ་ཉིད་དུ་
བཤད་ལ། གང་གི་ཚེ་སྒྲ་ཉིད་ཀྱང་མཉན་བྱར་ཁས་ལེན་པ་དེའི་ཚེ། འདི་གཉིས་ཀ་བསྟེན་པ་ཁོ་ནར་འགྱུར་ཞིང་། འདི་དེའི་ཚེ་ཐུན་མོང་མ་ཡིན་པ་ཉིད་དུ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེའི་ཚེ་འདི་གཏན་ཚིགས་ཁོ་ན་འགྱུར་ཏེ། མི་རྟག་པ་ལས་ལྡོག་པའི་ཕྱིར་དང་། དེ་རྣམ་པར་གཅོད་
པས་རྟག་པ་ཉིད་གོ་བར་བྱེད་པའི་ཕྱིར་རོ། །གལ་ཏེ་འདི་ལ་མི་རྟག་པ་ཉིད་ཀྱི་གཏན་ཚིགས་ཀྱང་བྱེ་བྲག་པས་སྟོན་པར་མི་བྱེད་པ་དེའི་ཚེ་གཏན་ཚིགས་ཉིད་དུ་ཡང་འགྱུར་ཞེས་སྦྲེལ་བར་བྱའོ། །འགལ་བ་དོན་གཅིག་པ་མི་སྲིད་པའི་ཕྱིར་ཞེས་པ། འགལ་བ་དག་སྟེ་རྟག་པ་དང་མི་རྟག་པ་ཉིད་དག་
ཆོས་ཅན་གཅིག་ལ་མི་སྲིད་པའི་ཕྱིར་རོ། །འགལ་བ་ཉིད་ཀྱང་དེ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །འགལ་བའི་གཅིག་གི་དོན་གྱི་མི་སྲིད་པ་ཉིད་ཀྱི་ཕྱིར་ཞེས་གཞན་རྣམས་སོ། །གཅིག་མིན་པ་ནི་འགལ་བ་སྲིད་པ་སྟེ། དཔེར་ན་ནམ་མཁའ་རྟག་གོ་བུམ་པ་མི་རྟག་
เล่ม ๑๙๓ · หน้า 172a
གོ་ཞེས་པ་ལྟ་བུ་སྟེ། གཅིག་ལ་ནི་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཐེ་ཚོམ་དུ་འགྱུར་ཏེ། འགལ་བའི་དོན་མངོན་པར་བརྗོད་པའི་གཏམ་གཉིས་བཞིན་ནོ། །གལ་ཏེ་ཐེ་ཚོམ་གྱི་རྒྱུ་ཡིན་ན་ཅི་ལས་འདི་ལ་ངེས་པར་འབྱུང་བར་བྱ་ཞེ་ན། འདིར་ཡང་ཞེས་པ་ལ་སོགས་པ་སྟེ། འདིར་
གྱི་སྒྲས་ནི་འགལ་བ་མི་འཁྲུལ་བ་ཅན་གྱི་ཡུལ་སྤྱིར་སྟོན་གྱི་འདི་གཅིག་པུ་ནི་མ་ཡིན་ནོ། །མངོན་སུམ་གྱིས་མི་སླུ་བའི་ལུང་ནི་མངོན་སུམ་གྱི་ལུང་སྟེ། བར་གྱི་ཚིག་ཕྱིས་པ་ལས་ལོ་མའི་རྒྱལ་པོ་བཞིན་དང་། རྡོ་རྗེའི་སོར་གདུབ་བཞིན་ནོ། །མངོན་སུམ་སྨོས་པ་ནི་ཚད་མ་མཚོན་པའི་དོན་དུ་སྟེ། ཚད་
མས་མི་སླུ་བའི་ལུང་ནི་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་སྐད་སྟོན་ཏེ། ལུང་གིས་གྲུབ་པའི་རྟགས་ཀྱི་དབང་དུ་བྱས་ནས་འགལ་བ་མི་འཁྲུལ་བ་བརྗོད་ཅིང་། དེ་ནི་འདི་རྣམས་ཁོ་ནས་ཀྱང་ལུང་སྟོབས་དང་ལྡན་པར་ཁས་བླངས་ལ། སྟོབས་དང་ལྡན་པ་ནི་ཡང་དེ་ཚད་མས་རྗེས་སུ་
གཟུང་བ་ལས་འགྱུར་ཏེ། དེ་དེའི་ཕྱིར་ཚད་མ་དེ་ལས་ངེས་པ་བཙལ་བར་བྱའོ། །དེའི་ཚིག་གིས་ཡོན་ཏན་དུ་གྱུར་ཀྱང་ཚད་མ་ལ་སྙེགས་པའོ། །ཡང་ན་དེ་ཁོ་ན་ལས་ཏེ་ཚད་མས་མི་སླུ་བའི་ལུང་ལས་ངེས་པ་བཙལ་བར་བྱའོ། །དེ་སྐད་བརྗོད་པས་ཀྱང་ཚད་མ་ཁོ་ན་ལས་ངེས་པ་བཙལ་བར་བྱའོ་
ཞེས་དོན་གྱིས་བརྗོད་པར་འགྱུར་རོ། །བསྡུ་བའི་ཚིགས་སུ་བཅད་པར་གང་རྣམས་ཀྱི་དང་གང་རྣམས་ཀྱི་ཞེས་འདིར་གཅིག་ལྷག་བལྟ་བར་བྱ་སྟེ། གྲངས་མཉམ་པའི་དོན་དུའོ། །ཐུན་མོང་མིན་པ་ནི་ཐམས་ཅད་ཐེ་ཚོམ་གྱི་རྒྱུའོ། །སྤྱི་ནི་རྟག་པ་ལ་སོགས་པ་གང་རྣམས་ཀྱི་ཆོས་སོ། །འགལ་བ་མི་
འཁྲུལ་བ་ཅན་ཡང་གང་རྣམ་པ་ཀྱི་ཞེས་པའོ། །གཞན་རྣམས་ནི་གཅིག་ལྷག་མ་བྱས་པ་ཁོ་ནར་ཇི་ལྟར་རིགས་པར་སྦྱོར་བར་བྱེད་དོ། །འདིར་ཕྱོགས་ཆོས་གཉིས་དག་ཁོ་ན་གཏན་ཚིགས་ལྟར་སྣང་བར་བཤད་དེ། ཐེ་ཚོམ་གྱི་རྒྱུ་དང་ཕྱིན་ཅི་ལོག་གི་རྒྱུའོ། །གཞན་རྣམས་ཀྱིས་ནི་འཁྲུལ་པ་དང་བཅས་
པ་ལ་སོགས་པ་རྣམས་ཀྱང་བཤད་དོ། །དེ་རྣམས་ནི་མ་བརྗོད་པ་ཉིད་ཀྱི་ཕྱིར་མ་ལུས་པ་ཡིན་པ་བརྗོད་པ་ཉིད་དུ་དོགས་པར་འགྱུར་རོ། །དེས་ན་དེ་བསལ་བའི་ཆེད་དུ་གསུངས་པ། ཕྱོགས་ཆོས་མཐོང་བ་ལས་ཞེས་པ་ལ་སོགས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཕྱོགས་ཆོས་མཐོང་བ་ལས་
เล่ม ๑๙๓ · หน้า 172b
ཤེས་པར་འདོད་པ་པོའི་འདོད་པ་མ་གྲུབ་པ་ན། གང་ལས་ཕྱིན་ཅི་ལོག་ཐོབ་པའམ། ཐེ་ཚོམ་ཐོབ་པར་འགྱུར་ཏེ། དང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ཏེ་རིམ་པ་ཐ་དད་པ་ཡང་ངོ་། །ཟློག་པ་དང་ཐེ་ཚོམ་ཐོབ་པ་ཁོ་ན་སྟེ། རྣམ་པ་གཞན་མེད་དོ། །དེ་ལ་གལ་ཏེ་འཁྲུལ་པ་དང་བཅས་པ་
ལ་སོགས་པ་རྣམས་ཐེ་ཚོམ་སྐྱེད་པར་བྱེད་ན་མ་ངེས་པ་ཁོ་ནའི་ནང་དུ་འདུ་ཞིང་། ཅི་སྟེ་ཟློག་པ་ཡིན་ན། དེ་ལས་ཟློག་པའི་གཏན་ཚིགས་སུའོ། །ཅི་སྟེ་གཉིས་ཀ་མི་སྐྱེ་ན་གཏན་ཚིགས་ལྟར་སྣང་བ་ཉིད་དུ་དེ་རྣམས་མི་འགྱུར་ཏེ། ཡང་དག་པའི་ཤེས་པའི་རྟགས་བཞིན་ནོ། །དེའི་ཕྱིར་འགལ་བ་དང་
མ་ངེས་པ་དག་ལས་གཞན་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་བ་མེད་དོ་ཞེས་པའོ། །འོ་ན་གང་ཞེས་པ། གལ་ཏེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ལྟར་སྣང་བ་གཉིས་ཁོ་ན་ཡིན་ན། གང་འདོད་པ་ལ་གནོད་པར་བྱེད་པའི་འགལ་བར་འདོད་པ་དེ་ཅི་ལྟར་བརྗོད་པར་བྱ་སྟེ། ཅི་བཟློག་པའི་
གཏན་ཚིགས་སམ། འོན་ཏེ་ཐེ་ཚོམ་གྱི་གཏན་ཚིགས་ཡིན་ཞེས་པར་རོ། །རྣམ་པ་གཉིས་ཀར་བརྗོད་པར་མི་ནུས་སོ་ཞེས་པ་བསམ་པའོ། །གལ་ཏེ་དེ་ལྟར་གནས་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་བཟློག་པའི་གཏན་ཚིགས་སུ་འགྱུར་ན་ནི་ཟློག་པ་གྲུབ་པར་འགྱུར་ན། འགྱུར་བ་མ་ཡིན་
ནོ། །དེའི་ཕྱིར་འདི་བཟློག་པའི་གཏན་ཚིགས་མ་ཡིན་ན་ཞེས་པའོ། །འདིར་སྨྲས་པ་ཙམ་ཁོ་ན་བསྒྲུབ་བྱའོ་ཞེས་གང་སེམས་པར་བྱེད་པ་དེས་རེ་ཞིག་ལན་སྨྲས་པ། གཞན་གྱི་དོན་གྱི་གཏན་ཚིགས་ཡོད་པའི་ཕྱིར་ཞེས་པ་སྟེ། དཔེར་ན་ཞེས་པ་ལ་སོགས་པ་གསལ་བར་བྱེད་པའི་ཆེད་དུ་དཔེའོ། །
མི་འདྲ་བ་ཉེ་བར་བཀོད་པ་སྟེ་ཞེས་པ། ཉེ་བར་བཀོད་པ་ནི་དཔེ་སྟེ། ཉེ་བར་འགོད་པར་བྱེད་ཅིང་དཔེ་ཅན་ཉེ་བར་འཇོག་པར་བྱེད་དོ་ཞེས་བྱས་ནས་སོ། །མི་འདྲ་བ་ཉིད་ནི་དེ་དཔེ་ཅན་དང་མི་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པ། དེ་ལ་ནི་ཞེས་པ་ལ་སོགས་པའོ། །རྟག་པ་ཉིད་ཀྱི་གཏན་ཚིགས་དང་
ལྷན་ཅིག་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་པར་འགྱུར་རོ་ཞེས་སྦྲེལ་ལོ། །ཅིའི་ཕྱིར་ཞེ་ན་སྨྲས་པ་གཅིག་འཛིན་པའི་ཕྱིར་ཞེས་པ་སྟེ། གྲངས་གཅིག་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་གཅིག་ཁོ་ན་སྒྲུབ་པར་བྱེད་པ་ཉིད་དུ་གཟུང་བའོ། །གཏན་ཚིགས་གཉིས་པོ་འདི་དག་ནི་ཕན་ཚུན་འགལ་བ་དག་སྟེ། དེ་ལ་
เล่ม ๑๙๓ · หน้า 173a
སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་རིགས་པའོ། །འདིར་ནི་འགལ་ཟླ་དང་བྲལ་བ་གཅིག་ཁོ་ན་ཅིའི་ཕྱིར་སྒྲུབ་པར་མི་བྱེད། འདི་ལྟ་ན་འོ་ན་ཞེས་པ་མི་འདྲ་བ་ཉིད་ཡོངས་སུ་སྤོང་བར་བྱེད་དེ། །བསྒྲུབ་བྱའི་བྱེ་བྲག་ལས་ཞེས་པ་གཉིས་ཉིད་ཀྱི་གྲངས་རྟོགས་པ་ལ་རྒྱུ་བཤད་པའོ། །
བསྒྲུབ་བྱའི་ཁྱད་པར་ནི་གཞན་གྱི་དོན་ཉིད་དང་གཞན་གྱི་དོན་མིན་པ་ཉིད་ཀྱི་མཚན་ཉིད་ཅན་དུ་སེམས་པར་བྱེད་དོ། །དཔེར་ན་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་མངོན་སུམ་པ་ཉིད་དག་བཞིན་དུ་གཅིག་པོ་ཉིད་ཅེས་པ་ནི། ཇི་ལྟར་འདི་དག་གིས་བསྒྲུབ་པར་བྱ་བར་གཏོགས་པའི་གྲངས་བརྟགས་
པ་ཡིན་པ་དེ་ལྟར་འདུས་པ་ཉིད་ཀྱི་བསྒྲུབ་པར་བྱ་བར་གཏོགས་པའི་གྲངས་བརྟགས་པར་འགྱུར་རོ་ཞེས་པའོ། །འདི་ཙམ་གྱིས་དཔེའི་ཆོས་མཐུན་པ་ཉིད་དོ། །ཐ་དད་མེད་པར་འགྱུར་རོ་ཞེས་པ་དེའི་མཚན་ཉིད་ཅན་གྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་ཐ་མི་དད་པར་འདོད་པ་ཁོ་ནའོ་ཞེ་ན།
བཤད་པ། མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་སྨྲས་པ་ཙམ་བསྒྲུབ་པར་བྱ་བར་སྨྲ་བ་བསལ་བ་ལ། སློབ་དཔོན་གྱིས་གསུངས་པ། དེ་ལྟ་ན་འོ་ན་ཞེས་པ་ལ་སོགས་པའོ། །ཁྱད་པར་མེད་པའི་སྨྲས་པ་ཙམ་གཞན་གྱི་དོན་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ་དེ་ལ་རྩོད་པ་མེད་པའི་ཕྱིར་རོ། །
འོ་ན་ཅི་ཞེ་ན། ཁྱད་པར་ཅན་འདུས་པ་མ་ཡིན་པ་གཞན་གྱི་དོན་ཉིད་དོ། །དེའི་ཕྱིར་དེ་ལས་བཟློག་པ་འདུས་པ་གཞན་གྱི་དོན་ཉིད་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་ཉིད་དོ། །དེ་ཉིད་སྟོན་པ་གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །གཅིག་གི་རང་བཞིན་དུ་རྣམ་པར་གནས་
པ་ཉིད་འདིར་འདུས་པ་མ་ཡིན་པའི་སྒྲས་བརྗོད་པར་འདོད་པའོ། །འོ་ན་མལ་ཆ་དང་སྟན་ལ་སོགས་པ་རྣམས་ཀྱང་འདུས་པ་མ་ཡིན་པ་གཞན་བདག་གི་དོན་བྱེད་དེ། དེའི་ཕྱིར་འགལ་བ་བསྒྲུབ་པར་བྱ་བ་ལ་དཔེ་བསྒྲུབ་བྱས་དམན་པའོ་ཞེས་གསུངས་པ། དེ་ནི་མ་ཡིན་ཞེས་པ་ལ་སོགས་པའོ། །ཅི་
ལྟར་ན་གྲུབ་པ་མ་ཡིན་ཞེ་ན་གསུངས་པ། དེ་ཡོད་པར་མ་གྲུབ་པའི་ཕྱིར་ཞེས་པ་སྟེ། དེ་ཡོད་པ་ཉིད་དུ་གྲུབ་ན་ནི་དཔེ་བསྒྲུབ་པར་བྱ་བ་དང་བྲལ་བ་ཉིད་དུ་འགྱུར་མོད། དེ་ཡང་མ་གྲུབ་བོ། །འགལ་བ་གཞན་ལས་ཞེས་པ། ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་ཟློག་པ་སྒྲུབ་པར་བྱེད་པ་ལས།
เล่ม ๑๙๓ · หน้า 173b
མ་སྨྲས་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་ལས་ཟློག་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཁྱད་པར་གྱི་ཐ་དད་པ་ཡིན་ནོ། །འགལ་བའི་མ་ངེས་པ་ལས་ཞེས་པ། འགལ་བ་མི་འཁྲུལ་བ་ལས་ཏེ། དེ་ནི་འགལ་བའི་དོན་ལ་མི་འཁྲུལ་བའི་ཕྱིར་འགལ་བ་ཡིན་ཞིང་ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་མ་ངེས་པའོ། །
འོ་ན་དེ་ལས་མཚན་ཉིད་ཀྱི་བྱེ་བྲག་ལས་ཀྱང་ཐ་དད་པ་མ་ཡིན་ནམ། དེས་ན་འདི་ཁོ་ནས་ཀྱང་ཞེས་བརྗོད་པ་འདི་ཅི་ཞེ་ན། འདི་སྐྱོན་མ་ཡིན་ཏེ། ཀྱང་གི་སྒྲ་ནི་དེ་ཉིད་སྡུད་པའི་དོན་ཅན་ནོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པ་སྒྲུབ་པར་བྱེད་པ་འདི་
འདོད་པ་ལ་གནོད་པར་བྱེད་པའི་འགལ་བར་བརྗོད་པ་དེ་བཞིན་དུ། ཚད་མ་གཞན་གྱིས་མཐོང་བས་གནོད་ན་ཆོས་ཅན་གྱི་རང་གི་ངོ་བོ་དང་ཁྱད་པར་དང་འགལ་བ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བར་བརྗོད་པར་བྱའོ། །ཅི་ལྟར་ཇི་ལྟར་མཐོང་བའི་ཆོས་གཞན་གྱིས་གནོད་པ་ཡིན་ཞེ་ན། གསུངས་
པ། དཔེར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་སྟེ། སྒྲའི་རང་གི་ངོ་བོ་ནི་མངོན་སུམ་གྱིས་གྲུབ་པ་སྟེ། དེས་ན་སྒྲའི་རང་གི་ངོ་བོ་མེད་པའི་དམ་བཅའི་དོན་བསལ་བའོ། །མཉན་བྱ་མེད་དོ་ཞེས་པ་འདིར་ནི་མཉན་བྱའི་སྒྲའི་བརྗོད་པར་བྱ་བ་ཉིད་འདི་ལ་མེད་དོ་ཞེས་པ་དམ་བཅའ་
བའི་དོན་ཏེ། དེ་ཡང་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པས་བསལ་བར་བྱ་བའོ། །བཟློག་པས་གནོད་པ་ནི་གཉིས་པོ་འདི་དང་སྦྱར་བར་བྱའོ། །ཅིའི་ཕྱིར་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་སྒྲུབ་པར་བྱེད་པའི་དཔེར་བརྗོད་ཉེ་བར་དགོད་པ་མ་བྱས་ཤེ་ན། མཚན་ཉིད་ལས་ནི་སྔར་ཉེ་
བར་བཀོད་ཅིང་། དཔེར་བརྗོད་པའི་ཕྱོགས་ཀྱིས་ཀྱང་མཚོན་བྱ་རྟོགས་པའི་ཕྱིར་འདིར་དཔེར་བརྗོད་མ་བཀོད་དོ། །དེ་ལ་འདི་ནི་ཆོས་ཅན་གྱི་རང་གི་ངོ་བོ་དང་འགལ་བའི་དཔེར་བརྗོད་པ་སྟེ། ནམ་མཁའ་ལ་སོགས་པ་ནི་རྟག་པ་སྟེ། མི་རྟག་པའི་ཆོས་མེད་པའི་ཕྱིར་རོ་ཞེས་བྱས་པ་ནའོ། །གཏན་
ཚིགས་འདི་ནི་ཆོས་ཅན་གྱི་རང་གི་ངོ་བོ་ལས་བཟློག་པ་སྒྲུབ་པར་བྱེད་པ་སྟེ། དེ་ལྟར་ནི་དོན་བྱ་བ་ནུས་པ་ཡང་མི་རྟག་པའི་ཆོས་ཡིན་ཞིང་། དེ་ཡང་གལ་ཏེ་ནམ་མཁའ་ལ་སོགས་པ་ལ་མེད་ན། དེ་ནི་དངོས་པོར་གྱུར་པ་ཉིད་དུ་མི་འགྱུར་ཏེ། དངོས་པོ་ནི་དོན་བྱ་བ་ནུས་པའི་མཚན་ཉིད་ཅན་ཉིད་ཀྱི་
เล่ม ๑๙๓ · หน้า 174a
ཕྱིར་རོ། །འོ་ན་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བར་བྱེད་ན། རྟེན་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། འདི་འདོད་པ་མ་ཡིན་ཏེ། འདིར་ནི་རྣམ་པར་གཅོད་པ་ཙམ་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཤིང་། དེའི་རྟེན་དུ་དངོས་པོར་མ་གྱུར་པ་ཡང་འགལ་བ་མེད་
པ་ཁོ་ནའོ། །ཐམས་ཅད་དུ་ཡང་འདི་ཁོ་ན་ཆོས་ཅན་གྱི་རང་གི་ངོ་བོ་ལས་ཟློག་པ་སྒྲུབ་པར་བྱེད་པའི་ཡུལ་ཏེ། གང་དུ་དངོས་པོར་གྱུར་པའི་ཆོས་ཅན་ཉེ་བར་བླངས་ཤིང་། གཏན་ཚིགས་ནི་རྣམ་པར་གཅོད་པ་ཙམ་གྱི་ཆོས་ཡིན་པའོ། །དེས་ན་འདི་བརྩད་པར་མི་བྱ་བ་ཁོ་ནའོ། །ཆོས་ཅན་གྱི་ཁྱད་
པར་དང་འགལ་བ་དཔེར་བརྗོད་པ་ནི་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཡིན་ཏེ། འདུས་པ་ཉིད་ཀྱི་ཕྱིར་རོ་ཞེས་འདི་སྔར་ཁོ་ནར་བཤད་ཟིན་ཏོ། །ཅིའི་ཕྱིར་ཡང་སྐབས་སུ་མ་བབ་པའི་ཆོས་ཅན་གྱི་རང་གི་ངོ་བོ་དང་ཁྱད་པར་ཟློག་པ་སྒྲུབ་པར་བྱེད་པ་ན། འགལ་བ་ཉིད་དུ་བརྗོད་པར་བྱ་ཞེ་ན་
གསུངས་པ། གཉིས་ཀ་ནི་ཞེས་པ་ལ་སོགས་པའོ། །ཆོས་ཁོ་ན་མ་ཤེས་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་འདིར་འགྱུར་མོད། དེས་ཅིའི་ཕྱིར་ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་ཞེ་ན་གསུངས་པ། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །འདིས་འདི་བསལ་
བར་བྱེད་དེ། ཚོགས་པ་ཁོ་ན་བསྒྲུབ་བྱ་ཡིན་ཞིང་། དེས་ན་དེ་ལས་ཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བ་གཅིག་ཁོ་ན་སྟེ། དེ་ནི་ཆོས་ལ་སོགས་པའི་སྒོ་ནས་འཇུག་པ་ཉིད་ཀྱི་ཕྱིར་རབ་ཏུ་དབྱེ་བས་རྣམ་པར་གཞག་པར་བྱའོ་ཞེས་པའོ། །གང་འགལ་བའི་ཁྱད་པར་མཚན་ཉིད་ཀྱིས་མ་བསྡུས་པ་
དེ་བསྟན་པའི་ཆེད་དུ་གསུངས་པ། བརྗོད་པ་ཐམས་ཅད་ཅེས་པ་ལ་སོགས་པའོ། །འདིར་དམ་བཅའི་ངག་ལས་གཞན་པ་བྷཱ་ར་ཏ་ལ་སོགས་པའི་ངག་ནི་ཆོས་ཅན་ཡིན་ཞིང་། དེ་ནི་མི་བདེན་པའི་དོན་ཅན་ཉིད་ནི་ཆོས་ཏེ་བསྒྲུབ་པར་བྱ་བའོ། །རྨི་ལམ་གྱི་ལུས་ཀྱི་རྣམ་པར་རིག་བྱེད་ལ་ཅི་ལྟར་དོན་རྟོགས་
པར་བྱེད་པ་དང་། བདེན་པའི་དོན་ཅན་ཡིན་ཞེ་ན། གང་གི་ཕྱིར་རྨི་ལམ་ན་ཡང་མགོ་སྒྲིལ་བ་ལ་སོགས་པ་ཉེ་བར་དམིགས་པས་ནི། མེད་པ་ཉིད་ལ་སོགས་པའི་དོན་གྱི་ཡུལ་ཅན་གྱི་རྟོགས་པ་སྐྱེད་པར་བྱེད་ཅིང་། རྟོགས་པར་བྱ་བའི་དོན་དེ་རྨི་ལམ་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་པས་མི་བདེན་པའི་དོན་
เล่ม ๑๙๓ · หน้า 174b
ཅན་ཉིད་དོ། །དེ་ལྟར་སྒྲུབ་པར་བྱེད་པས་བྱས་པ་ན། གང་གི་རྗེས་སུ་རྗོད་པར་བྱེད་པའི་ངག་གི་དབང་གིས་གཏན་ཚིགས་འགལ་བ་ཉིད་དུ་འགྱུར་ཏེ། དེ་སྟོན་པ་གསུངས་པ་གང་འདི་ཞེས་པ་ལ་སོགས་པའོ། །ཡང་གི་སྒྲ་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་རྗེས་སུ་བརྗོད་པའི་ངག་བསྡུ་བའི་དོན་
ཏོ། །གལ་ཏེ་རྣམ་པ་ཐམས་ཅད་ལ་སྐུར་པ་འདེབས་ན་ཞེས་ཆོས་ཀྱི་རང་གི་ངོ་བོའི་སྒོ་ནས་སམ། ཆོས་ཅན་གྱི་རང་གི་ངོ་བོའི་སྒོ་ནས་གལ་ཏེ་སྐུར་པ་འདེབས་ནའོ་ཞེས་པའི་དོན་ཏོ། །འོ་ན་རྣམ་པ་ཐམས་ཅད་དུ་ཞེས་པའི་ཚིག་ལས། དེའི་ཁྱད་པར་གྱི་སྒོ་ནས་ཀྱང་ཞེས་པའི་དོན་རིགས་པ་མ་ཡིན་ནམ།
དེའི་སྒོ་ནས་འཇུག་པ་ནི་ཁྱད་པར་དང་འགལ་བ་ཉིད་ཀྱིས་ཚིག་ལས་མ་ཡིན་ནོ། །དེས་ན་རང་གི་ངོ་བོ་དང་འགལ་བ་ཞེས་པ་སྟེ། དེའི་སྒོ་ནས་ཞུགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རེ་ཞིག་དངོས་སུ་ཉེ་བར་བླངས་པ་དང་། རྗེས་སུ་བརྗོད་པའི་ངག་གི་སྟོབས་ཀྱིས་གཉིས་ཀའི་རང་གི་ངོ་བོ་དང་འགལ་བ་
བཤད་དོ། །ཅི་སྟེ་ཞེས་པ་ལ་སོགས་པ་ཡང་གི་སྒྲས་གང་བསྡུས་པ་རྗེས་སུ་ཡི་རང་བའི་ངག་སྟེ། དེའི་སྟོབས་ཀྱིས་གཉིས་ཀའི་ཁྱད་པར་དང་འགལ་བ་སྟོན་ཏེ། རྗོད་པར་བྱེད་པ་ཉིད་ཀྱིས་དང་ཞེས་པ། སྨྲ་བར་བྱེད་པ་ཉིད་ཀྱིས་དང་ཞེས་པའི་དོན་ཏོ། །བརྗོད་པའི་སྒྲ་སྔ་མ་ནི་དངོས་པོ་སྒྲུབ་པ་སྟེ།
འདི་ནི་བྱེད་པ་པོ་གྲུབ་པའོ། །མི་བདེན་པའི་དོན་ཉིད་ཀྱིས་ཞེས་པ་མི་བདེན་པའི་དོན་ནི་མི་བདེན་དོན་ཏེ། དེའི་དངོས་པོ་ནི་མི་བདེན་དོན་ཉིད་དོ། །སྔ་མ་ནི་མི་བདེན་པའི་དོན་འདིའི་ཡིན་པ་ཞེས་འབྲུ་མང་པོ་པ་ལ་བརྟེན་པ་སྟེ། གཉིས་ཀ་ལ་གསུམ་པ་འདི་ནི་རྒྱུ་ལའོ། །ཚོགས་པ་ལ་སྐུར་པ་
འདེབས་པ་ཞེས་པ་འདིར་ཡང་འཇུག་གོ། །དེས་ན་དོན་འདིར་འགྱུར་ཏེ། ཅི་སྟེ་རྗོད་པར་བྱེད་པ་ཉིད་དང་། མི་བདེན་པའི་དོན་ཉིད་ཀྱི་གཏན་ཚིགས་ཀྱིས་ཚོགས་པའི་དོན་ལ་སྐུར་པ་འདེབས་པར་འགྱུར་ན། དེའི་སྒོ་ནས་དེ་གཉིས་ཀ་ལ་གནོད་པ་ན། ཚོགས་པའི་དོན་ལ་སྐུར་པ་འདེབས་ཏེ།
དེའི་ཕྱིར་ཁྱད་པར་དང་འགལ་བར་འགྱུར་རོ་ཞེས་པའོ། །ཡང་འདི་ཅི་ལྟར་འགལ་བ་ཡིན་ཏེ། འདི་ལ་འགལ་བའི་མཚན་ཉིད་སྲིད་པ་མ་ཡིན་པས་སོ་ཞེ་ན། ཇི་ལྟར་འགལ་བ་ཡིན་པ་དེ་ལྟར་བརྗོད་པར་བྱ་སྟེ། མངོན་པར་བསྒོ་བའི་ངག་ཀྱང་བརྫུན་པའི་དོན་ཅན་ཉིད་ཡིན་ན། བྷཱ་ར་ཏ་
เล่ม ๑๙๓ · หน้า 175a
ལ་སོགས་པའི་ངག་ཐམས་ཅད་བརྗོད་པའི་རང་བཞིན་མ་ཡིན་པ་དང་། ཇི་ལྟ་བའི་དོན་ཅན་དུ་འབྱུང་སྟེ། གང་ཡང་དེའི་ཁྱད་པར་རྗོད་པར་བྱེད་པ་ཉིད་ལ་སོགས་པ་དང་དེའི་ཆོས་ཀྱི་མི་བདེན་པའི་དོན་ཅན་ཉིད་ལ་སོགས་པ་དེ་ཡང་རྣམ་པ་གཞན་དུ་འབྱུང་ངོ་ཞེས་པས་
འདི་ལྟར་འགལ་བར་འགྱུར་རོ། །འོ་ན་བྷཱ་ར་ཏ་ལ་སོགས་པའི་ངག་རྣམས་ནི་མཉན་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་མངོན་སུམ་ཁོ་ན་རྣམས་ཏེ། དེ་རྣམས་བརྗོད་པ་མ་ཡིན་པ་ཉིད་དུ་ཅི་ལྟར་འགྱུར། མི་བདེན་པའི་དོན་ཅན་གྱི་ངག་འགའ་ཞིག་རྣམས་ཀྱང་དམིགས་ཏེ། དེས་ན་ངག་ཐམས་ཅད་ཇི་
ལྟ་བ་བཞིན་གྱི་དོན་ཅན་དུ་འབྱུང་ངོ་ཞེས་བཤད་པ་འདི་མི་རིགས་སོ་ཞེ་ན། འདི་འདི་ལྟར་མ་ཡིན་ཏེ། ངག་འདིའི་དོན་འདི་ལྟ་བུ་འདི་ལྟར་དུ་བརྗོད་པར་བྱ་བ་ན། ཐལ་བར་འགྱུར་རོ་ཞེས་སྒྲའི་དོན་གྱི་དབང་ལས་འདི་འདི་ལྟ་བུར་འབྱུང་གི་དངོས་པོའི་དབང་ལས་ནི་མ་ཡིན་ནོ། །བརྗོད་པའི་སྐྱོན་ནི་
གཞན་དོན་རྗེས་སུ་དཔག་པར་དབང་དུ་བྱ་བའོ་ཞེས་བཤད་ལ་དེའི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བ་ཡོད་ན་ཡང་། དེ་ལ་མ་ལྟོས་པར་འགལ་བ་ཉིད་བརྗོད་པར་བྱའོ། །གལ་ཏེ་རྗེས་སུ་བསྒོ་བའི་ངག་མི་བདེན་པའི་དོན་ཅན་ཉིད་དུ་གྲུབ་ན། འགལ་བ་ཉིད་དུ་འགྱུར་མོད། དེ་ཉིད་
ནི་འགྲུབ་པ་མ་ཡིན་ཏེ། དོན་རྟོགས་པར་བྱེད་པ་ཐམས་ཅད་ནི་མི་བདེན་པའི་དོན་ཅན་ཉིད་དུ་འབྱུང་བར་བྱའོ་ཞེས་པའི་ངེས་པ་འདི་མེད་དེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། འདི་བདེན་མོད། འོན་ཀྱང་སྐྱོན་གཞན་འདིར་ལྟོས་པར་བྱ་བ་མ་ཡིན་ཏེ། དཔེར་ན་གྲངས་ཅན་ལ་བརྟག་པ་ན་གཞི་མ་གྲུབ་པ་
ཉིད་ལ་སོགས་པ་བཞིན་ནོ། །དོན་རྟོགས་པར་བྱེད་པའི་སྒྲུབ་པར་བྱེད་པའི་དངོས་པོ་ཁས་བླངས་ནས་ནི། དེས་རྟོགས་པར་བྱས་པའི་མི་བདེན་པའི་དོན་ཅན་གྱི་ངག་གི་སྟོབས་ཀྱིས་རང་གི་ངོ་བོ་དང་ཁྱད་པར་བསལ་བའི་ཕྱིར་གཏན་ཚིགས་འགལ་བ་ཉིད་དུ་འགྱུར་རོ། །དེས་ན་འདི་ནི་འགལ་བ་གཞན་ཁོ་ནའོ། །
དེའི་ཕྱིར་འདི་ལ་ཇི་སྐད་བཤད་པའི་འགལ་བའི་མཚན་ཉིད་བཙལ་བར་བྱ་བ་མ་ཡིན་ནོ། །ཡང་ཅིའི་ཕྱིར་འདིའི་མཚན་ཉིད་ཀྱི་མདོ་ལོག་པར་མ་མཛད་ཅེ་ན། གཙོ་བོ་མ་ཡིན་པར་ཤེས་པའི་དོན་དུ་སྟེ། ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་བཞིན་ནོ། །གཙོ་བོ་མ་ཡིན་པ་ཉིད་ནི་དངོས་པོ་ལས་མི་འགལ་བ་ཉིད་
เล่ม ๑๙๓ · หน้า 175b
ཀྱི་ཕྱིར་རོ། །སྨྲས་པ་ཡང་ཞེས་པ་སྟེ། ཆོས་དང་ཆོས་ཅན་དང་། ཆོས་ཆོས་ཅན་དག་སྟེ། དེ་རྣམས་ནི་ཆོས་དང་ཆོས་ཅན་རྣམས་སོ། །དེ་རྣམས་ཀྱི་རང་གི་ངོ་བོ་འམ། དེའི་ཁྱད་པར་གྱི་ཞེས་པ། ཆོས་དང་ཆོས་ཅན་དག་གི་ཁྱད་པར་གྱི། ཕྱིན་ཅི་ལོག་ཏུ་ཉེར་བྱེད་ཕྱིར། །ཞེས་པ་འགལ་བ་
སྒྲུབ་པར་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་ལྟ་ན་འོ་ན་སྒྲ་མཉན་པར་བྱ་བ་མ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་པ་འང་འགལ་བར་འགྱུར་རོ་ཞེ་ན་གསུངས་པ། གནོད་པ་ཡོད་ན་ཞེས་པའོ། །འདུས་པ་ཉིད་འབའ་ཞིག་པ་ནི་འགལ་བ་ཉིད་དུ་འགྱུར་མོད། གང་གི་ཚེ་གང་དོགས་
པ་བསུ་ནས་སློབ་དཔོན་དབྱིག་གཉེན་གྱིས། ད་ལྟར་འདུས་རྣམས་ནང་མ་ཡིན། །དེ་བཞིན་གཞན་དོན་ཅན་མི་འགྱུར། །ཞེས་བཤད་པ་ནང་ཉིད་དང་། ལྷན་ཅིག་པ་རབ་ཏུ་སྦྱོར་བ་དེའི་ཚེ་དེ་ཅི་ལྟར་འགལ་བ་ཉིད་ཡིན་ཞེ་ན་གསུངས་པ། གང་སློབ་དཔོན་གྱིས་གསུངས་པ་ཞེས་པ་ལ་སོགས་པ་སྟེ།
གྲངས་ཅན་པས་བརྗོད་པ། མིག་ལ་སོགས་པ་རྣམས་ནི་གཞན་གྱི་དོན་ཡིན་ཏེ་འདུས་པ་ཉིད་ཀྱི་ཕྱིར། འདིར་མལ་ཆ་དང་སྟན་དང་ཤིང་རྟ་ལ་སོགས་པའི་འདུས་པ་རྣམས་གཞན་གྱི་དོན་དུ་མཐོང་ཞིང་། ནག་པ་ལ་སོགས་པའི་རྣམ་འགྱུར་སྐྱེས་བུའི་དོན་རྣམས་ནི་བདག་ཉིད་ཀྱི་དོན་མ་ཡིན་ལ།
ཕན་ཚུན་གྱི་དོན་མ་ཡིན་ཞིང་། དོན་མེད་ཅན་མ་ཡིན་པ་དེ་བཞིན་དུ། མིག་ལ་སོགས་པའི་འདུས་པ་རྣམས་ཀྱང་ངོ་། །དེའི་ཕྱིར་གཞན་གྱི་དོན་འདི་རྣམས་ཀྱིས་འབྱུང་བར་བྱ་བ། གང་གི་དོན་དུ་འདི་རྣམས་ཡིན་པ་དེ་ནི་བདག་སྟེ། དེའི་ཕྱིར་བདག་ཡོད་དོ་ཞེས་པའོ། །འདི་ལ་སློབ་དཔོན་གྱིས་
གསུངས་པ། བདག་གཞན་ཡིན་ན་དེ་མ་གྲུབ་བོ། །གལ་ཏེ་གཞན་གྱི་སྒྲས་བདག་བསྟན་པར་བྱ་བ་ཡིན་ན་མལ་ཆ་དང་སྟན་ལ་སོགས་པའི་འདུས་པ་རྣམས་གཞན་གྱི་དོན་དུ་མཐོང་ངོ་ཞེས་པས། འདིར་བདག་མ་གྲུབ་བོ། །དཔེ་བསྒྲུབ་པར་བྱ་བ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འདིས་ནི་
འགལ་བ་ཉིད་དུ་བཤད་དེ། འདུས་པ་རྣམས་ནི་གལ་ཏེ་དེའི་དོན་ཡིན་ནའོ། །ཅི་སྟེ་མིག་ལ་སོགས་པ་འདུས་པ་ཡིན་ཞིང་། ནག་པ་ལ་སོགས་པ་གཞན་གྱི་སྒྲས་མཚོན་པ་ཡིན་ན། གང་གི་དོན་དུ་མལ་ཆ་དང་སྟན་ལ་སོགས་པ་རྣམས་ཡིན་ཞིང་། མིག་ལ་སོགས་པ་རྣམས་ཀྱང་ཡིན་པ་དེའི་
เล่ม ๑๙๓ · หน้า 176a
དོན་ཅན་རྣམས་སུ་འགྲུབ་སྟེ། འདུས་པའི་དོན་རྣམས་སུ་ཞེས་པའི་དོན་ཏོ། །འདིས་ནི་འདུས་པ་རྣམས་དེའི་དོན་ཉིད་དུ་གྲུབ་ཅིང་། ཕ་རོལ་པོས་ཀྱང་མིག་ལ་སོགས་པ་རྣམས་སེམས་དང་སེམས་ལས་བྱུང་བའི་ཚོགས་ཀྱི་དོན་ཉིད་དུ་ཁས་བླངས་པའི་ཕྱིར་གྲུབ་པ་བསྒྲུབ་
པའོ། །འདིར་གྲངས་ཅན་པ་གཞན་གྱི་སྒྲ་བདག་གི་རྗོད་བྱེད་དོ་ཞེས་པའི་ཕྱོགས་འདི་ལ་གང་སྐྱོན་བརྗོད་པ་དེ་སྤོང་བར་འདོད་པས་ནང་ཉིད་དུ་ཡོད་པ་ན་ཞེས་རྟགས་ཀྱི་ཁྱད་པར་འགའ་ཞིག་གི་ཚེ་ཉེ་བར་ལེན་པར་བྱེད་ཅེས་དོགས་པར་བྱས་ཏེ། དེ་ལྟར་འདུས་པ་ནང་རྣམས་ཡིན། །ཞེས་པ་ལ་
སོགས་པ་གསུངས་སོ། །འདིས་ཇི་ལྟར་འགལ་བ་ཉིད་དུ་བརྗོད་པ་དེ་ལྟར་བསྟན་པའི་ཆེད་དུ་གསུངས་པ་དེ་ལ་ཞེས་པ་ལ་སོགས་པའོ། །ཅི་ལྟར་ན་གཏན་ཚིགས་ཀྱི་མཚན་ཉིད་དང་མི་ལྡན་པ་ཡིན་ཞེ་ན། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །འདིས་ནི་འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད་
དང་ལྡན་པར་སྟོན་པ་ཉིད་ཀྱི་ཕྱིར་ན་གཏན་ཚིགས་ཀྱི་མཚན་ཉིད་དང་མི་ལྡན་པར་སྟོན་ཏོ། །གཉིས་ཀ་ཞེས་པ་ནང་གི་ཉིད་དང་འདུས་པ་ཉིད་ཀྱང་། མཐུན་ཕྱོགས་ལ་སྟེ་བདག་གི་དོན་འགའ་ཞིག་ལ་རིགས་པས་གྲུབ་པ་མ་ཡིན་ཏེ། བདག་ཕུལ་དུ་བྱུང་བ་བྱར་མེད་པ་ལ་ཕན་གདགས་པར་མི་ནུས་
པ་ཉིད་ཀྱི་ཕྱིར་རོ། །ཕན་ཚུན་གྱི་དོན་ཅན་དང་། དོན་མ་ཡིན་པ་རྣམས་ལ་གྲུབ་སྟེ། དེ་ལྟར་ནི་བསྟན་བཅོས་སུ་ཕན་ཚུན་གྱི་དོན་ཉིད་བཤད་དེ། དབང་པོ་གང་ཞིག་དབང་པོ་གང་ཞིག་ལ་ཡུལ་སྟོན་པ་བྱེད། དག་པར་བྱེད། སོ་སླར་འདུ་བྱེད། ཉེ་བར་འཛིན་པར་བྱེད་པ་དེ་ནི་རྒྱུ་ཡིན་ཞིང་ཅིག་ཤོས་
ནི་འབྲས་བུའོ་ཞེས་སོ། །ཕན་ཚུན་དུ་གདགས་པར་བྱ་བ་ཉིད་ཀྱིས་ན་འབྲས་བུ་དང་དངོས་པོ་བཤད་དོ། །དོན་མེད་པ་ཉིད་ནི་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་སྒྲ་སྟེ། སྒྲ་ལ་སོགས་པ་ལོངས་སྤྱད་པ་མ་བྱས་པ་ཁོ་ནར་འགག་པ་ཉིད་ཀྱི་ཕྱིར་རོ། །སྔ་མ་ཉིད་དུ་ཞེས་པ་རང་གི་ངོ་བོ་སེལ་བར་བྱེད་
པར་རོ། །འདི་ལ་ཁྱབ་པ་མེད་པ་འམ་འགལ་བར་གྲུབ་པར་དོགས་པར་བྱ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་མིག་ལ་སོགས་པ་རྣམས་གལ་ཏེ་དོན་བྱེད་ན་བདག་མེད་པ་མི་རྟག་པ་ཁོ་ནའི་སྟེ། ཡང་ན་ནི་བྱེད་པ་མ་ཡིན་པ་ཁོ་ནའོ། །བདག་ནི་རྣམ་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་འདི་རྣམས་ལ་དེའི་
เล่ม ๑๙๓ · หน้า 176b
དོན་ཉིད་སྲིད་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་ནང་གི་འདུས་པ་རྣམས་ནི་བདག་མེད་པའི་དོན་ཅན་ཉིད་ཀྱིས་ཁྱབ་བོ་ཞེས་པས་འགལ་བར་འགྱུར་རོ། །སླར་ཡང་དོན་འདི་ཉིད་ཅེས་པ། གང་འདི་མཐུན་ཕྱོགས་ཡོད་མེད་དང་། །ཞེས་པ་ལ་སོགས་པས་རྒྱ་ཆེར་བཤད་པའོ། །ཅིའི་
དོན་དུ་ཞེ་ན། གཏན་ཚིགས་དང་འགལ་བ་དང་མ་ངེས་པ་ཉིད་འདི་ཁོ་ན་གསལ་བར་བྱེད་པའི་ཆེད་དུའོ། །གང་གི་ཕྱིར་རྣམ་པ་གཞན་གྱིས་བརྗོད་པར་བྱས་པས་དོན་དེ་ཁོ་ན་དྲི་མ་མེད་པར་འགྱུར་ཏེ། ཀུན་དུ་རྨོངས་པའི་ལྷག་མ་དང་བྲལ་བའི་ཕྱིར་རོ། །གསུམ་པོ་ཁོ་ན་སྟེ་ཞེས་པ། ཆ་
ཤས་གསུམ་རྟོགས་པ་སྟེ། རབ་ཏུ་དབྱེ་བ་ཞེས་པའི་དོན་ཏོ། །སྤྱི་ཡང་གཞལ་བྱ་ཉིད་དེ་རྗེས་སུ་འགྲོ་བ་ཅན་གྱི་གཏན་ཚིགས་སོ། །ཁྱད་པར་ཡང་སྲོག་ལ་སོགས་པ་དང་ལྡན་པ་ཉིད་དོ། །ལྡོག་པ་ཅན་ཞེས་ཁ་ཅིག་འདོད་དེ། དེའི་ཕྱིར་དེ་སེལ་བའི་ཆེད་དུ་ངེས་པར་འཛིན་པར་བྱེད་པ། དེར་དང་
པོ་གཉིས་ཐེ་ཚོམ་ཆེད་ཅེས་པའོ། །འོ་ན་མཉན་པར་བྱ་བ་ཉིད་ཐེ་ཚོམ་གྱི་རྒྱུ་ཁོ་ན་ཞེས་པ་འདི་མི་རིགས་ཏེ། དེ་ལྟར་ནི་དེ་བསྒྲུབ་པར་བྱ་བ་གཞན་འགའ་ཞིག་ལ་ངེས་པར་བྱེད་པའི་གཏན་ཚིགས་ཀྱང་ཡིན་པས་སོ། །དཔེར་ན་ཡི་གེའི་བདག་ཉིད་ཀྱི་སྒྲ་ནི་མི་རྟག་པ་སྟེ། མཉན་པར་བྱ་བ་ཉིད་ཀྱི་
ཕྱིར་གླིང་བུ་ལ་སོགས་པའི་སྒྲ་བཞིན་ཞེས་པ་ལྟ་བུའོ་ཞེ་ན། འདིར་འདིའི་ཐུན་མོང་མ་ཡིན་པ་ཉིད་མེད་དོ་ཞེས་པས་སྐྱོན་མིན་ནོ། །རང་གི་བྱེ་བྲག་ཐ་དད་པ་རྣམས་ལ་ཞེས་པ། གང་ཞིག་ཁྱད་པར་ཇི་སྙེད་ཀྱིས་དངོས་པོ་ཐམས་ཅད་བསྡུས་པ་དེ་ནི་དེ་རྣམས་ལ་མཐའ་གཅིག་ཏུ་འདི་དག་ཐེ་ཚོམ་གྱི་རྒྱུ་དག་
གོ། །རྟག་པ་དང་མི་རྟག་པའི་ཡུལ་བསྟན་པ་ནི་དཔེར་བརྗོད་ཙམ་མོ། །སྒྲ་ཐམས་ཅད་ཀྱང་འདིར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ན་འཇུག་གོ་ཞེས་རིག་པར་བྱའོ། །བསྒྲུབ་པར་བྱ་བ་ཉིད་ལ་ལྟོས་པ་ཞེས་པ། དཔེར་ན་བྱས་པ་ཉིད་རྟག་པ་དང་མི་རྟག་པ་དག་ལ་ཡང་དག་པ་དང་ལོག་པ་སྒྲུབ་
པའི་གཏན་ཚིགས་ཇི་ལྟར་རིགས་པར་ཡིན་པ་དང་། བརྩལ་བ་དང་མ་བརྩལ་བའི་དེ་མ་ཐག་ཏུ་བྱུང་བ་ཉིད་དག་ལ་གང་ཐེ་ཚོམ་གྱི་རྒྱུ་ཁོ་ན་སྟེ། དེ་བཞིན་དུ་གཞན་ལ་ཡང་སྔ་མའི་རྗེས་སུ་འབྲང་བས་བརྟག་པར་བྱའོ། །ཅིའི་ཕྱིར་ཞེ་ན་ཞེས་པ། རྟག་པ་ཉིད་ལ་སྐུར་པ་འདེབས་པ་པོའི་སྤྱི་གཞལ་
เล่ม ๑๙๓ · หน้า 177a
བྱ་ཉིད་དང་ལུས་བདག་དང་བཅས་པར་བསྒྲུབ་པར་བྱ་ལ། སྲོག་ལ་སོགས་པ་དང་ལྡན་པ་ཉིད་ཀྱི། ཁྱད་པར་ཡང་ཡང་དག་པའི་གཏན་ཚིགས་སུ་རིགས་སོ་ཞེས་ལོག་པར་རྟོགས་པའི་དྲི་བའོ། །རྗེས་འཇུག་ཕྱིར་ཞེས་པ་ལ་སོགས་པ་སྟེ། གཞལ་བྱ་ཉིད་ནི་ཐམས་ཅད་ལ་རྗེས་
སུ་འཇུག་པའི་ཕྱིར། ལྡོག་པ་བཟོད་མ་ཡིན། ལྡོག་པ་མི་རུང་ཞེས་པའི་དོན་ཏོ། །དངོས་པོ་མེད་པ་ཡང་གཞལ་བྱ་ཡིན་པས་ཏེ། གཞན་དུ་ན་མུ་སྟེགས་བྱེད་གཞན་གྱིས་ཡོངས་སུ་བརྟགས་པའི་ཚིག་གི་དོན་མེད་པ་ཚད་མའི་ཡུལ་དུ་མི་འགྱུར་རོ། །དེ་ལས་ཀྱང་དེ་གྱུར་པའི་ཐ་སྙད་ཆད་པ་ཁོ་
ནར་འགྱུར་རོ། །དེའི་ཕྱིར་དེ་མེད་པ་ལ་ཡང་གཞལ་བྱ་ཉིད་འཇུག་གོ། །ཁྱད་པར་མཉན་བྱ་ཉིད་ལ་སོགས་པ་ནི། ཐམས་ཅད་ལ་མི་འཇུག་པའི་ཕྱིར་རྗེས་སུ་འགྲོ་བ་བཟོད་མ་ཡིན། ཡང་ཅི་ལྟར་དངོས་པོའི་ཆོས་སུ་གྱུར་པ་ནི་ཐམས་ཅད་ལ་མི་འཇུག་པར་རིགས། དངོས་པོའི་ཆོས་ཡིན་པ་ཉིད་
ཁོ་ན་ནི་ཐམས་ཅད་ལས་ལྡོག་པ་ལས་འགྱུར་བ་མ་ཡིན་ནོ་ཞེ་ན། འདི་བདེན་མོད་ཀྱི་གཞན་གྱི་འདོད་པའི་ངོར་དེ་སྐད་བཤད་པ་སྟེ། ཕ་རོལ་པོ་ནི་མ་མཐོང་བ་ཙམ་ཁོ་ནས་ལྡོག་པར་འདོད་དེ། དཔེར་ན་བདག་མེད་པ་བུམ་པ་ལ་སོགས་པ་རྣམས་ལས་སྲོག་ལ་སོགས་པ་ལྟ་བུའོ། །དེའི་ཕྱིར་དེའི་
རྨོངས་པ་བསལ་བའི་དོན་དུ་འདི་སྐད་བཤད་དོ། །གལ་ཏེ་མ་མཐོང་བ་ཙམ་ལས་ལྡོག་པ་འགྲུབ་ན། མཉན་པར་བྱ་བ་ཉིད་ནི་རྟག་པ་དང་མི་རྟག་པ་ཐམས་ཅད་ལས་ལྡོག་པར་འགྱུར་ཞིང་། དེ་ལས་ཀྱང་དངོས་པོའི་ཆོས་མ་ཡིན་པ་ཉིད་ཁོ་ནར་འགྱུར་རོ། །འདི་རིགས་པའང་མ་ཡིན་ནོ། །
དེའི་ཕྱིར་སྲོག་ལ་སོགས་པ་ཡང་མ་མཐོང་བ་ཙམ་གྱིས་ལྡོག་པ་འགྲུབ་པ་མ་ཡིན་ནོ་ཞེས་པས་ལྡོག་པ་ཅན་གོ་བར་བྱེད་པ་ཉིད་དུ་འདོད་པར་བྱ་བ་མ་ཡིན་ན། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཞེས་པ། གང་གི་ཕྱིར་ལྡོག་པས་རྟག་པ་ལས་རྣམ་པར་གཅད་པར་བྱ་ཞིང་། རྗེས་འགྲོས་
ནི་མི་རྟག་པ་ལ་བསྒྲུབ་པར་བྱ་བ་སྟེ། འདི་དག་ཀྱང་ཡན་ལག་གཅིག་མ་ཚང་བའོ་ཞེས་པའོ། །ཡང་ཅི་ལྟར་ཡན་ལག་གཅིག་མ་ཚང་བ་ཉིད་དུ་བརྗོད་ཅེ་ན། ཇི་ཙམ་གྱིས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་རྗེས་སུ་འགྲོ་སྟེ། དེ་ཡང་ལྡོག་པ་མེད་པར་མ་ཡིན་ནོ། །མི་མཐུན་ཕྱོགས་ལ་མེད་
เล่ม ๑๙๓ · หน้า 177b
པ་ཁོ་ན་ནི་ལྡོག་པ་སྟེ། དེ་ཡང་རྗེས་འགྲོ་མེད་པར་མ་ཡིན་ནོ། །རང་གི་ལུགས་སོ། །ཕ་རོལ་པོ་ནི་ཡོད་པར་གྱུར་པ་ཙམ་ནི་རྗེས་སུ་འགྲོ་བར་སེམས་ཤིང་། མ་མཐོང་བ་ཙམ་གྱིས་ཀྱང་ལྡོག་པར་རོ། །འདི་གཉིས་ཀྱང་གཞལ་བྱ་ཉིད་དང་མཉན་བྱ་ཉིད་དག་ལ་ཡོད་དོ་ཞེས་པས་ཡན་ལག་གཅིག་མ་
ཚང་བ་ཉིད་དུ་ཕ་རོལ་པོའི་འདོད་པས་བརྗོད་དོ། །དེ་ལྟར་ན་འོ་ན་ཞེས་པ་སྟེ། གལ་ཏེ་གང་གི་གཏན་ཚིགས་ལྡོག་པས་གཅིག་ལས་གཅོད་ཅིང་། རྗེས་འགྲོ་ཅིག་ཤོས་ལ་སྒྲུབ་པར་བྱེད་པ་ཡིན་ན། འོ་ན་རྗེས་སུ་འགྲོ་བ་ཁོ་ན་འབའ་ཞིག་པ་སྟེ། ཐམས་ཅད་ལ་སྒྲུབ་པར་བྱེད་ཅིང་རྗེས་སུ་འཇུག་
པའི་ཤེས་པའི་རྒྱུ་ཁོ་ནར་འགྱུར་ཏེ། རང་གི་རྟེན་ལ་རྟག་པ་ཡིན་ཞིང་འདི་མི་རྟག་པ་ཡང་ངོ་ཞེས་པར་རོ། །གང་གི་ཡང་ལྡོག་པ་ཁོ་ན་རྗེས་འགྲོ་མེད་པ་དེས་ཐམས་ཅད་ལས་གཅོད་པར་བྱེད་ཅིང་། ལྡོག་པའི་ཤེས་པའི་གཏན་ཚིགས་ཁོ་ནར་འགྱུར་ཏེ། རྟག་པ་མ་ཡིན་ཞིང་མི་རྟག་པ་མ་ཡིན་ཞེས་
པར་རོ། །དཔེར་ན་གཉིས་ཀ་ལ་བརྟེན་པ་ཞེས་པ། རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་བྱས་པ་ཉིད་ལ་སོགས་པ་སྟེ། བྱས་པ་ཉིད་ནི་རྟག་པ་ལས་ལྡོག་གོ་ཞེས་པས་རང་གི་རྟེན་ལ་རྟག་པ་རྣམ་པར་གཅོད་པའི་ཤེས་པའི་གཏན་ཚིགས་ཡིན་ཞིང་། མི་རྟག་པ་བུམ་པ་ལ་སོགས་པ་ལ་
ཡང་འཇུག་གོ་ཞེས་པས་མི་རྟག་པ་ཉིད་ཀྱི་ཤེས་པའི་རྒྱུ་ཡང་ངོ་། །ཀུན་ལ་ཡོད་པ་ཡང་མ་ཡིན། །ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་ངེས་པར་གཟུང་བ་ལའོ། །རྟག་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་ཕྱིར། དངོས་པོ་གཅིག་གཉིས་ཀའི་ངོ་བོ་མ་ཡིན་
ལ། དེ་གཉིས་ཀ་རྣམ་པར་གཅོད་པའི་ངོ་བོ་ཡང་མི་སྲིད་དོ་ཞེས་པའི་དོན་ཏོ། །གཞན་ཡང་གཅིག་ཐམས་ཅད་ཀྱི་རང་བཞིན་ཉིད་ན། དངོས་པོ་གཅིག་གི་འགལ་བ་དུ་མའི་རང་བཞིན་དུ་འགྱུར་ཞིང་། ཐམས་ཅད་མ་ཡིན་པ་ཉིད་ན་ཡང་། ཐམས་ཅད་ཀྱི་རང་བཞིན་དང་བྲལ་བའི་ཕྱིར་དེ་དངོས་པོ་ཉིད་
དུ་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། འགལ་བའི་དོན་ལ་འཇུག་པ་ཉིད་ནི་བྱས་པ་ཉིད་དང་གཞལ་བྱ་ཉིད་ལ་མཚུངས་ཏེ། དེ་གལ་ཏེ་གཞལ་བྱ་ཉིད་སྒྲ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ན། ཅི་ལྟར་གཉིས་ཀ་ལ་བརྟེན་པ་བྱས་པ་ཉིད་ལ་སོགས་པ་ཕན་ཚུན་དུ་འགལ་བ་རྩོལ་མ་ཐག་ཏུ་
เล่ม ๑๙๓ · หน้า 178a
བྱུང་བ་དང་། རྩོལ་མ་ཐག་ཏུ་མ་བྱུང་བ་ལ་འཇུག་བཞིན་པ་ནི་རྗེས་སུ་འཇུག་པའི་ཤེས་པའི་གཏན་ཚིགས་ཅི་ལྟར་ཡིན། དེ་ལས་ནི་གློག་དང་བུམ་པ་ལ་སོགས་པ་ལ་མི་རྟག་ཅེས་ངེས་པ་རྗེས་སུ་འཇུག་པའི་ཤེས་པ་སྐྱེའོ། །འདི་ཡང་ནི་ཡང་དག་པར་རྟོགས་པར་བྱེད་པའི་གཏན་
ཚིགས་གསལ་བར་བྱེད་པའི་ཆེད་དུ་ཉེ་བར་བཀོད་པའོ། །དོན་གཞན་རྣམ་པར་གཅོད་པའི་སྒོ་ནས་ཞེས་པ་སྟེ། འདིས་ལྡོག་པ་ཡོད་པར་གྱུར་པ་ནི་གཉིས་ཀ་བརྟེན་པའི་ཁྱད་པར་དུ་གསལ་བར་བྱེད་དོ། །དེ་ལྟར་ནི་ལྡོག་པ་གཙོ་བོ་ཉིད་ལས། དོན་གཞན་རྣམ་པར་གཅོད་པར་བྱེད་པའི་སྒོ་ནས་
གཏན་ཚིགས་གོ་བར་བྱེད་པའོ་ཞེས་བརྗོད་ཀྱི། དེའི་ཁྱད་པར་འཛིན་པས་ནི་མ་ཡིན་ནོ་ཞེས་པས་གློག་དང་བུམ་པ་ལ་སོགས་པ་ཁྱད་པར་གྱི་སྒོ་ནས་མ་ཡིན་ཏེ། མཐོང་བ་བཞིན་དུ་སྒྲུབ་པའི་སྒོ་ནས་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྗེས་སུ་འགྲོ་བ་གཙོ་བོ་ཉིད་མ་ཡིན་པའི་ཕྱིར་ཞེས་བཤད་དོ། །ཅིའི་
ཕྱིར་ལྡོག་པའི་སྒོ་ནས་གོ་བར་བྱེད་ཀྱི་རྗེས་འགྲོའི་སྒོ་ནས་ནི་མ་ཡིན་ཞེ་ན། གསུངས་པ། དེ་ལྟར་ནི་དེ་ཞེས་པ་ལ་སོགས་པ་སྟེ། གང་ལ་མེད་ལ་སྟེ། མི་མཐུན་ཕྱོགས་ལ། དེ་རྣམས་གཅོད་དེ། དེ་སེལ་བ། དེ་གྲུབ་དོན་དུ་ཇི་བཞིན་གྱི་དོན་ཤེས་པའི་རྒྱུ་ཞེས་པའི་དོན་ཏོ། །ཁྱད་པར་རྟོགས་
པའི་དོན་དུ་མ་ཡིན་ཏེ། དེ་ལ་འཁྲུལ་པའི་ཕྱིར་རོ། །རྫས་སུ་ཡོད་པའི་སྤྱི་རྟོགས་པའི་དོན་དུ་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ། །གང་ལ་མེད་པ་དེ་རྣམ་པར་གཅོད་པའི་སྒོ་ནས་དོན་ཇི་ལྟ་བ་བཞིན་ཤེས་པའི་གཏན་ཚིགས་སུ་བརྗོད་དོ་ཞེས་འབྲེལ་ལོ། །མཐའ་དག་ལ་ཞེས་པ་ལ་སོགས་པས།
རྣམ་གཉིས་འཇུག་ཅེས་པ་འདིའི་དོན་འཆད་དོ། །འདིས་ཀྱང་རྗེས་འགྲོ་གཙོ་བོ་ཉིད་མ་ཡིན་པར་གསུངས་སོ། །དཔེར་ན་ཞེས་པ་ལ་སོགས་པས་རྣམ་གཉིས་སུ་འཇུག་པ་དེ་སྟོན་ཏོ། །དེ་ལྟར་བྱས་ནས་ཞེས་པ། གང་གི་ཕྱིར་རྣམ་པར་གཅོད་པའི་སྒོ་ནས་གཏན་ཚིགས་གོ་བྱེད་ཡིན་པ་དེའི་
ཕྱིར་དྲི་ཞིམ་པའི་གཏན་ཚིགས་གཅིག་ལས་ཨུཏྤ་ལ་དྲི་ཉིད་ལ་སོགས་པ་རྣམས་འགྲུབ་སྟེ། དྲི་ཞིམ་པ་ཉིད་ནི། གང་ན་དྲི་ཉིད་ལ་སོགས་པ་ཅན་དེ་ན་ཡོད་པའི་ཕྱིར་དང་། དེ་མེད་པ་ན་མེད་པའི་ཕྱིར་རོ། །འོ་ན་དྲི་ཞིམ་པ་ནི་དྲི་ཉིད་ལ་སོགས་པ་རྣམས་ལ་མཐོང་བའི་ཕྱིར་མཐོང་བའི་སྒོ་
เล่ม ๑๙๓ · หน้า 178b
ཉིད་ནས་དྲི་ལ་སོགས་པ་རྣམས་འགྲུབ་བོ་ཞེ་ན། གསུངས་པ། གཞན་དུ་ན་ཞེས་པ་ལ་སོགས་པའོ། །གལ་ཏེ་ཇི་ལྟར་མཐོང་བ་དེ་ལྟར་རྟོགས་ཀྱི་རྣམ་པར་གཅོད་པའི་སྒོ་ནས་མ་ཡིན་ན། རིམ་པ་ཇི་ལྟ་བར་དཀར་པོ་ཉིད་ཀྱིས་གཟུགས་ཉིད་དང་ཡོན་ཏན་ཉིད་དང་བརྟེན་པ་ཉིད་གསུམ་རྣམས་
རྟོགས་པར་འགྱུར་ཞིང་། གཟུགས་ཉིད་ལས་ཡོན་ཏན་དང་བརྟེན་པ་ཉིད་གཉིས་དག་དང་། ཡོན་ཏན་ཉིད་ལ་བརྟེན་པ་ཉིད་གཅིག་པུ་ཡང་ངོ་། །དེ་བཞིན་དུ་ལུགས་ལས་བཟློག་པས་ཀྱང་སྟེ། བརྟེན་པ་ཉིད་ཀྱི་ཕྱིར་ཡོན་ཏན་ཉིད་དང་གཟུགས་ཉིད་དང་དཀར་པོ་ཉིད་དེ་གསུམ་པོ་རྣམས་
འགྱུར་ཞིང་། ཡོན་ཏན་ཉིད་ཀྱི་ཕྱིར་གཟུགས་ཉིད་དང་དཀར་པོ་ཉིད་དེ་གཉིས་པོ་དག་དང་། གཟུགས་ཉིད་ཀྱི་ཕྱིར་དཀར་པོ་གཅིག་པུ་ཁོ་ན་ཡང་ངོ་། །བརྟེན་པ་ཉིད་ལ་སོགས་པ་རྣམས་ཡོན་ཏན་ཉིད་ལ་སོགས་པ་རྣམས་ལ་མཐོང་བ་མེད་པ་ནི་མ་ཡིན་ནོ། །ཅི་སྟེ་ཇི་ལྟར་བརྟེན་པ་ཉིད་ཡོན་
ཏན་ཉིད་ལ་སོགས་པ་རྣམས་ལ་མཐོང་བ་དེ་ལྟར་ལས་ལ་སོགས་པ་རྣམས་ལ་ཡང་ངོ་ཞེས་པས་ཐེ་ཚོམ་དུ་འགྱུར་ན། དཀར་པོ་ཉིད་ཀྱང་གཟུགས་དང་ཡོན་ཏན་དང་བརྟེན་པ་རྣམས་ལ་མཐོང་ངོ་ཞེས་པས། དེའི་ཕྱིར་དེ་རྣམས་ལ་ཐུན་མོང་བའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ། །ལྡོག་པའི་སྒོ་ནས་རྟོགས་པ་
ལ་ནི་སྐྱོན་མེད་དོ། །དཔེར་ན་གཟུགས་ཉིད་མེད་པ་ལ་མེད་པའི་ཕྱིར་དཀར་པོ་ཉིད་ནི་གཟུགས་ཉིད་ལ་གཏན་ཚིགས་སོ། །དེ་ལྟར་ཡོན་ཏན་ཉིད་དང་བརྟེན་པ་ཉིད་དག་ལ་ཡང་། དེ་དག་མེད་ན་མེད་པའི་ཕྱིར་རོ་ཞེས་པའོ། །བརྟེན་པ་ཉིད་ནི་ཡོན་ཏན་ཉིད་ལ་སོགས་པ་མེད་པ་ལ་ཡང་མཐོང་ངོ་ཞེས་
པས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡོན་ཏན་ཉིད་ལ་སོགས་པའི་ངེས་པར་བྱེད་པའོ། །ཅི་སྟེ་གཅིག་སྨོས་པ་ཅིའི་དོན་དུ་ཡིན་གཅིག་ཉིད་ནི་གཟུགས་གཞན་མ་ཡིན་ནོ་ཞེ་ན། གསུངས་པ། གཅིག་སྨོས་པ་ནི་ཞེས་པ་ལ་སོགས་པའོ། །འོ་ན། གཅིག་གི་ཚིག་ཏུ་བསྟན་པའི་ཕྱིར། །ཞེས་པ་ལ་
སོགས་པ་སྟེ། གང་དུ་མེད་པ་རྣམ་གཉིས་འཇུག །ཅེས་པ་འདིར། གཅིག་གི་གྲངས་སུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་སྔར། གྲངས་གཅིག་བརྗོད་པར་འདོད་པ་ཉིད། །ཅེས་པ་ལ་སོགས་པ་བཤད་པ་བཞིན་ནོ་ཞེ་ནའོ། །མ་ཡིན་ཏེ་འགལ་བ་མེད་པ་རྣམས་ལ་ཞེས་པ་
เล่ม ๑๙๓ · หน้า 179a
ལ་སོགས་པ་སྟེ། འགལ་བ་སྟེ་མི་མཐུན་པའི་ཟླ་བོའི་གཏན་ཚིགས་འདི་རྣམས་ལ་མེད་དོ་ཞེས་པ་འགལ་བ་མེད་པ་རྣམས་ཏེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་གཏན་ཚིགས་རྣམས་སོ། །དེ་རྣམས་ལ་གྲངས་གཅིག་བརྗོད་པར་འདོད་པ་མ་ཡིན་ནོ། །དེ་འདིས་
ཡོངས་སུ་བའི་ལྷག་མ་ཡིན་པའི་ཕྱིར་དངོས་པོའི་སྟོབས་ཀྱིས་མ་ཞུགས་པའི་རྟགས་ཁོ་ན་གྲངས་གཅིག་པའི་ཡུལ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གལ་ཏེ་འོ་ན་འགལ་བ་མེད་པ་རྣམས་ལ་གཅིག་ཉིད་བརྗོད་པར་འདོད་པ་མ་ཡིན་ན། དེ་རྣམས་ཀྱི་དུ་མ་རྣམས་གཅིག་ལ་སྦྱོར་བ་རྗེས་སུ་སྣང་
བར་འགྱུར་ཞིང་། དེ་ལས་ཀྱང་དུ་མ་གཅིག་ལ་སྦྱོར་བ་ན་གཏན་ཚིགས་དང་དཔེ་ལྷག་ཅིང་ལྷག་པ་ཞེས་པས་ཚར་གཅད་པའི་གནས་སུ་ཐལ་བར་འགྱུར་རོ་ཞེ་ན་གསུངས་པ་ཡིན་ནོ་ཞེས་པ་ལ་སོགས་པའོ། །འདི་ལྟར་དགོངས་པ་སྟེ་ངེས་པ་ཁས་ལེན་པ་ན་འདི་སྐྱོན་ཡིན་ཏེ། གང་དུ་སྒྲུབ་པར་བྱེད་
པའི་ངག་གཅིག་གི་སྦྱོར་བ་ངེས་པར་སྔོན་མ་ཅན་རྣམ་པར་དཔྱོད་པར་བྱེད་པ་དེར་ལྷག་པར་བརྗོད་པའོ་ཞེས་པས་ཚར་གཅད་པའི་གནས་ཡིན་ནོ། །སྤྲོས་པའི་གཏམ་ལ་ནི་ཅུང་ཟད་ཀྱང་མ་ཡིན་ཏེ། ངེས་པ་མེད་པའི་ཕྱིར་རོ་ཞེས་པའོ། །དཔེར་ན་འགྲེང་བ་ཉིད་དང་བྱ་རོག་གི་གནས་དག་ཅེས་
པའོ། །མི་འགལ་བ་དག་དོན་གཅིག་རྟོགས་པར་བྱེད་པའི་གཏན་ཚིགས་ཉིད་དུ་མཐོང་བ་ནི་འདི་ཙམ་གྱིས་ཉེ་བར་དཔོག་པའོ། །འདི་དག་སོ་སོ་བ་ཡང་བྱས་པ་ཉིད་ལ་སོགས་པ་བཞིན་དུ་ནུས་པ་ཉིད་མཐོང་བ་ནི་མ་ཡིན་ནོ། །དེ་ནི་བཟློག་པ་ལ་ཞེས་པ་ལ། ནིའི་སྒྲ་ནི་ངེས་པར་འཛིན་པ་ལའོ། །
དེ་ཁོ་ན་སྟེ་གང་དུ་བསྒྲུབ་བྱ་ལ་ཡང་དག་པའི་ཤེས་པའི་རྒྱུར་འདོད་པ་དེ་ཁོ་ན་ནི་དེ་ལས་བཟློག་པ་བསྒྲུབ་པར་བྱ་བ་ལ་འགལ་བར་འགྱུར་རོ། །གང་དུ་རྣམ་པ་གཉིས་སུ་འཇུག་པ་དེ་རྣམ་པར་གཅོད་པར་འགྲུབ་པའི་དོན་གཞན་ལ་མི་འཇུག་པ་སྟེ། མཐུན་ཕྱོགས་རྟག་པ་ལ་མི་འཇུག་པ་
ཞེས་པའི་དོན་ཏོ། །འདི་ལ་ཡང་ཞེས་པ་ཇི་ལྟར་འཇིག་པ་ཉིད་བསྒྲུབ་པར་བྱ་བ་ལ་འདི་ནི་མི་རྟག་པ་ཁོ་ན་སྟེ། རྟག་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་དེ་རྟག་པ་བཀག་པའི་སྒོ་ནས་སྒྲུབ་པར་བྱེད་པ་དེ་ལྟར་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་ཡང་དེ་ལ་བཟློག་པའོ་ཞེས་པའོ། །འདིར་འོ་ན་ཅི་
เล่ม ๑๙๓ · หน้า 179b
ལྟར་ཞེས། འདི་ལ་ཡང་བཟློག་པ་ལས་རྟག་པ་བཀག་པའི་སྒོ་ཁོ་ནས་སྒྲུབ་པར་བྱེད་དོ་ཞེས་སྨྲས་པས། བསྒྲུབ་བྱ་བཀག་པའི་སྒོ་ཁོ་ནས་འགལ་བར་འགྱུར་རོ་ཞེས་དམ་བཅས་ཏེ། དེ་ལྟར་གྱུར་ན་འདི་ན་གྲང་བའི་རེག་པ་སྟེ་མེའི་ཕྱིར་རོ་ཞེས་པ་འདི་ལ་བསྒྲུབ་པར་བྱ་བ་གྲང་བ་བཀག་པ་
ཙམ་གྱིས་དྲོ་བར་འགྲུབ་པ་མ་ཡིན་ཏེ། དྲོ་མིན་གྲང་མིན་གྱི་ཕུང་པོ་གསུམ་པ་ཡང་ཡོད་པའི་ཕྱིར་རོ། །སྒྲུབ་པས་དྲོ་བའི་རེག་པ་སྒྲུབ་པར་བྱེད་པ་ལ་ནི་སྐྱོན་འདི་མེད་དེ། དེའི་ཕྱིར་སྒྲུབ་པ་ཁོ་ནས་བཟློག་པ་སྒྲུབ་པར་བྱེད་པའི་ཕྱིར་འགལ་བར་རིགས་སོ་ཞེས་སེམས་སོ། །གལ་ཏེ་ཡང་
དྲོ་བ་མི་སྒྲུབ་ཀྱི་ཞེས་པ་སྟེ། གལ་ཏེ་ཡང་ཞེས་པ་འདིས་འགྲུབ་པ་ཁོ་ན་སྟེ། གྲང་བ་ཙམ་བཀག་པས་ཀྱང་དྲོ་བས་ཏེ། དེས་མེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །དྲོ་མིན་གྲང་མིན་ནི་འཇམ་པ་ཉིད་ལ་སོགས་པ་སྟེ། དེ་ནི་གང་ན་དྲོ་བའི་རེག་པ་ཅན་དེར་སྲིད་པ་ཁོ་ན་སྟེ། འགལ་བ་མེད་པའི་
ཕྱིར་རོ། །དེ་ཡོད་ན་ཡང་དྲོ་བ་ཉིད་འགྲུབ་པའི་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དེ། དཔེར་ན་སྒྲ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཡོད་པར་གྱུར་ན་ཡང་བྱས་པ་ཉིད་ལ་མི་རྟག་པ་ཉིད་འགྲུབ་སྟེ། དེས་དེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་འགྲུབ་པ་དེ་བཞིན་དུ། ས་ཕྱོགས་སུ་འཇམ་པ་ཉིད་ལ་སོགས་
པའི་རེག་པ་ཡོད་པར་གྱུར་ཀྱང་མེ་ལས་དྲོ་བ་ཉིད་འགྲུབ་སྟེ། དེས་དེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཁས་བླངས་ནས་ཁོ་བོས་ལན་བརྗོད་པར་བྱའོ་ཞེས་གསལ་བར་བྱེད་དོ། །གྲང་བ་མ་ཡིན་པ་ནི་འགྲུབ་བོ་ཞེས་པ་གྲང་བ་མེད་པའོ། །དེ་ལྟ་ན་ཡང་འགལ་བ་ཞེས་པ། གྲང་བ་ཉིད་མེད་པ་
འགྲུབ་པའི་ཕྱིར་ཏེ། སྒྲུབ་པས་དྲོ་བ་ཉིད་སྒྲུབ་པར་བྱེད་པ་ན་ནི་མ་ཡིན་ནོ། །འདིར་གྲང་བའི་རེག་པ་སྟེ། མེའི་ཕྱིར་རོ་ཞེས་བྱས་པ་ན། གང་གི་ཚེ་གྲང་བ་མེད་པ་སྒྲུབ་པ་ལ་གཏན་ཚིགས་ཉིད་དུ་བརྗོད་དེ། ཇི་ལྟར་གཏན་ཚིགས་འདིས་གྲང་བ་མེད་པ་ཁོ་ན་སྒྲུབ་པར་བྱེད་པ་ལྟར་རོ་ཞེས་
པ་ལྟ་བུ་ཡིན་པ་དེའི་ཚེ་འགལ་བར་འགྱུར་མོད། གང་གི་ཚེ་དྲོ་བ་འགྲུབ་པ་ལ། མེ་གཏན་ཚིགས་སུ་བརྗོད་པ་དེའི་ཚེ་ཅི་ལྟར་གྲང་བ་བཀག་པའི་སྒོ་ནས་འགལ་བར་འགྱུར་ཞེ་ན་གསུངས་པ། གང་གི་ཚེ་ཞེས་པ་ལ་སོགས་པའོ། །དེའི་ཚེ་ཡང་དོན་གྱིས་གོ་བར་གྲང་བ་ཉིད་མེད་པར་མེས་སྒྲུབ་པར་བྱེད་
เล่ม ๑๙๓ · หน้า 180a
པ་ཁོ་ན་སྟེ། གཞན་དུ་ན་དྲོ་བ་ཁོ་ན་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དེའི་ཚེ་ཡང་གྲང་བ་མེད་པ་གྲུབ་པ་ཁོ་ན་འགལ་བར་འགྱུར་རོ། །ལྷག་མ་རྣམ་གསུམ་ལྟོས་པ་ཡིས། །ཞེས་སྔར་བཤད་པ་དེ་ལ་ཡང་དག་པ་དང་ལོག་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཉིད་ཀྱིས་ལྷག་
མ་གསལ་བར་བྱས་སོ། །ད་ནི་ཐེ་ཚོམ་གྱི་གཏན་ཚིགས་ཉིད་གསལ་བར་བྱས་པའི་ཆེད་དུ་ཕྱོགས་སྔ་མ་འགོད་ལ། འོ་ན་ཡང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་འཇུག་བཞིན་པ་ཞེས་པ་ངག་གི་ལྷག་མའོ། །མ་ཡིན་དགག་གི་འཇུག་པས་ཞེས་པ། བསྒྲུབ་པས་ཏེ་བརྟག་པ་
དགག་པ་ལ་མི་ལྟོས་པར་ཞེས་པའོ། །སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱས་པ་ན། རྟག་པར་མི་འགྱུར་རོ་ཞེས་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲུབ་པ་ཁོ་ནས་འཇིག་པའོ་ཞེས་པར་རོ། །དེའི་ཕྱིར་རྟག་པ་བཀག་པའི་སྒོ་ནས་རྟོགས་སོ་ཞེ་ན། འདི་དེ་ལྟར་འགྱུར་ན་ཞེས་པ་ལ་སོགས་པ་
སྟེ། གལ་ཏེ་བྱས་པ་ལ་སོགས་པ་གང་ཞིག་བུམ་པ་ལ་སོགས་པ་གང་ལ་འཇུག་པ་དེ་དེའི་ཁྱད་པར་མཆོག་ཏུ་འཛིན་པས་ཁྱད་པར་གཟུང་བས་ངེས་པར་བྱ་བར་ནུས་པར་གྱུར་ན་སྒྲུབ་པའི་སྒོ་ནས་རྟོགས་པར་བྱེད་པ་ཉིད་རིགས་ན། དེ་ཡང་མེད་དེ། གང་གསུངས་པ། གང་ལ་ཞེས་པ་ལ་སོགས་
པའོ། །འོ་ན་དེ་ལྟ་ན་ཞེས་པ་ནི། གལ་ཏེ་བུམ་པ་ལ་སོགས་པ་དུ་མ་ལ་མཐོང་བའི་ཕྱིར་བྱས་པ་ཉིད་ཐེ་ཚོམ་གྱི་རྒྱུ་ཡིན་ན་བདག་མེད་པ་ཉིད་ལ་སོགས་པ་རྣམས་ལ་ཡང་འགྱུར་བའོ། །འདི་དེ་ལྟར་འགྱུར་རོ་ཞེས་པ། ཁྱད་པར་རྣམས་ལ་ཐེ་ཚོམ་གྱི་རྒྱུར་བརྗོད་པར་བྱ་ན། མི་རྟག་པ་དང་བདག་མེད་
པ་ལ་སོགས་པ་རྣམས་ཁྱད་པར་མ་ཡིན་ནོ། །དེ་ལྟར་ན་ནི་དེ་རྣམས་ཞེས་པ་སྟེ། འདིས་ནི་གང་རྣམས་ཕན་ཚུན་དུ་ལྡོག་ཅིང་ཐ་དད་པ་དེ་རྣམས་ཁོ་ན་འདིར་ཁྱད་པར་དུ་བརྗོད་པར་འདོད་ཅིང་། མི་རྟག་པ་ཉིད་ལ་སོགས་པ་རྣམས་ཕན་ཚུན་དུ་ལྡོག་པ་ཡོད་པ་ཡང་མ་ཡིན་ཏེ། དངོས་པོར་ན་ཐ་མི་
དད་པ་ཉིད་ཀྱི་ཕྱིར་རོ་ཞེས་སྟོན་ཏེ། །དེ་ལྟར་འགྱུར་མོད། ཁྱད་པར་རྣམས་ལ་འཁྲུལ་པའི་བདག་ཉིད་དུ་གྱུར་པ་སྒྲུབ་པའི་སྒོ་ནས་རྟོགས་པར་བྱེད་པ་ཉིད་དེ། སྤྱི་ལ་ནི་འཁྲུལ་པ་མེད་དོ། །དེའི་ཕྱིར་སྒྲུབ་ལས་སྤྱི་དངོས་པོར་གྱུར་པ་ཁོ་ན་རྟོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་
เล่ม ๑๙๓ · หน้า 180b
པ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། མི་རྟག་པ་ཉིད་ནི་རྟག་པ་ཉིད་བཀག་པ་ལས་ཏེ། རྟག་པ་ཉིད་བསལ་བ་ལས་གཞན་གང་སྒྲུབ་པས་བརྗོད་པར་བྱ་བ་དོན་གཞན་མ་ཡིན་པ་ཡོད་པ་ནི་མ་ཡིན་ནོ། །རིགས་པ་ཡང་ཞེས་པས་འཐད་པའི་རིགས་པའོ། །དེ་ཅི་ཞིག་ཅེ་ན་གསུངས་པ། གང་
མི་མཐུན་ཕྱོགས་ལས་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ལྡོག་པ་གཙོ་བོ་ཉིད་དུ་སྟོན་ཅིང་། ལྡོག་པའི་སྒོ་ནས་རྟོགས་པའི་རིགས་པ་ཉིད་དུ་གསུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྗེས་སུ་འགྲོ་བ་ཡང་གཙོ་བོ་ཉིད་ཀྱི་ཕྱིར། མཐོང་བ་བཞིན་དུ་སྒྲུབ་པའི་ངོ་བོས་ཀྱང་རྟོགས་པར་རིགས་སོ་
ཞེ་ན་གསུངས་པ། འདི་ནི་ཞེས་པ་ལ་སོགས་པའོ། །འདིས་ནི་རྗེས་སུ་འགྲོ་བ་གཙོ་བོ་ཉིད་མ་ཡིན་པར་སྟོན་ཏོ། །འོ་ན་བྱས་པ་ཉིད་ནི་མི་རྟག་པ་ཐམས་ཅད་ལ་ཡོད་པའི་ཕྱིར་དེ་སྒྲུབ་པས་རྟོགས་པར་བྱེད་པར་རིགས་སོ་ཞེ་ན་གསུངས་པ། ཐམས་ཅད་ལ་ཞེས་པ་ལ་སོགས་པའོ། །འོ་ན་
ལྡོག་པ་ཡང་ངེས་པ་མི་སྲིད་པ་མ་ཡིན་ནམ། རིགས་མི་མཐུན་རྣམས་མཐའ་ཡས་པའི་ཕྱིར་རོ་ཞེ་ན། འདི་འདི་ལྟར་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་རིགས་མི་མཐུན་པ་འཛིན་པ་ལས་གཏན་ཚིགས་ཀྱི་ལྡོག་པ་གཟུང་བར་བྱ་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་ཀྱི་བསྒྲུབ་
པར་བྱ་བ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་པ་ལས་སོ། །དེ་ལྟར་འགྱུར་མོད། འབྲེལ་པའི་སྟོབས་ཀྱིས་རྟོགས་པར་བྱེད་པ་ན། འབྲེལ་པ་ནི་ལྡོག་པ་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར། དེའི་སྒོ་ནས་གོ་བར་བྱེད་པར་འགྱུར་རོ། །དེས་ན་མི་འདོད་པ་འདིར་མ་གྱུར་ཅིག་
ཅེས་པས་འབྲེལ་པ་མེད་པ་ཁོ་ནར་གཏན་ཚིགས་གོ་བར་བྱེད་པར་འགྱུར་མོད་ཅེ་ན། དེའི་ཕྱིར་གསུངས་པ། རྟགས་ནི་ཞེས་པ་ལ་སོགས་པ་སྟེ། འདི་ལྟ་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་པ་དགོངས་པའོ། །འདིར་ཡང་ཞེས་པ་ཐེ་ཚོམ་གྱི་གཏན་ཚིགས་ལའོ། །ཅིའི་ཕྱིར་ཞེ་ན་
གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ནི་རྩོལ་མ་ཐག་ཏུ་བྱུང་བ་སྟེ། བྱས་པ་ཉིད་ཀྱི་ཕྱིར། ལུས་ཀྱི་རྣམ་པར་རིག་བྱེད་བཞིན་ནོ་ཞེས་པ་གློག་ལ་སོགས་པས་མ་ངེས་པ་སྟེ། རང་ཀུན་ནས་སློང་བར་བྱེད་པ་རྟོགས་པར་བྱེད་པའི་ཕྱིར་ཞེས་པ་ནི་
เล่ม ๑๙๓ · หน้า 181a
སྒྲའི་བདག་ཉིད་རྟག་པ་གསལ་སྒྲས་སོ། །གཉིས་ཀ་དག་ཚོགས་ན་ནི་ངེས་པ་ཁོ་ནར་འགྱུར་རོ། །དེ་ལ་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ནི་ཡི་གེའི་བདག་ཉིད་ཀྱི་གྲག་པའོ། །ལུས་ཀྱི་རྣམ་པར་རིག་བྱེད་ནི་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གསལ་
སྒྲ་ནི་ཐ་མི་དད་པ་སྟེ་གསལ་བར་བྱེད་པའི་གྲག་སྒྲའི་རྗེས་སུ་འགྲོ་བ་ལས་ངོ་བོ་ཐ་དད་པ་བཞིན་དུ་འབྱུང་བ་རྟག་པ་རྩོལ་མ་ཐག་ཏུ་བྱུང་བ་མིན་པ་སྒྲའི་བདག་ཉིད་དོ། །འདི་ཡང་ཀུན་ནས་སློང་བ་རྟོགས་པར་བྱེད་དོ། ཤིང་ལ་སོགས་པའི་སྒྲ་ཐོས་པ་ལས་དེ་ཀུན་ནས་སློང་བའི་སེམས་རྟོགས་པའི་ཕྱིར་
རོ། །ཀུན་ནས་སློང་བར་བྱེད་པ་ནི་དེའི་མངོན་པར་གསལ་བ་སྟེ། གསལ་བར་བྱེད་པའི་གྲག་སྒྲ་ཀུན་ནས་སློང་བའི་ཕྱིར་ཡང་སེམས་ཀྱང་བརྒྱུད་པས་དེའི་ཀུན་ནས་སློང་བྱེད་དུ་འགྱུར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་ཀུན་ནས་སློང་བྱེད་དུ་བརྗོད་པར་འདོད་ཀྱི། རྒྱུ་ཙམ་ནི་མ་ཡིན་ཏེ།
རྣམ་པ་གཞན་དུ་ན་གློག་ལ་སོགས་པ་རྣམས་ཀྱང་རང་ཀུན་ནས་སློང་བ་རྟོགས་པར་བྱེད་པའི་ཕྱིར་ལྷན་ཅིག་པ་དག་ཀྱང་མ་ངེས་པར་འགྱུར་རོ། །དེ་ལྟ་ན་འོ་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཐེ་ཚོམ་གྱི་གཏན་ཚིགས་ནི་ཆོས་གཞན་མཐོང་བ་ལས་བསྒྲུབ་བྱ་ངེས་པར་བྱེད་པ་མཐོང་ཞེས་གཅིག་
སྨོས་པ་རྗེས་སུ་འཇུག་པ་ཡིན་ན། དང་པོ་དག་ལ་ཡང་གཅིག་སྨོས་པར་བྱའོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། ཆོས་གཞན་མཐོང་བའི་ཕྱིར་ཞེས་པ། བྱས་པ་ཉིད་ལ་སོགས་པའི་ཆོས་བསྟན་པའི་ཕྱིར་རོ། །སྒྲ་མི་རྟག་སྟེ། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ཞིང་
བྱས་པ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་བྱས་པ་ན། མཉན་པར་བྱ་བ་ཉིད་ཡོད་པ་ན་ཡང་མི་རྟག་པ་ཉིད་ངེས་པར་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་སྟེ། གཞལ་བྱ་ཉིད་ཀྱི་ཕྱིར་ཞིང་བྱས་པ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཞེས་པ་འདི་ལ་ཡང་ངེས་པར་མཐོང་ངོ་། །དེ་ཁོ་ན་ལ་ཞེས་པ། གང་བསྟན་
པ་ལས་ངེས་པ་མཐོང་བའོ། །རྣམ་པར་གཅོད་བྱེད་ཀྱི་གཏན་ཚིགས་མིན་པའི་ཕྱིར་ཞེས་པ། ཕུལ་དུ་ཕྱུང་བས་ཞེས་པ་དགོངས་པའོ། །གཞན་དུ་ན་གཉིས་ཀ་ལ་བརྟེན་པ་ཡང་རྣམ་པར་གཅོད་བྱེད་ཀྱི་གཏན་ཚིགས་ཉིད་མ་ཡིན་པའི་ཕྱིར་ན། དེ་ལས་གཞན་པའི་ཆོས་དང་བཅས་པ་ཉིད་ན།
เล่ม ๑๙๓ · หน้า 181b
དེ་ཁོ་ན་ལས་ངེས་པ་སྐྱེ་བར་འགྱུར་རོ། །གཉི་ག་ལ་བརྟེན་པའི་གཞན་ལས་རྣམ་པར་བཅད་ནས་ཞེས་པ། མི་མཐུན་ཕྱོགས་ལས་རྣམ་པར་བཅད་ནས་སོ། །འདིས་ནི་དང་པོ་དག་ལས་གཉིས་ཀ་ལ་བརྟེན་པ་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་དུ་ཁྱད་པར་གསུངས་སོ། །ཇི་ལྟར་གཉིས་ལ་
བརྟེན་པ་ཐེ་ཚོམ་གྱི་རྒྱུ་ཡིན་ཡང་ཆོས་གཞན་དང་ལྷན་ཅིག་པ་ནི་ངེས་པ་ལ་གཏན་ཚིགས་སོ་ཞེས་སླར་ཡང་ངེས་པར་གཟུང་བར་བྱ་བ་ཅིའི་ཕྱིར་ཞེ་ན་བཤད་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །བྱ་རོག་གནས་པ་ནི་སྐྱེས་བུ་ལ་སོགས་པ་རྣམས་ལས་རྣམ་པར་བཅད་ནས། ཐོ་ཡོར་དང་ཐང་དག་ལ་ཐེ་
ཚོམ་གྱི་རྒྱུ་འབའ་ཞིག་གོ། །སྒྲེང་བ་ཉིད་དང་ལྷན་ཅིག་པ་ནི། ཐོ་ཡོར་ལ་ངེས་བྱེད་ཀྱི་གཏན་ཚིགས་སོ། །ཐོ་ཡོར་སྨོས་པ་ཡང་འདིར་སྐྱེས་བུ་མ་ཡིན་པའི་གཟུགས་ཅན་བསྒྲེང་བ་ཉིད་ཀྱི་སྤྱི་ཉེ་བར་མཚོན་པའི་དོན་དུའོ། །རང་ཀུན་ནས་སློང་བྱེད་རྟོགས་པར་བྱེད་པའང་སྒྲ་རྟག་པ་ཉིད་དང་
སྨྲ་བའི་ངོར། འབའ་ཞིག་པས་ངེས་པར་བྱེད་མི་ནུས་པའི་ཕྱིར། བྱས་པ་ཉིད་དང་ལྷན་ཅིག་པ་ཁོ་ན་ནི་དེ་ངེས་པར་བྱེད་པའི་གཏན་ཚིགས་སོ་ཞེས་བརྟག་པར་བྱའོ། །སྒྲ་རྟག་པ་ཉིད་སྨྲ་བའི་ངོར་ཞེས་སྨོས་པ་ནི་སྒྲ་མི་རྟག་པ་ཉིད་དུ་སྨྲ་བའི་ངོར་འབའ་ཞིག་པ་ཡང་ནུས་པའི་ཕྱིར་རོ། །
དེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ནི་གཉིས་ཀ་ལ་བརྟེན་པའི་རྟགས་སོ། །ཡང་གི་སྒྲ་ནི་ཁྱད་པར་གྱི་དོན་ཏེ། ཡང་དག་པ་དང་ལོག་པའི་ཤེས་པའི་རྒྱུ་དག་གིས་གཉིས་ཀ་ལ་བརྟེན་པའི་ཁྱད་པར་སྟོན་པར་བྱེད་དོ། །དེ་དག་ནི་གང་དུ་མ་མཐོང་བ་དེ་རྣམ་པར་གཅོད་པའི་སྒོ་ནས་
རྟོགས་པར་བྱེད་དོ། །ཐེ་ཚོམ་གྱི་གཏན་ཚིགས་ནི། གང་དུ་འཇུག་པ་དེ་ལ་ལྟོས་པས་ཐེ་ཚོམ་སྐྱེད་པར་བྱེད་དོ། །དེ་སྟོན་པ་དཔེར་ན་ཞེས་པ་ལ་སོགས་པའོ། །འོ་ན་ནམ་མཁའ་ཡང་གློག་ལ་སོགས་པ་བཞིན་བརྩལ་མ་ཐག་ཏུ་མ་བྱུང་བ་མ་ཡིན་ནམ། དེའི་ཕྱིར་དེ་ལ་ལྟོས་ནས་ཀྱང་ཅིའི་ཕྱིར་ཐེ་
ཚོམ་སྐྱེད་པར་མི་བྱེད་ཅེ་ན། གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བྱས་པ་ཉིད་ནི་ནམ་མཁའ་ལ་སོགས་པ་ལས་རྣམས་ལྡོག་བཞིན་པ་ཉིད་ཀྱི་ཕྱིར། རང་གི་རྟེན་རྟག་པ་ལས་རྣམ་པར་བཅད་ནས་དེ་ལ་མི་རྟག་པ་ཉིད་དུ་ངེས་པར་བྱས་པ་ན། རྩོལ་བ་ལས་སྐྱེས་པ་
เล่ม ๑๙๓ · หน้า 182a
ཉིད་དུ་ཐེ་ཚོམ་གྱི་རྒྱུ་སྟེ། དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་དུ་ཡོད་ན་ཡང་། དེ་ལ་ལྟོས་ནས་བྱས་པ་ཉིད་ཐེ་ཚོམ་གྱི་གཏན་ཚིགས་མ་ཡིན་ནོ། །གང་ལས་རྣམ་པར་གཅོད་པར་བྱེད་པ་དེ་ལ་ལྟོས་ནས་ཐེ་ཚོམ་བྱེད་དོ་ཞེས་པས་རིགས་
པ་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད། འདི་ནི་རྣམ་པར་གཅོད་པའི་གཏན་ཚིགས་ཁོ་ན་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལས་རྣམ་པར་གཅོད་པར་བྱེད་ཅེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། གང་རྣམ་པར་གཅོད་པར་བྱེད་ཀྱི་གཏན་ཚིགས་མ་
ཡིན་པ་འདིས་ནི་ཡོངས་སུ་གཞལ་བའི་དོན་ལ་ཐེ་ཚོམ་བྱེད་པ་མ་ཡིན་ཏེ། གཞལ་བྱ་ཉིད་བཞིན་ནོ། །གཉིས་ཀ་ལ་བརྟེན་པ་ཡང་འདི་ལྟ་བུ་མ་ཡིན་ནོ། །དེའི་ཕྱིར་འདི་རྣམ་པར་གཅོད་པའི་གཏན་ཚིགས་སོ་ཞེས་པའོ། །དེའི་ཕྱིར་འདི་ཁོ་ན་ལ་གཅིག་སྨོས་པའི་བྱའོ་ཞེས་གནས་སོ། །ད་ནི་
གང་བརྟག་པ་བཀག་པ་ལ་མི་ལྟོས་པར་མ་ཡིན་པར་དགག་པའི་འཇུག་པས་ཞེས་པ་ལ་སོགས་པ་སྨྲས་པ་དེ་མི་རིགས་པ་ཉིད་དུ་བསྟན་པའི་ཆེད་དུ་གསུངས་པ། མ་ཡིན་པ་དགག་པ་ཡང་ཞེས་པ་ལ་སོགས་པ་སྟེ། དོན་གཞན་མ་ཡིན་པར་དགག་པས་དོན་གཞན་མངོན་པར་བརྗོད་པའི་ཕྱིར་མ་
ཡིན་པར་དགག་པ་སྦྱོར་ཏེ་དགག་པ་ལ་མི་ལྟོས་ན་ནི་མ་ཡིན་པར་དགག་པ་མ་ཡིན་པ་ནི། མ་ཡིན་པར་དགག་པ་ཅུང་ཟད་དུ་ཇི་ལྟར་འགྱུར། གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་རྟག་པ་དགག་པར་བྱེད་པས་མི་རྟག་པ་བརྗོད་པ་མ་ཡིན་ན། རང་གི་ཚིག་གིས་བརྗོད་པར་བྱ་བ་ཁོ་ནར་
འགྱུར་རོ་ཞེས་པ། རང་གི་ཚིག་ནི་བདག་གི་བའི་བརྗོད་པ་བུམ་པ་ཞེས་པ་ལ་སོགས་པའི་ཁྱད་པར་གྱི་སྒྲའོ། །དེ་ཁོ་ནས་བུམ་པ་ལ་སོགས་པ་བརྗོད་པར་བྱ་སྟེ། མི་རྟག་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་དགག་སྒྲའི་ཉེ་བར་བསྒྱུར་བ་ཅན་གྱི་སྒྲ་ཡིས་ནི་དགག་པར་བྱ་བ་མེད་ན། དགག་
སྒྲ་དགག་པའི་རྒྱུ་མཚན་ཅན་གྱི་སྦྱོར་བ་འཐད་པ་ནི་མ་ཡིན་ནོ། །གལ་ཏེ་འདི་ལ་ཡང་དགག་པ་ལ་ལྟོས་ན་འོ་ན་མ་ཡིན་དགག་ནི་མེད་དགག་ལས་ཁྱད་པར་ཅི་ཡོད་ཅེ་ན། འདི་ནི་ཞེས་པ་ལ་སོགས་པ་སྟེ། རྟག་པ་དགག་པ་ལ་ཞེས་པ་རྟག་པ་བཀག་པས་ཉེ་བར་མཚོན་པའི་བུམ་པ་ལ་སོགས་པའི་
เล่ม ๑๙๓ · หน้า 182b
དོན་ལ་བསྒྲུབ་པར་བྱ་བཞིན་པའི་བྱ་བ་བརྗོད་པར་འདོད་པ་ནི་མི་རྟག་པར་འགྱུར་རོ་ཞེས་པའོ། །མ་ཡིན་པར་དགག་པ་ལ་དགག་སྒྲ་ནི་བྱ་བ་དང་འབྲེལ་པ་མེད་པ་ཁོ་ན་སྟེ། དེའི་ཕྱིར་དེ་ལ་བྱ་བ་དགག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བསྒྲུབ་པར་བྱའོ། །རྟོགས་པ་ཅན་ཁོ་ན་ནི་དགག་སྒྲ་དང་འབྲེལ་ཞིང་།
རྟོགས་པ་ཅན་གྱི་དོན་ཡང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་དགག་པར་མི་འཐད་པའི་ཕྱིར་རོ། །དེ་ལས་བཟློག་པ་རྟོགས་པར་བྱེད་པའི་དོན་ཅན་ཁོ་ནར་བསྡུ་བ་ཤེས་པར་བྱ་སྟེ། དེའི་ཕྱིར་ཡང་དེ་ལས་བཟློག་པའི་དངོས་པོ་ངེས་པར་གནས་པ་ཁོ་ན་ལ། བྱ་བ་རྣམ་པར་ཤེས་པར་བྱ་སྟེ། མི་རྟག་པར་
འགྱུར་རོ་ཞེས་པའོ། །མེད་པ་དགག་པ་ལ་ནི་ཏི་ངའི་མཐའ་ཁོ་ན་དང་དགག་སྒྲ་འབྲེལ་པ་སྟེ། རྟག་པར་མི་འགྱུར་རོ་ཞེས་པ། བྱ་བ་དང་འབྲེལ་པ་ཁོ་ནར་དགག་སྒྲ་བརྗོད་པར་འདོད་པར་འགྱུར་རོ། །དེ་དཔེར་བརྗོད་ཀྱིས་སྟོན་ཏོ། །སྒྲ་ནི་རྟག་པར་མི་འགྱུར་ཏེ། རེག་པར་བྱ་བ་ཉིད་ཀྱི་ཕྱིར་རོ་
ཞེས་སོ། །ཅིའི་ཕྱིར་འདིར་མེད་པར་དགག་པ་ཡིན་ཞིང་། སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་ཞེས་པ་འདིར་ནི་མ་ཡིན་པར་དགག་པ་ཡིན་ཞེ་ན་གསུངས་པ། འདིར་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་སྦྱོར་བ་འདིར་ཐེ་ཚོམ་ལ་ལྟོས་པའི་དགག་པ་སྟེ། ཅི་རེག་བྱ་མ་ཡིན་པ་ཉིད་ལས་རྟག་
པ་འགྲུབ་པ་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་གྱུར་པ་ན་བརྗོད་པ་རེག་བྱ་མ་ཡིན་པ་ལས་རྟག་པར་མི་འགྱུར་རོ་ཞེས་པ་ལ་རྟག་པ་བྱེད་པ་པོ་སྟེ། འགྱུར་རོ་ཁོ་ན་དགག་ཚིག་དང་མངོན་པར་འབྲེལ་པར་བྱའོ། །སྔ་མ་ནི་བཟློག་པ་ལ་ལྟོས་པ་ཞེས་པ་སྒྲ་མི་རྟག་སྟེ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདིར་
ནི་བཟློག་པ་ལ་ལྟོས་པས་ཏེ། ངེས་པ་ལ་ལྟོས་པའོ་ཞེས་པའི་དོན་ཏེ། བྱས་པ་ཉིད་ཀྱིས་སྒྲ་འཇིག་པ་ཉིད་དུ་ངེས་པར་བྱས་ནས་རྟག་པ་ཉིད་བཀག་པས་ཕ་རོལ་པོ་རྣམས་ལ་མི་རྟག་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་འོ་ན་ཞེས་སྨྲས་ཏེ། མ་ཡིན་པར་དགག་པར་བྱ་བ་ཡོད་ན་མ་ཡིན་
པར་དགག་པར་འགྱུར་མོད། གང་གི་ཚེ་རྟག་པའི་དངོས་པོ་ཉིད་ཁས་མི་ལེན་པ་དེའི་ཚེ་ཅི་ལྟར་མ་ཡིན་པར་དགག་པ་ཡིན་ཞེ་ན། དེའི་ཚེ་གཞན་གྱིས་ཡོངས་སུ་བརྟགས་པའི་ཕྱིར་ཞེས་པ། གཞན་རྣམས་ཀྱིས་གང་གི་ཕྱིར་རྟག་པ་ནམ་མཁའ་ལ་སོགས་པ་རྣམས་ཡོངས་སུ་བརྟག་པ་དེའི་
เล่ม ๑๙๓ · หน้า 183a
ཕྱིར་དེ་བཀག་པས་སྒྲ་མི་རྟག་པའོ་ཞེས་སྒྲུབ་པར་བྱེད་དེ། ཇི་ལྟར་གཞན་རྣམས་ཀྱིས་ཡོངས་སུ་བརྟགས་པའི་ནམ་མཁའ་ལ་སོགས་པ་དེ་ལྟར་སྒྲ་འདི་མི་འགྱུར་རོ་ཞེས་པའི་དོན་ཏོ། །དེའི་དུས་སུ་ཡོད་པ་བཞིན་དུ་ཞེས་པ། ཇི་ལྟར་ཉེ་བར་དམིགས་པའི་དུས་ན་ཡོད་པར་
གྱུར་པ་དེ་ལྟར་དེ་ལས་སྔར་དང་ཕྱིས་ཀྱང་ངོ་ཞེས་ཕ་རོལ་པོ་རྣམས་ཀྱིས་རྟོགས་པར་བྱ་སྟེ། དེ་བས་ན་གང་དེ་ཤིན་ཏུ་གནས་པར་ཡོངས་སུ་རྟོགས་པ་དེའི་བློ་ལ་སྒྲོ་བཏགས་པ་མ་ཡིན་པར་དགག་པས་ཤིན་ཏུ་ཡོད་པ་མ་ཡིན་པའི་མཚན་ཉིད་ཅན་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་པས་སྐྱོན་
མེད་དོ། །སྔར་ལྷག་མ་རྣམ་གསུམ་ལྟོས་པ་ཡིས་ཞེས་བཤད་པ་དེ་ལ་བྱས་པ་ཉིད་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་དག་ཡང་དགག་པའི་ཤེས་པ་ལ་སོགས་པའི་རྒྱུ་ཉིད་དུ་བཤད་ལ། གཉིས་ཀ་ལ་བརྟེན་པ་ལྷག་མ་རྣམས་ནི་གཏན་ཚིགས་ཀྱི་འཁོར་ལོར་ཐེ་ཚོམ་གྱི་རྒྱུ་རྣམས་ཁོ་ནར་བཤད་དེ།
གཞན་ནི་ངེས་པར་མ་བྱས་པའི་ཚིག་ལས་སོ། །དེའི་ཕྱིར་དེ་ལ་ཅི་ལྟར་རྣམ་པ་གསུམ་ཡིན་ཏེ། གང་ཡང་རུང་བའི་རྣམ་པ་ཉིད་བསྟན་པ་ན་ཡང་། ལྷག་མའི་ཡང་རྟོགས་པར་བྱ་བའོ་ཞེས་སེམས་པས་སྨྲས་པ། གལ་ཏེ་ཐམས་ཅད་ཅེས་པ་ལ་སོགས་པའོ། །འདི་ཡང་ཞེས་པས་སྔ་མ་དག་
དང་འདི་མཚུངས་པ་ཉིད་དུ་གསུངས་སོ། །གང་ལ་ལྟོས་པས་ཞེས་པ། གང་ལ་འཇུག་པ་ནམ་མཁའ་དང་ལས་ལ་སོགས་པ་དེ་ལ་ལྟོས་པ་ཁོ་ནས་ཐེ་ཚོམ་གྱི་རྒྱུ་སྟེ། དེ་ལས་གཞན་པ་ལས་རྣམ་པར་གཅོད་དོ་ཞེས་པ། བུམ་པ་དང་རྡུལ་ཕྲ་རབ་ལ་སོགས་པ་གཟུགས་ཅན་གྱི་དངོས་པོ་རྣམས་ལས་ཏེ།
དེ་ལས་ལོག་པ་ཉིད་ཀྱི་ཕྱིར་རོ། །ཅི་ལྟར་རྣམ་པར་བྱེད་པ་ཤེས་པར་བྱ་ཞེ་ན། དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། གཉིས་ཀ་ལ་འཇུག་པ་ཉིད་ན་ཡང་ཞེས་པ། རྟག་པ་དང་མི་རྟག་པ་ལ་འཇུག་པ་ཉིད་ན་ཡང་ངོ་། །དེའི་ཕྱིར་འདི་གཟུགས་ཅན་རྣམས་ལས་ཆོས་གཞན་བསྒྲུབ་པར་བྱ་བ་ཉིད་ན་སྟེ།
བྱ་བ་མེད་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ཉིད་ན་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་རོ། །སྒྲ་བྱ་བ་མེད་པའམ་བྱ་བ་དང་བཅས་པ་ཞེས་སྒྲུབ་པར་བྱེད་དོ། །དེ་ལ་བྱ་བ་མེད་པ་ཉིད་ལ་ཡང་དག་པའི་གཏན་ཚིགས་ཏེ། བྱ་བ་དང་བཅས་པ་ཉིད་ལ་ལོག་པའི་ཤེས་པའི་རྒྱུ་སྟེ། བྱ་བ་
เล่ม ๑๙๓ · หน้า 183b
དང་བཅས་པ་ཐམས་ཅད་ལས་ལྡོག་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་ཉིད་སྒྲུབ་པ་ལ་ནི་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ཏེ། ཅིས་ཤེ་ན། ཐམས་ཅད་ལས་མི་ལྡོག་པའི་ཕྱིར་རོ། །མི་རྟག་པའི་ཕྱོགས་སམ་རྟག་པའི་ཕྱོགས་ཐམས་ཅད་ལས་མི་ལྡོག་པའི་ཕྱིར་ཏེ། རིམ་པ་
ཇི་ལྟ་བ་བཞིན་རྟག་པ་དང་མི་རྟག་པ་ཉིད་སྒྲུབ་པ་ནའོ། །དེ་འདྲ་བ་དང་མེད་ན་མི་འབྱུང་བའི་ཆོས་ཉེ་བར་སྟོན་པ་གཏན་ཚིགས་སོ་ཞེས་པ་ནི། དོན་གང་སྒྲ་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་དེ་འདྲ་བ་སྟེ། དེའི་རིགས་ཅན་མེད་ན་དོན་གང་ཞིག་འགར་ཡང་འབྱུང་བ་མ་ཡིན་པ་སྟེ། རྩོལ་
བ་ལས་བྱུང་བ་ཉིད་ནི་མི་རྟག་པ་ཉིད་ལྟ་བུ་དང་དུ་བ་ནི་མེ་ལྟ་བུའོ་ཞེས་པ་དེ་ནི་དེ་འདྲ་བ་མེད་ན་མི་འབྱུང་བའི་ཆོས་ཅན་ཏེ། དེ་ཉེ་བར་སྟོན་པ་ནི་འདིས་ཉེ་བར་བསྟན་པར་བྱའོ་ཞེས་པའི་ཚིག་གོ། །དཔེར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་འདི་ལྟ་བུ་ལ་སོགས་པ་སྟེ་དེ་ནི་གཏན་ཚིགས་སོ། །
གང་གིས་ཉེ་བར་སྟོན་པ་མ་ཡིན་པ་དེ་ནི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་མིག་གིས་གཟུང་བྱ་ཉིད་ཀྱི་ཕྱིར་ཞེས་པ་འདི་ལྟ་བུ་ལ་སོགས་པའོ། །འདིར་ངག་གིས་ངེས་པར་གཟུང་བའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །ངེས་པར་གཟུང་བ་ཁོ་ན་རེ་ཞིག་རྣམ་པར་དཔྱད་པར་བྱའོ། །
འདི་ལ་ངེས་པར་གཟུང་བ་རྣམ་པ་གསུམ་སྲིད་དེ། དེ་འདྲ་མེད་ན་མི་འབྱུང་བ་ཁོ་ན་དང་། དེ་འདྲ་མེད་པ་ཁོ་ནར་མི་འབྱུང་བ་དང་། དེ་འདྲ་བ་ཁོ་ན་མེད་ན་མི་འབྱུང་བ་ཞེས་པའོ། །ཐམས་ཅད་ལ་ཡང་སྐྱོན་ཏེ། དེ་ལ་རེ་ཞིག་ངེས་པར་གཟུང་བ་སྔ་མའི་དབང་དུ་བྱས་ནས་གསུངས་པ། གལ་ཏེ་
དེ་འདྲ་མེད་ན་ནི། །མེད་ཉིད་ཅེས་པ་ལ་སོགས་པའོ། །འདིར་འགལ་བ་དང་ཐུན་མོང་བའི་མ་ངེས་པ་ཙམ་རྣམ་པར་གཅོད་པའི་ཕྱིར། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་རྟག་གོ་ཞེས་པ་འདི་ཡང་གཏན་ཚིགས་སུ་འཐོབ་བོ། །གང་གི་ཕྱིར་དེ་འདྲ་བའི་རྟག་པ་ཉིད་མེད་ན་མི་འབྱུང་བ་ཁོ་ནའོ་ཞེས་
ཧ་ཅང་ཁྱབ་པའི་མཚན་ཉིད་དོ། །འོ་ན་རྟག་པ་ཉིད་མེད་པ་ལ་མཉན་པར་བྱ་བ་ཉིད་འགྱུར་བ་ཁོ་ན་མ་ཡིན་ན། དེ་ལྟར་མི་རྟག་པ་ཁོ་ན་མཉན་པར་བྱ་བ་ཉིད་དུ་འཐད་ཀྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་པ་འདི་བསྒྲུབས་ཟིན་པས་སོ། །འདི་ཅི་ལྟར་སྐྱོན་དུ་ཐལ་བར་འགྱུར་ཞེ་ན། འདི་བསམ་པར་བྱ་སྟེ།
เล่ม ๑๙๓ · หน้า 184a
མེད་པ་ཁོ་ནར་ཞེས་པ་འདི་ལ་ནི། གང་དེ་འདྲ་མེད་པ་ཁོ་ནར་མི་འབྱུང་བ་སྟེ། ལྷན་ཅིག་ཀྱང་ནི་མ་ཡིན་པ་དེ་གཏན་ཚིགས་ཞེས་པས་མཉན་པར་བྱ་བ་ཉིད་ལ་ཐལ་བར་འགྱུར་བ་མེད་དོ། །དེ་ལྟར་ནི་དེ་འབའ་ཞིག་པ་མེད་ན་མི་འབྱུང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ལྷན་ཅིག་པ་
ཡང་ངོ་། །འོན་ཀྱང་མཐུན་ཕྱོགས་ལ་ཁྱབ་པ་གང་ཡིན་པ་བྱས་པ་ལ་སོགས་པ་ཁོ་ན་གཏན་ཚིགས་འགྱུར་གྱི། མཐུན་ཕྱོགས་ལ་མ་ཁྱབ་པ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ནི་དེ་འདྲ་མེད་པ་ཁོ་ནར་མི་འབྱུང་བ་ཞེས་པའི་ངེས་པར་གཟུང་བ་འདི་ལས། ཇི་ལྟར་
མཉན་པར་བྱ་བ་ཉིད་མཚན་ཉིད་ཀྱིས་ཡུལ་དུ་མ་བྱས་ཏེ། ལྷན་ཅིག་ཀྱང་མི་འབྱུང་བའོ་ཞེས་བྱས་ནས་ཡིན་པ་དེ་ལྟར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱང་སྟེ། གང་གི་ཕྱིར་དེ་ཡང་མཉན་པར་བྱ་བ་བཞིན་དུ་དེ་འདྲ་བས་ལྷན་ཅིག་ཀྱང་མི་འབྱུང་བ་སྟེ་གློག་ལ་སོགས་པ་ལའོ། །དེ་ལས་ཀྱང་དོན་གྱི་
ལྷན་ཅིག་འབྱུང་བ་བྱས་པ་ལ་སོགས་པ་འབའ་ཞིག་ཁོ་ན་གཏན་ཚིགས་སུ་འགྱུར་གྱི། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་མ་ཡིན་ཏེ། དེ་མི་རྟག་པ་དང་ལྷན་ཅིག་འབྱུང་བ་ཁོ་ན་ནི་མ་ཡིན་ནོ། །དེ་སྟོན་ཏེ། དེ་མི་རྟག་པ་ཉིད་དང་ཞེས་པ་ལ་སོགས་པའོ། །འགའ་ཞིག་གིས་སྨྲས་པ། མེད་
པ་ཁོ་ནར་མི་འབྱུང་བ་ཞེས་བརྗོད་པ་ན་དོན་གྱིས་ལྷན་ཅིག་ཁོ་ནར་གང་འགྱུར་བ་དེ་གཏན་ཚིགས་སོ་ཞེས་བརྗོད་པར་འགྱུར་གྱི། གང་ལྷན་ཅིག་འགྱུར་བ་ཁོ་ན་ཞེས་པ་ནི་མ་ཡིན་ཏེ། དེའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་མི་རིགས་ཏེ། གལ་ཏེ་ངེས་པར་གཟུང་བ་འདི་ལ་དོན་གྱིས་ལྷན་ཅིག་ཁོ་
ནར་གང་འགྱུར་བ་དེ་གཏན་ཚིགས་སོ་ཞེས་རྟོག་ན་ངེས་པར་གཟུང་བ་དོན་མེད་པར་འགྱུར་ཏེ། གལ་ཏེ་ལྷན་ཅིག་ཀྱང་མི་འབྱུང་བ་གཏན་ཚིགས་སུ་འགྱུར་ན་ངེས་པར་གཟུང་བའི་འབྲས་གཞན་ཅི་ཞིག་ཅེས་པ་འདི་བརྗོད་པར་བྱའོ། །དེ་ལྟར་ངེས་པར་གཟུང་བ་གཉིས་པ་ལ་མ་ཁྱབ་པའི་མཚན་ཉིད་
དོ། །ངེས་པར་གཟུང་བ་གསུམ་པ་ལ་ནི་མཚན་ཉིད་མི་སྲིད་པར་སྟོན་པ་གསུངས་པ། དེ་འདྲ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་ངེས་པར་གཟུང་བ་ལ་སྟེ། མི་འདོད་པ་ཁོ་ནར་ཞེས་པའི་དོན་ཏོ། །ངེས་པར་གཟུང་བ་སྔ་མ་དག་ནི་ཅུང་ཟད་འདོད་པ་ཡང་འགྲུབ་ཅིང་འདིར་ནི་འདོད་པ་
เล่ม ๑๙๓ · หน้า 184b
མེད་པ་ཁོ་ནའོ། །སྔ་མ་དག་ལ་ཐལ་བར་མི་འགྱུར་བ་བདེན་མོད་ཀྱི་ཞེས་པའོ། །ཅི་ལྟར་ཐལ་བར་མི་འགྱུར་ཞེ་ན། གསུངས་པ། དེ་འདྲ་བ་ཁོ་ནས་ལྷན་ཅིག་མི་འབྱུང་བ་ཞེས་བྱས་ནས་ཞེས་པ་སྟེ། མཉན་པར་བྱ་བ་ཉིད་ལ་ཆོས་འདི་ཡོད་པ་ཡང་མ་ཡིན་ནོ་ཞེས་པས་དེ་ལ་གཏན་
ཚིགས་སུ་ཐལ་བ་མེད་དོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལ་ཡང་སྐྱོན་སྔ་མ་རྗེས་སུ་འབྲེལ་པ་མ་ཡིན་པ་ཁོ་ན་སྟེ། སྐྱོན་སྔ་མ་ནི་བྱས་པ་ཉིད་ལ་སོགས་པ་གཏན་ཚིགས་ཉིད་དུ་གྲུབ་པའི་རྗེས་སུ་འབྲང་ལ། འདིར་ནི་གཏན་ཚིགས་ཉིད་དུ་གྲུབ་པའི་དྲི་ཡང་མེད་པས་སོ། །གང་གསུངས་པ།
འོན་ཀྱང་ཞེས་པ་ལ་སོགས་པའོ། །འོ་ན་ཁྱོད་ཀྱིའང་དེ་མཚུངས་ལ་ཡོད་པ་ཁོ་ན་ཞེས་པ་འདིར། དེ་དང་མཚུངས་པ་ཁོ་ན་ལ་ཞེས་ངེས་པར་གཟུང་བའི་ཕྱིར་ཐལ་བར་འགྱུར་བ་མཚུངས་ཏེ། དེ་དང་མཐུན་པ་ཁོ་ན་ལ་ཡོད་པའི་གཏན་ཚིགས་འགའ་ཡང་མེད་དེ། དངོས་པོ་ཐམས་ཅད་
རིགས་མི་མཐུན་གྱི་ཆོས་ཀྱི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དེ་མཚུངས་དང་མཐུན་ཕྱོགས་ཞེས་པ་རྣམ་གྲངས་དག་སྟེ། མཐུན་ཕྱོགས་ཀྱང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །འདིར་ཡང་འདི་ལྟར་ངེས་པར་གཟུང་བར་བྱ་སྟེ། གང་བསྒྲུབ་པར་བྱ་བའི་ཆོས་ཀྱི་
སྤྱི་དང་དོན་མཐུན་པ་ཁོ་ན་མཐུན་ཕྱོགས་སོ་ཞེས་པ་སྟེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་མཐུན་པ་ཞེས་པ་ནི་མ་ཡིན་ནོ། །དེས་ན་དེ་མཚུངས་ཀྱང་གང་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་མཚུངས་པ་ཁོ་ན་ཡིན་པ་དེ་འགྱུར་བར་འོས་ཀྱི། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་ནི་མ་ཡིན་ནོ་ཞེས་
པར་ཐལ་བར་འགྱུར་བ་མི་མཚུངས་སོ། །འོ་ན་དོད་ཟླ་ལྡན་པར་གཅོད་པ་ཁོ་ན་ངེས་པར་གཟུང་བ་ལས་རྟོགས་པ་མ་ཡིན་ནམ། ཆོས་ཐམས་ཅད་བཀག་པ་ནི་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་མཚོན་པར་བྱ་ལ་མེད་པ་མ་ཡིན་ཞེ་ན། གང་དེ་ཡང་དོད་ཟླ་ལྡན་པ་སེལ་བ་ཁོ་ན་ལ་ངེས་པར་གཟུང་བ་ནུས་པ་
ཉིད་ཡིན་པ་དེ་ལྟ་ཡང་། འདིར་མི་རྟག་པ་དང་རྟག་པ་ལ་སོགས་པ་སྐབས་སུ་བབ་པ་འགའ་ཞིག་མེད་པའི་ཕྱིར་ན་ཆོས་ཐམས་ཅད་ཀྱང་ཕན་ཚུན་ལྟོས་པས་དེ་འདྲ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་དེ་འདྲ་བ་མ་ཡིན་པ་ཡང་དོད་ཟླ་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་སེལ་བར་རིགས་སོ། །ཅི་འདི་རེ་ཞིག་
เล่ม ๑๙๓ · หน้า 185a
ཅེས་པ། ཇི་ལྟར་སྦྱོར་བས་བསྟན་པར་བྱ་བ་དེ་ལྟར་འདི་མཚན་ཉིད་ཡིན་ནམ། ཅི་སྟེ་ཇི་ལྟ་བུར་གྱུར་པའི་དོན་གྱིས་ཡིན་ཞེས་པ་ནི། དོན་དམ་པར་དེ་འདྲ་བ་མེད་པ་ནི་མི་འབྱུང་བའི་ཆོས་གང་ཡིན་པ་དེ་སྟོན་པ་གཏན་ཚིགས་ཡིན་ཞེས་པས་ན། དེ་ནི་ཅི་སྟེ་དེ་ཁོ་ནའི་རྣམ་
པས་སམ། རྣམ་པ་གཞན་གྱིས་ཡིན་ཞེས་པའོ། །འདིར་ནི་འདིར་བརྗོད་པར་མི་འདོད་པ་ཁོ་ནའོ། །དེ་བདག་ཉིད་ཀྱིས་ཞེས་པས། དེ་འདྲ་བ་མེད་ན་མི་འབྱུང་བ་ཉིད་ཀྱིས་ཞེས་པའི་དོན་ཏོ། །གཏན་ཚིགས་སྨྲས་པས་མི་ནུས་སོ་ཞེས་ཏེ། དེའི་བདག་ཉིད་ཀྱིས་བསྟན་པར་ཞེས་པ་ལྷག་
མའོ། །གཏན་ཚིགས་བརྗོད་པས་ནི་ཕྱོགས་ཀྱི་ཆོས་ཙམ་འབའ་ཞིག་བརྗོད་ཀྱི། མེད་ན་མི་འབྱུང་བའི་འབྲེལ་པ་ནི་མ་ཡིན་ཏེ། དེ་ནི་དཔེའི་ཚིག་གི་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཅིས་སམ་ཅི་ལ་ཞེས་པ། དེའི་རྣམ་པ་མང་པོ་རྣམས་སྲིད་དེ། དཔེར་ན་དུ་བ་དང་བཅས་པའི་སྤྱི་དང་
ཁྱད་པར་གྱི་ཆོས་རྣམས་ལྟ་བུའོ། །དེ་ལ་རྣམ་པ་འདིས་ཉེ་བར་སྟོན་པའོ་ཞེས་བརྗོད་པ་མ་ཡིན་ནོ། །ཅི་ལ་སྟེ་ཅི་བསྒྲུབ་པར་བྱ་བ་ལ་དེ་སྟོན་ནམ། འོན་ཏེ་དེའི་གཞི་ལའམ། འོན་ཏེ་བསྒྲུབ་བྱའི་རིགས་མི་མཐུན་ལ་ཞེས་སོ། །དེའི་ཕྱིར་མཚན་ཉིད་ཉུངས་པ་ཉིད་དོ། །ཕྱོགས་འདི་ཁོ་ན་ལ་
སྐྱོན་གཞན་གསུངས་པ། ཤེས་བྱེད་ལས་ནི་འདས་པ་ཡིས། །འདི་ལྟར་ཞེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མ་མཐོང་ཞེས་པ་ལ་སོགས་པའོ། །མིག་གིས་གཟུང་སོགས་ཞེས་ཏེ། བཱའི་སྒྲ་ནི་དང་གི་དོན་ལའོ། །སོགས་ཀྱི་སྒྲས་ཕྱི་རོལ་ཉིད་ལ་སོགས་པ་གཟུང་ངོ་། །དེ་རྣམས་མི་
རྟག་པ་ཉིད་དང་ལྷན་ཅིག་རྒྱུ་བ་ཉིད་ཡོད་པས་སོ་ཞེས་སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་སུ་འགྱུར་རོ། །འདི་ནི་མ་གྲུབ་པ་ཉེ་བར་མཚོན་པའི་དོན་དུའང་ཡིན་ཏེ། ཕྱོགས་ཆོས་མ་བརྗོད་པ་ཉིད་ཀྱི་ཕྱིར་ཆ་གྲུབ་པ་ཡང་གཏན་ཚིགས་ཡིན་པ་འཐོབ་བོ་ཞེས་པའི་དོན་ཏོ། །མ་བསྟན་
པ་ཞེས་བྱ་བ་འདི། ཅི་ལྟར་ཅི་ལ་ཞེས་མ་བརྗོད་ཅེས་པ་གང་གིས་བསྟན་པ་ཞེས་པ་འདི་ཙམ་གྱིས་ནི་རྣམ་པ་འདིས་དང་འདི་ལའི་དོན་ཉེ་བར་མ་བསྟན་པའོ་ཞེས་པས་ཁྱད་པར་རྟོགས་པ་མ་ཡིན་པས་སོ་ཞེས་པའི་ཕྱིར། འདི་མ་བརྗོད་པ་དང་མཚུངས་པའོ། །ལྷན་ཅིག་འབྱུང་བས་བསྒྲུབ་
เล่ม ๑๙๓ · หน้า 185b
བྱར་ན། །ཞེས་པ། འདི་ལྟར་སེམས་ཏེ། བསྟན་ཟིན་པའི་རྣམ་པ་ཁོ་ན་ལྷན་ཅིག་འབྱུང་བ་སྟེ། རྣམ་པ་གཞན་མ་ཐོབ་པ་ཉིད་ཀྱི་ཕྱིར་དང་། མཚན་ཉིད་ཀྱི་ངག་ལ་ཡང་དེ་འདྲ་བ་མེད་ན་མི་འབྱུང་བ་ཉིད་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡུལ་ཡང་བསྒྲུབ་པར་བྱ་བ་ཁོ་ནར་རྟོགས་པར་བྱ་སྟེ། དེ་
ཉེ་བའི་ཕྱིར་རོ་ཞེའོ། །མ་ཡིན་ཞེས་པ་ལ་སོགས་པས་སེལ་བར་བྱེད་དེ། ཆོས་མཐུན་པ་ཉིད་དམ་ཆོས་མི་མཐུན་པ་ཉིད་ཀྱིས་ཞེས་པའི་དམ་གྱི་སྒྲས་གང་ཡང་རུང་བ་ཡང་འབྲེལ་པ་སྟོན་པར་ནུས་པར་གསུངས་སོ། །ཕྱི་རོལ་གྱི་དོན་ཉེ་བར་བསྡུས་པས་ཞེས་པ། ཕྱོགས་སུ་བྱས་པའི་ཆོས་ཅན་
གྱི་ཁྱད་པར་ལས་གཞན་དུ་སྤྱི་ལ་ཉེ་བར་བསྟན་པས་ཞེས་པའི་དོན་ཏོ། །སྤྱི་ཡང་ཁྱད་པར་ཡོངས་སུ་མི་སྤོང་བའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཅན་ཡང་དེར་ནང་དུ་འདུས་པ་ཁོ་ན་སྟེ། བསྒྲུབ་བྱའི་ཆོས་ཅན་ཁོ་ན་ལ་མེད་ན། མི་འབྱུང་བ་ཉིད་སྟོན་པ་བསལ་བ་ལྷུར་ལེན་པ་ནི་ཕྱི་རོལ་གྱི་དོན་སྨོས་
པའོ། །དེ་ལྟར་ན་གལ་ཏེ་གང་གིས་མ་བསྟན་པ་དེ་གཏན་ཚིགས་མ་ཡིན་ན། རྣམ་པ་ཐམས་ཅད་དུ་གཏན་ཚིགས་ཡོད་པ་མ་ཡིན་པར་ཐལ་འགྱུར་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས་འབྲེལ་པ་སྟོན་པར་ནུས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དཔེ་གཉིས་པོས་སོ་
ཞེ་ན། འདི་དེའི་བའི་ཚིག་ཁོ་ནས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཇི་སྐད་འཆད་པར་འགྱུར་བ་ལྟ་བུ་ཞེས་པ་ལ་སོགས་པའོ། །གང་བརྗོད་པ་ཡང་ཞེས་པ་འདིས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉེ་བར་སྟོན་པ་མི་སྲིད་པ་གསུངས་ཏེ། མི་རྟག་པ་ལ་སོགས་པ་རྣམས་ནི་བསྒྲུབ་པར་བྱ་
བ་ཉིད་དུ་བཤད་ལ། དེ་རྣམས་ལ་གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱི་ཆོས་ཉེ་བར་སྟོན་ན། གཏན་ཚིགས་འཛིན་པའི་དུས་ཁོ་ན་ན་བསྒྲུབ་བྱ་གྲུབ་པ་ཉིད་ཀྱི་ཕྱིར་གང་སྒྲུབ་པའི་ཆེད་དུ་གཏན་ཚིགས་སུ་འགྱུར་བ་མ་གྲུབ་པ་གཞན་ཅི། དེ་ལྟར་འགྱུར་མོད། ཆོས་ཅན་ནི་བསྒྲུབ་པར་བྱ་བ་སྟེ། དེ་ལ་
མཐོང་བའི་ཆོས་ཀྱིས་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཉིད་སྟོན་པའོ་ཞེ་ན། གསུངས་པ། གཞན་ནི་ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་ཆོས་ལ་ཐ་དད་པའི་བསྒྲུབ་བྱ་གཞན་རྩོད་པ་སྒྲུབ་པར་བཤད་པ་མ་ཡིན་ཏེ། བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཉིད་དུ་མ་བརྗོད་
เล่ม ๑๙๓ · หน้า 186a
པའི་ཕྱིར་རོ། །དཔེ་བརྗོད་དང་ཆོས་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ་ཞེས་པ། བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པར་བྱེད་པའི་དཔེ་ནི་དཔེ་བརྗོད་དེ། དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བ་ལ་བུམ་པ་ལ་
སོགས་པ་ལྟ་བུའོ། །དེ་དང་བསྒྲུབ་པར་བྱ་བའི་ཆོས་མཐུན་པ་ཉིད་ལས་ཏེ་མཚུངས་པ་ཉིད་ལས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་སྟེ། བསྒྲུབ་པར་བྱ་བ་རྟོགས་པར་བྱེད་པ་ནི་གཏན་ཚིགས་ཏེ། དཔེར་ན་སྐྱེ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པ་ལྟ་བུའོ། །གལ་ཏེ་ཆོས་མཐུན་
སྒྲུབ་བྱེད་ན། །ཞེས་པ་ལ་སོགས་པ་སྟེ། གལ་ཏེ་དེ་དང་ཆོས་མཐུན་པ་སྐྱེ་བའི་ཆོས་ཅན་ཉིད་ལ་སོགས་པ་གང་ཡིན་པ་དེ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་གྱི་དེའི་ཚིག་མ་ཡིན་ན། ངག་གི་ཡན་ལག་གཏན་ཚིགས་མིན་པར་གྱུར་ན། ཡན་ལག་སྔ་ཅན་གྱི་ངག་གི་ནི་གཏན་
ཚིགས་ཡན་ལག་ཉིད་དུ་བརྗོད་དེ། དམ་བཅའ་དང་གཏན་ཚིགས་དང་དཔེ་བརྗོད་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་རྣམས་ཡན་ལག་རྣམས་སོ་ཞེས་བརྗོད་པའི་ཕྱིར་རོ། །དོན་གྱི་མཚན་ཉིད་ལ་ནི་གཏན་ཚིགས་ལ་དེ་འཐོབ་པ་མ་ཡིན་ནོ་ཞེས་པས་ཁས་བླངས་པ་ཉམས་སོ། །ཅི་ལྟར་
ལྔ་པ་ངེས་པར་བསྟན་པར་གྱུར་པ་ན་ཆོས་མཐུན་པ་ཉིད་ཁོ་ན་གཏན་ཚིགས་ཉིད་དུ་དོགས་ཤེ་ན། གཞན་ཐོས་པ་མེད་པའི་ཕྱིར་དང་། ཆོས་མཐུན་པ་ཉིད་ཀྱང་བསྒྲུབ་བྱ་དང་མངོན་པར་འབྲེལ་པའི་ཕྱིར་ཏེ། ཚིག་ནི་དོན་གྱི་སྒོ་ནས་བསྒྲུབ་བྱ་མངོན་པར་བསལ་བའི་རྒྱུ་ཉིད་ཀྱི་ཕྱིར་ན།
དེ་ཁོ་ན་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་གཏན་ཚིགས་ཉིད་དུ་དོགས་སོ། །ཐ་དད་དུ་འཇུག་པའི་ཕྱིར་རོ་ཞེས་པ། ངག་གི་ཡོན་ཏན་མ་ཡིན་པ་ཉིད་ན་གཏན་ཚིགས་ཏེ། བྱ་བ་ཐ་དད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདི་ཡང་བརྒྱུད་པས་གཏན་ཚིགས་ཡིན་ནོ། །ཐ་
དད་དུ་འཇུག་པ་ཉིད་དུ་གྱུར་ན། ཐ་དད་པ་རྣམས་ལ་ཐ་མི་དད་པར་བརྗོད་པར་འདོད་པ་ལྡོག་སྟེ། དེ་ལྡོག་པ་ན་ཡང་ཡན་ལག་གི་ཐ་སྙད་དོ་ཞེས་པས། ལྷན་ཅིག་མ་ཡིན་པ་བརྗོད་པར་འདོད་པ་ཁོ་ན་བར་མ་ཆོད་ཀྱི་གཏན་ཚིགས་སོ། །དེ་བསྟན་པའི་ཆེད་དུ་གསུངས་པ། ལྷན་ཅིག་
เล่ม ๑๙๓ · หน้า 186b
བརྗོད་པར་འདོད་པ་ནི་ཞེས་པ་ལ་སོགས་པའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། གང་འཇུག་པ་ཐ་དད་པ་དེ་རྣམས་ན་ལྷན་ཅིག་བརྗོད་པར་འདོད་པ་མ་ཡིན་ཏེ། དཔེར་ན་རྫ་མཁན་དང་ཐགས་མཁན་དང་བ་ལང་རྫི་ལ་སོགས་པ་རྣམས་བཞིན། ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱང་དམ་
བཅའ་ལ་སོགས་པ་རྣམས་དང་ལྷན་ཅིག་འཇུག་པ་ཐ་དད་པའོ་ཞེས་པ་རྒྱུ་དང་འགལ་བའོ། །གང་གི་ཕྱིར་བྱ་བ་ཐ་མི་དད་པའི་ནུས་པ་ཤེས་པའི་དོན་དུ་སྒྲ་གཅིག་གིས་ལྷན་ཅིག་བརྗོད་པར་འདོད་པས་སོ། །དེ་གང་ཞིག་གང་གི་ཡན་ལག་གཞན་རྣམས་དང་ལྷན་ཅིག་བརྗོད་པར་འདོད་པ་
མེད་པ་དེ་ནི་དེའི་ཡན་ལག་མ་ཡིན་ཏེ། དཔེར་ན་དམག་གི་བ་ལང་བཞིན། ཇི་སྐད་བཤད་པའི་གཏན་ཚིགས་ཀྱང་དམ་བཅའ་ལ་སོགས་པ་སྒྲུབ་བྱེད་ཀྱི་ངག་གི་ཡན་ལག་རྣམས་དང་ལྷན་ཅིག་བརྗོད་པར་འདོད་པ་མེད་དོ་ཞེས་པ་ནི་རྒྱུ་མི་དམིགས་པའོ། །དེ་ལྟར་ནི་འདིའི་འདི་ཡན་ལག་ཡིན་
ནོ་ཞེས་པའི་ཐ་སྙད་ཀྱི་རྒྱུ་ནི། དེའི་ཡན་ལག་གཞན་རྣམས་དང་ལྷན་ཅིག་བརྗོད་པར་འདོད་པའོ། །ཆོས་མི་མཐུན་པའི་སྦྱོར་བ་ནི་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་གི་དཔེས་སྦྱར་བར་བྱ་བའོ། །འོ་ན་སྒྲུབ་བྱེད་མ་ལོག་པ་དཔེ་མ་ཡིན་ནམ། གླང་པོ་ལ་སོགས་པ་རྣམས་ཀྱང་འཇུག་
པ་ཐ་དད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེར་ནི་ལྷན་ཅིག་བརྗོད་པར་འདོད་པ་ཡང་མེད་པའི་ཕྱིར་རོ། །གླང་པོ་མྱོས་པ་རྣམས་ལ་སྡེ་མྱོས་སོ་ཞེས་བརྗོད་པར་བྱ་བ་འམ། རྟ་རྣམས་སྐད་འདོན་པ་ན་དམག་སྡེ་རྣམས་སྐད་འདོན་ནོ་ཞེས་པ་ནི་མ་ཡིན་པས་སོ། །འཇུག་པ་གང་གི་དབང་དུ་བྱས་ནས་
ལྷན་ཅིག་བརྗོད་པར་འདོད་པ་དེའི་ཐ་དད་པ་མེད་པའི་ཕྱིར་སྒྲུབ་པར་བྱེད་པ་ལྡོག་པ་མེད་དེ། དཔེར་ན་དམག་སྡེ་རྣམས་གོ་ཆ་གྱོན་ནོ་འཁྲུག་གོ། །རྣམ་པར་རྒྱལ་ལོ་ཞེས་པ་ལྟ་བུའོ། །མ་ཡིན་ཞེས་པ་ལ་སོགས་པས་གཏན་ཚིགས་གྲུབ་པར་མཇུག་སྡུད་པར་བྱེད་དོ། །ཅི་ལྟར་ན་འཇུག་པ་ཐ་
མི་དད་པར་འགྱུར་བ་མ་ཡིན་ཞེ་ན་གསུངས་པ་དོན་མ་བརྗོད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྟེ། དམ་བཅའ་ལ་སོགས་པའི་ཡན་ལག་རྣམས་ནི་དོན་བརྗོད་པའི་མཚན་ཉིད་ཅན་གྱི་འཇུག་པ་སྟེ། དེ་ཡང་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་དོན་ལ་ཡོད་པ་མ་ཡིན་ཏེ། དེས་ན་དོན་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด