ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཥྚ་ཨཾ་ག་ཧྲྀ་ད་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๘ · หน้า 281a

གཞོན་ཤ་ཅན་ནི་ཡུན་རིང་དུ། །བཏང་སྙོམས་བོར་ནས་འཕྲལ་དུ་བསྐྱེད། །རྣ་ཤལ་སྐྲངས་ཤིང་ནད་བཅས་ལ། །དམར་ཞིང་འབྱར་བར་གྱུར་པ་ནི། །དེ་ནི་རླུང་གིས་འབྱར་ཞེས་བྱ། །གནོད་འགྱུར་རྒྱན་ལྕི་ཁུར་སོགས་ཀྱིས། །ཁྲག་དང་མཁྲིས་པ་འཁྲུགས་

གྱུར་པས། །དམར་ཞིང་ཚན་སྨིན་པ་དང་། །སྐྲང་དང་འབྲུམ་བུ་འབྲུམ་ཕྲན་དང་། །དམར་ཞིང་ཚལ་རྣགས་པ་ཡིན། །རླུང་དང་བད་ཀན་གྱིས་རྣ་ཤལ། །སྐྲང་ཞིང་ནད་མེད་སྲ་བ་དང་། །བརྟན་ཞིང་མདོག་འདྲ་གཡའ་བ་དང་། །དེ་ནི་མཉེ་བ་ཞེས་བྱར་བཤད། །ཕུག་ཉེས་རྣ་བ་བརྒྱངས་

པ་ལས། །གཡའ་བཅས་ཚ་གྲང་སྨིན་ཞིང་ན། །འདུས་པ་ལས་གྱུར་སྐྲངས་བ་དེ། །སྡུག་བསྔལ་འཕེལ་བྱེད་ཅེས་བྱའོ། །བད་ཀན་ཁྲག་གྱུར་སྲིན་བུ་ཕྲ། །གཡའ་ཞིང་གནག་ལ་རྣག་བཅས་པ། །སྲིན་བུ་ཕྲ་མོས་བལྡགས་ཞེས་བྱ། །དེ་མ་གསོས་ན་རྣ་ཤལ་ཟ། །དེ་ལས་

འདུས་གྱུར་པི་པི་ལིང་། །གཟེར་ཅན་གས་འཁུམས་གསོར་མི་རུང་། །རྒྱུད་ཅན་གཅིག་པུ་འཚོ་བ་ཙམ། །ལྷག་མ་རྣམས་ནི་གསོ་བར་བྱ། །དེ་ལྟར་རྣ་བའི་ནད་ཀྱི་ནི། །དབྱེ་བ་ཉི་ཤུ་རྩ་ལྔར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་

བཅུ་བདུན་པའོ།། །།དེ་ནས་རྣ་བའི་ནད་གསོ་བ་བཤད་པར་བྱའོ། །རླུང་ལས་གྱུར་པའི་རྣ་ནད་ལ། ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་བསྐོལ་མར་ནི་མཚན་མོ་བླུད། །རྣ་བ་དུགས་བྱས་དེ་རྗེས་ལ། །ཨ་ཤྭཏྠ་དང་ཨེ་རཎྜ། །བིལ་བ་ཨརྐའི་ལོ་མ་

དང་། །ཏིལ་མར་རྒྱམ་ཚར་བཅས་པ་དང་། །ཕུར་མ་བཙོ་བ་བྱས་པ་ཡི། །ཁུ་བ་དྲོ་འཇམ་ཙམ་མམ་ནི། །ལ་ཕུག་གུ་གུལ་རྣ་བ་དགང་། །རླུང་འཇོམས་སྡེ་ཚན་སྐྱུར་རྣམས་དང་། །གཅིན་གྱི་ནང་དུ་སྣུམ་ཆེན་ནི། །བསྐོལ་བ་དེ་ནི་རྣ་བའི་ནད། །མི་བཟད་པ་ཡང་མྱུར་དུ་སེལ། །རྩ་བ་ཆེན་

པོ་ལྔ་ཡི་ཤིང་། །གང་ཡང་རུང་བ་གསེ་མས་དཀྲི། །ཏིལ་མར་གྱིས་བསྐུས་འབར་བའི་རྩེ། །སྣུམ་འཛག་འཕྲལ་དུ་ནད་སེལ་བྱེད། །དེ་བཞིན་ཐང་ཤིང་རུ་རྟ་དང་། །སྒྲོན་ཤིང་ལས་ཀྱང་དེ་བཞིན་བྱ། །རླུང་ནད་ཆམ་པ་ལ་བཤད་པའི། །གསོ་བས་འདིར་ཡང་ཕན་པ་ཡིན། །

เล่ม ๑๙๘ · หน้า 281b

མགོ་བོ་བཀྲུ་དང་ཆུ་གྲང་བཏུང་། །ཉིན་མོའང་ཡོངས་སུ་སྤང་བར་བྱ། །མཁྲིས་གྱུར་ཁ་ར་དཀར་པོར་བཅས། །མར་གྱིས་སྣུམ་བྱས་བཀྲུ་སྨན་གཏང་། །རྒུན་འབྲུམ་ཤིང་མངར་ནུ་ཞོ་བསྐོལ། །རྣ་བ་བཀང་བའང་བསྔགས་པ་ཡིན། །ཤིང་མངར་ཙནྡན་དཱུར་བ་དཀར། །པུ་ཤེལ་

ཙེ་དང་ར་མཉེ་བ། །སེང་ཕྲོམ་པདྨའི་རྩ་བ་དང་། །པདྨའི་སྡོང་བུ་ཛི་བ་ཀ།།བཙོད་དང་ཐལ་ཏྲེས་བསྐོལ་བ་དང་། །ཤིང་མངར་ཁུ་བ་བྲེ་གང་དང་། །འོ་མ་བྲེ་དོ་བཅས་པ་དག །ཏིལ་མར་ཕུལ་གང་བསྐོལ་བ་དང་། །འདི་ཡིས་རྣར་བླུགས་རྣ་དགང་བསྐུ། །ཡང་ན་སྦྲང་རྩི་ཉི་ཚེས་དགང་། །

གཟེར་དང་ཚ་དང་ན་བ་སེལ། །ཤིང་མདང་ལ་སོགས་མར་དང་བཅས། །རྣ་བ་ཀུན་ཏུ་བྱུགས་ནའང་ཕན། །བད་ཀན་ལས་གྱུར་པི་པི་ལིང་། །མར་བསྐོལ་སྣུམ་གྱུར་སྐྱུག་ཏུ་གཞུག །བད་ཀན་སེལ་བའི་སྣ་སྨན་དང་། །མཁུར་བཀང་དུགས་དང་དུད་པ་བརྔུབ། །སྒོག་སྐྱ་སྒེའུ་

གཤེར་ཤི་ཀྲུ་དང་། །ལ་ཕུག་ཆུ་ཤིང་མུ་རང་ག །བསྐོལ་བའི་ཁུ་བ་དམ་པ་ནི། །དྲོ་འཇམ་རྣ་བར་བླུགས་ནའང་ཕན། །ཨརྐའི་མྱུ་གུ་སྐྱུར་ཁུར་བཏགས། །ཏིལ་མར་རྒྱམ་ཚར་བཅས་པ་གང་། །སྣུ་ཧའི་ཤིང་བུ་བྲུས་པར་ནི། །བཅུག་ལ་ཨརྐའི་ལོ་མས་གཡོགས། །ཕུར་

མ་བཙོས་པའི་ཚུལ་དུ་བསྲེག །དེ་ཡི་ཁུ་བ་གཟེར་འཇོམས་མཆོག །མ་དུ་ལུང་གའམ་ཀ་པིད་ཏའི། །ཁུ་བས་བཀང་བ་བྱས་ནའང་ཕན། །ཡང་ན་ཚས་བཀང་དེ་རྗེས་ལ། །རྒྱ་མཚོའི་ལྦུ་བའི་ཕྱེ་མས་གདབ། །ར་ལུག་གཅིན་དང་འོད་མའི་ཤུན། །ཏིལ་མར་བསྐོལ་བས་

བཀང་ན་ཕན། །ཡང་ན་ཉུངས་མར་ཤིང་ཀུན་དང་། །ཨེ་རཎ་དོང་གྲ་བསྐོལ་བ་བླུགས། །ཁྲག་གྱུར་མཁྲིས་པ་ལྟ་བུར་གསོ། །གཏར་ག་མྱུར་དུ་གདབ་པར་བྱ། །སྨིན་ཞིང་རྣ་བ་ཁྲག་འཛག་ལ། །དུད་པ་མཁུར་བཀང་སྣ་སྨན་སྦྱར། །སྦུ་གུའི་ཆོ་ག་དག་དང་ནི། །རྨ་རེད་ཆོ་ག་

གང་ཡིན་བྱ། །གོས་པར་ཡེའུས་དུས་གཉིས་སུ། །རྣ་བ་ཕྱི་ཞིང་དག་པར་བྱ། །གུ་གུལ་དུད་པས་བདུགས་ནས་ཀྱང་། །སྦྲང་རྩི་ཡིས་ཀྱང་དགང་བར་བྱ། །བྱེའུ་རུག་ཁུ་བ་བསྐོལ་བ་དང་། །བུ་རམ་ཁུ་བས་བསྐོལ་བ་ཡི། །རས་བལ་ཡེའུ་རབ་ཕྲས་བྱུག །དེ་ཡི་ཕྱེ་མ་གདབ་

เล่ม ๑๙๘ · หน้า 282a

པར་བྱ། །གཟེར་དང་རྣགས་དང་ལྕི་བ་ལ། །ཆོ་ག་འདིས་ནི་བཟློག་པར་བྱ། །པྲི་ཡངྐུ་དང་ཨམ་པཤྠ། །ཤིང་མངར་དང་ནི་ད་ཏ་ཀི །ཨུཏྤ་ལ་ཡི་ལོ་མ་དང་། །བཙོད་དང་སེང་ཕྲོམ་རྒྱ་སྐྱེགས་དང་། །ཀ་པིད་ཏ་ཡི་ཁུ་བ་དང་། །ཏིལ་མར་བསྐོལ་ཏེ་དེ་བླུགས་

ན། །རྣག་འཛག་པ་ནི་མྱུར་འཆད་བྱེད། །སྒྲ་བཅས་འོན་པ་དག་ལ་ནི། །རླུང་གི་གཟེར་འཇོམས་སྨན་གཏང་བྱ། །བད་ཀན་ལས་གྱུར་བད་ཀན་ནི། །སློན་སྨན་སོགས་ཀྱིས་དང་བོར་བསལ། །ཨེ་རཎྜ་དང་ཤི་ཀྲུ་དང་། །ལ་ཕུག་གཞོན་ནུའི་ལོ་མ་དང་། །ཁུ་བ་ཏིལ་མར་བཞི་

འགྱུར་དང་། །ལོ་མ་བརྒྱད་འགྱུར་བཅས་པ་དང་། །ཤིང་མངར་རམ་ཉེ་བའི་ལྡེ་གུ། །བཅས་པར་བསྐོལ་བ་རྣར་བླུགས་དང་། །བསྐུ་དང་རྣ་བ་བཀང་བ་ཡིས། །སྒྲ་བཅས་འོན་དང་གཟེར་བ་འཇོམས། །ཤིང་ཀུན་བོང་ང་དཀར་པོ་དང་། །ཤུ་ཏི་སྐྱེར་ཤུན་ས་རྫི་ཀ །ཏིལ་མར་

ཚ་དང་བཅས་བསྐོལ་བས། །བཀང་ན་གཟེར་དང་ཆུ་སེར་འཛག །སྒྲ་བཅས་འོན་པ་སེལ་བར་བྱེད། །རྣ་བ་སྒྲ་དང་བཅས་པ་ལ། །ཉུངས་མར་གྱིས་ནི་བཀང་ན་ཕན། །ལ་ཕུག་སྐམ་པའི་དུམ་བུ་ཡི། །ཐལ་བ་ཤིང་ཀུན་བཅའ་སྒ་དང་། །ཤུ་ཏི་རུ་རྟ་ཤུ་དག་དང་། །ཐང་ཤིང་ཤི་ཀྲུ་

སྐྱེར་ཁཎྜ། །ཡ་བཀྵ་ར་རྩབས་རུ་ཚ། །རྒྱམ་ཚ་རྔུལ་ཚ་སརྫི་ཀ །སྟག་པའི་ཚེར་མ་ཁ་རུ་ཚ། །གླ་སྒང་རྒུན་ཚ་བཞི་འགྱུར་དང་། །ཁ་ལུང་ཁུ་བ་དེ་དང་འདྲ། །ཆུ་ཤིང་ཁུ་བ་མཉམ་བསྐོལ་བའི། །ཏིལ་མར་བཀང་བས་རྣ་བའི་ནད། །གཡའ་དང་སྒྲ་བཅས་འོན་པ་དང་། །རྣག་

འཛག་གཟེར་ཞིང་སྲིན་བུ་ཅན། །ཤིན་ཏུ་གསོ་དཀའ་ཐལ་སྨན་གྱི། །ཏིལ་མར་གྱིས་ནི་མྱུར་དུ་འཇོམས། །ཁ་དང་སོ་ཡི་ནད་ལའང་ཕན། །དེ་ནས་ཚོར་བ་མེད་པ་ལ། །ཉེ་བ་ལ་ནི་གཏར་ག་གདབ། །སྐྲང་ཞིང་རྣགས་ལ་ཐོས་པ་ནི། །མི་གསལ་གྱུར་ལ་སྐྱུག་སྨན་བཏང་། །བྱིས་

པ་རྒན་དང་ཡུན་རིང་དུ། །ལོན་པའི་འོན་པ་སྤང་བར་བྱ། །སྒྲ་བཅས་རྣགས་པར་གྱུར་པ་ལ། །སྣུམ་དང་དུགས་བྱས་དག་པར་བྱ། །རྣ་བ་སྦྱངས་ནས་དེ་རྗེས་ལ། །རྣ་བ་སྦྱངས་པའི་ཏིལ་མར་དག །ཁ་ལུང་ཁུ་བ་རྒྱམ་ཚ་དང་། །ཚ་དང་སྦྲང་རྩིར་བཅས་པའང་བླུགས། །དག་བྱས་

เล่ม ๑๙๘ · หน้า 282b

རྩུབ་པར་གྱུར་ན་ནི། །མར་གྱི་ཉིང་ཁུས་དགང་བར་བྱ། །རིམ་འདི་རྣ་སྤབས་གང་ལའང་བྱ། །གཡའ་དང་སྐྲང་ལ་རྣ་སྨན་སོགས། །བད་ཀན་སེལ་བར་བྱེད་པ་ཕན། །སྐྲང་ལ་ཚྭ་དང་དྲོ་བས་བྱུག །རྣ་བ་རྣག་འཛག་འབུ་ཅན་ལ། །རྣ་བ་ཆུ་འཛག་གསོ་བར་བྱ། །མཆོག་ཏུ་རྣ་

ནད་སྲིན་ཅན་ལ། །ཉུངས་མར་དྲོན་པོ་བླུགས་པར་བྱ། །རྣ་བའི་འབྲས་ལ་ཁོང་འབྲས་ཀྱི། །གསོ་བ་དང་ནི་སྐྱུག་སྨན་གཏང་། །སྣད་པའི་ཁོང་འབྲས་གསོ་བ་ནི། །མཁྲིས་གྱུར་རྣ་གཟེར་གསོ་བར་བྱ། །འབྲུམ་པ་ཐོར་བུ་སྣ་ལྟར་བྱ། །རྣ་བ་གས་པ་མ་སྨིན་ལ། །རྣ་བའི་ཁོང་འབྲས་

ལྟར་གསོ་ཞིང་། །ནད་གཞི་ཇི་བཞིན་ལས་ཀྱང་བྱ། །རྣ་ཤལ་སྐམ་ལ་རླུང་གཟེར་ལྟར། །རྣ་སྨན་བསྐུ་བ་ལ་སོགས་བྱ། །དུགས་བྱ་སྙི་བར་གྱུར་པ་ན། །རྣ་ཤལ་ཏིལ་མར་བསྐུས་ཤིང་མཉེ། །ཤིང་མངར་པི་ལ་ཡའི་ས་བོན། །ཨ་ཤྭ་གནྡྷ་ནས་བཅས་བསྐུ། །དེ་ནས་

རྒྱས་བྱེད་སྣུམ་གྱིས་ནི། །བསྐུ་བ་རྟག་ཏུ་བསྟེན་པར་བྱ། །ཉེ་ཤིང་ཨ་ཤྭ་གནྡྷ་དང་། །ཨེ་རཎྜ་དང་པ་ཡ་སྱ། །ཛི་བ་ཀ་དང་འོ་མར་བཅས། །ཏིལ་མར་བསྐོལ་བས་བསྐུ་བ་ནི། །རྣ་ཤལ་རྒྱས་བྱེད་མཆོག་ཡིན་ནོ། །འཚོ་བྱེད་སྡེ་ཚན་ལྡེ་གུ་དང་། །རླན་ཅན་ཤ་ནི་བསྐོལ་བ་

དག །རྣ་ཤལ་འཕེལ་ཞིང་རྒྱས་བྱེད་ཡིན། །རྣ་ཤལ་རབ་ཟད་བཅད་པས་ནི། །ལྷག་མ་སྦྱར་ལ་གསོ་ཞིང་བསྐྱེད། །དེ་བཞིན་རྒྱུད་འདྲ་འཚོ་ཙམ་བྱ། །འབྱོར་བ་ལ་ཡང་ཆོ་ག་འདི། །གནོད་གྱུར་བསིལ་སྨན་བསྐུ་བ་དང་། །སྲིན་བུ་པད་པས་ཁྲག་དབྱུང་བྱ། །འཛམ་བུ་ཨ་མྲའི་ལོ་མ་

དང་། །བ་ལ་ཤིང་མངར་སེང་ཕྲོམ་ཏིལ། །བཙོད་དང་ཨུཏྤལ་ཀ་དམ་པ། །ཐལ་ཏྲེས་ཏིལ་མར་བཅས་པ་དང་། །སྐྱུར་རྩ་བས་བཅས་པར་བསྐོལ་བ་འདི། །ཏིལ་མར་བསྐུ་བར་བྱ་བ་དང་། །མེ་དབལ་སྐབས་བཤད་མར་གྱིས་བསྐུ། །མཉེ་བ་གོ་ཏ་ཀརྐ་ཏ། །ཞག་དང་བཅས་པའི་

ཏིལ་མར་དང་། །ཏ་ལའི་ལོ་མ་ཨརྐ་དང་། །ཨ་ཤྭ་གནྡྷ་བྱེའུ་རུག་པ། །སོ་མ་ར་ཛ་འབྲས་བུ་དང་། །རྒྱམ་ཚ་ལང་ཀ་ལིར་བཅས་བསྐོལ། །ཏིལ་མར་བསྐུ་བར་བྱ་བ་དང་། །རྣ་སྨན་རྣོན་པོ་གཏང་བར་བྱ། །དབུག་ཉེས་པ་ལ་ཨ་སྨན་ཏ། །འཛམ་བུ་ཨ་མྲའི་ལོ་མ་ནི། །བསྐོལ་བའི་

เล่ม ๑๙๘ · หน้า 283a

ཁུ་བ་བླུགས་པར་བྱ། །རྣ་ཤལ་ཏིལ་མར་གྱིས་བསྐུ་ཞིང་། །ཤིང་མངར་བཙོད་དང་སྟག་ཚེར་བ། །ཡུང་བའི་ཕྱེ་མ་ཞིབ་པོ་གདབ། །རྒྱ་སྐྱེགས་བྱི་དང་ག་བསྐོལ་བའི། །ཏིལ་མར་གྱིས་ནི་བསྐུས་ན་ཕན། །སྲིན་བུས་ཟོས་ལ་བའི་ལྕི་བས། །

ལན་མང་དུ་ནི་དུགས་བྱས་ལ། །བྱི་དང་ག་ཡི་སྙིང་པོ་ནི། །ལུག་གི་གཅིན་སྦྱར་ལྡེ་གུས་བསྐུ། །དུག་མོ་ཉུང་དང་ཨིང་གུ་དང་། །ཨེ་རཎྜ་ཡི་ས་བོན་དང་། །དོང་གའི་ཤུན་པ་ལྡེ་གུས་བསྐུ། །ཡང་ན་དེ་དག་ནིམ་པ་ཡི། །ལོ་མ་ན་ལེ་ཤམ་དང་བཅས། །སྦྲང་རྩིའི་ལྡེ་གུས་རྨ་ལ་

བསྐུ། །རྣ་བ་ཆད་ལ་སྦྱང་བྱས་ཏེ། །སྐྱོན་མེད་ཁྲག་དང་དེ་འཚམ་པའི། །བཅིང་བ་དག་གིས་སྦྱར་བར་བྱ། །སྦྱར་ནས་འཕྲལ་བཅད་སྦྱང་བར་བྱ། །དེ་ནས་སྐྲ་མཐར་མདུད་བྱས་ཏེ། །རྣ་ཤལ་བཅད་དང་ཞལ་ཞལ་བྱ། །བཅད་པ་དང་ནི་བསྲུང་བར་བྱ། །མཚམས་ནི་མཉམ་

པར་སྦྱར་བྱ་ཞིང་། །མཐོན་དམན་མེད་པ་ཉིད་དུ་བྱ། །ཞུན་མར་དང་ནི་སྦྲང་རྩིས་བྱུག །རས་བལ་གྱིས་ནི་གླན་པ་དང་། །སྐུད་པས་དམ་ལྷོད་རན་པར་བཅིང་། །རྨ་ཡི་ཁྲག་ནི་བཅད་པ་ཡི། །སྨན་གྱི་ཕྱེ་མས་གདབ་བྱ་ཞིང་། །སྤྱོད་པ་དེ་ལ་བསྟེན་པར་བྱ། །ཞག་བདུན་

ནས་ནི་མ་བཙེས་པའི། །ཏིལ་མར་བསྐུས་ལ་རས་བལ་དགྲོལ། །ལེགས་འབྱོར་སྤུ་སྐྱེས་པ་དང་། །མཚམས་འབྱོར་མཉམ་ཞིང་བརྟན་པ་དང་། །ཚད་ལྡན་ནད་ནི་མེད་པ་དང་། །རིམ་གྱིས་རྣ་བ་སྐྱེད་པར་བྱེད། །ཉ་ལྕིབས་ཁ་སྲལ་ཕྲེའུ་དང་། །པྲི་ཧ་ཏི་འབྲས་སེར་པོ་གཉིས། །

བ་ལ་ཧ་ཏི་པི་པི་ལིང་། །ཨ་ཤྭ་གནྡྷ་ཉུངས་ཀར་སེར། །ཀོ་ཤ་ཏ་ཀའི་རྩ་བ་དང་། །ཀ་ར་བཱི་ར་རུ་ཤིག །ལོ་མ་བདུན་པ་བིལ་བ་ལ། །ས་ནག་སྦྲང་མའི་གནས་དང་ནི། །བྱེའུ་ཆུ་སྐྱེས་སྲིན་བུའི་ཤ །དེ་བཞིན་སེང་ཕྲོམ་སྡོང་བུ་རྣམས། །འདི་དག་ལྡེ་གུ་ཏིལ་མར་བཅས། །མ་ཧེའི་

མར་དང་གླང་པོ་རྟའི། །གཅིན་དང་བཅས་པར་བསྐོལ་བ་ནི། །བསྐུས་ན་རྣ་བ་འཕེལ་བྱེད་མཆོག །དེ་ནས་ན་ཚོད་ལྡན་པ་ཡི། །སྦྱང་བ་བྱས་ནས་རྣ་ཆད་གསོ། །སྣ་དང་མཉམ་པའི་ཤ་ལྤགས་ནི། །མཁུར་ཚོས་ལས་ནི་བཅད་ནས་ཀྱང་། །རྣ་དང་ཉེ་བའི་ཤ་ལྤགས་ནི། །སྲབ་མོ་

เล่ม ๑๙๘ · หน้า 283b

ཉིད་དུ་བཞར་བར་བྱ། །དེ་ནས་རས་བལ་བཅས་པ་ཡི། །ཁབ་ཀྱིས་མཁུར་བ་བཙེམ་པར་བྱ། །སྣ་བཅད་མཚོན་གྱིས་བཞར་ནས་ནི། །མཁུར་ཚོས་ལས་བཅད་པགས་པ་ཡིས། །སྣ་ནི་ལགས་མོར་བཙེམ་པར་བྱ། །ཁ་ཡི་དབུགས་ནི་དབྱུང་བའི་ཕྱིར། །སྣར་ནི་སྦུ་གུ་ཅན་

གཞུག་བྱ། །དེ་རྗེས་ཏིལ་མར་སློན་པར་བསྐུ། །རྨ་ནི་སྦྲང་རྩིར་སྦྱར་བས་བསྐུ། །ཁྲག་བཅད་པ་ཡི་སྨན་གཞན་ཡང་། །ཞིབ་ཏུ་བཏགས་པའི་ཕྱེ་མས་གདབ། །དེ་ནས་མར་དང་སྦྲང་རྩིས་བསྐུ། །བཅིངས་ལ་སྤྱོད་པ་བསྟན་པར་བྱ། །དེ་ནས་གནས་སྐབས་ཤེས་བྱས་ནས། །

རྨ་གསར་གསོ་བའི་ཆོ་ག་བྱ། །རྨ་འབྱོར་སྣ་ཡི་ཉེ་འཁོར་གྱི། །ཤ་ལྷག་ལེགས་པར་གཅད་པར་བྱ། །དེ་ནས་ཤིན་ཏུ་ཞིབ་ཏུ་བཙེམ། །དམའ་བ་དག་ཀྱང་བསྐྱེད་པར་བྱ། །བཅད་མ་ཐག་ལ་ཅི་རིགས་པར། །བཞག་སྟེ་ཆོ་ག་འདི་ཉིད་བྱ། །མཆུ་བཅད་པ་ལ་སྦུ་གུ་དག །མ་གཏོགས་

སྣ་སྦྱར་བཞིན་དུ་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་སྣ་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །བ་མོ་རླུང་དང་རྡུལ་དང་ནི། །སྨྲ་དྲགས་གཉིད་ལོག་གཉིད་ཡར་དྲགས། །སྔས་ནི་མཐོ་དང་

དམའ་དྲགས་དང་། །ཆུ་གཞན་འཐུངས་པར་གྱུར་པ་དང་། །ཆུ་མང་འཐུངས་དང་ཉལ་པོ་དང་། །སྐྱུགས་དང་མཆི་མ་བཀག་པ་ཡིས། །རླུང་ཤས་ཆེ་བའི་ནད་འཁྲུགས་ནས། །སྣ་ནི་སྲ་བ་ཉིད་འགྱུར་ཞིང་། །ཆམ་པ་སྐྱེད་པར་བྱེད་པ་ཡིན། །འཕེལ་ན་ཟད་པ་སྐྱེད་པར་བྱེད། །དེ་ལ་རླུང་

གྱུར་ཆམ་པ་ནི། །ཁ་སྐམ་སྦྲིད་པ་དྲག་ཏུ་འབྱུང་། །སྣ་འགགས་ཟུག་ཅིང་ན་བ་དང་། །མུར་འགྲམ་སོ་དང་ཀླད་པ་དང་། །སྨིན་མ་ནས་ནི་སྣ་རྩེའི་བར། །སྲིན་བུ་རྒྱུ་བ་སྙམ་དུ་སེམས། །སྐད་འགགས་རིང་ནས་སྨིན་པ་དང་། །མཆིལ་སྣབས་གྲང་བར་འཛག་པ་ཡིན། །མཁྲིས་གྱུར་

སྐོམ་དད་རིམས་ཀྱིས་འདེབས། །མགོ་འཁོར་སྣ་ནང་འབྲུམ་པ་འབྱུང་། །སྣ་རྩེ་གནག་ཅིང་དྲོ་ལ་རྩུབ། །མཆིལ་སྣབས་དམར་སེར་འཛག་པ་ཡིན། །བད་ཀན་ལུད་པ་དབུགས་མི་བདེ། །སློན་ཞིང་ལུས་ལྕི་ཡི་ག་འཆུས། །ཁ་མངར་བྲོ་ཞིང་གཡའ་བ་དང་། །མཆིལ་སྣབས་སྣུམ་

เล่ม ๑๙๘ · หน้า 284a

དཀར་སྐ་བ་འཛག །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །རྒྱུ་མེད་འཕེལ་དང་འགྲིབ་པར་བྱེད། །ནད་ཁྲག་སྣ་ཡི་རྩར་ཞུགས་ནས། །ཆམ་པས་འདེབས་པར་བྱེད་འགྱུར་བ། །བྲང་ན་ཚོར་བ་མེད་པ་དང་། །མིག་དམར་དབུགས་ཀྱི་དྲི་མི་ཞིམ། །མིག་དང་རྣ་བ་

སྣ་གཡའ་ཞིང་། །འདི་ནི་མཁྲིས་གྱུར་མཚན་ཉིད་ལྡན། །ཆམ་པ་ཐམས་ཅད་མ་གསོས་ན། །གནོད་པ་མི་བཟད་སྐྱེད་བྱེད་འགྱུར། །ཇི་སྐད་བཤད་པའི་བླ་བརྣན་ནི། །འཕེལ་བས་དབང་པོ་ཀུན་གནོད་བྱེད། །མེ་དྲོད་ཉམས་ཉེས་དབུགས་མི་བདེ། །ལུད་པ་བྲང་དང་རྩིབ་ལོགས་ཟུག །

གློ་བུར་དུ་ནི་ཤས་ཆེར་འཁྲུགས། །ཁ་དྲི་ང་ཞིང་སྐམ་པར་བྱེད། །སྣ་ནང་འདྲུལ་ཞིང་སྐམ་པ་དང་། །ཡང་ཡང་སྣ་འགགས་དག་པར་བྱེད། །སྣབས་ནི་རྣག་འདྲ་དཀར་ཞིང་དམར། །དུད་པ་ཅན་ནི་འཛག་པར་འགྱུར། །འདི་ལ་སྲིན་བུ་སྣུམ་ཞིང་རིང་། །དཀར་ཞིང་ཕྲ་བ་འབྱུང་བར་

བཤད། །དེ་སྨིན་མཚན་མ་ལུས་ཡང་ཞིང་། །སྦྲིད་པ་ཞི་བར་གྱུར་པ་དང་། །སྣབས་ནི་སྦྱིན་ཞིང་སེར་བ་དང་། །དྲི་དང་རོ་ནི་ཚོར་བ་ཡིན། །སྣར་ནི་རྣོན་པོ་བརྔུབས་པ་དང་། །ཉི་འོད་སྐུད་པ་རྩ་སོགས་དང་། །རླུང་འཁྲུགས་བྱེད་པ་གཞན་གྱིས་ཀྱང་། །སྣ་ཡི་མཚུལ་པར་ཞུགས་གྱུར་

པས། །བསྐྱོད་དེ་རླུང་ནི་འཁྲུགས་གྱུར་པ། །སུམ་མདོར་ཞུགས་འགྱུར་འགགས་ནས་ནི། །ལྡོག་ནས་མི་བཟད་སྦྲིད་པ་ནི། །སྣབས་འཛག་བཅས་པར་སྐྱེད་པར་བྱེད། །སྣ་ཡི་བུ་ག་སྐམ་བྱེད་ཅིང་། །རླུང་གིས་བད་ཀན་སྐྱེད་པར་བྱེད། །སྣ་ནང་གྲ་མས་གང་སྙམ་སེམས། །དབུགས་

འབྱུང་དཀའ་བར་གྱུར་པ་དེ། །སྣ་སྐམས་པ་ཞེས་བྱ་བར་བཤད། །སྣ་རྒྱས་པ་ནི་འབྱུང་འགྱུར་བ། །སྣ་ནི་བཀག་པ་འདྲར་སེམས་ཤིང་། །རླུང་གིས་འགག་པར་བྱེད་པར་འགྱུར། །དབུགས་འབྱུང་དབུགས་རྔུབ་འགགས་པ་ལས། །བུ་ག་གདངས་པ་ལྟ་བུ་ཡིན། །མཁྲིས་པས་སྣ་

ཁུང་རྣགས་གྱུར་པ། །ཤ་ལྤགས་ཚ་ཞིང་གཟེར་དང་བཅས། །དེ་ནི་སྣ་ཡི་ཤུ་བར་བཤད། །བད་ཀན་ལས་གྱུར་ཆུ་སེར་ནི། །ཆུ་འདྲ་རྒྱུན་དུ་འཛག་པ་དང་། །མཆོག་ཏུ་མཚན་འཛག་དེ་མིང་ཅན། །བད་ཀན་འཕེལ་བས་སྣ་ཁུང་དུ། །བུ་ག་འགགས་ཤིང་ཆམ་པ་སྐྱེད། །དབུགས་

เล่ม ๑๙๘ · หน้า 284b

ནི་ངར་ངར་པོར་འབྱིན་ཞིང་། །ཆམ་པ་ལས་ཀྱང་ནད་ཚབས་ཆེ། །སྣ་ལས་ལུག་ལྟར་རྣག་འཛག་ཅིང་། །རྒྱུན་དུ་སྦྱིན་བག་སེར་པོ་དང་། །སྨིན་མའི་རྣག་ནི་འཛག་འགྱུར་ཞིང་། །དེ་ཡི་སྣ་ནི་སྣབས་བཅས་ཡིན། །ཁྲག་གི་སྣ་ནི་ཚིག་སྙམ་སེམས། །ཕྱི་དང་ནང་དུ་རེག་མི་བཟོད། །དུ་

བ་ལྟ་བུའི་དབུགས་འབྱིན་པ། །བསྲེགས་འདྲ་དེ་ནི་འབར་བ་ཡིན། །རྐན་གྱི་ཕུགས་སུ་ནད་འཁྲུགས་པས། །རླུང་ནི་ཁ་དང་སྣ་ནས་འབྱུང་། །མཆིལ་སྣབས་དྲི་ང་འབྱུང་འགྱུར་བ། །དེ་ནི་སྣ་ནད་རུལ་པ་ཡིན། །འདུས་པའམ་སྣད་པ་ལས་གྱུར་པའི། །རྣག་དང་ཁྲག་ནི་སྣ་ནས་འཛག །

མགོ་བོ་ཚ་ཞིང་ན་བྱེད་པ། །དེ་ནི་རྣག་ཁྲག་ཅན་ཞེས་བཤད། །རླུང་གིས་མཁྲིས་པ་བད་ཀན་དག །སྣ་ནི་སྐམས་པར་གྱུར་པ་ལས། །བད་ཀན་སྐམས་ཏེ་གོང་པོར་གྱུར། །དེ་ནི་བསྒོངས་པ་ཞེས་བྱའོ། །འབྲུམ་བུ་ཐོར་བུ་ནད་གཞི་ཡི། །མཚན་ཉིད་ཅི་འདྲ་དག་ལས་དབྱེ། །ཀུན་

ལས་དབུགས་འབྱུང་དཀའ་བ་དང་། །རྒྱུན་དུ་ཆུ་འཛག་སྦྲིད་པ་འབྱུང་། །སྣ་འགགས་ལྟ་བུར་སྨྲ་བ་དང་། །སྣ་ནས་རྣག་འཛག་ཀླད་པ་ན། །དེ་ལྟར་རྣམ་པ་བཅོ་བརྒྱད་ལས། །ཆམ་པ་མ་རུངས་འཚོ་བ་ཙམ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་

བཅུ་དགུ་བའོ།། །།དེ་ནས་སྣ་ནད་གསོ་བ་བཤད་པར་བྱའོ། །སྣ་ནད་ཀུན་ལས་དང་པོར་ནི། །རླུང་མེད་ཁང་པར་འདུག་ནས་ནི། །སྣུམ་ཆོས་དུགས་དང་སྐྱུག་སྨན་དང་། །དུད་པ་བརྔུབ་དང་མཁུར་བཀང་བསྟེན། །གོས་ནི་ལྕི་ཞིང་དྲོ་བ་བགོ །མགོ་བོ་ཤིན་ཏུ་མཐུག་པས་དཀྲི།

ཁ་ཟས་ཡང་སྐྱུར་ལན་ཚྭ་སྣུམ། །དྲོ་བ་དང་ནི་བསྐ་བ་བཟའ། །བུ་རམ་འོ་མ་སྐམ་སའི་ཤ །ལན་ཚྭ་ཚ་བ་གསུམ་ཤས་ཆེ། །ནས་དང་གྲོ་ནི་མང་པོ་དང་། །ཞོ་དང་སེ་འབྲུའི་ཁུ་བ་བསྟེན། །ལ་ཕུག་གཞོན་ནུའི་ཁུ་བ་དང་། །ཀུ་ལངྠ་ཡི་ཁུ་བའང་བསྔགས། །རྩ་བཅུའི་ཁུ་བ་དྲོ་འཇམ་

མམ། །ཆང་སྙིང་དངས་མ་བླུད་པར་བྱ། །ཙ་རོང་ཨགྣི་མནྠ་དང་། །ཤུ་དག་ཟི་ར་གོ་སྙོད་སྣོམ། །བལ་བུའི་ལོ་མ་ཚ་བ་གསུམ། །དབྱི་མོ་ད་ཏྲིག་སྟར་བུ་དང་། །ཟིར་ཙི་ཏྲ་སྲང་གཉིས་གཉིས། །ཤིང་ཚ་གནྡྷ་བྷ་ད་དང་། །སུག་སྨེལ་ཞོ་ནི་གཉིས་གཉིས་དང་། །བུ་རམ་རྙིང་པ་སྲང་

เล่ม ๑๙๘ · หน้า 285a

ལྔ་བཅུ། །བསྐོལ་ཏེ་རི་ལུར་བྱས་པ་ནི། །ཟོས་ན་ཆམ་པ་དབུགས་མི་བདེ། །ལུད་པ་ལུ་བ་འཇོམས་བྱེད་ཅིང་། །སྐད་སྙན་ཡི་ག་འབྱེད་མཆོག་ཡིན། །ཤུ་ཏིའི་ཤུན་པ་བ་ལ་དང་། །སོ་ན་ཀ་དང་ཨེ་རཎྜ། །བིལ་བའི་རྩ་བ་དོང་གྲར་བཅས། །ཞག་མར་སྤྲ་ཚིལ་

དུད་པ་བརྔུབ། །ཡང་ན་ཕྱེ་དང་མར་དང་བཅས། །ཁམ་ཕོར་སྦྱར་བའི་ནང་དུ་བཅུག །བསྲེགས་པའི་དུད་པ་བརྔུབ་པར་བྱ། །ཁྲུས་དང་མྱ་ངན་ཁྲོ་བ་དང་། །ཤས་ཆེར་གཉིད་ལོག་ཆུ་གྲང་སྤང་། །རླུང་གྱུར་ཆམ་པ་རླུང་འཇོམས་པའི། །སྨན་ནི་བསྐོལ་བའི་ཁུ་བའམ། །ལན་ཚྭ་ལྔ་ནི་བསྐོལ་

བའམ། །བི་ད་རི་སོགས་སྡེ་བསྐོལ་བླུད། །དུགས་དང་སྣ་སྨན་ལ་སོགས་བྱ། །གཞོགས་བྱེད་ནར་བཤད་གསོ་བའང་བྱ། །ཁྲག་མཁྲིས་ལས་གྱུར་ཐུག་པ་ནི། །མར་སར་མངར་བའི་སྨན་བསྐོལ་བླུད། །སྨན་ཆུ་བླུགས་ཤིང་བྱུག་པ་དང་། །ནུས་བསིལ་གྲང་མོ་དག་གིས་

བྱ། །ད་བའི་ཤུན་པ་འབྲས་བུ་གསུམ། །ཤི་རི་པརྞི་པྲི་ཡདྐུ། །ཤིང་མངར་སེང་ཕྲོམ་ཏིལ་མར་གྱི། །བཅུ་འགྱུར་འོ་མ་སྐྱེར་བར་བཅས། །བསྐོལ་བའི་སྣ་སྨན་གཏང་བར་བྱ། །བད་ཀན་ལས་གྱུར་སྨྱུང་བ་དང་། །ཡུངས་ཀར་ལྡེ་གུས་མགོ་བསྐུའམ། །ཐལ་སྨན་བཅས་པའི་

མར་བླུད་དེ། །སློན་གཞུག་རྒྱམ་ཚ་ཚ་བ་གསུམ། །བྱི་དོང་ག་དང་དུག་མོ་ཉུང་། །ཟི་ར་ར་གཅིན་སྦྱར་བ་ཡི། །སྣ་སྨན་དག་ནི་གཏོང་བར་བྱ། །འདུས་གྱུར་ཚ་དང་རྣོ་སྦྱར་བའི། །མར་གྱི་སྣ་སྨན་བླུགས་པས་གསོ། །གཅོང་ཆེན་སྲིན་གསོའི་རིམ་གྱིས་ནི། །ཆམ་པ་མ་རུང་འཚོ་ཙམ་

བྱ། །ཚ་བ་གསུམ་དང་ཨེ་རཎྜ། །ཐང་ཤིང་རུ་རྟ་བྱི་དོང་ག །བོང་ང་དཀར་པོ་ཨིང་གུ་དང་། །དུར་བྱིད་པར་ཏ་ཀའི་ས་བོན། །ཉུངས་ཀར་ཉེའུ་འཕྲལ་རུས་པ་དང་། །ཨགྷི་མནྡྲའི་མེ་ཏོག་དང་། །པི་ལུ་ཤི་ཀྲུའི་ས་བོན་དང་། །རྟ་སྦངས་ཁུ་བ་གཅིན་དང་ནི། །གླང་པོའི་གཅིན་དང་གཅིག་ཏུ་

སྦྱར། །ཟར་མའི་སྐུད་དཀྲིས་རེང་བུ་ཡི། །དུད་པ་ཁ་དང་སྣ་ནས་བརྔུབ། །སྨིན་དང་སྦྲིད་པ་འབྱུང་ཞེས་པ། །སྣ་སྨན་རྣོན་པོ་བུད་པས་ཕན། །བཅའ་སྒ་རུ་རྟ་པི་པི་ལིང་། །རྒུན་འབྲུམ་བྱི་དོང་གའི་ལྡེ་གུ། །མར་རམ་ཏིལ་མར་བཅས་བསྐོལ་བའི། །སྣ་སྨན་སྦྲིད་པ་རྣགས་པ་སེལ། །

เล่ม ๑๙๘ · หน้า 285b

སྣ་སྐམས་པ་ལ་བ་ལའི་མར། །བཏུང་སོགས་ཤ་ཁུར་སྦྱར་བ་བཟའ། །སྣུམ་གྱི་དུད་པ་དུགས་ཀྱིས་གསོ། །སྣ་རྒྱས་ལ་ཡང་ཆོ་ག་འདིའོ། །སྣ་རྣགས་འབར་ལ་མཁྲིས་འཇོམས་སྨན། །ཆུ་འཛག་སྣ་སྨན་སོགས་རྣོས་བྱ། །རྣགས་ཅན་ལ་ནི་བད་ཀན་གྱི། །གསོ་བ་དང་ནི་འདྲ་བར་

བྱ། །རྒྱ་སྐྱེགས་དང་ནི་ཀརཉྫ། །ན་ལེ་ཤམ་དང་བྱི་དང་ག །ཤིང་ཀུན་བུ་རམ་པི་པི་ལིང་། །ལུག་ཐུག་གཅིན་སྦྱར་སྣ་སྨན་ནི། །སློན་བྱས་འོག་ཏུ་གཏང་བར་བྱ། །ཤི་ཀྲུ་དནྡ་བྲི་ཧ་ཏི། །ཚ་བ་གསུམ་དང་ལྕེ་མྱང་ཚ། །བྱེའུ་རུག་ཕ་དང་བྱི་དང་ག། །ཏིལ་མར་བསྐོལ་བའི་སྣ་སྨན་ཡང་། །

བཏང་ན་མཆོག་ཏུ་ཕན་པ་ཡི། །རྣག་དང་ཁྲག་ཅན་སར་པ་ནི། །ཁྲག་གི་ཆམ་པ་ལྟ་བུར་གསོ། །ཤིན་ཏུ་འཕེལ་ལ་རྨ་འཁྱིམས་ལྟར། །འབྲུམ་བུ་རྨེན་བུ་ཚ་བ་ལ། །དན་ཏི་དུར་བྱིད་ལྕེ་མྱང་ཚ། །ལྡོང་རོས་དང་ནི་བི་པི་ལིང་། །ཙི་ཏྲ་ཀ་ཡི་ལྡེ་གུ་ནི། །མར་དང་སྦྲང་རྩིར་སྦྱར་བ་ཡི། །

རེང་བུ་སྣར་ནི་གཞུག་པར་བྱ། །ཤི་ཀྲུ་ལ་སོགས་སྣ་སྨན་ཡང་། །རྣག་ཅན་གསོ་བའི་སྐབས་སུ་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་པའོ།། །།དེ་ནས་ཁ་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །ཉ་དང་མ་

ཧེ་ཕག་གི་ནི། །ཤ་དང་ལ་ཕུག་རྗེན་པ་དང་། །མ་ཤའི་སྲན་ཚོད་འོ་མ་ཞོ། །ཆ་དང་བུ་རམ་ཤིང་ཀུན་དང་། །འབྲུམ་ཕྲན་ཁ་སྦུབས་ཉལ་བསྟེན་དང་། །སོ་ཤིང་གིས་སྣད་གོམས་པ་སྤོང་། །དུད་བ་མཁུར་བཀང་སྐྱུགས་པ་དང་། །གཏར་ག་དབུག་ནི་ཉེས་པ་ཡི། །བད་ཀན་

ཤས་ཆེའི་ནད་འཁྲུགས་པས། །ཁ་ཡི་ནང་གི་ནད་སྐྱེད་འགྱུར། །དེ་ལ་རླུང་གིས་མཆུ་གས་འགྱུར། །མཆུ་རལ་བ་ཡི་ནད་ཅེས་བཤད། །རླུང་གིས་མཆུ་ལ་གནོད་གྱུར་པ། །མཆུ་སྲ་ནད་ཚབས་ཆེ་བ་ཡིན། །མཆུ་གས་རྡོལ་བར་འགྱུར་བ་དང་། །གནག་ཅིང་རྩུབ་པ་མཆུ་འཁྲུགས་

ཡིན། །མཁྲིས་པ་ཚ་བ་མི་བཟོད་སེར། །འབྲུམ་ཕྲན་ཉུངས་ཀར་འདྲ་བས་ཁྱབ། །མྱུར་སྨིན་མང་དུ་རྣགས་པ་ཡིན། །བད་ཀན་ལས་གྱུར་གྲང་བ་ཡིས། །མི་བཟོད་ལྕི་ཞིང་སྐྲང་བ་དང་། །འབྲུམ་ཕྲན་དཀར་པོས་ཁྱབ་པ་ཡིན། །འདུས་གྱུར་སྣ་ཚོགས་པར་སྣང་ཞིང་། །དྲི་ངའི་སྤྱི་བག་

เล่ม ๑๙๘ · หน้า 286a

འཛག་པ་དང་། །གློ་བུར་ཤས་ཆེར་སྐྲང་ཞིང་ཞུམ། །ན་དང་མིན་རྣག་མི་སྙོམས། །ཁྲག་ལས་གྱུར་པ་ཁྲག་འཛག་ཅིང་། །ཁྲག་གི་མདོག་དང་འདྲ་བ་དང་། །འདི་ལ་འབྲ་གོ་ལྟ་བུ་ཡི། །ཁྲག་ཟད་ཆུ་བུར་འབྱུང་བ་ཡིན། །ཤ་གྱུར་ཤ་ཡི་གོང་པོ་འདྲ། །

རིམ་གྱིས་སྲིན་བུ་སྐྱེ་ཞིང་འགུལ། །ཚིལ་གྱུར་གཡའ་ཞིང་འདྲུལ་བ་དང་། །སྐྲང་འཇམ་ཏིལ་མར་ལྟ་བུར་འཛག །སྣད་པ་ལས་གྱུར་གས་པ་དང་། །ཡང་དང་ཡང་དུ་འབྱེ་འགྱུར་ལ། །སླར་ཡང་འདྲུབ་པར་འགྱུར་བ་དང་། །མཆུ་ནི་གཡའ་བར་བྱེད་པ་ཡིན། །རླུང་དང་བད་ཀན་འདྲེས་

པ་ལས། །ཆུ་ཡི་ཆུ་བུར་ལྟ་བུར་འབྱུང་། །མཁུར་བའི་འབྲས་འབྱེད་སྐྲང་ཞིང་བརྟན། །མཁུར་བ་ཚ་ཞིང་རིམས་དང་བཅས། །རླུང་གྱུར་སོ་ནད་དྲོ་ལ་སྲེད། །གྲང་བས་རེག་ན་ལྷག་པར་ན། །གཟེར་ཞིང་བཅག་པ་སྙམ་དུ་སེམས། །གྲང་བས་ཞིག་པ་དེ་བཤད་དོ། །རླུང་དང་ཆུ་

ཡིས་སོ་བརྩེ་པ། །གྲང་དང་སྐྱུར་བ་མི་བཟོད་པར། །སྐྱུར་བ་ཟོས་པ་ཉིད་ཀྱིས་འགྱུར། །ནད་བཅས་འགུལ་བར་བྱེད་པ་ཡིན། །སོ་གས་སོ་ནི་ཟེགས་པ་དང་། །ན་ཞིང་ཟུག་ལ་གཡོ་བ་ཡིན། །སོ་འགུལ་སོ་ནི་གཡོ་བ་དང་། །ཟ་བའི་ཚེ་ན་ལྷག་པར་ན། །སོ་སྟོ་སོ་ནི་མི་

སྡུག་པར། །སོ་རྣམས་སྐྱེ་བར་འགྱུར་བ་ཡིན། །སོ་ལྷག་སོ་ནི་སྐྱེས་པ་སྟེ། །དེ་ནི་འཕེལ་བ་ཞེས་ཀྱང་བཤད། །སྐྱེ་བར་འགྱུར་བའི་ཚེ་ན་ནི། །ན་ཞིང་སྐྱེས་ནས་དེ་ཞི་བྱེད། །མ་བཀྲུས་སོ་ཡི་དྲི་མའམ། །བད་ཀན་རླུང་གིས་སྐམས་པ་ལས། །དྲི་ང་བརྟན་གྱུར་སོ་དྲེག་ཡིན། །

དེ་ནི་ཡལ་བར་བོར་བ་ལས། །སོ་ནི་དུམ་བུར་ཟེགས་གྱུར་པ། །གྲུགས་ཤིང་སོ་ནི་གོགས་པ་ཡིན། །ཁྲག་དང་མཁྲིས་པ་རླུང་གིས་སོ། །སྔོན་པོར་གྱུར་པ་སོ་སྔོན་ཡིན། །ནད་ཀྱི་རླུང་ནི་ཤས་ཆེར་འགྱུར། །རྩ་བར་བཅས་པའི་སོ་ལ་བརྟན། །སོ་དབུས་སྐམས་ཏེ་སྟོང་པར་བྱས།

སོ་ནི་ཟས་ཀྱི་དྲི་མས་གང་། །རུལ་བས་སྲིན་བུ་ཕྲ་མོ་ནི། །སྐྱེ་བར་འགྱུར་ཏེ་དེ་འོག་ཏུ། །རྒྱུ་མེད་བརྣག་དཀའ་ལྡང་དུབ་ཅན། །སྦོམ་ཆེ་གནག་ལ་ཤས་ཆེར་ན། །བཅད་པ་འདྲར་སྣང་རྣག་ཁྲག་འཛག །དེ་ནི་སོ་སྲིན་ཅན་ཞེས་བྱ། །བད་ཀན་དང་ནི་ཁྲག་གིས་རྙིལ། །རྣགས་

เล่ม ๑๙๘ · หน้า 286b

ཤིང་རུལ་བར་འགྱུར་བ་དང་། །མཉེན་ལ་ཟགས་ཤིང་གནག་པ་དེ། །གྲང་བས་ཉེན་པ་ཡིན་པར་བཤད། །ཁྲག་མཁྲིས་རྣགས་པ་ལས་བྱུང་བ། །རྙིལ་ནི་ཚ་བར་བྱེད་པ་དང་། །ཁྲག་གིས་སྐྲངས་པ་མཐོ་བ་དང་། །གཡའ་ཞིང་ཁྲག་ནི་འཛག་པ་དང་། །ཁྲག་ཆད་ནས་ནི་རྒྱས་

པར་འགྱུར། །སོ་ན་འགུལ་ཞིང་ནད་ཚབས་ཆུང་། །ཁ་དྲི་མནམ་གྱུར་ཉེར་བདར་ཡིན། །སོ་ནི་གཉིས་སམ་གསུམ་ཐད་ཀར། །བད་ཀན་ལས་གྱུར་རྒྱ་ཤུག་ཙམ། །སྐྲངས་པ་སྲ་ཞིང་མི་བཟད་ན། །མྱུར་དུ་སྨིན་པ་སོ་འབུར་ཡིན། །རྙིལ་ནི་ནད་བཅས་ཁྲག་གིས་ནི། །ཕྱི་དང་ནང་

དུ་སྐྲང་ཞིང་ལྕི། །ན་ཞིང་ཚ་ལ་གས་པ་ལས། །རྣག་ཁྲག་འཛག་སོའི་ཁོང་འབྲས་ཡིན། །སོ་རྩར་ཁྲག་མཁྲིས་ལས་གྱུར་ནད། །སྐྲང་ཞིང་ནད་དང་བཅས་པ་དང་། །ཁ་ཆུ་འཛག་ཅིང་རྙིལ་འདྲུལ་བ། །ཁོང་སྟོང་གི་ནི་ནད་ཅེས་བྱ། །འདུས་པ་ལས་གྱུར་རིམས་དང་བཅས། །

རྣག་དང་བཅས་པའི་ཁྲག་འཛག་ལ། །སོ་ཡི་སྤྲེལ་མཚམས་ཞིག་པ་ནི། །ཁོང་སྟོང་ཆེན་པོ་ཞེས་བཤད་དོ། །བད་ཀན་གྱིས་ནི་སོ་ཡི་མཐར། །ཤ་མཛེར་ལྟར་སྐྲང་འགྲམ་པ་དང་། །རྣ་བ་ན་བྱེད་སྤྱོད་ལམ་ཉམས། །དེ་ནི་ཤ་ལྷག་ཅེས་བྱར་བཤད། །རྙིལ་ནི་བདར་བར་འགྱུར་པ་

ལས། །ནད་ཚབས་ཆེན་པོར་འབྱུང་འགྱུར་ཞིང་། །གང་ཞིག་སོ་ནི་འགུལ་གྱུར་པ། །དེ་ནི་སྣད་པ་ལས་བྱུང་ཡིན། །རྙིལ་ལ་བརྟེན་པར་བྱེད་པའི་ནད། །གསོར་རུང་ཡལ་བར་བོར་བ་གང་། །ནང་དུ་དེ་ནི་ནད་འཛག་པས། །དེས་ནི་རྒྱུན་ལམ་ཕྲ་བ་སྐྱེད། །དེ་ནི་ཡང་ཡང་རྣག་འཛག་

ཅིང་། །པགས་པ་ཤ་དང་རུས་པ་འབིགས། །དེ་ཡང་རང་རང་མཚན་ཉིད་ནི། །ཇི་སྐད་བཤད་པས་ལྔར་ཤེས་བྱ། །ལྕེ་ནི་ཤ་ཁའི་ལོ་ལྟར་རྩུབ། །ཚོར་བ་མེད་གས་རླུང་གནོད་ཡིན། །མཁྲིས་པས་ཚ་ཞིང་ནད་བཅས་འགྱུར། །མཛེར་པ་དམར་པོས་ཁྱབ་པ་ཡིན། །བད་ཀན་ལས་

གྱུར་ཤལ་མ་ལིའི། །ཚེར་མས་ཁྱབ་གྱུར་ལྕི་ཞིང་མཐུག །བད་ཀན་མཁྲིས་པས་འོག་ཏུ་སྐྲང་། །མཐོ་ཞིང་གྱོང་བར་བྱེད་པ་དང་། །སྨིན་ན་ཉ་ཡི་དྲི་འདྲ་ལ། །ཤ་འདྲུལ་ཆུ་སེར་ཅན་ཞེས་བྱ། །ལྕེ་རྩའི་འོག་དང་འབྲེལ་པ་ནི། །སྐྲང་ཞིང་ལྕེ་ཡི་རྩེ་མོ་འདྲ། །མཛེར་པ་བྱུང་ཞིང་

เล่ม ๑๙๘ · หน้า 287a

ཁ་ཆུ་འཛག །ལྕེ་ནི་རེངས་ཤིང་རྩུབ་པ་དང་། །གཡའ་དང་ནད་བཅས་ཚིག་མི་ཐོན། །ཟ་བར་མི་ནུས་ལྕེ་ལྷག་ཡིན། །དེ་དང་འདྲ་བར་ལྕེ་སྟེང་ན། །གནས་པའི་ཉེ་བའི་ལྕེ་ཞེས་བྱ། །རླུང་འཁྲུགས་པ་ནི་རྐན་གྱི་ཤར། །འབྲུམ་ཕྲན་སྲ་ཞིང་ནད་བཅས་

འགྱུར། །མང་ཞིང་མཐུག་ལ་འཛག་པར་བཅས། །རྐན་གྱི་འབྲུམ་ཕྲན་ཞེས་དེ་བཤད། །བད་ཀན་ཁྲག་གིས་རྐན་ཕུགས་སུ། །ཉ་ཡི་ལྒང་པ་འདྲ་ཞིང་འཇམ། །འཕྱང་ཞིང་སྐྲངས་ལ་སྤྱི་བག་ཅན། །ཁ་ཟས་སྣ་ནས་འབྱུང་བར་བྱེད། །ལྐོག་འགགས་སྐོམ་དང་ལུད་པ་དང་། །

སློན་བྱེད་ལྐོག་མའི་ཤ་ལྷག་ཡིན། །རྐན་གྱི་དབུས་སུ་ནད་མེད་ཤ།། འདུས་པ་རྐན་འདུས་ཞེས་བྱའོ། །རྐན་གྱི་དབུས་སུ་པདྨ་འདྲ། །ཁྲག་ལས་སྐྱེས་པ་ཆུ་བུར་ཡིན། །བད་ཀན་འཁྲུགས་པས་རིང་ནས་འཕེལ། །ནད་མེད་རུས་སྦལ་འདྲ་ཞེས་བྱ། །བད་ཀན་ཚིལ་གྱིས་རྒྱ་སྲན་

འདྲ། །ནད་མེད་བརྟན་པ་འབུར་བ་ཡིན། །མཁྲིས་པས་རྣགས་པ་སྨིན་ཞེས་བྱ། །རྣག་འཛག་ནད་དཀྱེལ་ཆེ་བ་ཡིན། །རླུང་མཁྲིས་ལས་གྱུར་ཚ་ཉོན་མོངས། །རྐན་སྐམ་དེ་ཡི་མིང་ཅན་ཡིན། །ལྕེ་དང་འབྲེལ་བ་ལྐོག་མའི་ནད། །ཤ་ཡི་མྱུ་གུ་མྱུར་འཕེལ་ཞིང་། །མི་བཟད་

ལམ་ནི་འགོག་བྱེད་པ། །མྱུར་གསོད་བྱེད་པ་གག་པ་ཡིན། །དེ་ནི་རླུང་གྱུར་ལྐོག་མ་ཁ། །སྐམ་བྱེད་འགྲམ་པ་རྣ་ནད་སྐྱེད། །མཁྲིས་པས་རིམས་སྐོམ་རྨོངས་བག་ཅན། །ལྐོག་འགགས་དུད་པས་བདུགས་སྙམ་སེམས། །མྱུར་སྨིན་མྱུར་དུ་འཕེལ་བ་དང་། །དམར་ཞིང་རེག་ན་མི་

བཟོད་བྱེད། །བད་ཀན་གྱིས་དཀར་འབྱར་བག་ཅན། །ཁྲག་གྱུར་འབྲུམ་བུས་ཁྱབ་པ་དང་། །མེ་མདག་འདྲ་ཞིང་རྣ་ནད་སྐྱེད། །མཁྲིས་པ་ལས་གྱུར་མཚན་ཉིད་མཚུངས། །འདུས་གྱུར་རྣག་ཕུགས་གཏིང་རིང་ཞིང་། །མཚན་མ་ཀུན་དང་ལྡན་པ་ཡིན། །བད་ཀན་ཤས་ཆེར་སྐྲངས་པ་

དང་། །རྨེན་བུ་རྒྱ་ཤུག་འདྲ་ཞིང་མཐོ། །གྲ་མ་ཚེར་མས་གར་སྙམ་བྱེད། །ལམ་འགག་བྱེད་པ་རྩ་བ་ཡིན། །ཟླུམ་ཞིང་མཐོ་ལ་ཚ་བ་དང་། །ལྐོག་མའི་ངོས་གནས་འདུས་པ་ཡིན། །འགྲམ་པའི་མཚམས་ནས་མགུལ་པའི་ནད། །རས་བལ་ས་བོན་ལྟ་བུར་ཟླུམ། །སྤྱི་བག་ནད་ཚབས་

เล่ม ๑๙๘ · หน้า 287b

ཆུང་བར་སྐྲང་། །སྲ་བ་མཆུ་རྩེ་ཅན་ཞེས་བྱ། །ཕྱི་དང་ནང་དུ་མི་བཟད་སྐྲང་། །ལྐོག་མའི་ལམ་གྱི་གཏན་པ་འདྲ། །མགོ་ལྕི་སྣུམ་དང་ཁ་ཆུ་འཛག །རིམས་སྐྱེད་ལྐོག་མཆུ་འཛིངས་པ་ཡིན། །སྐྲངས་པ་ཤས་ཆེར་མི་ན་ཞིང་། །ཆུ་ཞེང་དེ་འདྲ་གདུ་བུ་ཡིན། །ནད་ཀྱི་ལྐོག་མ་

ཤ་མཛེར་ནི། །གཅིག་གམ་མང་སྐྱེས་ནད་ཚབས་ཆུང་། །དབུགས་འབྱིན་དཀའ་ཞིང་ཟས་མིད་དཀའ། །རྩ་བ་ཆེ་བ་ལྐོག་མའི་མཚོན། །ཤ་ཡི་མཛེར་པ་མང་པོས་ཁྱབ། །རབ་སྐམ་ཚ་ལ་མགོ་བོ་ན། །མདུང་ལྟར་ཤིན་ཏུ་ནད་སྐྱེད་བྱེད། །མཛེར་པས་ཁྱབ་པས་མདུང་འདྲ་ཡིན། །

ལྐོག་མ་ཀུན་ནི་མྱུར་ཁྱབ་ཅིང་། །མྱུར་སྐྱེ་མྱུར་སྨིན་ཤས་ཆེར་ན། །རུལ་བའི་རྣག་འདྲ་འཛག་གྱུར་པ། །སྐྲངས་པ་ལྐོག་མའི་ཁོང་འབྲས་པ་ཡིན། །ལྕེ་ཡི་མཐའ་མ་ལྐོག་མ་སོགས། །སྐྲང་ཞིང་སྨིན་པ་མེད་པའི་ནད། །བརྟན་པ་ཁྲག་གིས་སྐྱེད་བྱེད་པ། །ནད་མེད་ལྐོག་མའི་རྨེན་བུ་ཡིན། །

རླུང་དང་བད་ཀན་ཚིལ་གྱིས་ནི། །ལྐོག་མའི་ཕྱི་རོལ་ལྦ་བ་སྐྱེས། །དེ་ནི་འཕེལ་བར་གྱུར་པའི་ཚེ། །རླིག་པ་ལྟར་འཕྱང་ན་བ་མེད། །དེ་ནི་རླུང་གྱུར་དམར་བའམ་གནག །ན་ཟུག་རྩ་རིས་ནག་པོར་བཅས། །འཕེལ་བས་ལྐོག་མ་ཁ་སྐམ་ཞིང་། །ལྕེ་ཡིས་རོ་མི་ཚོར་

བར་བྱེད། །བད་ཀན་ལས་ལྕི་རེག་ན་གྲང་། །བརྟན་ཞིང་སྐྱ་ལ་གཡའ་དང་བཅས། །འཕེལ་ན་རྐན་དང་ལྐོག་མར་ཆགས། །ཁ་ནི་མངར་བ་བྲོ་བར་བྱེད། །ཚིལ་གྱུར་བད་ཀན་ལྟ་བུར་ན། །དེ་ནི་འཕེལ་འབྲི་ལུས་འདར་བྱེད། །འཕེལ་བར་བྱེད་པའི་ཚེ་ན་ནི། །ལྐོག་མར་སྒྲ་བཅས་སྐད་

གསང་ཉམས། །བད་ཀན་གྱིས་ནི་རླུང་རྒྱུན་བཀག །ལྐོག་སྐམ་སྐད་གསང་ཉམས་པ་དང་། །དཀའ་བས་དབུགས་འབྱིན་མོན་ཞུགས་སྙམ། །རླུང་ལས་སྐད་ཉམས་གང་ཡིན་འགྱུར། །རླུང་ནི་ཀུན་ཏུ་འགྲོ་བྱེད་པས། །ཁ་ནང་རྨ་ནི་འཕོ་བར་བྱེད། །དམར་ལ་རྩུབ་པ་སྐྱེད་བྱེད་ཅིང་། །

ལྕེ་ཡིས་གྲང་བ་མེ་བཟོད་ལྕི། །གས་ཤིང་ཚེར་མས་ཁྱབ་འདྲར་སྣང་། །ཁ་མནམ་གདངས་པར་དཀའ་བ་ནི། ཁ་ཡི་ཤུ་བ་ཞེས་བྱར་བཤད། །བད་ཀན་གཞང་འབྲུམ་སྐྲན་སོགས་ཀྱིས། །འོག་ཏུ་གནོད་པར་བྱས་པའི་རླུང་། །གྱེན་འབྱུང་ཁ་

เล่ม ๑๙๘ · หน้า 288a

ནི་དྲི་མི་ཞིམ། །དེ་ནི་སྟེང་གི་རྐུབ་ཅེས་བྱ། །མཁྲིས་གྱུར་ཁ་ཤུ་ཁ་རྣག་ཅིང་། །ཚ་ན་ཁ་ནི་ཚ་བྲོ་ལ། །རྨ་ལ་ལན་ཚྭས་བྱུགས་སྙམ་སེམས། །ཁྲག་ལས་གྱུར་པའང་དེ་དང་འདྲ། །བད་ཀན་ལས་གྱུར་ཁ་མངར་བྲོ། །གཡའ་ཞིང་རྨ་ནི་འབྱིལ་བག་ཅན། །

མཁུར་ཚོས་ནང་དུ་བརྟེན་ནས་ནི། །འབྲུམ་བུ་གནག་ཅིང་སྐྱ་བ་འབྱུང་། །དེ་ནི་མཉེ་ཞིང་བཅད་པ་དང་། །བསྐྱོད་ན་འཕེལ་བར་བྱེད་པ་ཡིན། །ནད་ནི་ཁྲག་བཅས་གྱུར་ཁ་ཤུ། །ཁ་ཤུ་ནད་ནི་ཁྲག་བཅས་འགྱུར། །འདུས་པ་མཚན་ཉིད་ཀུན་དང་ལྡན། །དེ་ཉིད་སོ་ཤིང་ལ་སོགས་

ལ། །མི་དགའ་ཁ་དྲི་མི་ཞིམ་འགྱུར། །མཆུ་དང་མཁུར་ཚོས་སོ་རྩ་དང་། །ལྕེ་དང་རྐན་དང་མགུལ་པ་དང་། །ཁ་དང་ཐམས་ཅད་དག་གི་ནི། །ནད་ནི་བདུན་ཅུ་རྩ་དགུ་ཡིན། །བཅུ་གཅིག་གཅིག་དང་བཅུ་དང་ནི། །བཅུ་གསུམ་དེ་བཞིན་དྲུག་དང་བརྒྱད། །བཅུ་གཉིས་བཅོ་བརྒྱད་

དག་དང་ནི། །དེ་དག་གོ་རིམས་བཞིན་དུ་སྦྱར། །སོ་སྟོ་ཤ་དང་ཁྲག་གྱུར་མཆུ། །ཆུ་བུར་ཆུ་ནི་མེད་པ་དང་། །རྐན་གྱི་རུས་སྦལ་འབྲུམ་ཕྲན་དང་། །མིང་ཁོང་སྟོང་སྟོང་ཆེ་ཆུང་འཛིངས། །སྐད་ཉམས་སོ་སྔོན་སྟེང་གི་རྐུབ། །མདུང་འདྲ་གདུ་བུ་ཆུ་སེར་ཅན། །འདུས་གྱུར་མིད་པ་མཆུ་

ནད་དང་། །ཁྲག་དང་འདུས་གྱུར་གག་པ་དང་། །སོ་གོགས་སོ་ནི་ཆག་པ་དང་། །སྨིན་པའི་ཉེ་བའི་ལྕེ་དང་ནི། །ལྐོག་མའི་ལྦ་བ་སྐད་ཉམས་དང་། །དབུགས་མི་ཐོན་པ་ལོ་གཅིག་ལོན། །སོ་བརྩེ་གསང་བ་འཚོ་བ་ཙམ། །ལྷག་མ་མཚོན་དང་སྨན་གྱིས་གསོ། །ཡན་ལག་བརྒྱད་

པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཁ་ནད་གསོ་བ་བཤད་པར་བྱའོ། །མཆུ་རལ་བ་ཡི་མཐའ་བྲུད་དེ། །བཙེམས་ལ་རྨ་ལྟར་གསོ་བར་བྱ། །ཤིང་མངར་སེང་ཕྲོམ་ཀྲ་ཀུ་ནི། །ཐལ་ཏྲེས་ཨུཏྤལ་ཤྲ་པ་ནི། །མོན་སྣེའུ་

དམེ་རུ་པ་ཏོ་ལ། །ཏིལ་མར་བསྐོལ་བས་བསྐུ་བར་བྱ། །རླུང་འཇོམས་མངར་བའི་སྡེ་ཚན་དང་། །བསྐོལ་བའི་ཏིལ་མར་སྣ་སྨན་གཏང་། །རླུང་གྱུར་མཆུ་ནད་སྲ་རྩི་ཕོག །སྤྲ་ཚིལ་གུ་གུལ་ཐང་ཤིང་ན། །སྣུམ་ཆེན་བསྐོལ་བའི་རས་བལ་དག །སྦངས་པའི་ཡེའུས་གླན་པར་བྱ། །ཤིང་

เล่ม ๑๙๘ · หน้า 288b

མངར་ཕྱེ་མར་བཅས་པ་དང་། །དེ་ཉིད་ཀྱིས་ནི་བསྐུ་བར་བྱ། །ཨེ་རཎྜ་ཡི་ལོ་མ་ནི། །འོ་མར་བསྐོལ་བས་སྦུབས་དུགས་བྱ། །མཆུ་རལ་སྐབས་བཤད་སྣ་སྨན་དང་། །མགོ་བོ་བརྟ་བ་དག་ཀྱང་བྱ། །མཁྲིས་པས་སྣད་པའི་མཆུ་ནད་ལ། །སྲིན་བུ་པད་པས་ཁྲག་

དབྱུང་བྱ། །སེང་ཕྲོམ་སྦྲང་རྩི་སྲ་རྩི་པོག །ཤིང་མངར་བཅས་པའི་ཕྱེ་མ་གདབ། །སླེ་ཏྲེས་ཤིང་མངར་རྨ་ཤིང་དང་། །བསྐོལ་བའི་མར་གྱིས་བསྐུས་ནའང་ཕན། །མཁྲིས་པའི་ཁོང་འབྲས་ལྟར་ཡང་གསོ། །ཁྲག་ལས་གྱུར་པ་སར་པ་ལ། །དེ་དག་ཉིད་ཀྱིས་གསོ་བར་

བྱ། །བད་ཀན་ལས་གྱུར་མཆུ་ནད་ལ། །པ་ཏོའི་ཐལ་བ་ཚ་བ་གསུམ། །སྦྲང་རྩི་དང་ནི་སྦྱར་བས་བསྐུ། །གཏར་ག་བྱས་ནས་ཕྱེ་མ་གདབ། །བད་ཀན་འཇོམས་པར་བྱེད་པ་ཡིན། །དུད་བརྔུབ་སྣ་སྨན་མཁུར་བཀང་བྱ། །ཚིལ་གྱུར་དུགས་བྱས་དབྲལ་ནས་ནི། །མེ་ཡིས་ངེས་

པར་བསྲེག་པར་བྱ། །པྲི་ཡང་ཀུ་དང་འབྲས་བུ་གསུམ། །སེང་ཕྲོམ་སྦྲང་རྩིར་སྦྱར་བས་སྐུ། །ཆུ་ཡི་ཆུ་བུར་བརྟོལ་ནས་སྦྱང་། །སྨན་རྣོན་སྦྲང་རྩིས་བསྐུ་བར་བྱ། །གཏིང་རིང་བའམ་རབ་འཕེལ་ལ། །ཐང་སྨན་དག་གམ་མེ་བཙས་གསོ། །མཁུར་བའི་ཆུ་སེར་སྨིན་སྐབས་སུ། །

སྐྲངས་པའི་ནད་ལྟར་གསོ་བར་བྱ། །སོ་གྲང་བ་ལ་དུགས་བྱས་ལ། །སོ་རྩ་བྲུད་དེ་ཏིལ་མར་བསྲེགས། །གླ་སྒང་རྒྱམ་ཚ་སྦྲང་རྩི་དང་། །སེའུ་འབྲུའི་ཤུན་པ་འབྲས་བུ་གསུམ། །སྐྱེར་པའི་ཁཎྜ་འདམ་བུའི་རྐང་། །བཅའ་སྒ་སྦྱར་བས་བསྐུ་བར་བྱ། །འོ་མ་ཅན་བསྐོལ་མཁུར་བ་

བཀང་། །ཨེ་རཎྜའི་མར་སྣ་སྨན་གཏང་། །སོ་བརྩེ་དེ་བཞིན་བྱེ་བ་ལ། །རླུང་འཇོམས་གསོ་བ་ཐམས་ཅད་བྱ། །ཏིལ་དང་ཤིང་མངར་སྦྲང་རྩི་ནི། །འོ་མར་བསྐོལ་བའི་མཁུར་བཀང་བཅང་། །སོ་འགུལ་བ་ལ་རྩ་བ་བཅུའི། །ཁུ་བ་མར་བསྐོལ་མཁུར་བ་བཀང་། །སྦངས་མ་

སེང་ཕྲོམ་པི་པི་ལིང་། །འབྲས་བུ་གསུམ་དང་རྨ་ཤིང་དང་། །རྒྱམ་ཚ་ཡིས་ནི་བདར་བར་བྱ། །སྣུམ་བག་གིས་ནི་སྣ་སྨན་དང་། །མཁུར་བཀང་གནས་སྐབས་ཇི་བཞིན་བསྟེན། །སོ་ལྷག་སྐྱེས་ལ་ཐལ་སྨན་གྱིས། །བསྐུས་ཏེ་གོགས་པར་གྱུར་པ་དང་། །སྲིན་ཅན་སོ་ལྟར་ཕྱུང་ནས་

เล่ม ๑๙๘ · หน้า 289a

ནི། །དེ་ཚེ་དེ་དང་འདྲ་བར་གསོ། །ཁྲག་ནི་ཆོད་པར་མ་གྱུར་ན། །བསྲེགས་ལ་རྨ་ལྟར་གསོ་བར་བྱ། །སོ་དྲེག་ཆགས་ལ་སོ་རྩལ། །གནོད་པ་མེད་པར་བསལ་བར་བྱ། །ཐལ་སྨན་སྦྲང་རྩིར་བཅས་པས་ནི། །དེ་ཡི་འོག་ཏུ་བསྐུ་བར་བྱ། །སོ་གོགས་པ་ལའང་འདི་ཉིད་དང་། །སོ་

བརྩེར་བཤད་པའི་གསོ་བ་བྱ། །སྲིན་ཅན་སོ་ནི་མི་འགུལ་ལ། །དུགས་བྱས་ནས་ནི་ཁྲག་དབྱུང་བྱ། །སྣུམ་གྱིས་བསྐུ་ཞིང་མཁུར་བཀང་དང་། །སྣ་སྨན་ཁ་ཟས་རླུང་འཇོམས་སྦྱིན། །ཁོང་སྟོང་བུ་རམ་སྤྲ་ཚིལ་གྱིས། །གང་བའི་ཐུར་མས་

བསྲེག་པར་བྱ། །ལོ་མ་བདུན་པ་ཨརྐ་ཡི། །ལོ་མས་བཀང་ན་སྲིན་གཟེར་འཇོམས། །ཤིང་ཀུན་ནག་ཆུར་ཀད་པ་ལ། །སརྫི་ཀ་དང་བྱི་དང་ག །རུ་རྟའི་ཕྱེ་མ་རས་ལ་གཏུམས། །སོར་གླན་ཟུག་གཟེར་མྱུར་དུ་འཇོམས། །ཡང་ན་འདི་ཉིད་བསྐོལ་བ་ཡི། །ཏིལ་མར་མཁུར་

བར་དགང་བར་བྱ། །ཡང་ན་བྲི་ཧ་ཏི་རྣམ་གཉིས། །བུ་ག་དམ་པ་ཨེ་རཎྜ། །བསྐོལ་བའི་ཁུ་བས་མཁུར་བ་བཀང་། །དེ་ལྟར་གསོ་བ་མང་པོ་ཡིས། །ནད་ནི་ཞི་བར་མ་གྱུར་ན། །སྐམ་པ་ཕྲ་མོ་དག་གིས་སམ། །སོ་དབྱུང་བ་ཡི་ཆ་སྤྱད་ཀྱིས། །དང་པོ་རྩ་བ་ནས་བསླངས་ཏེ། །གཏན་ནས་

དེ་ནི་དབྱུང་བར་བྱ། །ཏིལ་མར་ཤིང་མངར་ཕྱེར་བཅས་པའམ། །སྦྲང་རྩིས་དེ་འོག་མཁུར་བཀང་བྱ། །དེ་འོག་ཤིང་མངར་བིད་རི། །སྲིད་ཀ་དང་ཀ་ཤེ་རུ། །ཏིལ་མར་བཅུ་འགྱུར་འོ་མ་དང་། །བསྐོལ་བའི་སྣ་སྨན་གཏང་བར་བྱ། །རིད་ཅིང་ཉམ་ཆུང་རྒན་པོ་དང་། །རླུང་ནད་ཀྱིས་ཉེན་སོ་མི་དབྱུང་། །

ཡ་སོ་དབྱུང་བར་མི་བྱ་སྟེ། །དེ་ནི་བླ་བརྣན་མང་པོ་སྐྱེད། །དེ་ཡང་འབྱིན་ན་སྣུམ་པ་དང་། །མངར་དང་བསིལ་བའི་རིམ་པས་གསོ། །གྲང་བས་ཉེན་ལ་ཁྲག་དབྱུང་ཞིང་། །སྦྲང་རྩིར་བཅས་པས་བསྐུ་བར་བྱ། །གླ་སྒང་ཨརྫུ་ནའི་ཤུན་པ། །པྲི་ཡང་ཀུ་དང་སྐྱེར་ཁཎྜ། །བཅའ་སྒ་སྒྲང་རྩིར་སྦྱར་བ་

བསྐུ། །དེ་བསྐོལ་བས་ནི་མཁུར་བཀང་དང་། །མངར་སྨན་ཏིལ་མར་བསྐོལ་སྣར་བླུགས། །རྙིལ་ནི་ཉེ་བར་བདར་བ་ལ། །ཆུ་ཚན་མཁུར་བཀང་བས་དུགས་བྱ། །དཀྱིལ་འཁོར་འདྲ་བའམ་ཤ་ཁ་ཡི། །ལོ་མས་མང་དུ་བྲུད་པར་བྱ། །རྒྱ་སྐྱེགས་རྨ་ཤིང་པྲི་ཡང་ཀུ། །རྒྱམ་ཚ་རུ་རྟ་བཙག་

เล่ม ๑๙๘ · หน้า 289b

ཡུག་སྣམ། །ན་ལེ་ཤམ་དང་བཅའ་སྒ་དང་། །ཤིང་མངར་སྐྱེར་པའི་ཁཎྜ་དང་། །མར་གྱི་སྙིང་པོ་སྦྲང་རྩི་དང་། །སྦྱར་བ་དེ་འོག་བསྐུ་བར་བྱ། །མར་ཁུའམ་ཏིལ་མར་མཁུར་སྤོ་བ། །དྲོ་འཇམ་དེ་ཡི་རྗེས་ལ་བྱ། །མངར་བའི་སྡེ་དང་བསྐོལ་བའི་མར། །མཁུར་བཀང་སྣ་སྨན་

བྱས་ན་ཕན། །སོ་འབུར་བ་ལ་དུགས་བྱས་ལ། །བཅད་དང་དབུག་དང་བྲུད་པར་བྱ། །ཤིང་མངར་བཅའ་སྒས་རྫི་ཀ །རྒྱམ་ཚའི་ཕྱེ་མ་བསྐུ་བར་བྱ། །སོ་ཡི་ཁོང་འབྲས་ཚ་དྲོ་རྣོ། །རྩུབ་པའི་མཁུར་བཀང་བསྐུ་བར་བྱ། །པུ་ཙེ་ཤེལ་དང་བ་སྤྲུ་བ། །རུ་རྟ་ནས་ཚིག་འཁུས་ཕྱིར་

བདར། །བསིལ་སྨན་གྱིས་ནི་སྨིན་མི་གཞུག །སྨིན་ནས་དྲལ་ལ་གཏིང་རིང་བསྲེག །ཁོང་སྟོང་བཅད་དེ་བྲུད་ནས་ནི། །གླ་སྒང་སེང་ཕྲོམ་འབྲས་བུ་གསུམ། །ཤུ་ཏི་རྨ་ཤིང་སྐྱེར་ཁཎྜ། །རྒྱ་སྐྱེགས་ཤིང་མངར་ཀད་ཕལ། །སྦྲང་རྩིར་སྦྱར་བས་བསྐུ་བར་བྱ། །དེ་ཉིད་ཁུ་བས་

མཁུར་བ་བཀང་། །ཤིང་མངར་སེང་ཕྲོ་མ་དཱུར་བ་དཀར། །ཐལ་ཏྲེས་ཙནྡན་ན་ཨ་ག་རུ། །ཀ་ར་དཀར་པོ་བཙག་ཡུག་སྣམ། །པདྨ་དཀར་པོ་སྟག་ཚེར་བ། །བསྐོལ་བའི་ཏིལ་མར་སྣ་སྨན་གཏང་། །ཤ་ལྷག་སྐྱེས་པ་བཅད་ནས་ནི། །ཤུ་དག་ཏེ་ཛོ་བ་ཏི་དང་། །པ་ཏ་ནས་ཚིག་

འཁུས་ཐལ་བ། །སརྫི་ཀ་དང་སྦྲང་རྩིས་བསྐུ། །འབྲས་བུ་གསུམ་དང་པ་ཏོ་ལ། །ནིམ་པ་བསྐོལ་བས་མཁུར་བ་བཀང་། །སྣད་པ་ལས་བྱུང་ནད་ལ་ནི། །དཀྱིལ་འཁོར་རྩེ་མོ་འདྲ་བས་སྦྱངས། །དེ་ནས་ཐལ་སྨན་སྣ་སྨན་གཏང་། །མཁུར་བཀང་ལ་སོགས་བསིལ་སྨན་གཏང་། །ལུས་

ཀྱི་གོང་འོག་ནས་སྦྱང་བྱ། །དེ་འོག་མགོ་བོའི་བཀྲུ་སྨན་བྱ། །སོ་ཡི་རྩ་ནི་སོས་ནས་ཀྱང་། །ཕྱུང་སྟེ་ནད་དང་ལྡན་པ་ཡི། །བུ་རམ་སྤྲ་ཚིལ་བཀང་བས་བསྲེག །ཛཱ་ཏི་སེང་ལྡེང་སྤྲ་ཚིལ་དང་། །གཟེ་མ་བསྐོལ་བའི་ཁུ་བས་བཀྲུ། །འོ་མ་ཅན་ཤིང་ཆུས་མཁུར་བཀང་། །དེ་བསྐོལ་ཏིལ་

མར་སྣ་སྨན་གཏང་། །རླུང་གྱུར་ལྕེ་ནི་རྩུབ་པ་ལ། །རླུང་གི་མཆུ་ནད་གསོ་བར་བྱ། །མཁྲིས་པ་ལས་གྱུར་ལྕེ་ནད་ལ། །བཞར་ཏེ་ཁྲག་ནི་དབྱུང་བར་བྱ། །བསྐུ་དང་མཁུར་བ་བཀང་བ་དང་། །སྣ་སྨན་མངར་བ་དག་ཀྱང་བྱ། །དེ་བཞིན་བད་ཀན་ལས་གྱུར་ལ། །ཉུངས་ཀར་ཚ་བ་གསུམ་ལ་

เล่ม ๑๙๘ · หน้า 290a

སོགས། །སྨན་ནི་རྣོན་པོས་གསོ་བར་བྱ། །ལྕེ་ལས་ཆུ་སེར་འཛག་པ་གསར། །མཚོན་མི་རེག་པར་དེ་བཞིན་གསོ། །ལྕེ་ལྷག་སྐྱེས་པ་ལྕེ་བཏེག་སྟེ། །ལྕགས་ཀྱུས་ལྕེ་ལྷག་དྲངས་ནས་ནི། །རྩེ་མོ་དཀྱིལ་འཁོར་འདྲ་བས་བཅད། །རྣོ་དང་དྲོ་བས་བདར་

སོགས་བྱ། །ཉེ་བའི་ལྕེ་ལ་ཁྲག་གཟགས་ཏེ། །ནས་ཚིག་འཁུས་པའི་ཐལ་བས་བདར། །ཤ་ལྷག་སྐྱེས་ལ་བད་ཀན་འཇོམས། །སྣ་སྨན་མཁུར་བཀང་བདར་བར་བྱ། །ག་གོན་ས་བོན་ལྟ་བུར་ནི། །འཕེལ་ཞིང་རྩ་ནི་མི་མངོན་དང་། །རྩེ་མོས་ལྕེ་ཡི་རྩ་བ་སླེབས། །ལྕགས་

ཀྱུ་ཡིས་ནི་བཟུང་ནས་ཀྱང་། །རྩེ་མོ་དཀྱིལ་འཁོར་འདྲ་བ་ཡིས། །རྩེ་མོ་རྩ་བ་རན་པར་གཅད། །བཅད་དྲགས་ཁྲག་ཟགས་འཆི་བར་བྱེད། །བཅད་ཆུང་ནད་ནི་འཕེལ་བར་བྱེད། །བོང་ང་བ་ཏ་ན་ལེ་ཤམ། །ཤུ་དག་རུ་རྟ་པ་རི་ལ། །རྒྱམ་ཚ་སྦྲང་རྩིར་བཅས་པ་ཡིས། །བཅད་པ་དག་ནི་བདར་

བར་བྱ། །པ་རི་བེ་ལ་ཀུན་ཏ་ཏའོ། །པུ་ཙེ་ཤེལ་དང་བོང་ད་དཀར། །བ་ཏ་ནིམ་པ་ར་སྣ་དང་། །ཤུ་དག་ཆུ་ཡིས་མཁུར་བཀང་བྱ། །འདུས་དང་སོ་འབུར་རུས་སྦལ་འདྲ། །དེ་བཞིན་བཞར་ཏེ་གསོ་བར་བྱ། །རྐན་རྣགས་མ་སྨིན་པ་ལ་ནི། །ནག་ཚུར་སྦྲང་རྩི་སྐྱེར་ཁཎྜ། །བསྐུ་བར་

བྱའོ་བསིལ་དང་མངར། །སྨན་བསྐོལ་ཁུ་བས་མཁུར་བཀང་བྱ། །སྨིན་ནས་ན་ཡའི་གཞི་ལྟར་དྲས། །དྲོ་དང་རྣོ་བས་བསྐུ་བར་བྱ། །བ་ཤ་ཀ་དང་པ་ཏོ་ལ། །ནིམ་པ་ལ་སོགས་རྣོ་བ་ཡི། །སྨན་གྱི་ཁུ་བས་མཁུར་བ་དགང་། །རྐན་སྐམ་སྐོམ་དད་གདུང་མེད་པ། །ཟས་ཟོས་རྗེས་ལ་

ཞུན་མར་ནི། །བཅའ་སྒ་བི་པི་ལིང་བསྐོལ་བླུད། །སྐྱུར་བས་མཁུར་བ་སྤོ་བ་བཅང་། །སྐམ་སའི་ཤ་ཁུ་སྣུམ་པ་དང་། །ཞུན་མར་འོ་མའི་སྣ་སྨན་གཏང་། །ལྐོག་མའི་ནད་ལ་གཏར་ག་གདབ། །སྣ་སྨན་ལ་སོགས་རྣོན་པོ་བྱ། །སྐྱེར་པའི་ཤུན་པ་སྐྱེར་ཁཎྜ། །དུག་མོ་ཉུང་བསྐོལ་ཁུ་

བ་བླུད། །ཨ་རུ་ར་ཡི་ཁུ་བ་ནི། །སྦྲང་རྩིར་ལྡན་པ་སྦྱིན་པར་བྱ། །འབྲས་བུ་གསུམ་དང་ཆ་བ་གསུམ། །ནས་ཚིག་འཁུས་ཐལ་སྐྱེར་པ་དང་། །ཙི་ཏྲ་ཀ་དང་སྐྱེར་ཁཎྜ། །པ་ཏ་ཏེ་ཛོ་བ་ཏི་དང་། །ནིམ་པ་ཚ་དང་ར་གཅིན་བསྐོལ། །མཁུར་བ་སྤོ་དང་རི་ལུ་དང་། །ཕྱེ་མ་གདབ་པ་དག་ཀྱང་

เล่ม ๑๙๘ · หน้า 290b

བྱ། །ལྕང་མ་གི་རི་ཀརྞི་དང་། །གླ་སྒང་ཐང་ཤིང་བཅའ་སྒ་དང་། །ཤུ་དག་དན་ད་མུར་བ་ཡི། །ལྡེ་གུ་དྲོ་བསྐུས་སྐྲངས་ནད་སེལ། །དེ་ནས་ཕྱི་ནང་དུགས་བྱས་ཏེ། །སོར་གདུབ་ཆ་སྤྱད་དག་གིས་སམ། །རྒྱམ་ཚ་ལྡན་པའི་སེན་མོ་ཡིས། །རླུང་གྱུར་གག་པ་བཞར་བར་བྱ། །རྩ་བ་ལྔ་

བསྐོལ་མཁུར་བཀང་དང་། །ཏིལ་མར་མཁུར་སྦོ་སྣ་སྨན་གཏང་། །མཁྲིས་པ་ལས་གྱུར་གཏར་ག་གདབ། །ཁ་ར་སྦྲང་རྩི་པྲི་ཡང་ཀུ། །སེང་ཕྲོམ་རྨ་ཤིང་བཅས་པ་བདར། །དེ་བསྐོལ་ཁུ་བ་མཁུར་བར་བཅང་། །རྒུན་འབྲུམ་པ་རུ་ཤ་ཀ་བསྐོལ། །མཁུར་བ་བཀང་བའང་ཕན་པ་ཡིན། །

ཁྲག་ལས་གྱུར་པའང་དེ་བཞིན་དུ། །གཏར་ག་གདབ་སྟེ་གསོ་བར་བྱ། །བད་ཀན་ལས་གྱུར་ཁང་པ་ཡི། །དུད་པ་ཚ་བའི་སྨན་བཅས་གདབ། །ཨ་པ་མརྒའི་འབྲས་བུ་དང་། །གི་རི་ཀརྞི་བྱི་དང་ག །རྒྱམ་ཚ་ཙནྡན་ཏིལ་མར་བསྐོལ། །སྣ་སྨན་མཁུར་བཀང་བྱ་བ་བསྔགས། །དེ་

བཞིན་འདུས་དང་རྩ་བ་དང་། །མཆུ་རྩེ་ལྐོག་མའི་མཚོན་ལའང་བྱ། །ཁོང་འབྲས་ཁྲག་གཟགས་འབྲས་བུ་གསུམ། །གི་ཝང་ཡུག་སྣམ་སྐྱེར་ཁཎྜ། །སེང་ཕྲོམ་རྒྱམ་ཚ་རྨ་ཤིང་དང་། །པི་པི་ལིང་བསྐུ་མཁུར་བཀང་བྱ། །རླུང་ལས་གྱུར་པའི་ཝ་བ་ལ། །དུགས་བྱས་ནས་ནི་ཁྲག་

དབྱུང་ཞིང་། །ཏིལ་དང་ཟར་མ་ལེབ་རྒན་རྩི། །པི་ལ་ཡ་དང་བཙོད་འབྲས་ཀྱིས། །རྨ་འདྲུབ་ནས་བསྐུས་དཀྲི་བར་བྱ། །ཤི་ཀྲུ་སེང་ཕྲོམ་ཏར་ཀ་རི། །ཏང་པ་ལ་ཧ་ཏི་པི་པི་ལིང་། །བ་སྤུ་པ་དང་ཨ་རུ་ར། །ཨརྐའི་རྩ་བ་པོ་སོན་ཆ། །ཨེ་ཀཻ་ཥི་ཀར་བཅས་པ་ནི། །ཆང་ངམ་རང་སྒྱུར་

བཏགས་པས་བསྐུ། །ལྡེ་གུས་ཡང་དང་ཡང་དུ་བསྐུ། །སླེ་ཏྲེས་ནིམ་པ་དུག་མོ་ཉུང་། །ཧན་ས་བ་ཏི་བ་ལ་གཉིས། །ཐང་ཤིང་དང་ནི་པི་པི་ལིང་། །བསྐོལ་བའི་ཏིལ་མར་བླུད་པར་བྱ། །བད་ཀན་ལ་ཡང་འདི་དག་ནི། །བྱ་ཞིང་ལྷག་པར་དུགས་བསྐུ་བྱ། །ཨ་ཟ་གནྡྷ་བོང་ང་དཀར། །

ཨ་ཟ་ཤིང་གི་བི་ཤ་ལྱ། །ཀུ་བ་ཁ་བོ་འོལ་མ་སེ། །ཤི་རི་ཤ་དང་རྒྱ་སྐྱེགས་ཤིང་། །ཐལ་ཆུའི་ལྡེ་གུས་བསྐུ་བར་བྱ། །ཐལ་བ་དྲག་པོ་གཅིན་བསྐོལ་བཙགས། །ཁྲེ་རྒོད་ཟ་ཞིང་བཏུང་བར་བྱ། །དུག་མོ་ཉུང་སོགས་ལན་ཚྭ་ལྔ། །ཏིལ་མར་ལྷན་ཅིག་བསྐོལ་བ་བླུད། །བད་ཀན་འཇོམས་

เล่ม ๑๙๘ · หน้า 291a

པའི་དུད་པ་དང་། །སློན་སྨན་སྣ་སྨན་ལ་སོགས་བསྟེན། །ཚིལ་གྱུར་བ་ལ་གཏར་ག་གདབ། །བད་ཀན་འཇོམས་པའི་ཆོ་ག་བསྟེན། །འདི་ལ་ཨ་ས་ལ་སོགས་པའི། །ཁུ་བ་གཅིན་ནི་སྔ་དྲོ་བླུད། །དེས་མ་ཞིན་ཐམས་ཅད་ནི། །སྨིན་བྱས་རྨ་ལྟར་གསོ་བར་

བྱ། །ཁ་ཤུ་ལ་ནི་འབྲས་བུ་གསུམ། །བ་ཏ་རྒུན་འབྲུམ་ཛཱ་ཏི་ཡི། །འོ་མར་བསྐོལ་བའི་སྦྲང་རྩིར་བཅས། །ཁ་ནི་བསྐུ་ཞིང་བཅང་བར་བྱ། །ཡང་ན་ཟིན་ཐིག་ལ་སོགས་སྤེ། །བཟའ་ཞིང་བསྟེན་པ་ཉིད་དུ་བྱ། །རླུང་གི་ཁ་ཤུར་པི་པི་ལིང་། །རྒྱམ་ཚ་སུག་སྨེལ་ཕྱེ་མ་གདབ། །ཡང་

ན་རླུང་འཇོམས་སྨན་བསྐོལ་བའི། །ཏིལ་མར་སྣ་སྨན་མཁུར་བཀང་ཕན། །ཁྲག་མཁྲིས་གྱུར་ལ་ཁྲག་མཁྲིས་འཇོམས། །བད་ཀན་ལས་གྱུར་དེ་འཇོམས་བསྟེན། །འབྲུམ་ཕྲན་སྲ་ཞིང་བརྟན་པ་ལ། །ཤ་ཁའི་ལོ་མ་སོགས་ཀྱིས་བཞར། །འདུས་པ་ལས་གྱུར་གསོ་བ་ནི། །ནད་

གཞི་ཇི་བཞིན་ཤས་ཆེར་བྱ། །ཆུ་བུར་གསར་ཞིང་མ་འཕེལ་བ། །བཅད་ལས་རྫི་ཀའི་ཐལ་བ། །བཅའ་སྒ་སྦྲང་རྩི་གདབ་པར་བྱ། །དེ་བསྐོལ་མཁུར་བ་བཀང་བར་བྱ། །སླེ་ཏྲེས་ནིམ་པའི་ལྡེ་གུ་ནི། །སྦྲང་རྩི་ཏིལ་མར་བཅས་པའང་རུང་། །ནས་ཟན་ཟ་ཞིང་ཏིལ་མར་རྣོས། །སྣ་

སྨན་དང་ནི་བསྐུ་བྱུག་བྱ། །ཁ་དྲི་ང་ལ་སློན་སྨན་དང་། །དུད་པ་སྣ་སྨན་རྣོན་པོ་གཏང་། །བཙོད་དང་སེང་ཕྲོམ་ད་ཏ་ཀི །ཤུག་པ་བྲི་ཡང་ཀུ་ཡི་ཆུས། །ཁ་ཡི་ནང་ནི་བཀྲུ་བ་དང་། །ཕྱེ་མས་ཁ་ནི་དག་པར་བྱ། །གྲང་ཉེན་ཉེ་བར་བདར་བཤད་པའི། །སྣ་སྨན་ལ་སོགས་བསྟེན་པར་བྱ། །

འབྲས་བུ་གསུམ་དང་རྩ་མཁྲིས་ཙི་ཏྲ་ཀ །ཤིང་མངར་ཉུངས་ཀར་གླ་སྒང་ཚབ་གསུམ། །ཡ་བཀྵ་ར་སེར་པོ་རྣམ་གཉིས་དང་། །ད་ཏྲིག་ཙནྡན་ལྕང་མ་སྟར་བུ་དང་། །ཨ་ཤྭཏྠ་དང་འཛམ་བུའི་མྱུ་གུ་དང་། །ད་ནན་ཛ་ཡ་ཀ་ར་བཱི་རའི་ཤུན། །སེང་ལྡེང་སྙིང་པོ་བསྐོལ་ཏེ་སྐ་བར་གྱུར། །དེ་ཡི་

ཕྱེ་མ་བཏབ་སྟེ་རི་ལུ་བྱ། །དེ་ནི་ཁ་ནང་རྟག་ཏུ་བཞག་གྱུར་ན། །མཆུ་དང་རྐན་སོགས་ནད་ནི་མི་བཟད་འཇོམས། །མཆོག་ཏུ་ཁ་སྐམས་པ་དང་གག་པ་དང་། །རོ་མི་ཚོར་སེལ་ལུས་འཕགས་བདག་པོས་བཤད། །སེང་ལྡེང་སྲང་བརྒྱ་ཆུ་བྲེ་བཅུ་དྲུག་བསྐོལ། །ཁུ་བ་དེ་དང་ཙནྡན་ཨ་ག་རུ། །

เล่ม ๑๙๘ · หน้า 291b

གུར་གུམ་པ་ལ་བ་རི་པེ་ལ་དང་། །ཐང་ཤིང་སེང་ཕྲོམ་རྒུན་འབྲུམ་པུ་ཤེལ་ཙི། །བཙོད་དང་ཙོ་ཙ་ཤུག་པ་བྱི་དང་ག །པྲི་ཀ་རྒྱ་སྤོས་ཀད་པ་ལ་ཆུ་སྲིན་སྡེར། །སུག་སྨེལ་དྷེ་མ་ཀ་དང་རྨ་ཤིང་བཅས། །ཞོ་ནི་གཉིས་གཉིས་ཏིལ་མར་བྲེ་གང་བསྐོལ། །དེ་ནི་བཏུང་དང་སྣ་སྨན་མཁུར་བཀང་

བྱ། །ཁ་ཡི་ནད་ཀུན་འཇོམས་བྱེད་བྱ་རྒོད་ལྟར། །མིག་གསལ་རྣ་བ་ཕག་འདྲར་གསང་བར་བྱེད། །ཙ་ཀྲ་མར་ད་སྐྱེར་པ་སེང་ཕྲོམ་གྱི། །ལྡེ་གུ་གདོང་ལ་བྱུགས་པར་གྱུར་ན་ནི། །དོ་ཁབས་སྨེ་བ་དྲི་མ་ལ་སོགས་སེལ། །ཟླ་བ་ལྟ་བུའི་མདངས་དང་ལྡན་པར་འགྱུར། །ས་ཧ་ར་ཛ་སྲང་སྟོང་ཆུ་

བྲེ་ནི། །བཅུ་དྲུག་ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །སེང་ལྡེང་འཛམ་བུ་ཤིང་མངར་ཨེ་རཎྜ། །ཨ་མྲ་ཨ་ཏི་མ་ར་ཨུཏྤལ་སྔོ། །ཞིབ་བཏགས་ཏིལ་མར་བྲེ་གང་ནང་དུ་བསྐོལ། །དེ་ནི་ཁ་ཡི་ནང་དུ་བཅངས་གྱུར་ན། །ཁ་ཡི་ནད་ཀུན་འཇོམས་ཤིང་ཁྱད་པར་དུ། །སོ་ཡི་ཕྲེང་བ་འགུལ་

བ་བརྟན་པར་བྱེད། །སེང་ལྡེང་སྙིང་པོ་སྲང་ནི་ཉིས་བརྒྱ་དང་། །ཨ་རི་མེ་ད་ས་ནི་སྲང་བརྒྱ་དག །ཆུ་བྲེ་དྲུག་ཅུ་བཞི་བསྐོལ་བཞི་ཆ་ལུས། །བཙགས་ཏེ་སླར་ཡང་སྐ་བའི་བར་དུ་བསྐོལ། །དེ་ནང་དབྱི་མོ་རྨ་ཤིང་བ་ལེ་ཀ །ཙནྡན་རྣམ་གཉིས་སེང་ཕྲོམ་སྟག་ཚེར་བ། །ཤིང་མངར་རྒྱ་

སྐྱེགས་ཨ་ཛ་རི་རྣམ་གཉིས། །ད་ཏ་ཀི་དང་ཀཏྤ་ལའི་འབྲས་བུ། །སེར་པོ་རྣམ་གཉིས་འབྲས་བུ་གསུམ་དང་ནི། །དྲི་སྣ་བཞི་དང་གླ་སྒང་ཨ་རུ་ར། །བཙོད་དང་སྤང་སྤོས་ནྱ་གྲོ་དྷའི་མྱུ་གུ། །ཤུག་པ་བཙོད་དང་ཨེ་ལ་བ་ལུ་ཀ །ཞོ་ནི་གཉིས་གཉིས་བཏབ་སྟེ་བསྒྲངས་པ་རུ། །ཛཱ་ཏི་

པ་ཏྲ་ཛཱ་ཏི་ཕལ་དང་། །ལི་ཤི་ཨ་ཀོ་ལ་དང་ཀ་ཀོ་ལ། །སྲང་རེག་པུར་སྲང་བཞི་གཞུག་པར་བྱ། །དེ་ལས་རི་ལུ་བྱས་ལ་རྟག་ཏུ་ནི། །ཁར་བཞག་ན་ནི་ཁ་ནད་ཐམས་ཅད་སེལ། །བསྐོལ་དང་རེང་བུའི་སྨན་ནི་གོ་བཟློག་པ། །བཏགས་པ་འདི་ཡི་ཏིལ་མར་བསྐོལ་བར་བྱ། །ཁ་ནད་ཀུན་སེལ་

བར་ནི་དེ་བཤད་དོ། །སོ་བརྟན་བྱེད་པའི་མཆོག་ཀྱང་འདི་ཉིད་ཡིན། །རི་ལུ་འདི་ནི་སེང་ལྡེང་སྦྱར་ཏིལ་མར། །ཨ་རི་མེ་ད་ས་དང་བསྐོལ་བ་དག །ཉིན་རེ་བསྟེན་པར་བྱེད་ན་ནད་མེད་པའང་། །སོ་ནི་ངེས་པར་བརྟན་པར་བྱེད་པ་ཡིན། །རྒུན་འབྲུམ་སླེ་ཏྲེས་ཛཱ་ཏིའི་མྱུ་གུ་དང་། །སྐྱེར་པ་བྱི་

เล่ม ๑๙๘ · หน้า 292a

ཚེར་འབྲས་བུ་གསུམ་བསྐོལ་བའི། །སྦྲང་རྩིར་བཅས་པ་འདི་ནི་མཁུར་བར་བཅངས། །ཁ་ཡི་ནད་དུ་གཏོགས་པ་ཐམས་ཅད་སེལ། །སྐྱེར་པ་བ་ཏ་རུ་རྟ་གླ་སྒང་བཙོད། །ཡུང་བ་སེང་ཕྲོམ་ཏེ་ཛོ་བ་ཏི་དང་། །པུ་ཙེ་ཤེལ་གྱི་ཕྱེ་མ་སྦྲང་རྩིར་སྦྱར། །བསྐུས་ན་

རྙིལ་ནད་ཉམ་ཐག་གཡའ་བ་དང་། །རྣག་དང་འཛག་པའི་ནད་རྣམས་འཇོམས་པར་བྱེད། །ཁྱིམ་གྱི་དུད་པ་ཐ་སྐྱེར་ཁཎྜ། །ཚ་བ་གསུམ་དང་ནས་ཚིག་འཁུས་ཐལ་བ། །ཙི་ཏར་ཀ་དང་ལྕགས་ཕྱེ་འབྲས་བུ་གསུམ། །ཏེ་ཛོ་བ་ཏི་སྦྲང་རྩིར་སྦྱར་བ་ནི། །ནག་པོ་ཁར་བཅངས་སོ་དང་མགུལ་

ནད་སེལ། །སྐྱེར་པའི་ཤུན་པ་ལྡོང་རོས་ལྕེ་མྱང་ཚ། །བ་བླ་ནས་ཚིག་འཁུས་པའི་ཐལ་བའི་ཕྱེ། །སྦྲང་རྩི་མར་སྦྱར་ཕྱེ་མ་སེར་པོ་ཅན། །ཁར་བཞག་སོ་དང་མགུལ་བའི་ནད་རྣམས་སེལ། །བ་གཅིན་ཨ་རུ་ར་བསྐོལ་ཐིམ་གྱུར་པ། །ཤུ་ཏི་རུ་རྟ་བ་ལེ་ཀའི་ཕྱེ་ཟོས། །ནང་གི་ཁ་ནད་

ཕྲ་མོ་ཡན་ཆད་ནི། །རྒྱལ་པོར་བརྟེན་ན་གནོད་པས་མི་ཚུགས་བཞིན། །ནང་དུ་བཞག་ན་ནད་རྣམས་སེལ་བར་བྱེད། །ལོ་མ་བདུན་པ་གླ་སྒང་བུ་ཤེལ་ཙེ། །ཨ་རུ་ར་དང་ཏིག་ཏ་པ་ཏོ་ལ། །ཤིང་མངར་དོང་གྲ་ཙནྡན་པུ་ཤེལ་ཙེ། །བསྐོལ་བ་འཐུངས་ན་ཁ་ཡི་ཤུ་བ་འཇོམས། །པ་ཏོ་ལ་

དང་བཅའ་སྒ་འབྲས་བུ་གསུམ། །བི་ཤ་ལྱ་དང་ཏིག་ཏ་ཀྱི་ལྕེ་བ། །སླེ་ཏྲེས་བསྐོལ་བ་སྦྲང་རྩིར་བཅས་བླུད་དམ། །ཁར་བཞག་ཁ་ཡི་ནད་ཀུན་མ་ལུས་འཇོམས། །སྐྱེར་པ་བསྐོལ་བའི་ཁུ་བ་ནི། །སྐ་གྱུར་ཡུག་སྣམ་བཙག་དང་བཅས། །སྦྲང་རྩིར་བཅས་པ་ཁ་ནང་བཞག །ཤུ་བ་རྨ་

འཁྱིམས་སེལ་བར་བྱེད། །ནིམ་པ་ཤིང་མངར་པ་ཏོ་ལ། །བ་ཤ་ཀ་དང་ཛཱ་ཏི་དང་། །སེང་ལྡེང་ཨ་རི་མེད་ས། །འབྲས་བུ་གསུམ་པོ་རེ་རེ་ལའང་། །དེ་བཞིན་དུ་ནི་གཏང་བར་བྱ། །སེང་ལྡེང་ལྕགས་ཕྱེ་འབྲས་བུ་གསུམ། །མ་ཏ་ཡན་ཏི་ཨ་རྫུ་ན། །ཨ་ཏི་མ་ར་བསྐོལ་བ་ནི། །མཁུར་བཅད་

ཁ་ནད་སོ་ནད་སེལ། །ཁ་དང་སོ་རྩ་མགུལ་ནད་ཕལ་ཆེར་ནི། །བད་ཀན་ཁྲག་ལས་མང་དུ་འབྱུང་བ་ཡིན། །དེ་བས་ནད་དེ་བསལ་བར་བྱ་བའི་ཕྱིར། །ནད་ཁྲག་ལན་མང་དུ་ནི་དབྱུང་བར་བྱ། །མགོ་དང་ལུས་ཀྱི་སྐྱུག་སྨན་བཀྲུ་སྨན་དང་། །ཁ་དང་ཚ་དང་མཁུར་བཀང་བཅང་བར་བྱ། །དེ་བཞིན་

เล่ม ๑๙๘ · หน้า 292b

བད་ཀན་ཁྲག་ནི་སེལ་བ་ཡི། །གསོ་བའི་ནད་ནི་ཕལ་ཆེར་བསྔགས་པ་ཡིན། །ནས་དང་རྩ་འབྲུ་ཕུབ་མ་མེད་བྱས་ལ། །ཐལ་སྨན་མང་དུ་སྤངས་ཤིང་སྣུམ་མེད་བཟའ། །ཁུ་བ་བསྟན་པ་ལ་སོགས་གང་གཞན་ནི། །བད་ཀན་སེལ་བར་བྱེད་པ་ཕན་པ་ཡིན། །སྲོག་ནི་རླུང་གི་ལམ་

ལ་གནས་པས་ན། །བག་མེད་པ་ཡིས་འགག་པར་འགྱུར་བ་ཡིན། །དེ་བས་ལྐོག་མའི་ནད་ཀྱི་གསོ་བ་ནི། །ཤིན་ཏུ་མྱུར་བར་བྱ་བ་ཁོ་ན་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་མགོ་བོའི་ནད་

ཀྱི་དམིགས་ཤེས་པར་བྱ་བ་བཤད་པར་བྱའོ། །དུ་བ་ཉི་ཚན་ཁ་བ་དང་། །ཆུ་དང་རྩེ་དང་གཉིད་དྲགས་དང་། །གཉིད་ཡར་རྡུལ་དང་མདུན་གྱི་རླང་། །མཆི་མ་བཀག་དང་དུས་དྲགས་དང་། །ཆུ་འཐུངས་ཆང་འཐུངས་དྲགས་པ་དང་། །སྲིན་བུས་ཤུགས་ནི་བཀག་པ་དང་། །སྔས་དང་

བསྐུ་བྱུག་དྲིལ་ཕྱིས་ལ། །མི་དགའ་རྒྱུན་དུ་ཐུར་དུ་བལྟ། །མ་གོམས་དྲི་དང་ཟས་གནོད་ཟོས། །མང་དུ་སྨྲས་པས་མགོ་བོ་ཡི། །ནང་དུ་ནད་ནི་སྐྱེད་པར་བྱེད། །དེ་ལ་རླུང་ནི་འཁྲུགས་པ་ལས། །མུར་འགྲམ་གཉིས་སུ་ཤིན་ཏུ་ཟུག །འགྲམ་སོ་ཕུག་པ་སྙམ་དུ་སེམས། །སྨིན་མའི་

མཚམས་དང་དཔྲལ་བ་ནི། །ལྟུང་བ་སྙམ་སེམས་རབ་ཏུ་ན། །རྣ་བར་སྒྲ་ཡིས་གནོད་པར་བྱེད། །མིག་ནི་ཕྱུང་བ་སྙམ་དུ་སེམས། །མགོ་བོ་འཁོར་བ་ལྟ་བུར་སེམས། །ཚིགས་རྣམས་བྱེ་བ་སྙམ་དུ་བྱེད། །རྩ་ཡི་དྲ་བ་ཤིན་ཏུ་འཕར། །མཇིང་པ་འགྲམ་པ་འབྱར་སྙམ་བྱེད། །གསལ་བ་

མཐོང་བར་མི་བཟོད་ཅིང་། །སྣ་ཆུ་འཛག་ཅིང་གློ་བུར་དུ། །ན་བ་དང་ནི་ནད་གཞི་བྱེད། །མཉེ་ཞིང་སྣུམ་བསྐུས་དུགས་བྱས་དང་། །བཅིངས་པས་བདེ་བར་འགྱུར་བ་ཡིན། །མགོ་བོ་ཚ་བའི་ནད་ཅེས་བྱ། །ཀླད་པའི་གཞོགས་ཕྱེད་ན་བ་ནི། །གཞོགས་ཕྱེད་ནད་ཅེས་བྱ་བར་བཤད། །ཟླ་

གཅིག་ཟླ་ཕྱེད་ནས་ལྡང་དེ། །རང་ཉིད་ཞི་བར་འགྱུར་པ་ཡིན། །ཤས་ཆེར་འཕེལ་ན་མིག་དང་ནི། །རྣ་བ་དག་ཀྱང་མ་རུང་བྱེད། །མཁྲིས་གྱུར་མགོ་བོ་ཚ་བ་དང་། །དུད་པས་བདུགས་སྙམ་སེམས་རིམས་འདེབས། །རྡུལ་ཞིང་མིག་ཚ་བརྒྱལ་བ་དང་། །མཚན་མོ་གྲང་བས་རྩེ་འཇིལ་འགྱུར། །

เล่ม ๑๙๘ · หน้า 293a

བད་ཀན་ལས་གྱུར་ཡི་ག་འཆུས། །མགོ་ལྕི་ཚོར་བ་མེད་ཅིང་གྲང་། །རྩ་མི་འཕར་ཞིང་སྒྱིད་སྙོམ་ལ། །ཉིན་མོ་ནད་ཆུང་མཚན་མོ་ལྡང་། །རྨྱ་ཞིང་མིག་ནི་སྐྲངས་པ་དང་། །རྣ་བ་གཡའ་ཞིང་སློན་པ་ཡིན། །ཁྲག་གྱུར་མཁྲིས་པ་ལས་ཆེར་ན། །འདུས་གྱུར་མཚན་

ཉིད་ཀུན་དང་ལྡན། །འདྲེན་མའི་ཟས་ཀྱིས་སྤྱི་བོ་ཡི། །ཁྲག་དང་ཤ་ནི་འདྲུལ་བྱས་པས། །འདུས་པའི་ནད་ནི་འཁྲུགས་འགྱུར་ཞིང་། །མགོ་བོའི་སྲིན་བུ་སྐྱེ་བར་འགྱུར། །དེས་ནི་མགོ་བོའི་ཁྲག་འཐུང་ཞིང་། །སེམས་ནི་འཁྲུལ་པར་བྱེད་པ་ཡི། །མི་བཟད་ནད་ནི་སྐྱེད་པར་བྱེད། །ལུད་

པ་རིམས་དང་ཉམས་སྟོབས་ཟད། །མགོ་བོ་རྩུབ་སྐྲངས་དབུག་སྙམ་ན། །ཚ་ཞིང་མགོ་འགུལ་རྣགས་པ་དང་། །ཐོད་པ་རྐན་དང་མགོ་བོར་ནི། །གཡའ་ཞིང་སྐེམ་ལ་ཚོར་བ་མེད། །སྣབས་ཀྱི་མདོག་ནི་དམར་བ་ལ། །རྣ་བ་སྒྲ་བཅས་སྲིན་སྐྱེས་ནད། །རླུང་ཤས་ཆེ་བས་མགོ་འདར་

ཞིང་། །དེ་ཡི་མིང་ཅན་ནད་སྐྱེད་བྱེད། །མཁྲིས་ཤས་ཆེ་བའི་རླུང་སོགས་ཀྱིས། །མུར་འགྲམ་སྐྲང་ཞིང་ཁྲག་བཅས་ལ། །མི་བཟད་ཚ་ཞིང་ནལ་དམར། །གླལ་ཞིང་རིམས་འདེབས་སྐོམ་མགོ་འཁོར། །ཁ་ནང་ཁ་བྲོ་གདོང་སེར་ཞིང་། །མྱུར་དུ་གསོད་བྱེད་མུར་འགྲམ་ཅན། །ཞག་གསུམ་

ནས་ནི་སྲོག་འཇོམས་ཤིང་། །མྱུར་དུ་གསོ་ན་འཚོ་བ་ཡིན། །རླུང་མཁྲིས་རྗེས་འབྲེལ་མུར་འགྲམ་མིག །སྨིན་མ་དཔྲལ་བ་ན་བ་དང་། །འཕར་བར་བྱེད་པ་སྐྱེད་པར་བྱེད། །ཉི་མ་འཆར་བར་གྱུར་པ་ནས། །ཉི་མ་ཕྱེད་ཀྱི་བར་དུ་འཕེལ། །དེ་ཕན་ཆད་ནི་བདེ་བར་འགྱུར། །ལྟོགས་ན་དེ་ནི་ལྷག་པར་ན། །

གྲང་དང་དྲོ་ལ་ངེས་པ་མེད། །དེ་ནི་ཉི་མ་འཁོར་ཞེས་བྱ། །དེ་ལྟར་མགོ་བོར་གཏོགས་པའི་ནད། །རྣམ་པ་བཅུར་ནི་བཤད་པ་ཡིན། །གཞན་ཡང་ཐོད་པ་ལ་བརྟེན་ནད། །དགུ་པོ་མགོ་བོ་བཞིན་བཤད་བྱ། །ཀླད་པ་རླུང་ནི་འཁྲུགས་གྱུར་པ། །ནང་ན་གནས་པའང་ནད་སྐྱེད་བྱེད། །མདོག་གནག་ནད་ཆུང་

སྐྲངས་པ་ཡིན། །དེ་ནི་ཉེ་བའི་མགོ་ཞེས་བྱ། །འབྲུམ་ཕྲན་ཐོར་བུ་ཁོང་འབྲས་ནི། །ནད་གཞི་ཇི་བཞིན་བརྗོད་པར་བྱ། །ཐོད་པར་ལྗན་ལྗིན་མང་པོ་དང་། །ཁྲག་དང་མཁྲིས་པའི་འབུ་ལས་ནི། ཁྲེ་དང་ཉུངས་ཀར་ལྟ་བུར་འབྱུང་། །འབྲུམ་ཕྲན་སྲིན་གྱི་ནད་སྐྱེད་འགྱུར། །རླུང་དང་མཁྲིས་པ་

เล่ม ๑๙๘ · หน้า 293b

འཁྲུགས་པ་ལས། །པགས་བ་རྩུབ་ཅིང་གས་པ་དང་། །གཡའ་ཞིང་སྐྲ་འབྱི་ཚོར་བ་མེད། །གྱུར་པ་མི་བཟད་ཡིན་ཞེས་བྱ། །མཁྲིས་བ་རླུང་དང་འདྲེས་པ་ནི། །བ་སྤུའི་ནང་དུ་ཞུགས་གྱུར་པ། །སྐྲ་ནི་འབྱི་བར་བྱེད་པ་ཡིན། །དེ་ནས་བད་ཀན་ཁྲག་བཅས་པས། །བ་སྤུའི་བུ་ག་འགག་བྱེད་དེ། །

དེ་ཡིས་གཞན་དག་མི་འབྱུང་བ། །འཁོར་ལིང་སྐྲ་འབྱི་ཞེས་བྱ་སྟེ། །གཞན་དག་སྐྲ་འབྱི་ཞེས་བྱར་འདོད། །སྤྱི་ཅེར་སྐྱེ་བའང་དེ་བཞིན་དུ། །སྐྲ་འབྱི་དེ་ལ་རིམ་གྱིས་འབྱུང་། །དེ་ནི་རླུང་གྱུར་མེས་ཚིག་འདྲ། །མཁྲིས་གྱུར་རླན་ཅན་རྩ་ཡིས་ཁྱབ། །བད་ཀན་པགས་པའི་མདོག་དཀར་མཐུག །

པགས་པ་རང་གི་ཇི་བཞིན་སྣང་། །འདུས་གྱུར་མཚན་ཉིད་ཀུན་དང་ལྡན། །སེན་མོའི་མདོག་འདྲ་གསོར་མི་རུང་། །མེས་བསྲེགས་ལྟ་བུར་སྤུ་མེད་གང་། །ཚ་བཅས་དེ་ཡང་གསོར་མི་རུང་། །མྱ་ངན་ཁྲོ་དང་ངལ་ལས་བྱུང་། །ལུས་ཀྱི་དྲོད་ནི་མགོར་ཞུགས་པས། །ནད་དེས་སྐྲ་ནི་བཙོས་ནས་

ནི། །དེ་ལ་སྐྲ་དཀར་སྐྱེ་བར་འགྱུར། །དེ་ནི་རླུང་གྱུར་ཡིད་ཙམ་གནག །སྲ་ཞིང་རྩུབ་ལ་ཆུ་མདོག་ཅན། །མཁྲིས་པ་ཚ་ཞིང་མདོག་སེར་ཡིན། །བད་ཀན་ལས་གྱུར་སྣུམ་ཞིང་འཕེལ། །སྦོམ་ཞིང་མདོག་ནི་དཀར་བ་ཡིན། །འདུས་གྱུར་མཚན་མ་འདྲེན་མ་ཡིན། །མགོ་བོའི་ནད་ལས་

བྱུང་བ་གཞན། །མདོག་ངན་རེག་ན་མི་བཟོད་ཡིན། །འདུས་པ་ལས་ནི་གྱུར་པ་ཡི། །སྤྱི་ཅེར་སྐྲ་དཀར་གསོར་མི་རུང་། །ལུས་ཀྱི་འགྱུར་བ་ལས་བྱུང་བ། །བཅུད་ཀྱིས་ལེན་གྱིས་གསོ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།

དེ་ནས་མགོ་བོའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །རླུང་ལས་གྱུར་པའི་མགོ་ནད་ལ། །རླུང་ནད་གསོ་བའི་ཆོ་ག་བཤད། །འདི་ནི་མཚན་མོ་ཞུན་མར་བླུད། །དེ་རྗེས་འོ་མ་དྲོན་མོ་བླུད། །མ་ཤ་རྒྱ་སྲན་མུངྒ་འང་རུང་། །མར་དང་ལྡན་པ་དེ་བཞིན་སྦྱིན། །ཏིལ་མར་ཏིལ་གྱི་ལྡེ་གུ་ནི། །འོ་མ་

དང་ནི་ལྷན་ཅིག་བླུད། །གླན་དང་བཅིང་བའི་དུགས་དག་ནི། །ཤ་དང་འུ་སུ་ལས་བྱས་ཕན། །རླུང་འཇོམས་རྩ་བ་བཅུ་ལ་སོགས། །བསྐོལ་བའི་འོ་མ་སྣུམ་ཅན་བླུད། །སྣ་སྨན་དུད་བརྔུབ་སྣུམ་ཅན་དང་། །མགོ་དང་རྣ་བ་བརྟ་བར་བྱ། །བ་ར་ཎ་སོགས་སྡེ་ཚན་བརྡུངས། །འོ་མ་ཆུ་ཕྱེད་བསྐོལ་

เล่ม ๑๙๘ · หน้า 294a

བ་ཡི། །འོ་མ་ལུས་པ་དེ་བསྒྲངས་ལ། །བསྲུབས་ཏེ་སྙིང་པོ་བླངས་ནས་ནི། །དེ་ནས་མངར་བའི་སྡེ་ཚན་བསྐོལ། །མར་གྱི་སྣ་སྨན་བླུགས་པ་བསྔགས། །འདིར་ནི་འོ་མའི་སྡེ་ཚན་བསྐོལ། །མར་དང་ཁ་རར་བཅས་པ་བླུགས། །རས་བལ་ས་བོན་ཤིང་ཚ་

དང་། །གླ་སྒང་ཛཱ་ཏི་ཁ་འབུས་པ། །ཆུ་དྲོན་བཏགས་པའི་སྣ་སྨན་ནི། །མགོ་བོའི་ནད་ཀུན་འཇོམས་བྱེད་ཡིན། །ཁྲག་དང་མཁྲིས་པ་ལས་གྱུར་པ། །ཁ་ར་གུར་གུམ་མར་བསྐོལ་གཏང་། །རུ་རྟ་རྒྱ་སྤོས་ཨུཏྤ་ལ། །ཙནྡན་མར་སྦྱར་མགོ་བསྐུས་ཕན། །རླུང་ཤས་ཆེ་ལ་འཇིགས་ཡོད་

པས། །གཏར་ག་འདི་ལ་མི་བྱའོ། །དེས་མ་ཞི་ན་བད་རླུང་ལ། །མེ་བཙའ་ཇི་སྐད་བཤད་པ་བྱ། །གཞོགས་ཕྱེད་ན་ལའང་དེ་བཞིན་ཏེ། །ནད་དང་འབྲེལ་པའི་གསོ་བ་བྱ། །ཤི་རི་ཤ་ཡི་ས་བོན་དང་། །ཨ་པ་མརྒའི་རྩ་བ་དང་། །ཁ་རུ་ཚ་བཅས་སྣ་སྨན་གཏང་། །ཡང་ན་ས་ལ་པརྞི་

འམ། །ཙ་ཀྲ་མརྡ་གང་ཡང་རུང་། །སྐྱུར་ཀུ་དང་སྦྱར་ལྡེ་གུས་བསྐུ། །ཉི་མ་ལྟར་འཁོར་དེ་ཡི་ཚེ། །གཏར་གས་ཁྲག་ནི་དབྱུང་བར་བྱ། །མཁྲིས་པ་ལས་གྱུར་མགོ་ནད་ལ། །སྣུམ་ཆོས་བྱས་ནས་གཏར་ག་གདབ། །མགོ་དང་གདོང་བྱུགས་སྨན་ཆུ་བླུགས། །སློན་ཁྲུས་མས་གཏོང་

བསིལ་བར་བྱ། །འཚོ་བྱེད་དང་བསྐོལ་འོ་མ་དང་། །མར་ནི་སྣ་སྨན་བཏུང་བ་བླུགས། །ཁྲག་ལས་གྱུར་པ་འང་འདི་ཉིད་བྱ། །མུར་འགྲམ་ཅན་ལ་གཏར་ག་སྤང་། །བད་ཀན་མགོ་ནད་མར་སྙིང་དང་། །སྣུམ་ཆོས་བྱས་ལ་ཚ་བས་སློན། །དུགས་དང་བྱུག་པ་སྣ་སྨན་སོགས། །རྩུབ་དྲོ་

རྣོ་བའི་སྨན་གྱིས་གསོ། །འདིར་ནི་སྨྱུང་བའང་བསྔགས་པ་ཡིན། །འདུས་པ་ལས་ནི་འདྲེན་མར་གསོ། །སྲིན་གྱུར་སྣ་སྨན་ཁྲག་བླུགས་ཏེ། །དེ་ཡིས་འབུ་ནི་བརྒྱལ་བར་འགྱུར། །ཁྲག་གི་དྲི་ཡིས་ར་རོ་ནས། །ཁ་དང་སྣ་ནས་འབྱུང་བར་འགྱུར། །དེ་ནས་སྣ་སྨན་དུད་བརྔུབ་རྣོས། །དེ་

ནི་ཉེ་བར་དབྱུང་བར་བྱ། །ཉུངས་ཀར་ནིམ་པ་ཨིང་གུ་དང་། །པི་ལུའི་མར་དང་སྦྱར་བ་ཡི། །བྱི་དང་ག་དང་ས་རྫི་ཀ །དནྡ་ཤིང་ཀུན་བ་གཅིན་བསྐོལ། །སྣ་སྨན་སོ་སོར་གཏང་བར་བྱ། །བྱི་དང་ག་ནི་ར་གཅིན་དང་། །སྦྱར་བའི་སྣ་སྨན་འབུ་འཇོམས་མཆོག །ཉ་རུལ་བཅས་པའི་སྣ་

เล่ม ๑๙๘ · หน้า 294b

སྨན་དང་། །དུད་པ་དག་ཀྱང་བརྔུབ་པར་བྱ། །སྲིན་བུས་ཁྲག་ནི་འཐུངས་པའི་ཕྱིར། །འདི་ལ་ཁྲག་ནི་དབྱུང་མི་བྱ། །མགོ་འདར་རླུང་གི་མགོ་ནད་ཀྱི། །གསོ་བ་མེ་བཙའ་མ་གཏོགས་བྱ། །ཉེ་བའི་མགོ་ནད་སྐྱེས་པ་ཡི། །རྗེས་དང་སྐྱེས་མ་ཐག་ལ་ནི། །རླུང་ནད་ཀྱི་ནི་གསོ་བ་བྱ། །

སྨིན་ནས་ཁོང་འབྲས་གསོ་ལས་བྱ། །འབྲུམ་ཕྲན་འབྲུམ་བུ་ཁོང་འབྲས་ལ། །སྨིན་དང་མ་སྨིན་ཇི་བཞིན་བྱ། །སྲིན་ལས་སྲིན་བུ་པད་པ་ཡིས། །གཏར་ག་བྱས་ཏེ་ནིམ་པའི་ཆུ། །བླུགས་ཤིང་རྟ་སྤངས་ཁུ་བ་ནི། །ལན་ཚྭ་ཤས་ཆེར་བཏབ་པས་བསྐུ། །ནིམ་པ་པ་ཏོ་ལའི་ལོ་མ། །ཡུངས་

མར་བཅས་པ་ཞིབ་བཏགས་བསྐུ། །བ་གཅིན་འབའ་ཆ་རྙིང་པར་སྦྱར། །ཁྱིམ་བྱའི་རྟུག་པ་དག་གིས་བསྐུ། །གྱོ་མོར་རུ་རྟ་བརྔོས་པ་དང་། །ཏིལ་གྱི་ཕྱེ་མར་བཅས་པ་ཡིས། །གློག་པ་བསྐུས་ན་གཡའ་བའམ། །ཆུ་འཛག་ཚ་བ་སེལ་བར་བྱེད། །མ་ལ་ཛི་དང་ཙི་ཏྲ་ཀ། །ཀ་ར་བཱི་ར་ཀ་རཉྫ། །

ཏིལ་མར་སྤུ་གྲིས་བྲེགས་པ་ཡི། །རྗེས་བསྐུས་འཁོར་ལིང་འབྱི་བ་སེལ། །དེས་མ་ཞིན་མགོ་བོ་ཡི། །སྦྱང་བྱ་སློན་སྨན་སོགས་པ་བྱ། །མི་བཟད་པ་ལ་དང་པོར་ནི། །དཔྲལ་བའི་རྩ་ལ་གཏར་ག་བྱ། །མགོ་བོའི་བཀྲུ་སྨན་སྣ་སྨན་གཏང་། །ཤིང་མངར་པི་ལ་ཡའི་ས་བོན། །རུ་རྟ་མ་

ཤ་ཉུངས་ཀར་བཅས། །སྦྲང་རྩིར་བཅས་པའི་ལྡེ་གུས་བསྐུ། །རྒྱ་སྐྱེགས་དོང་གའི་ལོ་མ་དང་། །ཙཀྲ་མརྡ་སྐྱུ་རུ་ར། །སྦྲང་རྩིར་སྦྱར་བས་བསྐུས་ཀྱང་ཕན། །ཁྲེ་རྒོད་རྩ་བསྲེགས་ཐལ་བ་ནི། །ཆུ་དང་སྦྱར་བས་བསྐུས་ན་ཕན། །འཁོར་ལིང་སྐྲ་འབྱིའི་ནད་ལ་ནི། །ཉེ་བར་གཏར་ག་

གདབ་པ་དང་། །ཞལ་ཞལ་བྱས་ཏེ་ན་ལེ་ཤམ། །ལྡོང་རོས་སྤངས་མ་ནག་ཚུར་བསྐུ། །ཡང་ན་འབའ་ཆའི་ཐང་ཤིང་ངམ། །འོལ་མ་སེ་ཡི་འབྲས་བུའི་རྩ། །ཡང་ན་ལང་ཀ་ལིའི་རྩ་བའམ། །ཀ་ར་བཱི་རའི་ཁུ་བ་འམ། །ཀཎྜ་ཀཱ་རིའི་ཁུ་བ་ནི། །སྦྲང་རྩིར་བཅས་པས་བསྐུ་བ་

འམ། །དྷ་དུ་སྤྱོར་ཡི་ལོ་མ་འམ། །བསེ་ཤིང་འབྲས་བུའི་ཁུ་བས་བསྐུ། །ཏིལ་གྱི་མེ་ཏོག་གཟེ་མ་དང་། །མར་དང་སྦྲང་རྩིར་བཅས་པའམ། །གླང་པོའི་སོ་བསྲེགས་ཏིལ་མར་བསྲེས། །འཁོར་ལིང་འབྱི་བའི་སྨན་མཆོག་ཡིན། །སྐྲ་དཀར་སྐྱེ་ལ་ལུག་གི་རྭའི། །སྣག་ཚས་དེ་

เล่ม ๑๙๘ · หน้า 295a

བཞིན་བསྐུ་བར་བྱ། །ཇི་སྲིད་སྐྲ་ནི་སྐྱེས་ཀྱི་བར། །ཆུ་བླུགས་པ་ནི་སྤང་བར་བྱ། །སྤྱི་ཅེར་སྐྲ་དཀར་གཉེར་མ་མང་། །སྐྲ་སེར་སྐྱེས་ལ་སྦྱང་བྱས་ནས། །སྣ་སྨན་གཏོང་དང་མགོ་བཀྲུས་ལ། །བྱུག་པ་རྣམས་ཀྱིས་གསོ་བར་བྱ། །བྲི་ཧ་ཏི་སོགས་ཏིལ་

མར་བསྐོལ། །འཚོ་བྱེད་བསྐོལ་བའི་སྣ་སྨན་བླུགས། །ནིམ་པའི་མར་གྱིས་ཟླ་བ་གཅིག །སྣ་སྨན་བཏང་སྟེ་འོ་མ་བླུད། །ཤྲི་ཤ་ཨེ་རཎྜ་དང་རམས། །བྲིང་ག་རཱ་ཛའི་ཁུ་བར་སྦངས། །སེའུ་ལུ་ཏིལ་དང་བ་རུ་ར། །པྲི་ཡང་ཀ་ཀ་ཏིའི་ས་བོན། །ཆ་མཉམ་ལྕགས་ལ་བསྐོལ་ནས་ནི། །

ཉི་མའི་འོད་ལ་སྐམས་ནས་ནི། །མར་འཛག་པ་ཡི་སྣ་སྨན་གཏང་། །འོ་མ་འཐུངས་པས་སྐྲ་དཀར་སེལ། །ས་ཧ་ར་ཛ་བྱེའུ་རུག་པ། །བྲིང་ག་ར་ཛའི་ཁུ་བ་ནི། །བྲེ་གང་ཏིལ་མར་ཕུལ་གང་དང་། །ཤིང་མངར་སྲང་གཅིག་བཏབ་སྟེ་བསྐོལ། །ཨ་ས་ནའམ་རྡོ་སྣོད་དམ། །ལུག་གི་

རྭ་ཡི་ནང་དུ་གཞུག །ཀ་ར་བཱི་ར་པ་ཡ་སྱ། །འོ་མ་དང་ནི་ཞིབ་བཏགས་པ། །སྐྲ་དཀར་ཕྱུང་བའི་རྗེས་བསྐུས་ཤིང་། །སྦངས་ན་སྐྲ་དཀར་སེལ་བར་བྱེད། །བི་ལ་ཡ་དང་ཤིང་མངར་དང་། །འཚོ་བྱེད་སྡེ་ཚན་ཏིལ་ནག་དང་། །ས་ནག་འོ་མའི་ལྡེ་གུ་ཡིས། །གདོང་བསྐུས་གཉེར་མ་

སྤུ་སེར་སེལ། །ཏིལ་དང་པདྨ་གེ་སར་དང་། །ཤིང་མངར་སྦྲང་རྩི་སྐྱུ་རུ་ར། །ལྡེ་གུ་འདི་ཡིས་མགོ་བསྐུས་ན། །སྐྲ་འཕེལ་གནག་པར་འགྱུར་བ་ཡིན། །སྤང་སྤོས་རུ་རྟ་ཏིལ་ནག་དང་། །ཐལ་ཏྲེས་ཨུཏྤལ་སྔོན་པོ་དང་། །འོ་མར་བཏགས་ཏེ་སྦྲང་རྩིར་སྦྱར། །སྐྲ་ནི་འཕེལ་བར་བྱེད་

པའི་མཆོག །ལྕགས་ཕྱེ་བྲིང་ག་ར་ཛ་དང་། །འབྲས་བུ་གསུམ་དང་ས་ནག་པོ། །བུ་རམ་ཤིང་ཁུར་ཟླ་གཅིག་གཞུག །སྐྲ་དཀར་རྩད་ནས་སྐྱུར་བར་བྱེད། །མ་ཤ་ཁྲེ་རྒོད་སྐྱུར་རྩབས་དང་། །ནས་ཐུག་ལྕགས་ཕྱེ་ཚ་མང་བཏབ། །ཞག་གསུམ་བཞག་སྟེ་བཏགས་པ་ཡིས། །བྱ་དཀར་

ཡང་ནི་ནག་པོར་བྱེད། །ཤིང་མངར་ཙནྡན་སྟག་ཚེར་བ། །པི་པི་ལིང་དང་ཨུཏྤལ་དང་། །སྐྱུ་རུ་ར་ཁུ་ཏིལ་མར་བསྐོལ། །སྣ་སྨན་བསྐུ་བ་བྱས་གྱུར་ན། །སྐྲ་དཀར་དང་ནི་ཀླད་པ་ཡི། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །ཉེའུ་ཤིང་ཛི་བནྟིའི་ཁུ་བ། །འོ་མ་མར་དང་ཏིལ་མར་དང་། །

เล่ม ๑๙๘ · หน้า 295b

འཚོ་བྱེད་བསྐོལ་བའི་སྣ་སྨན་གྱིས། །ནམ་ཚོང་ཡན་ཆད་ནད་ཀུན་སེལ། །རྨ་བྱའི་སྒྲོ་མཁྲིས་རྒྱུ་མ་དང་། །རྐང་པ་རྟུག་པ་ཆུ་བོར་བའི། །ཤ་དང་བ་ལ་རྩ་བ་བཅུ། །ར་སྣ་ཤིང་མངར་སྲང་གསུམ་གསུམ། །ཆུ་བསྐོལ་ཁུ་བ་མར་བྲེ་གང་། །འོ་མ་བྲེ་གང་བཅས་བསྐོལ་བ། །མངར་

བའི་སྨན་སྡེའི་ལྡེ་གུ་བཏབ། །དེ་བཏུང་མས་གཏོང་བསྐུ་བ་དང་། །སྣ་སྨན་དག་ཏུ་བསྟེན་པ་ཡིས། །ནམ་ཚོང་ཡན་ཆད་ནད་ཀུན་སེལ། །སྨན་འདི་དག་གི་ལྡེ་གུ་དང་། །ཛི་བནྟི་དང་འབྲས་བུ་གསུམ། །མེད་རྒུན་འབྲུམ་དབྱི་མོ་དང་། །པ་རུ་ཤ་ཀ་ས་མང་ག །

ག་པྲའི་རྩ་བ་ཏང་པ་ལ་དང་། །ཀརྐ་ཏ་སྲིང་ཁ་སྲལ་ཕྲེའུ། །འབྲོ་གོ་པདྨའི་རྩ་བ་དང་། །པདྨའི་སྡོང་པོ་ཁ་རྫུན། །ཤིང་མངར་ཉེའུ་ཤིང་ཛི་བ་ཀ། །བི་ད་རི་དང་བུ་རམ་ཤིང་། །ཐལ་ཏྲེས་རྣམ་གཉིས་བྲི་ཧ་ཏི། །མུར་བ་གཟེ་མ་ཟངས་རྩི་བ། །སྲིང་ག་ཏ་དང་ཀ་ཤེ་རུ། །ར་སྣ་སྠི་ར་ལྕ་བ་དང་། །སུག་

སྨེལ་ཟུར་བ་མ་ནུ་དང་། །བ་སྤྲུ་བ་དང་ཅུ་གང་དང་། །ར་མཉེ་བ་དང་བྱི་ཚེར་བ། །མ་དུ་ཀ་དང་སྟར་ག་དང་། །ཨ་བི་ཤུ་ཀ་མུཉྫ་ཀ །ཞོ་ནི་གཉིས་གཉིས་ཕྱིར་བཏགས་དང་། །མར་བྲེ་གང་དང་འོ་མ་ནི། །བཞི་འགྱུར་དག་དང་བསྐོལ་བའི་མར། །འདི་ནི་རྨ་བྱ་ཆེན་མོ་སྟེ། །རྨ་བྱ་ལས་ནི་ཡོན་ཏན་

ལྷག །ལུས་ཟུངས་དབང་པོ་ཉམས་སྐད་འགགས། །ལུད་པ་དབུགས་མི་བདེ་ཉེན་འཇོམས། །ཟླ་མཚན་ཁུ་བའི་སྐྱོན་ལའང་ཕན། །མོ་གཤམ་ལ་ཡང་བུ་སྐྱེད་བྱེད། །བྱི་བ་ཁྱིམ་བྱ་དང་པ་དང་། །རི་བོང་དང་ཡང་དེ་བཞིན་སྦྱར། །ནམ་ཚོད་ཡན་ཆད་གཏོགས་པའི་ནད། །ཉིས་བརྒྱ་

སུམ་ཅུ་རྩ་གཅིག་ཡིན། །དེ་དག་ཕན་ཚུན་མ་འདྲེས་པར། །རྒྱ་ཆེར་རབ་ཏུ་བཤད་པ་ཡིན། །དྲང་སྲོང་རྣམས་ཀྱིས་སྐྱེས་བུའི་མགོ། །རྩ་བ་འོག་ནི་ཡལ་གར་བཤད། །དེ་ཕྱིར་རྩ་བ་ལ་གནོད་པའི། །ནད་ནི་མྱུར་དུ་གསོ་བར་བྱ། །གང་ལ་དབང་པོ་ཀུན་རྟེན་ཞིང་། །གང་ལ་སྲོག་ནི་

གནས་བྱེད་པས། །དེས་ན་ཡན་ལག་དམ་པ་ཡི། །སྲུང་བ་ལ་ནི་འབད་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བཞི་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །སྟོད་གསོ་བའི་ཡན་ལག་རྫོགས་སོ།། །།

เล่ม ๑๙๘ · หน้า 296a

དེ་ནས་རྨ་གསོ་བ་བཤད་པར་བྱའོ། །རྨ་ནི་ལྷན་ཅིག་སྐྱེས་གློ་བུར། །རེད་དང་མ་རེད་དབྱེ་བ་གཉིས། །ལུས་ཀྱི་ནད་གཞིས་སྐྱེད་ལྷན་ཅིག །ཕྱི་རོལ་རྒྱུས་བྱུང་གློ་བུར་བའོ། །ནད་དང་འདྲེས་པ་རེད་པ་ཡིན། །དེ་མེད་དག་པ་མ་རེད་ཡིན། །རྨ་རེད་ཁ་རྒྱས་ཞུམ་

པ་དང་། །ཤིན་ཏུ་སྲ་བའམ་ཤིན་ཏུ་སྙི། །ཤིན་ཏུ་མཐོ་འམ་ཤིན་ཏུ་དམའ། །ཤིན་ཏུ་གྲང་ངམ་ཤིན་ཏུ་ཚ། །དམར་ཞིང་སྐྱའམ་གནག་པ་ཉིད། །རྣག་ནི་དྲི་མནམ་ཡོངས་སུ་འཛག །ཤ་དང་རྩ་རྒྱུས་འདྲུལ་བ་དང་། །གཡོས་ཤིང་མཆེད་ལ་རབ་ཏུ་ན། །གཡོ་ཞིང་ཚ་ལ་སྐྲང་

བ་དང་། །གཡའ་བ་ལ་སོགས་བླ་བརྣན་བཅས། །ཡུན་རིང་དུ་ནི་འཚོ་བ་དཀའ། །རྨ་རེད་མཚན་མར་ཤེས་པར་བྱ། །དེ་ནི་ཁྲག་བཅས་ནད་བཅོ་ལྔ། །དེ་ལ་རླུང་ལས་གྱུར་བའི་རྨ། །གནག་ཅིང་སྨུག་དམར་ཐལ་མདོག་དང་། །ཐི་བའི་རུས་པ་ལྟ་བུར་སྣང་། །ཞོ་ག་ཆུའམ་འབྲས་བཀྲུས་

ཆུ། །འདྲ་བའི་ཆུ་སླ་ཉུང་ངུ་འཛག །ཤ་ཟད་ཤས་ཆེར་ན་ཞིང་ཟུག །རྩུབ་ཅིང་ཚེག་ཚེག་ཚ་བ་ཡིན། །མཁྲིས་གྱུར་མྱུར་རྣགས་སེར་བ་དང་། །སྔོ་ཞིང་སེར་སྐྱའམ་ཁམ་པར་འདུག །གཅིན་དང་ཐལ་ཆུ་རྒྱ་སྐྱེགས་ཁུ། །ཏིལ་མར་འདྲ་ཆུ་མང་དུ་འཛག །རྨ་ལ་ཐལ་སྨན་བཏབ་

ལྟར་ན། །དམར་ཞིང་ཚ་ལ་རྣགས་པ་ཡིན། །བད་ཀན་ལས་གྱུར་མདོག་སྐྱ་གཡའ། །ཆུ་ནི་སྐ་བ་མང་དུ་འཛག །རྨ་ཁ་སྦོམ་ཞིང་ན་བ་དང་། །རྩ་རྒྱུས་ཀྱིས་ཁྱབ་ནད་ཚབས་ཆུང་། །ཁྲག་གྱུར་བྱི་རུའི་མདོག་ལྟར་དམར། །ཁྲག་དང་བཅས་པའི་རྣག་འཛག་ཅིང་། །རྟ་བྲེས་ཀྱི་ནི་དྲི་ལྟར་

བྲོ། །མཁྲིས་པའི་མཚན་མ་དག་དང་ལྡན། །གཉིས་སམ་གསུམ་མམ་ཐམས་ཅད་ལས། །གྱུར་པའི་མཚན་མ་འདྲེན་མ་ཡིན། །ལྕེ་ཡི་མདོག་འདྲ་འཇམ་ཞིང་མཉེན། །རྨ་ཁ་སྨུག་ཅིང་འབྲུམ་ཕྲན་ཅན། །མཉམ་པ་དབུས་མ་ཅུང་ཟད་མཐོ། །བླ་བརྣན་མེད་རྨ་དག་པ་ཡིན། །པགས་

པ་ཤ་དང་རྩ་རྒྱུས་དང་། །ཚིགས་དང་རུས་པ་ནང་གྲོལ་གནད། །བརྒྱད་པོ་དེར་ནི་རྨ་གནས་པ། །ཕྱི་མ་བཞིན་དུ་གསོ་བར་དཀའ། །གསོ་སླ་སྙིང་སྟོབས་མེ་དྲོད་ཤ། །ན་ཚོད་ཉམས་སྟོབས་ལྡན་པའི་རྨ། །ཟླུམ་ཞིང་དཀྱུས་རིང་རིམ་གསུམ་པ། །ཟུར་བཞི་པ་ནི་གང་ཡིན་དང་། །དེ་བཞིན་

เล่ม ๑๙๘ · หน้า 296b

དཔྱི་རྐུབ་ཕོ་མཚན་མཆུ། །རྒྱབ་དང་ཁ་ནང་མཁུར་ཚོས་བྱུང་། །གསོ་དཀའ་མིག་དང་སོ་དང་ནི། །སྣ་དང་མིག་ཟུར་ལྟེ་བ་དང་། །སྲུབས་མཚམས་ལྟོ་བ་རྣ་བ་དང་། །རྩིབ་ལོགས་མཆན་ཁུང་ནུ་མར་བྱུང་། །ལྦུ་བ་རྣག་འཛག་རླུང་འབྱུང་ཞིང་། །ཟུག་རྔུར་བཅས་ཤིང་སྟོང་ནས་འཛག །མཚན་

བར་རྡོལ་ཞིང་ཁ་ནང་བལྟས། །དེ་བཞིན་རྐེད་པའི་རུས་པར་གནས། །མཛེ་ཅན་དུག་གིས་ཕོག་པ་དང་། །ལུས་སྐེམ་གཅིན་ནད་སྦྲང་རྩི་འདྲ། །རྨ་སྟེང་རྨ་ནི་བྱུང་བ་གང་། །རྨ་དེ་གསོ་བར་དཀའ་བ་ཡིན། །མེ་དབལ་རིམས་དང་ཚད་པར་འཁྲུ། །ལུད་པ་ལུ་དང་སྐོམ་དད་ཆེ། །གཉིད་

མེད་པ་དང་དབུགས་མི་བདེ། །མེ་དྲོད་ཆུང་བར་གྱུར་པ་ཡི། །རྨ་ནི་འཚོ་བ་པར་མི་འགྱུར་རོ། །མགོ་བོའི་ཐོད་པ་ཆག་གྱུར་ཅིང་། །ཀླད་རྒྱས་མཚན་མ་སྣང་དེ་བཞིན། །ཆུ་བ་རུལ་ཞིང་རྩ་ཆད་དང་། །རྨ་ཕུགས་རིང་དང་སྲིན་བུས་ཟོས། །རུས་པ་ཆག་དང་ཟུག་རྔུར་བཅས། །དུག་

བཅས་པ་དང་མ་རྟོགས་དང་། །བཅིང་བ་ཉེས་དང་སྣུམ་ཆེས་དང་། །རྩུབ་པས་སྤུ་སོགས་བདར་བ་དང་། །བསྐྱོད་དང་ཁོང་པ་མ་དག་དང་། །འགྲངས་དྲགས་ཉམས་སྨད་དྲགས་པ་དང་། །ཆང་འཐུངས་ཉིན་པར་གཉིད་ལོག་དང་། །ཉལ་པོ་ལ་བརྟེན་མཚན་གཉིད་ཡར། །རྨ་

ནི་ལོག་པར་གསོས་པ་དག །གསོས་ཀྱང་འདྲུབ་པར་མི་འགྱུར་རོ། །གང་ཞིག་ནང་ནི་ཐི་པའི་མདོག །འདྲ་ཞིང་རྣགས་པ་མེད་པ་དང་། །བརྟན་ཞིང་འབྲུམ་བུ་རྙིད་བཅས་པ། །འཚོ་བར་འགྱུར་བར་དེ་བཤད་དོ། །དེ་ནས་འདིར་སྐྲང་གནས་སྐབས་སུ། །གང་ལ་ཉེ་བ་དེ་ལས་སྦྱང་། །

སྦྱངས་པས་སྐྲངས་པར་གྱུར་པ་དང་། །རྨ་ནི་མྱུར་དུ་འཚོབ་པར་འགྱུར། །སྐྲངས་པའི་སྐབས་སུ་རྒྱུན་དུ་ནི། །ཉེ་བར་སྤྱོད་པ་བསིལ་བས་གསོ། །དེ་ཡིས་ནད་མེད་ཆུ་ལྟ་བུར། །མོད་ལ་ཞི་བར་འགྱུར་བ་ཡིན། །རྨ་སྐྲང་སྲ་བར་གྱུར་པ་དང་། །ནད་བཅས་མདོག་ནི་མི་སྡུག་དང་། །དུག་

ཅན་ལ་ནི་ཁྱད་པར་དུ། །པད་པ་སོགས་ཤེས་ཁྲག་དབྱུང་ངོ་། །ནད་ཁྲག་བྲལ་ནས་མོད་ལ་ནི། །སྐྲང་དང་མདོག་དམར་ནད་ཞིར་འགྱུར། །ཁྲག་དབྱུང་ནས་ནི་ཅུང་ཟད་ལུས། །རེག་ན་ནུས་པ་རབ་བསིལ་བ། །ཤིན་ཏུ་ཞིབ་པར་དེ་ཉིད་བཏགས། །བུ་རམ་ཤིང་ཁུ་འོ་མས་སྦྲུས། །ལན་བརྒྱར་

เล่ม ๑๙๘ · หน้า 297a

བསྐུས་པའི་མར་དང་བཅས། །གཞན་མ་སྐམ་པར་ཡང་དང་ཡང་། །རྗེས་སུ་མཐུན་པར་བསྐུས་ན་ཕན། །བྱུགས་དང་བླུགས་པ་དེ་བཞིན་བྱ། །ཨུ་དུམ་བཱ་ར་ནྱ་གྲོ་དང་། །བླག་ཤ་ལྕང་མ་ཨ་ཤྭདྠའི། །ཤུན་པ་མར་དང་བཅས་བསྐུས་ན། །སྐྲངས་པས་

སེལ་བའི་མཆོག་ཡིན་ནོ། །རླུང་ཤས་ཆེ་ཞིང་མཁྲང་བ་དང་། །སྲ་ཞིང་ནད་ཚབས་ཆེ་བ་དང་། །ཁྲག་འཛག་པ་དང་རྨ་སྐྲང་བ། །འདི་ལྟ་བུ་ཡི་རྨ་ལ་ནི། །རླན་ཅན་ཤ་བཏགས་ལ་དུགས་བྱ། །ཟར་མ་ཏིལ་ནི་བརྔོས་པ་དང་། །འོ་མས་དབལ་ནི་བསད་པ་དག །དེ་བཏགས་བསྐུས་ན་ཚ་

ན་སེལ། །རྨ་སྐྲངས་བརྟན་ཞིང་ནད་ཚབས་ཆུང་། །བད་ཀན་རླུང་འཇོམས་སྣུམ་བསྐུ་ཞིང་། །དེ་ཡི་རྗེས་ལ་འོད་མ་ཡི། །སྦུ་གུས་རིམ་གྱིས་དུགས་བྱའོ། །ཞུ་བར་བྱ་ཕྱིར་ལག་མཐིལ་ལམ། །མཐེ་བོ་ཡིས་ནི་མཉེ་བར་བྱ། །ནས་དང་གྲོ་དང་མོན་སྲན་སྡེའུ། །བཙོས་ཏེ་བཏགས་པའི་

ལྡེ་གུས་བསྐུ། །གལ་ཏེ་དེ་ཡིས་མ་ཞུམ་ན། །དེ་ནས་དེ་ནི་དཀྲི་བར་བྱ། །མ་སྨིན་པ་ནི་ཞི་འགྱུར་ལ། །སྨིན་ན་རྣགས་པ་ཉིད་དུ་འགྱུར། །རྒྱ་ཤུག་ཏིལ་དང་ཟར་མ་དང་། །རྒྱམ་ཚ་ཕབས་དང་རུ་རྟའི་ཕྱེ། །ཞོ་སྐྱུར་ཟན་དྲོན་གྱིས་གླན་ཞིང་། །དུགས་བྱས་ནས་ནི་དཀྲི་བར་བྱ། །ལེགས་སྨིན་

སྐྲངས་པ་ཕྱོགས་གཅིག་འདུས། །བཙིར་བས་ཉེ་བར་བཙིར་གྱུར་པ། །དྲལ་བར་འོས་ལ་དྲལ་བྱ་ཞིང་། །ཤིན་ཏུ་འཇམ་པོར་གྱུར་པའང་དྲལ། །གུ་གུལ་ཟར་མ་བ་ལང་སོ། །ཁྲོན་བུ་ཕུག་རོན་རྟུག་པ་དང་། །ཐལ་སྨན་འཕྲོད་དང་ཐལ་སྨན་དེ། །སྨིན་པའི་སྨན་གྱིས་བརྟོལ་བར་བྱ། །ནང་ན་

རྣག་འབྱུང་སྒོ་ཕྲ་ཞིང་། །མཐོ་བར་གྱུར་དང་གནད་ལ་གནས། །སྣུམ་མེད་བཙིར་བའི་སྨན་གྱིས་ནི། །ཀུན་ནས་རབ་ཏུ་བཙིར་བར་བྱ། །བསྐུ་བ་བསྐམས་ན་བཙིར་བ་ཡི། །ལས་ལ་བཏང་སྙོམས་ཉིད་དུ་བྱ། །དེ་ཡི་རྨ་སྒོར་མི་བསྐུ་སྟེ། །དེ་འདྲས་ནད་ནི་འབྱུང་མི་འགྱུར། །སྲན་མ་ནས་

དང་གྲོ་དང་ནི། །མ་ཤ་ཤུ་དག་བྲ་བོ་དང་། །སྨན་ནི་སྤྱི་བག་ཅན་དག་གིས། །པགས་པའི་རྩ་བ་རབ་ཏུ་བསྡམས། །གཅིན་སྙི་མཛེ་ཡི་རྨ་དང་ནི། །ཤས་ཆེར་རེད་པའི་རྨ་དག་ལ། །དོང་ག་བྱེའུ་རུག་པ་སོགས་ཀྱིས། །ལན་ནི་བདུན་བདུན་བཀྲུ་སོགས་བྱ། །མ་དག་ནིམ་པ་པ་ཏོ་

เล่ม ๑๙๘ · หน้า 297b

ལའི། །ལོ་མ་བསྐོལ་བས་བཀྲུ་བར་བྱ། །རྨ་དག་པ་ལ་ནྱ་གྲོ་དྷ། །ལ་སོགས་ཤུན་ལྤགས་བསྐོལ་བས་བཀྲུ། །ཤིང་མངར་ཏིལ་དང་པ་ཏོ་ལ། །དུར་བྱིད་དན་ད་སེར་པོ་གཉིས། །ནིམ་པའི་ལོ་མ་རྒྱ་མཚར་བཅས། །ལྡེ་གུས་བསྐུས་ན་རྨ་སྦྱོང་བྱེད། །རྨ་ནི་ཁ་ཕྲག་ནད་མཚམས་

གནས། །ད་རྒྱམ་ཚ་ལང་ཀ་ལི། །དུད་བྱིད་སྦྲང་རྩིར་སྦྱར་བ་ཡི། །རེང་བུར་བྱས་པས་རྨ་སྦྱང་བྱ། །རླུང་གིས་གནོད་ཅིང་ཁྲག་བཅས་ཤིང་། །མི་བཟད་ན་ལ་ནས་དང་གྲོ། །སྤྲ་ཚིལ་ཤྲི་བ་ཀྲ་ཀ་དང་། །ཐང་ཤིང་མར་བཅས་དུད་པས་བདུག། །ཁྲག་མཁྲིས་དག་གི་ཤས་ཆེ་ལ། །

ཤིན་ཏུ་བསིལ་བའི་སྨན་གྱིས་བསྐུ། །སྐམ་ཞིང་ཤ་ཉུང་གཏིང་རིང་རྨ། །ཤ་སྐྱེད་པ་ཡི་སྨན་བྱ་སྟེ། །ཤུག་པ་ནྱ་གྲོ་དྷ་སོགས་དང་། །བ་ལ་ཨ་ཤྭ་གནྡྷ་ཏིལ། །བསྐུས་ཏེ་ཤ་ནི་བསྐྱེད་པར་བྱ། །ཤ་ཟའི་ཤ་ནི་ཆོ་ག་བཞིན། །གཡོས་སུ་བྱས་ཏེ་སྦྱིན་པར་བྱ། །སེམས་དགའ་བ་དང་

ཤ་ཟ་ཡི། །ཤ་ཟོས་ན་ནི་ཤ་འཕེལ་འགྱུར། །ཤ་སྙི་འབུར་བར་གྱུར་པ་ལ། །ཛཱ་ཏིའི་མེ་ཏོག་ནག་ཚུར་དང་། །ལྡོང་རོས་བ་བླ་གུ་གུལ་དང་། །ཙི་ཏྲ་ཀ་སོགས་ལྡེ་གུས་བསྐུ། །ཤ་འབུར་བར་ནི་སྲ་བ་དང་། །གཡའ་ཞིང་རིང་ནས་འཚོ་བ་དང་། །རྨ་ནི་ན་ཞིང་སྦྱང་དཀའ་ལ། །ཐལ་སྨན་

ལས་ཀྱིས་སྦྱང་བར་བྱ། །རྡེའུ་དབྱུང་རྨ་ནི་གཅིན་འཛག་དང་། །གང་གཞན་ཁྲག་ནི་འབྱུང་བ་དང་། །གང་ཞིག་བཅད་ནས་སྦྱར་བ་དང་། ཇི་སྐད་བཤད་པའི་ཆོ་ག་ཡིས། །གསོ་བར་བྱེད་བཞིན་མི་འགྲུབ་ན། །དེ་ནི་མེ་ཡི་ལས་ཀྱིས་གསོ། །སྐྱོན་མེད་རྨ་ལ་རྨ་འབྱོར་བའི། །སྨན་དང་ཤ་

སྐྱེད་གང་ཡིན་སྦྱར། །ཨ་ཤྭ་གནྡྷ་སེང་ཕྲོམ་དང་། །ཤིང་མངར་བཙོད་དང་ཀད་ཕ་ལ། །ད་ཏ་ཀི་ཡི་མེ་ཏོག་གི །ཕྱེ་མ་རྨ་འཚོབ་བྱེད་པའི་མཆོག །རྣག་དང་ཤ་ནི་མེད་པ་དང་། །ཤ་ཡི་གནས་སུ་མ་འདྲུབས་པར། །ཏིལ་དང་ཤིང་མངར་བཅས་པ་ཡི། །ལྡེ་གུས་རྨ་ནི་འཚོབ་པར་བྱ། །

སྣུམ་དྲོ་མངར་དང་ཁ་བ་དང་། །བསྐ་བས་ཐམས་ཅད་སེལ་བར་བྱེད། །ནིམ་པའི་ལོ་མ་སྦྲང་རྩིར་བཅས། །བསྐུས་པས་རྨ་སྦྱོར་མཆོག་ཡིན་ནོ། །སྔ་མ་གཉིས་དང་ཞུན་མར་སྦྱར། །མྱུར་དུ་རྨ་འཚོབ་བྱེད་པ་ཡིན། །ཏིལ་འདྲར་ནས་ཀྱི་ལྡེ་གུ་ནི། །དེ་དང་འདྲ་བར་ལ་ལ་འདོད། །

เล่ม ๑๙๘ · หน้า 298a

ཁྲག་མཁྲིས་དུག་དང་གློ་བུར་དང་། །གཏིང་རིང་ཚ་དང་བཅས་པའི་རྨ། །འོ་མ་རྨ་འབྱོར་སྨན་དང་ནི། །བསྐོལ་བའི་མར་གྱིས་རྨ་འཚོབ་བྱ། །བད་ཀན་རླུང་གྱུར་རྨ་འབྱོར་སྨན། །ཏིལ་མར་བཅས་པས་རྨ་འཚོབ་འགྱུར། །ནག་ཚུར་སེང་ཕྲོམ་ཨ་རུ་ར། །ལི་ཁྲི་

དངུལ་རྡོ་སྲ་རྩི་པོག །སྤངས་མ་པོ་སོན་ཆའི་ཕྱེ་མ། །ཏིལ་མར་བཅས་པ་རྨ་འཚོབ་མཆོག །མཉམ་ཞིང་ཤ་ནི་བརྟན་པ་དང་། །པགས་པར་གནས་ལ་ཕྱེ་མ་ཕན། །ཨུ་དུམ་ཝཱ་ར་ཨ་ཤྭཏྠ། །འཛམ་བུ་སེང་ཕྲོམ་ཀད་ཕ་ལ། །ཀ་ཀུ་སེང་ཕྲོམ་ཕྱེ་མས་གདབ། །པགས་པ་མྱུར་དུ་

སྐྱེད་པར་བྱེད། །རྒྱ་སྐྱེགས་ལྡོང་རོས་བཙོད་དང་ནི། །བ་ལ་དང་ནི་སེར་པོ་གཉིས། །སྦྲང་རྩི་མར་སྦྱར་ལྡེ་གུ་ཡིས། །བསྐུས་ན་པགས་པ་དག་བྱེད་མཆོག །སྐྱེར་པ་ཨ་མྲའི་རུས་པ་དང་། །ནཱ་ག་གེ་སར་བྲི་ཡང་ཀུ། །ཙནྡན་སེར་པོ་དངུལ་ཆུ་རྣམས། །ལྡེ་གུ་བ་ལང་ལྕི་ཁུ་དང་། །སྦྱར་བ་

བསྐུས་པར་གྱུར་ན་ནི། །པགས་པ་མདོག་འདྲར་བྱེད་མཆོག་ཡིན། །བ་སོ་དུད་པ་མ་ཤོར་བསྲེགས། །སྐྱེར་ཁནྜ་དང་ཏིལ་མར་སྦྱར། །བསྐུས་ན་སྤུ་ནི་སྐྱེད་པར་བྱེད། །དེ་བཞིན་རྐང་བཞིའི་སེན་མོ་སྤུ། །རུས་པ་པགས་པ་རྭ་རྨིག་བསྲེགས། །སྣག་ཚ་ཏིལ་མར་དང་སྦྱར་བས། །བསྐུས་

ན་སྤུ་ནི་སྐྱེད་པར་བྱེད། །སྨིན་མ་ལ་ནི་ཆ་སྤྱད་ཀྱི། །ལས་བཤད་ཕན་དང་གནོད་པ་བསྟེན། །རླུང་གྱུར་རྨ་ལ་རྩ་བ་ལྔ། །གཉིས་དང་རླུང་འཇོམས་སྡེ་ཚན་ཕན། །མཁྲིས་གྱུར་ཤུག་པ་ནྱ་གྲོ་དང་། །སྡེ་ཚན་གཉིས་དང་མཁྲིས་འཇོམས་གཏོང་། །བད་ཀན་ལས་གྱུར་དོང་གའི་སྡེ། །བད་

ཀན་འཇོམས་པར་བྱེད་པ་གཏང་། །འདྲེན་མ་ལས་གྱུར་འདྲེན་མར་བྱས། །འདི་དག་གིས་བཀྲུ་བྱུགས་པ་དང་། །སྨན་མར་ཏིལ་མར་སྨན་ཁུ་དང་། །ཕྱེ་མ་རིལ་བུ་བདུན་པོ་ནི། །རྨ་ལ་ཅི་རིགས་སྦྱར་བར་བྱ། །ཛཱ་ཏི་ནིམ་པ་པ་ཏོ་ལའི་ལོ་མ། །སྐྱེར་པ་ཡུང་བ་ཐལ་ཏྲེས་པུ་ཙེ་ཤེལ། །

སྤྲ་ཚིལ་སྤངས་མ་ཤིང་མངར་ཨ་རུ་ར། །ཀ་རཉྫ་ཡི་ས་བོན་བཙོད་དང་བཙོས། །མར་བསྐོལ་འདིས་ནི་རྨ་ཁ་ཆུང་བ་དང་། །ནད་ལ་བརྟེན་ཞིང་རྣག་ནི་འཛག་པ་དང་། །རྨ་ཡི་ཕུགས་རིང་ནད་བཅས་ཕུགས་རིང་བའི། །རྨ་ནི་དག་ཅིང་འཚོབ་པར་བྱེད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་

เล่ม ๑๙๘ · หน้า 298b

པོ་བསྡུས་པ་ལས། །ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་ལྔ་བའོ།། །།དེ་ནས་འཕྲལ་དུ་བྱུང་བའི་རྨའི་གསོ་བ་བཤད་པར་བྱའོ། །རྨ་གང་སྣད་པས་འཕྲལ་དུ་ནི། །བྱུང་གྱུར་གློ་བུར་རྨ་ཞེས་བྱ། །དེ་ནི་མཐའ་ཡས་ཀྱང་ཡན་ལག །གནས་པ་རྣམ་པ་བརྒྱད་དུ་བཤད། །བཤུས་

དང་བཅད་དང་རྣམ་པར་བཅད། །རབ་ཏུ་འཕྱང་དང་ལྷུང་བ་དང་། །ཕུག་དང་གཤགས་དང་གྲུགས་པའོ། །དེ་ལ་བཤུས་པ་ཆུ་སེར་རམ། །ཁྲག་ནི་ཉུང་ཟད་འབྱུང་འགྱུར་ཞིང་། །པགས་པ་ཆོས་པས་ཚ་འགྱུར་ཡིན། །དེ་ལས་ཚོས་གྱུར་བཅད་པ་ཡིན། །དེ་ལས་ཆོས་པ་རྣམ་བཅད་ཡིན། །

རབ་འཕྱང་རུས་པར་ལྷག་མ་ལུས། །ལྷུང་བ་ལུས་ལས་ཕོགས་པ་ཡིན། །ཟུག་རྔུ་ཕྲ་མོ་འབིགས་པས་ཕུག །ཁོང་པ་མ་གཏོགས་བསྣུན་པ་ཡིན། །སྔ་མ་ལས་གཞན་གཤགས་པ་ཡིན། །ཁྲག་དང་རྐང་ནི་འདྲེས་གྱུར་པ། །མཚོན་གྱིས་དྲག་ཏུ་བསྣུན་པ་ཡིས། །རུས་བཅས་རྒྱ་ཆེར་

སྣད་གྲུགས་པ། །དེ་ལ་འཕྲལ་དུ་བྱུང་བའི་རྨ། །ཟུག་གཟེར་ཤིན་ཏུ་ཆེ་བ་ལ། །ཤིང་མངར་མར་དང་བསྐོལ་བའམ། །བ་ལའི་ཏིལ་མར་དྲོ་འཇམ་བླུགས། །སྣད་པའི་ཚ་བ་ཞི་བྱའི་ཕྱིར། །བསྐུ་བ་ལ་སོགས་སྣུམ་པ་དང་། །བསིལ་དང་མངར་བའི་སྨན་གྱིས་ནི། །དེ་ཡི་མདོ་ལ་བླུགས་

པར་བྱ། །འཕྲལ་གྱི་རྨ་ནི་རྒྱ་ཆེ་ལ། །སྦྱར་བའི་ཕྱིར་ནི་སྦྲང་རྩི་དང་། །མར་གྱིས་མཆོག་ཏུ་བསྐུ་བྱ་ཞིང་། །མཁྲིས་འཇོམས་བསིལ་བའི་གསོ་བ་བྱ། །ནད་ཀྱི་རྩོམ་པ་ཆེ་བ་ལ། །སྟེང་དང་འོག་ནས་སྦྱང་བར་བྱ། །སྨྱུང་བ་བྱ་ཞིང་འབྲས་ཆན་སྦྱིན། །རྒྱུན་དུ་གཏར་ག་གདབ་པར་བྱ། །

བཤུས་དང་གྲུགས་པ་འདི་ཉིད་དེ། །ཆོ་ག་འདི་ཉིད་ལྷག་པར་སྦྱར། །དེ་གཉིས་ཁྲག་ནི་ཉུང་ཤས་འཛག །སྨིན་པའང་མྱུར་བ་ཉིད་དུ་འགྱུར། །ཕལ་ཆེར་རྨ་ནི་ཤས་ཆེར་འབྱུང་། །གཞན་ལས་ཁྲག་ནི་འབྱུང་གྱུར་ལ། །དེ་ཡིས་ཁྲག་ནི་ཟད་གྱུར་པས། །རླུང་འཁྲུགས་ནད་ནི་སྐྱེད་པ་ལས། །

རླུང་འཇོམས་སྨན་དང་བསྐོལ་བ་ཡི། །སྣུམ་བླུགས་པ་དང་སྨན་ཆུ་བླུགས། །དུགས་དང་བསྐུ་དང་དཀྲི་བ་དང་། །སྣུམ་གྱི་འཇམ་རྩི་རྣམས་ཀྱང་བྱ། །དེ་ལྟར་ཞག་བདུན་པར་བཤད་པའི། །འཕྲལ་གྱི་རྨ་བྱུང་ཆོ་ག་བཤད། །ཞག་བདུན་ནས་ནི་ཤུགས་ཟད་ནས། །སྔར་བཤད་པ་ཡི་ཆོ་གས་

เล่ม ๑๙๘ · หน้า 299a

སྤྱད། །འདིར་ནི་ཕལ་ཆེར་སྤྱིའི་ཆོ་ག །རེ་རེའི་གསོ་བ་བཤད་བྱ་སྟེ། །ཤུས་ལ་ན་བ་མྱུར་བསལ་ཕྱིར། །རྨ་ལ་ཕན་པའི་ཕྱེ་མས་གདབ། །བཅད་པ་རྨ་སེལ་ལྡེ་གུས་བསྐུ། །རྣམ་པར་བཅད་དང་རབ་འཕྱང་ལ། །ཆོ་ག་བཞིན་དུ་བཙེམ་པ་དང་། །བཅིང་བ་དང་ནི་

བཙིར་བར་བྱ། །མིག་བཅང་བ་ནི་གསོར་མི་རུང་། །མ་ཞར་ཕྱིར་ནི་འཕྱང་བ་ལ། །རང་གི་གནས་སུ་ལེགས་གཞག་ཅིང་། །རྩམ་འཆོལ་བར་བྱས་ནས་ནི། །པདྨའི་འདབ་མས་གཡོགས་ནས་ནི། །ལག་པས་དལ་གྱིས་མནན་པར་བྱ། །དེ་ནས་ཤིང་མངར་ཛི་བ་ཀ། །ཟངས་རྩི་བ་དང་ཨུཏྤ་

ལ། །མར་དང་འོ་མ་བཅས་བསྐོལ་བའི། །སྨན་ཐིགས་བླུགས་དང་སྣ་སྨན་དང་། །བརྟ་བའི་ཆོ་ག་དག་ཀྱང་བྱ། །མིག་ནད་ཐམས་ཅད་སེལ་མཆོག་ཡིན། །མིག་ཕུགས་ཞུགས་ལ་མགུལ་པ་བསྡམ། །སློན་དང་ལུད་པ་སྦྲིད་པ་འབྱུང་། །ཡང་ན་དབུགས་འབྱུང་དབུགས་བརྔུབ་བསྡམ། །

རྨ་བྱུང་མིག་གི་གསོ་བ་བྱ། །རྣ་བ་བོགས་པ་བཙེམས་ནས་ནི། །བུ་ག་ཏིལ་མར་དག་གིས་དགང་། །ལྟག་པའི་སུམ་མདོ་ཆོད་གྱུར་ཏེ། །རླུང་ནི་འབྱུང་བར་གྱུར་པ་ལའང་། །མཉམ་དུ་བཞག་སྟེ་བར་མཚམས་ནི། །མེད་པར་བཙེམས་ཏེ་བཅིང་བར་བྱ། །དེ་ལ་ར་ཡི་མར་སར་གྱིས། །

བླུགས་པ་དག་ནི་རབ་ཏུ་བསྔགས། །གན་རྐྱལ་བཞག་སྟེ་ཁ་ཟས་སྦྱིན། །ལེགས་པར་སྤྱོད་ལམ་བསྡམས་ཏེ་ཉལ། །ཡན་ལག་ཐད་ཀར་གནས་པ་ཡི། །རྨ་བྱུང་ཡན་ལག་ལེགས་གཞག་སྟེ། །བཙེམས་ལ་དཀྲི་ཞིང་བཅིང་བྱ་ཞིང་། །གོས་ནི་མཐུག་པོས་བཅིང་བར་བྱ། །པགས་

པའི་འུར་མཐིལ་བཅིང་བས་ནི། །ཕྲག་པའི་རྨ་ལ་བཅིང་བར་བྱ། །རླིག་པ་འཕྱང་ལ་རྐང་པར་ནི། །སྦུ་གུས་ཆུ་ནི་གཏོར་ནས་ཀྱང་། །རླིག་པ་བཅུག་སྟེ་རས་བལ་དང་། །བཅས་པའི་ཁབ་ཀྱིས་བཙེམ་པར་བྱ། །འུར་མཐིལ་བཅིང་བར་བྱས་པ་ལ། །རྐེད་པ་ནས་ནི་སྲད་བུས་གདགས། །

དེར་ནི་རྨ་ནི་འདུལ་གྱུར་པས། །སྣུམ་དང་དུགས་ཀྱི་ལས་མི་བྱ། །པྲི་ཡང་ཀུ་དང་ཨ་ག་རུ། །སུག་སྨེལ་ཛཱ་ཏི་པར་པ་ཏ། །ཙནྡན་ལྡོང་རོས་སྐྱེར་པ་དང་། །སླེ་ཏྲེས་དང་ནི་སྤངས་མ་དང་། །ཏིལ་མར་བསྐོལ་བས་རྨ་འཚོབ་བྱེད། །ཡན་ལག་མ་ལས་ཆད་པ་ལ། །ཏིལ་མར་བསྐོལ་བས་

เล่ม ๑๙๘ · หน้า 299b

བསྲེགས་ནས་ནི། །སྒྱེའུ་བཅིང་བས་བཅིང་བར་བྱ། །དེ་ནས་རྨ་ལྟར་གསོ་བར་བྱ། །ཕུག་པ་ཟུག་རྔུ་ཕྱུང་བས་གསོ། །གྲུགས་དང་ཆག་གྲུགས་གསོ་བར་བྱ། །མགོ་བོའི་ཟུག་རྔུ་དབྱུང་བ་ལ། །སྐྲ་ཡི་ཡེའུ་གཞུག་པར་བྱ། །གཞན་དུ་ཀླད་རྒྱས་འཛག་པ་ཡིས། །རླུང་འཁྲུགས་

དེ་ནི་གསོད་པར་འགྱུར། །རྨ་འཚོབ་ནས་ནི་རིམ་གྱིས་ནི། །སྐྲ་ནི་དལ་གྱིས་དབྱུང་བར་བྱ། །ཀླད་རྒྱས་འཛག་ལ་སྲོག་ཆགས་ནི། །གཞན་གྱི་ཀླད་པ་སྦྱིན་པར་བྱ། །གཞན་ལས་ཟུག་རྔུ་ཕྱུང་ནས་ནི། །རྨ་དེར་རིང་བུ་སྣུམ་ཅན་གཞུག །ཕུགས་རིང་ཁ་ནི་ཆུང་བ་དང་། །རྨ་གང་རྣག་

དང་ཁྲག་འཛག་ལ། །འཁོར་ལོས་བཙིར་བའི་ཏིལ་མར་བླུགས། །དེ་ནི་སྦུ་གུ་ཆུང་ངུས་གཏང་། །ཁོང་པ་བརྟོལ་ཏེ་ཁྲག་གིས་གང་། །བརྒྱལ་ཞིང་སྙིང་ག་རྩིབ་ལོགས་ན། །རིམས་འདེབས་ལུས་ཚ་ལྟོ་སྤོ་སྐོམ། །ཟས་ལ་མངོན་པར་མི་དགའ་ཞིང་། །བཤང་བ་གཅིན་དང་འཕྱེན་

འགགས་ལ། །མིག་དམར་རྔུལ་འབྱུང་དབུགས་མི་བདེ། །ཁ་ནང་ཁྲག་གི་དྲི་བྲོ་ཞིང་། །ལུས་ཀྱང་དྲི་མི་ཞིམ་པར་འགྱུར། །མ་ཞུའི་གནས་ན་གནས་པའི་ཁྲག །ཁྲག་ཏུ་ཡང་ནི་སྐྱུག་པར་བྱེད། །ཤིན་ཏུ་ཤས་ཆེར་ལྟོ་སྤོ་ཞིང་། །གཟེར་ནད་ཀྱིས་ཀྱང་གནོད་པར་བྱེད། །ཞུ་བའི་གནས་ན་གནས་

པའི་ཁྲག །གཟེར་བཅས་ལུས་ནི་ལྕི་བར་བྱེད། །ལྟོ་བ་མན་ཆད་གྲང་བ་དང་། །བུ་ག་ལས་ཀྱང་ཁྲག་འབྱུང་འགྱུར། །གནས་ནི་ཞིག་པར་མ་གྱུར་ཀྱང་། །ཁྲག་ནི་འཛག་པར་གྱུར་པ་ཡིས། །བུ་ག་ལས་ནི་འགེངས་བྱེད་དེ། །ལྒང་པའི་ངོས་ནས་འགེངས་དང་འདྲ། །ཁྲག་ནད་

ཡོད་པ་དེ་ལ་ནི། །རྐང་ལག་ཁ་དང་དབུགས་གྲང་ཞིང་། །མིག་དམར་གདོང་ནི་སྐྱ་པ་དང་། །ལྟོ་སྦོ་བ་ནི་སྤང་བར་བྱ། །མ་ཞུར་གནས་ལ་སྐྱུག་སྨན་གཏང་། །ཞུ་བའི་གནས་ལ་གནས་པ་ལ། །བཀྲུ་སྨན་དང་ནི་ནི་རུ་ཧ། །སྣུམ་མེད་དྲོ་བས་སྦྱང་བར་བྱ། །ནས་དང་རྒྱ་ཤུག་རྒྱ་སྲན་གྱི། །

ཁུ་བ་སྣུམ་ནི་མེད་པ་དང་། །ནས་ཐུག་ཁ་ཟས་བཟའ་བ་དང་། །ལྕེ་མྱང་ཚ་དང་ལྡན་པ་སྦྱིན། །ཁྲག་ནི་མང་དུ་འཛག་པ་དང་། །ཁོང་པ་སྣད་ལ་ཁྲག་བླུད་བྱ། །རྒྱུ་མ་འབྱར་དང་ཆད་པར་ཉེན། །ཁོང་པ་སྣད་པ་གཉིས་སུ་བཤད། །དང་པོར་བརྒྱལ་སོགས་ཆུང་བ་ཡིན། །གཉིས་པ་ཤས་

เล่ม ๑๙๘ · หน้า 300a

ཆེར་གནོད་པར་བྱེད། །རྒྱུ་མ་འབྱར་བ་ཐེ་ཚོམ་བཅས། །རྒྱུ་མ་ཆད་པ་འཚོ་མི་འགྱུར། །གང་གི་བཤང་དང་གཅིན་དང་འཕྱེན། །རང་གི་ལམ་ལས་བྱུང་གྱུར་ལ། །བླ་བརྣན་མེད་པར་རྡོལ་གྱུར་ཀྱང་། །འཚོ་བར་འགྱུར་བར་ཐེ་ཚོམ་མེད། །མ་རྡོལ་རྒྱུ་མ་བྱུང་བ་ནི། །

གཞུག་པར་བྱ་ཞིང་གཞན་དུ་མིན། །གྲོག་མའི་མགོ་བོ་བཅད་ནས་ནི། །དེ་ཡང་གཞུག་ཅེས་པ་ལ་སྨྲ། །རྡུལ་དང་ཁྲག་དང་རྩ་ཡིས་གོས། །འོ་མས་ལེགས་པར་བཀྲུས་ནས་ནི། །སེན་མོ་བྲེགས་ཏེ་མར་གྱིས་བསྐུས། །རིམ་གྱིས་ལེགས་པར་གཞུག་པར་བྱ། །སྐམ་པོ་འོ་མས་

སྤངས་ནས་ནི། །མར་སར་མང་པོ་བསྐུ་བར་བྱ། །སོར་མོས་མགུལ་པ་མཉེ་བ་དང་། །ཆུ་ཡིས་ཀྱང་ནི་གཏོར་བར་བྱ། །དེ་ལྟར་རྒྱུ་མ་ནང་ཞུགས་ནས། །དེ་ཡི་ཚེ་ན་བཙིར་བར་བྱ། །རྨ་ཁ་ཆུང་དང་སྦོམ་པ་ཡིས། །རྒྱུ་མ་ཁོང་པར་མ་ཆུད་ན། །དེ་ཡི་ཚད་ཙམ་ལྟོ་བ་ནི། །དབྲལ་ཏེ་

ནང་དུ་གཞུག་པར་བྱ། །གནས་སུ་ལེགས་པར་འདུག་གྱུར་ནས། །དེ་རྗེས་རྒྱུ་མའི་རྨ་བཙེམ་བྱ། །གནས་སུ་ལེགས་པར་མ་བཞག་ན། །དེ་ནི་འཁྲུགས་པས་འཆི་བར་འགྱུར། །དེ་རྗེས་རས་ཀྱིས་དཀྲིས་ནས་ནི། །མར་གྱིས་བསྐུ་ཞིང་བླུགས་པར་བྱ། །དེ་ནས་ངན་ད་ཏིལ་མར་དང་། །

སྦྱར་བའི་འོ་མ་དྲོ་འཇམ་བླུད། །དེས་ནི་བཤང་བ་སྙི་བ་དང་། །རླུང་ནི་བདེ་བར་འབྱུང་བར་འགྱུར། །ཇི་སྐད་བཤད་པའི་སྤྱོད་པ་བསྲུང་། །ལོ་གཅིག་བར་དུ་འབད་པར་བྱ། །ལྟོ་ལས་ཚིལ་ནི་བྱུང་གྱུར་ན། །ཐལ་བའམ་ནི་ས་དག་གམ། །རོ་བསྐ་བ་ཡི་རྩ་བ་དག །ཞིབ་ཏུ་བཏགས་པས་

བཏབ་ནས་ནི། །དེ་ནས་སྲད་བུས་དམ་དུ་བཅིང་། །སྨན་པ་མཁས་པས་གཅད་པར་བྱ། །མཚོན་རྣོན་མེ་ལ་བསྲེགས་པ་ཡིས། །ལན་ཅིག་ཁོ་ན་གཅད་པར་བྱ། །གཞན་དུ་བྱས་ནས་གཅོད་པའི་ཚེ། །ན་ཞིང་སྦོ་འམ་འཆི་བར་འགྱུར། །སྦྲང་རྩིར་བཅས་པས་རྨ་བཅིངས་ལ། །ཁ་ཟས་ཞུ་

ནས་འོ་མ་མར། །དན་ཏེ་རྒྱ་སྐྱེགས་གཟེ་མ་དང་། །ཤིང་མངར་ཁ་ར་བསྐོལ་བ་བླུད། །ཤིང་མངར་བཅས་པ་སྔར་གྱི་ནི། །ཆོ་གས་ན་དང་ཚ་བ་སེལ། །ཚིལ་གྱི་རྨེན་བུར་བཤད་པ་ཡི། །ཏིལ་མར་བསྐུས་ནའང་ཕན་པ་ཡིན། །བལ་བུའི་ལོ་མ་ཤུག་པ་དང་། །སྤང་སྤོས་ཧ་རེ་ཎུ་ཀ་

เล่ม ๑๙๘ · หน้า 300b

དང་། །ཨ་ག་རུ་དང་ཙནྡན་དང་། །པདྨའི་ས་བོན་སེར་པོ་གཉིས། །ཨུ་ཤི་ར་དང་ཤིང་མངར་བཅས། །བསྐོལ་བ་འཕྲལ་གྱི་རྨ་ལ་ནི། །འཚོ་བར་བྱེད་པའི་དམ་པར་བཤད། །མཚོན་གྱིས་བསྣུན་པས་མི་མངོན་པ། །གཡང་ས་མཐོན་པོ་ནས་ལྷུང་བ། །རླུང་མཁྲིས་འཇོམས་སྨན་

འདྲངས་པ་དང་། །མཉེ་དང་བསྐུ་དང་སྦྱང་བ་བྱ། །ལུས་ཚིགས་བྱེ་དང་མཉེས་པ་དང་། །གནད་དུ་བསྣུན་པས་ཉེན་པ་ལ། །སྣོད་ཆེན་ཏིལ་མར་གྱིས་བཀང་བར། །གཞུག་ཅིང་ཤ་ཁུ་སྦྱིན་པར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དྲུག་

པའོ།། །།དེ་ནས་ཆག་གྲུགས་གསོ་བའི་ལེའུ་བཤད་པར་བྱའོ། །ལྷུང་དང་སྣད་སོགས་ཀྱིས་རུས་ཚིགས། །ཚིགས་དང་ཚིགས་མིན་ཆག་གྱུར་གཉིས། །ཚིགས་བྱུང་གྱུར་ན་བརྐྱང་དང་བསྐུམ། །ནུས་པ་མེད་པ་ཉིད་དུ་འགྱུར། །གཞན་དག་ཤིན་ཏུ་སྐྲངས་པ་དང་། །

གནས་སྐབས་ཀུན་ཏུ་རབ་ཏུ་ན། །བསྐྱོད་པ་ཆུང་ངུའང་མི་ནུས་ཤིང་། །བཙིར་ན་སྒྲ་དང་བཅས་པ་ཡིན། །དེ་ལྟར་ཆག་གྲུགས་མདོར་བསྡུས་པའི། །མཚན་ཉིད་ཡིན་ཏེ་དེ་དབྱེ་བ། །ཆག་པའི་དབྱེ་བས་དུ་མར་འགྱུར། །དེ་དག་ཀུན་གྱི་གསོ་བ་ནི། །ཇི་ལྟར་འཚམ་པ་བཞིན་དུ་ནི། །དེ་བཞིན་དེ་

ནི་ཉེ་བར་བསྟན། །མང་དུ་ཕྲ་མོར་ཆག་པ་དང་། །རེག་ན་སྒྲ་ནི་འཁྲོལ་བ་དང་། །གང་དུ་རུས་པ་ཆག་པ་ཡི། །བར་དུ་རུས་པ་ཕྲ་མོ་ཞུགས། །ཡང་ན་སྣད་པས་ཆག་པ་ལས། །ཅུང་ཟད་ལུས་པར་གྱུར་པ་དང་། །གང་ཡང་བཏེག་པའི་ཚེ་ན་ནི། །རྨ་ལྟར་རྐང་དུ་ནུབ་པ་དང་། །ནུས་ཞན་

སྦིག་པར་གྱུར་པ་དང་། །རླུང་ཅན་ཉུང་ཟད་སྤང་བར་བྱ། །དཔྱི་ཡི་རུས་མིག་ཆག་པ་དང་། །གང་ཡང་ཚིགས་བྱེ་ལྷུང་པ་དང་། །རོ་སྨད་ཞིབ་ཏུ་གྲུགས་པའམ། །ཆག་པར་གྱུར་པ་གང་ཡིན་དང་། །ཐོད་པའི་མཚམས་ནི་མ་འབྱོར་བའམ། །དེ་བཞིན་དཔྲལ་བ་ཕྱེ་མར་གྱུར། །གང་ཡང་མུར་

འགྲམ་ཆག་པ་དང་། །ལྟག་པ་ནུ་མའི་པར་ཆད་སྤང་། །རུས་པ་ལེགས་པར་ཆག་གྱུར་ཀྱང་། །བཞག་ཉེས་བཅིངས་ནི་ཉེས་པ་དང་། །གང་ཞིག་བསྐྱོད་པས་གནོད་གྱུར་པ། །དེ་ཡང་སྤང་བར་བྱ་བ་ཡིན། །གདོད་ནས་རུས་པའི་ཚིགས་དག་ནི། །ཉེས་པར་སྐྱེས་གྱུར་དེ་ཡང་སྤང་། །

เล่ม ๑๙๘ · หน้า 301a

རུས་པ་གཞོན་ནུ་གུག་པ་དང་། །སྦུ་བ་ཅན་ཆག་པར་གྱུར་པ་དང་། །ཐོད་པ་གྱེས་པར་གྱུར་པ་དང་། །གཞན་ཡང་མང་དུ་གས་པ་རྣམས། །དེ་ནས་དམའ་བ་བསྟོད་པར་བྱ། །མཐོན་པོ་མནན་པར་བྱ་བ་ཡིན། །ནུང་དུ་ནུབ་པ་དྲང་བར་བྱ། །འོག་ཏུ་སོང་བ་སྟེང་དུ་དྲང་། །

འདེགས་དང་མནན་དང་སྨད་པ་དང་། །པགས་པ་བསྡུས་ཏེ་བཅིང་བ་དང་། །དེ་ལྟར་བཞག་པའི་ཐབས་ཀྱིས་ནི། །ལུས་སུ་གཏོགས་པའི་ཚིགས་ཐམས་ཅད། །གཡོ་བའམ་མི་གཡོ་གང་ཡང་རུང་། །ལེགས་པར་བཞག་སྟེ་མི་འགྱུར་བྱ། །རས་མ་མར་ནི་མང་བས་དཀྲི། །

ཨུ་དུམ་བཱ་ར་ཀ་དམ་པ། །ཨརྫུ་ན་དང་ཨ་ཤྭཏྠ། །སརྫ་དང་ནི་པ་ལ་ཤ །འོད་མ་ལས་བྱུང་ཤུན་ཞེང་ཆེ། །འཇམ་པས་ལེགས་པར་འཇར་བ་དང་། །རྟེན་དང་བཅས་ཤིང་མི་འགྱུར་བའི། །ཤུན་པའམ་དུམ་བུ་དག་དང་ནི། །འཇག་མས་ལེགས་པར་དཀྲི་བྱ་ཞིང་། །རས་ཀྱིས་སྟེང་དུ་

གླན་པར་བྱ། །བཅིང་བ་ལྷོད་པར་གྱུར་པ་ཡིས། །མཚམས་སྦྱོར་བརྟན་པོར་མི་འགྱུར་རོ། །དམ་པོས་ཤིན་ཏུ་ན་ཞིང་ཚ། །རྣག་དང་སྐྲངས་པ་འབྱུང་བར་འགྱུར། །སོས་ཀའི་དུས་སུ་ཞག་གསུམ། །དགུན་གྱི་དུས་སུ་བདུན་ནས་དགྲོལ། །ཐུན་མོང་དུས་སུ་ཞག་ལྔ་ནས། །ཡང་

ན་ཆག་པའི་དབང་ལས་དགྲོལ། །དེ་ནས་ནྱ་གྲོ་དྷ་སོགས་པའི། །ཁུ་བ་བསིལ་བའི་ཆུ་བླུགས་བྱ། །དེ་ནི་ནང་བཅས་རྩ་བ་ལྔ། །འོ་མ་བསྐོལ་བ་བླུགས་པར་བྱ། །མཁས་པས་ཏིལ་མར་འཁོར་ལོས་བཙིར། །རླུང་འཇོམས་སྲན་དང་བཅས་པ་ནི། །དྲོ་འཇམ་ཙམ་ནི་བསྐུ་བར་བྱ། །དུས་

དང་ཡུལ་གྱི་དབྱེ་བས་བྱ། །ཁུ་བ་ཤིན་ཏུ་གྲང་མོ་ནི། །རྒྱུན་དུ་བླུགས་ཤིང་ལྡེ་གུས་བསྐུ། །བ་གསར་འོ་མ་མར་དང་བཅས། །མངར་བའི་སྨན་དང་བསྐོལ་བ་དག །རྒྱ་སྐྱེགས་ཁུ་བར་བཅས་པ་ནི། །ཆག་གྲུགས་ཅན་ལ་ནང་རེ་བླུད། །ཆག་གྲུགས་རྨ་དང་བཅས་པ་ནི། །རྨ་ལ་ཤིང་

མངར་མར་ཤས་ཆེ། །ལྡེ་གུ་བསྐུས་པའམ་ཡང་ན་ནི། །ལྷག་མ་ཆག་གྲུགས་ལྟ་བུར་གསོ། །རྨ་ཡི་ཤ་ནི་འཕྱང་བ་ལ། །སྦྲང་རྩི་མར་གྱིས་བསྐུས་ནས་ནི། །སྨན་པས་རྨ་ནི་ཁ་སྦྱར་ནས། །བཅིང་བ་དག་ཀྱང་ལེགས་པར་བྱ། །དེ་ནི་མཉམ་ཞིང་ལེགས་བཞག་ནས། །པྲི་ཡང་ཀུ་དང་ཀད་

เล่ม ๑๙๘ · หน้า 301b

པ་ལ། །སེང་ཕྲོམ་བཙོད་དང་ད་ཏ་ཀི །ཕྱེ་མས་ལེགས་པར་བདར་བྱའམ། །སེང་ཕྲོམ་ད་ཏ་ཀིའི་ཕྱེ་མ། །བཏབ་ན་མྱུར་དུ་འཚོ་བར་འགྱུར། །དེ་ལྟར་ཆག་གྲུགས་གསོ་བ་ཡིན། །ལུས་ཟུངས་བརྟན་ལ་དགུན་གྱི་ཚེ། །ཤ་ཆེན་ནད་གཞི་ཆུང་བའི་རྨ། །གསོ་སླ་གཞན་ནི་གསོ་བར་

དཀའ། །ན་ཚོད་དང་པོ་བར་མ་མཐའ། །ཟླ་གཅིག་གཉིས་དང་གསུམ་རིམ་གྱིས། །ཆོ་ག་ཇི་སྐད་བཤད་བསྟེན་ན། །རྨ་འབྱོར་བརྟན་པར་འགྱུར་བ་ཡིན། །རྐེད་པ་རྗེ་ངར་བརླ་ཆག་ན། །སྤང་ལེབ་ལ་ནི་ཉལ་ན་ཕན། །དེ་བཞིན་བསྡམས་ཕྱིར་ཕུར་པ་ལྔ། །བྱས་ནས་ཉེ་བར་བརྟོད་

བྱ་སྟེ། །རྗེ་དར་ངོས་གཉིས་ལ་གཉིས་གཉིས། །རྐང་མཐིལ་དྲང་པོ་གཅིག་བཞག་བརྟོད། །སྟ་ཟུར་རམ་ནི་སྒལ་ཚིགས་སམ། །གདོང་དང་དེ་བཞིན་ཕྲག་པ་རུས། །ཚིགས་བྱུང་ཆག་གྲུགས་བྱུང་གྱུར་ན། །ཆོ་ག་འདི་བཞིན་སྤྱད་པར་བྱ། །ཚིགས་ནི་བྱུང་ནས་ཡུན་རིང་ལ། །སྣུམ་བསྐུ་

དུགས་ཀྱིས་མཉེན་བྱས་ཏེ། །འདི་བཤད་ཐབས་དང་རང་གི་བློས། །རང་གི་གནས་སུ་ལེགས་པར་གཞུག །ཚིགས་མིན་ཆག་སྟེ་འདྲུབས་པ་དང་། །བཅིངས་ཉེས་པ་ཡིས་གསོས་པ་ལ། །བརྡུངས་ཏེ་ཆག་གྲུགས་བསྲང་བར་བྱ། །དེ་ནས་ཆག་གྲུགས་བཞིན་དུ་གསོ། །ཆག་

ནས་ཅི་ནས་མ་རྣགས་པ། །དེ་ལྟར་སྨན་པས་འབད་པར་བྱ། །ཤ་དང་རྩ་རྒྱུས་འདྲུལ་ན་ནི། །ཚིགས་ནི་འདྲུབས་པར་མི་འགྱུར་རོ། །ཆག་གྲུགས་ཅན་ལ་རླུང་ནད་ཀྱི། །སྐབས་བཤད་སྣུམ་ནི་སྦྱར་བར་བྱ། །སྟོབས་བསྐྱེད་སྦྱོར་བ་བཞི་པོ་དང་། །འཇམ་རྩིའི་ལས་ཀྱང་བསྟེན་པར་

བྱ། །སཱ་ལུའི་ཆན་ངང་ཤ་ཁུ་མར། །འོ་མ་རྒྱས་བྱེད་བསིལ་བ་བསྟེན། །ཆག་གྲུགས་ཅན་ལ་རུས་པའི་མཚམས། །འབྱོར་བྱེད་ཚད་ཙམ་སྦྱིན་པར་བྱ། །དེ་ནི་མཚམས་སྦྱོར་བྱེད་པས་ན། །རྨྱ་བར་བྱེད་པ་བསྔགས་པ་ཡིན། །ལན་ཚྭ་ཚ་དང་ཐལ་སྨན་དང་། །སྣུམ་དང་ཉལ་པོ་ཉི་

ཚན་དང་། །རྩོལ་བ་བསྟེན་པར་མི་བྱ་ཞིང་། །ཆག་གྲུགས་ཟས་རྩུབ་བསྟེན་མི་བྱ། །ཏིལ་ནག་ཕུབ་མ་མེད་པ་རས་སྲའི་ནང་དུ་གཏུམས། །ཆུ་ཡི་ནང་དུ་ཞག་བདུན་ཉེ་བར་སྤངས་གྱུར་ཅིང་། །འདི་ནི་བཏེག་སྟེ་ཉིན་རེ་ལེགས་པར་བསྐམས་ནས་ནི། །དེ་བཞིན་འོ་མ་ཆུ་དང་ཤིང་མངར་

เล่ม ๑๙๘ · หน้า 302a

ནང་དུ་བསྐོལ། །སླར་ཡང་འོ་མར་སྔ་མ་བཞིན་དུ་སྤངས་ཏེ་བསྐམས། །ཕུབ་མ་མེད་ཅིང་རྡུལ་མེད་ཞིབ་ཏུ་བཏགས་ནས་ནི། །སྤང་སྤོས་བ་ལ་ཀ་དང་བཙོད་དང་ཆུ་སྲིན་སེན། །ཤུ་ཏི་ཀུ་ཏན་ནད་རུ་རྟ་བ་ལ་གསུམ། །ཙནྡན་གུར་གུམ་དང་ནི་ཐལ་ཏྲེས་ཨ་ག་རུ། །

སྒྲོན་ཤིང་སྲ་རྩི་པོག་དང་ཐང་ཤིང་ཤུག་པའི་སྡེ། །དེ་ཡི་ཕྱེ་མ་དྲི་ཞིམ་འོ་མ་ལྷན་ཅིག་བཏགས། །དྲི་ཡི་སྨན་ནི་མ་ལུས་འོ་མར་བསྐོལ་བ་བཙིར། །རྡོ་དྲེག་ར་སྣ་ཨཾ་ཤུ་མ་ཏི་དང་། །ཀ་ཤེ་རུ་དང་གནྡྷ་བྲི་ཡང་ཀུ། །རྒྱ་སྤོས་གནྡྷ་བྷ་དྲ་སེང་ཕྲོམ་དང་། །པ་ཡ་སྱ་དང་མུར་བ་འོ་

མར་བཅས། །སྤང་སྤོས་སོགས་དང་ཏིལ་མར་དེ་བསྐོལ་བ། །དྲི་ཡི་ཏིལ་མར་མཆོག་འདིས་རུས་པ་དག །བརྟན་ཞིང་མྱུར་དུ་ཞི་བར་བྱེད་མཆོག་ཡིན། །རླུང་དང་མཁྲིས་པ་ལས་གྱུར་ནད་ཀྱིས་ཁྱབ། །སྦྱོར་བ་སྣ་ཚོགས་བསྟེན་པས་སེལ་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་

པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་མཚན་བར་རྡོལ་གྱི་ལེའུ་བཤད་པར་བྱའོ། །གླང་པོ་རྟ་ལ་ཞོན་ཏེ་འགྲོ། །གནས་དང་མལ་སར་ཙོག་པུར་འདུག །གཞང་འབྲུམ་ནད་ཀྱི་རྒྱུར་བཤད་དང་། །གཞན་ལའང་བརྟེན་པར་གྱུར་པ་

དང་། །མི་དགེ་སྨིན་པར་གྱུར་པ་དང་། །འཕྲལ་དུ་དམ་པ་ལ་སྨད་པས། །ཕལ་ཆེར་འབྲུམ་ཕྲན་དང་པོར་འབྱུང་། །རྐུབ་ཀྱི་ཕྱིའམ་ནང་དུ་ནི། །རྨ་ནི་སོར་ཚད་གཉིས་སམ་གཅིག །ཤ་ཁྲག་གནོད་པར་གྱུར་ལས་འབྱུང་། །ཆུ་སོར་གཅིན་གྱི་གནས་ཉེ་བར། །བྱུང་བས་འཛག་པའི་

རང་བཞིན་ཅན། །དེ་ནི་མཚན་པར་རྡོལ་ཞེས་བྱ། །ཀུན་ཀྱང་མ་གསོས་འདྲུལ་བྱེད་ཅིང་། །མོ་མཚན་ཆུ་སོ་གཞང་གི་བར། །ཤས་ཆེར་འཇིག་པར་བྱེད་པ་དང་། །བཤང་གཅི་འཕྱེན་དང་ཁུ་ཆུ་ནི། །བུ་གའི་ནང་ནས་རིམ་གྱིས་འབྱུང་། །ནད་གཞི་རེ་རེ་ལྡན་པ་འདུས། །གློ་བུར་བ་དང་

བརྒྱད་དུ་བཤང་། །མ་སྨིན་འབྲུམ་བུ་ཞེས་བྱར་བཤད། །སྨིན་པ་མཚན་བར་རྡོལ་ཡིན་ནོ། །རྩ་བ་མི་མངོན་ནད་ཚབས་ཆེ། །ཤས་ཆེར་གཡོས་ཤིང་རྨ་འཁྱིམས་འཁྲུགས། །མཚན་བར་རྡོལ་འགྱུར་ཤེས་པར་བྱ། །དེ་ལས་གཞན་དུ་དེ་མི་བྱེད། །དེ་ལས་རླུང་གྱུར་འབྲུམ་བུ་ནི། །

เล่ม ๑๙๘ · หน้า 302b

དམར་ཞིང་གནག་ལ་ན་བ་དང་། །ཟུག་ཅིང་འཕར་བར་བྱེད་པ་ཡིན། །མཁྲིས་གྱུར་རྔ་མོའི་མགྲིན་ལྟར་རིང་། །དམར་ཞིང་སྲབ་ལ་ཤས་ཆེར་ཚ། །ཐལ་མདོག་དུད་པ་འཐུལ་བཅས་ཡིན། །བད་ཀན་ལས་གྱུར་བརྟན་ཞིང་སྣུམ། །རྩ་བ་ཆེ་ཞིང་མདོག་སྐྱ་གཡའ། །རླུང་མཁྲིས་ལས་

གྱུར་མདོག་གནག་ཅིང་། །དམར་ཞིང་ཚ་ལ་མི་བཟོད་ན། །བད་རླུང་ལས་གྱུར་ཅུང་ཟད་གནག །སྨིན་པར་དཀའ་བའི་མཚན་ཉིད་ཅན། །འདུས་གྱུར་རྐང་པའི་མཐེ་བོ་འདྲ། །ནད་ནི་སྣ་ཚོགས་འབྱུང་འགྱུར་ཞིང་། །གཟེར་དང་སྐམ་དད་ཡི་ག་འཆུས། །རིམས་དང་སློན་སོགས་

ཀྱིས་གནོད་བྱེད། །ཡལ་བར་བོར་ལ་སྨིན་པ་དང་། །རྨ་ཉིད་དུ་ནི་འགྱུར་བ་ཡིན། །དེ་ལ་རླུང་གྱུར་འབྲུམ་བུ་ནི། །ཁ་ཕྲ་མང་པོས་ཁྱབ་བྱེད་དེ། །ཀོ་ཚགས་བཞིན་དུ་ཁ་མང་ཞིང་། །རིམ་འཕེལ་ཆུ་སེར་སླ་བ་དང་། །ལྦུ་བ་ཅན་ནི་རྒྱུན་དུ་འཛག །ཀོ་ཚགས་ཁ་བརྒྱ་པ་ཞེས་

བྱ། །མཁྲིས་པ་ལས་གྱུར་རྔ་མོའི་མགྲིན། །བད་ཀན་ལས་གྱུར་སྤྱི་བག་ནི། །མང་འཛག་ཡོངས་སུ་འཛག་ཅེས་བྱ། །རླུང་མཁྲིས་ལས་གྱུར་བཤང་སྒོར་ནི། །ཡོངས་སུ་མཆེད་པ་ཀུན་ཁྱབ་ཅིང་། །དེར་ནི་ར་བའི་འོབས་ཀྱིས་ནི། །བསྐོར་བ་ལྟ་བུར་འབྱུང་བར་འགྱུར། །རླུང་

དང་བད་ཀན་ལས་གྱུར་གྲང་། །གཞན་དུ་དྲང་པོར་སོང་འགས་བྱེད། །བད་མཁྲིས་ལས་གྱུར་སྔར་བཤད་པའི། །གཞང་འབྲུམ་ལ་བརྟེན་དེ་ལྡང་ཞིང་། །དེ་ལས་གཞང་འབྲུམ་རྩ་བར་གཡའ། །སྐྲང་དང་ཚ་བ་ལ་སོགས་སྐྱེད། །དེ་ནི་མྱུར་སྨིན་རྡོལ་གྱུར་ན། །གཞང་འབྲུམ་རྩ་བ་རྣག་

ཅན་ཡིན། །རྒྱུན་མི་ཆད་པར་འཛག་བྱེད་དེ། །གཞང་འབྲུམ་འདི་ནི་མཚན་བར་རྡོལ། །འདུས་པ་ལས་གྱུར་དུང་འདྲ་བ། །དུང་ནི་འཁྱིལ་པའི་དབྱིབས་དང་འདྲ། །འདི་ཡིས་གཞང་ནི་ཞིག་བྱེད་ཅིང་། །མི་བཟད་ལམ་ནི་ཞིག་པར་བྱེད། །གང་ཚེ་ཤ་ལ་བརྐམ་པ་ཡིས། །རུས་པའི་

དུམ་བུ་ཟོས་གྱུར་པས། །ཐད་ཀར་སོང་བས་ལམ་ལོག་ཞུགས། །རྡོལ་ཞིང་སྣད་པར་བྱེད་པ་ཡིན། །དེ་ཚགས་པས་རྣགས་པ་དང་། །ཤ་ནི་འདྲུལ་བར་བྱེད་པ་ཡིན། །དེར་ནི་སྲིན་བུ་སྐྱེ་འགྱུར་ཞིང་། །གཞང་ནི་ཀུན་ཏུ་ཟ་བར་བྱེད། །རིང་པོར་མི་ཐོགས་དེས་འཇིག་བྱེད། །དེ་

เล่ม ๑๙๘ · หน้า 303a

ནི་ལམ་ལོག་རྨ་སྐྱེས་ཡིན། །དེ་ལས་ན་ཚ་གཡའ་ལ་སོགས། །རྨ་གསོ་བ་ལས་ཤེས་པར་བྱ། །དེ་ལས་དྲུག་པོ་གསོ་དཀའ་ཡིན། །འདུས་གྱུར་རྨ་སྐྱེས་སྤང་བར་བྱ། །སེལ་བའི་གཉེར་མར་ཕྱིན་པ་དང་། །སྲུབས་མཚམས་ལ་ནི་བརྟེན་

པའང་སྤང་། །དེ་ནས་འབྲུམ་བུའི་ཚེ་ཉིད་ནི། །འདི་ནི་འབད་དེ་གསོ་བར་བྱ། །སྦྱང་དང་གཏར་ག་ཆུ་བླུགས་སོགས། །ཅི་ནས་སྨིན་པར་མི་འགྱུར་བར། །འདི་ནི་འབད་དེ་གསོ་བར་བྱ། །སྨིན་ནས་སླར་ཡང་སྣུམ་ཆོས་དང་། །དུགས་བྱས་ནས་ནི་ལུས་སྤྱིང་བྱ། །གཞང་འབྲུམ་

ལྟ་བུར་བསྡམས་ནས་ནི། །གཏིང་རིང་ལེགས་པར་བརྟག་བྱ་ཞིང་། །རྩ་བའམ་ནི་རྩེ་མོའམ། །ཕྱི་བལྟས་ནང་དུ་བལྟས་པ་བརྟགས། །དེ་ལ་ནང་བལྟས་བཙལ་ནས་ནི། །གཙགས་བུས་ལེགས་པར་གཅད་པར་བྱ། །ཕྱིར་བལྟས་མ་ལུས་པར་བཅད་ལ། །ཐལ་སྨན་དག་གིས་གསོ་བར་

བྱ། །དེ་ནས་ཐལ་སྨན་བཏབ་པའམ། །ཡང་ན་སྨན་པས་མེ་བཙའ་གདབ། །རྔ་མོའི་མགྲིན་ལ་ཐལ་སྨན་བསྐུ། །ཀོ་ཚགས་ཁ་བརྒྱ་སྦུབས་གཅིག་པ། །བཅུག་ནས་ལེགས་པར་གཅད་པར་བྱ། །དེ་འདྲུབས་ནས་ནི་ལྷག་མའང་གཅད། །གཞན་དུ་གཞང་ནི་ཞིག་ནས་འཆི། །འོབས་ལྟར་ཁྱབ་

པའང་དེ་བཞིན་དུ། །ཐལ་སྨན་པ་གཅིན་སྦུ་གུས་གསོ། །གཞང་འབྲུམ་མཚན་བར་རྡོལ་ལ་སྔར། །གཞང་འབྲུམ་ལ་ནི་སྨན་ཕྱེ་གདབ། །རྨ་སྐྱེས་པ་ལ་རེ་ཐག་བཅད། །ཟུག་རྔུ་དབྱུང་བའི་ཆོ་ག་བཞིན། །ཟུག་རྔུ་ཕྱུང་སྟེ་སྲིན་འཇོམས་པའི། །བཟའ་དང་བྱུག་པ་སྦྱར་བར་བྱ། །གླན་དུགས་

སྦུ་གུ་ཅན་ལ་སོགས། །སྣུམ་ཆོས་ལེགས་སྦྱར་ནད་ལ་ཕན། །ཀོ་ཚགས་འདྲ་དང་ཐམས་ཅད་ལ། །བ་ལང་དོགས་དང་ཀུན་ཏུ་བཟང་། །གཤོལ་ཕྱེད་པ་དང་གཤོལ་གྱིས་བྱ། །བརྟགས་ཏེ་ཉེ་བར་སྦྱར་བར་བྱ། །ངོས་སུ་འདེབས་པར་བྱེད་པའི་མཚོན། །བ་ལང་ངོགས་ཞེས་བྱ་བར་བཤད། །ཀུན་

ཏུ་གཏོང་བ་ཀུན་ཏུ་བཟང་། །ངོས་ལ་གཅོད་པ་གཤོལ་ཕྱེད་པ། །ངོས་གཉིས་སུ་ནི་གཤོལ་གྱིས་བཅད། །འཛག་པའི་ལམ་ནི་མ་ལུས་པ། །ཐམས་ཅད་མེ་ཡིས་བསྲེག་པར་བྱ། །སླར་ཡང་འདི་ལྟའི་གནོད་མི་བསྐྱེད། །སྨན་པས་དེ་ཡི་བར་བར་དུ། །དེ་ཡི་ལྟོ་སྦྱང་ལ་འབད་བྱ། །བྱི་ལའི་རུས་

เล่ม ๑๙๘ · หน้า 303b

པ་འབྲས་བུ་གསུམ། །ཁུ་བ་ལྡེ་གུར་བྱས་པས་བསྐུ། །ཛོ་ཏི་སྨ་ཏི་མ་ལ་ཡུ། །སླེ་སྨན་ཏ་ཀ་བི་ཤ་ལྱ། །དུར་བྱིད་པ་ཏི་བ་ཏྲ་ཀ །ཀ་ར་བཱི་ར་སྲ་རྩི་པོག །ཤུ་དག་སུ་དྷ་ཀྵིར་དང་། །ཨརྐའི་ལོ་མ་ཏིལ་མར་བསྐོལ། །མཚན་བར་རྡོལ་ལ་བསྐུས་ན་ནི། །འདི་ནི་ཕན་བྱེད་མཆོག་ཏུ་བཤད། །

ཤིང་མངར་སེང་ཕྲོམ་པི་པི་ལིང་། །སུག་སྨེལ་ཧ་རེ་ཎུ་ཀ་དང་། །སེར་པོ་གཉིས་དང་པྲི་ཡངྐུ། །རྒྱམ་ཚ་ཐལ་ཏྲེས་ཤུག་པ་དང་། །པདྨའི་སྙིང་པོ་ད་ཏ་ཀི །སྤྲ་ཚིལ་རུ་རྟ་སྲ་རྩི་པོག །ཁ་ལུང་འོ་མར་བཅས་པ་དང་། །ཏིལ་མར་ལྷན་ཅིག་བསྐོལ་བ་ཡིས། །བསྐུས་ན་འབྲུམ་བུ་མཛེ་དང་རྨ། །

གཅིན་ནད་སྦྲང་རྩི་འདྲ་བ་འཇོམས། །བྱི་དང་ཀ་སྙིང་འབྲས་བུ་གསུམ། །པི་པི་ལིང་རྩ་པི་པི་ལིང་། །སྦྲང་རྩི་ཏིལ་མར་སྦྱར་བ་ཡི། །ལྡེ་གུ་ཟོས་ན་སྲིན་བུའི་ནད། །མཚན་བར་རྡོལ་དང་མཛེ་ནད་དང་། །གཅིན་སྙི་བ་དང་སྨས་པ་དང་། །རྨ་འཁྱིམས་འཚོ་བར་བྱེད་པ་ཡིན། །སླེ་ཏྲེས་སུག་སྨེལ་

བྱི་དང་ཀ །དུག་མོ་ཉུང་དང་བ་རུ་ར། །སྐྱུ་རུ་ར་དང་ཨ་རུ་ར། །གུ་གུལ་རིམ་གྱིས་ཆ་རེས་བསྐྱེད། །སྦྲང་རྩིར་སྦྱར་བ་འདི་ཟོས་ན། །འབྲུམ་བུ་སྦོམ་དང་མཚན་བར་རྡོལ། །ནད་ནི་སེལ་བར་བྱེད་པ་ཡིན། །པི་པི་ལིང་དང་ཙི་ཏྲ་ཀ །བྱི་དང་ག་དང་དུག་མོ་ཉུང་། །ཆ་མཉམ་ཕྱེད་ཀྱི་འབྲས་བུ་གསུམ། །

ཀུན་དང་ཆ་མཉམ་གུ་གུལ་དང་། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ཡིས། །ནད་ནི་ཐམས་ཅད་འཇོམས་པར་བྱེད། །གུ་གུལ་སྲང་ལྡ་པི་པི་ལིང་། །འབྲས་བུ་གསུམ་ནི་སྲང་རེ་དང་། །ཤིང་ཚ་སུག་སྨེལ་ཞོ་གཉིས་གཉིས། །སྦྲང་རྩིར་སྦྱར་བའི་ལྡེ་གུ་ནི། །ཟོས་ན་མཚན་བར་རྡོལ་བ་དང་། །མཛེ་དང་

སྐྲན་ནད་འཇོམས་པར་བྱེད། །དེ་ཉིད་དང་ནི་བཅའ་སྒའི་ཕྱེ། །ལེགས་པར་བསྲེས་པར་གྱུར་པ་དང་། །རྩ་བ་བཅུ་ཡི་ཁུ་བར་བསྲེས། །མཆོག་ཏུ་རླུང་གི་ནད་སེལ་བྱེད། །སེང་ལྡེང་སྙིང་པོ་འབྲས་བུ་གསུམ་གྱི་ཕྱེ། །ཨ་ས་ན་བསྐོལ་ཁུ་བ་དང་བསྲེས་དང་། །ཆ་མཉམ་གུ་གུལ་སྦྲང་རྩི་ལྡེ་གུར་

བྱས། །མཛེ་འབྲུམ་གཅིན་སྙི་མཚན་བར་རྡོལ་ནད་སེལ། །འདི་ནི་མཚན་བར་རྡོལ་གསོའི་བྱེ་བྲག་བཤད། །སྨན་གྱི་མཚན་ཉིད་ལྷག་མ་གང་ཡིན་པ། །རྨ་ཡི་དབང་བྱས་ཡོངས་སུ་བསྟེན་པ་དང་། །གསོ་ཐབས་དགོས་པ་ལེགས་པར་བརྟགས་ཏེ་སྦྱར། །རྟ་ཞོན་སྟོབས་འགྱེད་ཤུགས་ནི།

เล่ม ๑๙๘ · หน้า 304a

འགེགས་པ་དང་། །ཆང་འཐུངས་ཉལ་པོ་མ་ཞུམ་གོམས་དང་། །དྲག་ཤུལ་ལས་ནི་སྣ་ཚོགས་རྨ་འདྲུབས་ན། །ལོ་གཅིག་བར་རམ་དེ་ལས་ལྷག་པ་སྤང་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་

ནས་རྨེན་བུ་དང་ཐོར་བུ་དང་རྐང་བམ་དང་འབྲས་ཀྱི་ཕྲེང་བའི་ནད་དམིགས་ཤེས་པ་བཤད་པར་བྱའོ། །ནད་ནི་བད་ཀན་ཤས་ཆེ་བ། །ཁྲག་དང་ཤ་དང་ཚིལ་ལ་བརྟེན། །ཟླུམ་ཞིང་མཐོ་བར་སྐྲངས་པ་དེ། །མདུད་པ་འདྲ་བས་རྨེན་བུར་བཤད། །དེ་ནི་ནད་གཞི་ཁྲག་ཤ་ཚིལ། །རུས་རྩ་རྨ་ལས་གྱུར་

པ་དགུ། །དེ་ལ་རླུང་གྱུར་རྒྱ་ཆེ་ཞིང་། །ཟུག་ཅིང་བྱེ་བ་སྙམ་སེམས་ན། །གནས་ནས་གནས་གཞན་དག་ཏུ་འཕོ། །རྒྱུ་མེད་པར་ནི་འཕེལ་ཞིང་འབྲི། །འཇམ་ཞིང་ལྒང་པ་ལྟ་བུར་རྒྱས། །བརྟོལ་ན་ཁྲག་ནི་སླ་བ་འཛག །མཁྲིས་གྱུར་ཚ་ཞིང་མདོག་སེར་ལ། །དམར་ཞིང་མྱུར་དུ་སྨིན་

པ་ཡིན། །བརྟོལ་ན་ཁྲག་ནི་དྲོན་མོ་འཛག །བད་ཀན་ལས་གྱུར་ནད་མེད་སྲ། །རེག་ན་གྲང་ཞིང་དཀར་ལ་གཡའ། །སྨིན་ན་རྣག་ནི་སྐ་བ་འཛག །ནད་འཁྲུགས་ཁྲག་ལས་གྱུར་རྨེན་བུ། །སྲིན་བུ་དང་ནི་བཅས་པར་འགྱུར། །ཤ་དང་རྩ་ལ་གནས་པ་ཡི། །རྨེན་བུ་ཚོར་བ་ཆུང་བ་དང་། །

མཁྲིས་པའི་མཚན་ཉིད་འདྲ་བ་ཡིན། །ཤ་ཆེའི་གནོད་གྱུར་ཤ་ལས་ནི། །ཤ་སྐྱེད་ཟས་ལ་རྨེན་བུ་འབྱུང་། །སྣུམ་ཞིང་ཆེ་ལ་སྲ་བ་དང་། །རྩ་ཡིས་ཁྱབ་ཅིང་བད་ཀན་འདྲ། །ཚིལ་སྐྱེད་པ་ཡིས་ཚིལ་འཕེལ་བ། །ཤ་འམ་པགས་པར་ཕྱིན་གྱུར་པ། །རླུང་གི་རྨེན་བུ་ཤིན་ཏུ་སྣུམ། །འཇམ་

དང་བརྟན་པར་བྱེད་པ་ཡིན། །བད་ཀན་དང་ནི་མཚན་ཉིད་མཚུངས། །ལུས་འཕེལ་འབྲི་བ་མཚུངས་པ་ཡིན། །དེ་བརྟོལ་ཚིལ་མཐུག་དམར་བ་དང་། །དཀར་དང་གནག་པ་འཛག་པར་འགྱུར། །རུས་པ་ཆག་དང་སྣད་པ་ལས། །མཐོ་དང་དམའ་བར་གྱུར་པ་དེ། །རུས་པའི་རྨེན་བུ་ཞེས་

བྱའོ། །རྐང་གིས་སོང་བའམ་དྲག་ཤུལ་གྱིས། །དུབ་པར་གྱུར་ནས་ཆུ་བརྒལ་བས། །རླུང་གིས་རྩ་གྲང་ཁྲག་བཅས་པ། །རླུང་གིས་བཙིར་ཏེ་འཁུམས་ནས་ནི། །ཡོན་པོར་བྱས་ཏེ་བསྐམས་པ་དང་། །མི་འཕར་ནད་བྱུང་རྨེན་བུ་ཆགས། །དེ་ནི་རྩ་ཡི་རྨེན་བུར་བཤད། །རྨ་ནི་མ་འདྲུབས་

เล่ม ๑๙๘ · หน้า 304b

འདྲུབས་མ་ཐག །རོ་ནི་ཐམས་ཅད་ཟོས་གྱུར་པའམ། །རློན་པ་དཀྲིས་པ་མེད་པའམ། །ཡང་ན་ལུས་ནི་སྣད་གྱུར་པས། །རླུང་ནི་ནད་ཁྲག་མ་ཕྱུང་བ། །མ་སྦྱངས་རྨ་ནི་བསྲུབས་པ་ལས། །ཚ་ཞིང་གཡའ་དང་བཅས་གྱུར་པ། །རྨ་ཡི་རྨེན་བུར་དེ་བཤད་དོ། །གསོར་རུང་ནད་

གཞི་ཁྲག་ཚིལ་གྱུར། །སྲ་ཞིང་འགྱུར་དང་སྦོམ་པ་དང་། །གནད་དང་མགུལ་པ་སྟོར་གནས་ཡིན། །མདུད་པ་ཆེར་ཆགས་ཐོར་བུ་སྟེ། །རྨེན་བུ་དེ་ཡི་མཚན་ཉིད་ཅན། །ནད་གཞི་ལ་སོགས་གྱུར་དྲུག་ཡིན། །ཕལ་ཆེར་བད་ཀན་ཚིལ་རྒྱས་ཡིན། །བརྟན་པས་སྨིན་པར་མི་འགྱུར་

རོ། །རྩ་ལ་གནས་པའི་ཁྲག་ནད་ཀྱིས། །འཁུམས་པའི་རྗེས་ལ་གནོད་འགྱུར་ཞིང་། །སྨིན་པ་དེ་ཚེ་རྒྱས་པར་འགྱུར། །ཤ་ཡི་གོང་པོ་བཅས་པར་འགྱུར། །ཤ་ཡི་མྱུ་གུས་ཁྱབ་གྱུར་ཞིང་། །སྐྱེས་པ་དེ་ལས་ནད་ཁྲག་ནི། །རྒྱུན་མི་འཆད་པར་མང་དུ་འཛག །དེ་ནི་ཁྲག་གི་ཐོར་བུ་

ཡིན། །དེ་ལས་ཤ་ཁྲག་ལས་གྱུར་སྤང་། །བཞི་པོ་གཞན་དག་གསོ་བར་བྱ། །དང་པོར་ཆུ་སོར་གནས་པའམ། །རོ་སྨད་ལ་བརྟེན་བད་ཀན་རྒྱས། །ཤ་ཁྲག་ནད་ཀྱི་རྐང་པར་ནི། །དུས་སུ་སྐྲང་བར་བྱེད་འགྱུར་ཞིང་། །རིམ་གྱིས་སྟུག་པོ་ཉིད་དུ་འགྱུར། །དེ་ནི་རྐང་བམ་ཞེས་བྱའོ། །

རླུང་གྱུར་གས་ཤིང་གནག་པ་དང་། །རྒྱུ་མེད་ན་ཞིང་རྩུབ་ཅིང་ན། །མཁྲིས་པ་ལས་གྱུར་སེར་བ་དང་། །ཚ་དང་རིམས་ཀྱིས་འདེབས་པ་ཡིན། །བད་ཀན་སྣུམ་ལྕི་ནད་ཚབས་ཆུང་། །ཤ་ཡི་མཛེར་པ་ཆེན་པོས་ཁྱབ། །དེ་ནི་མང་དུ་འཛག་པ་དང་། །ལོ་གཅིག་འདས་པ་སྤང་བར་བྱ། །ཁ་ཅིག་

ལག་པ་སྣ་དང་མཆུ། །རྣ་བ་རྐང་པ་ལྟར་འབྱུང་གཟེར། །རྐང་བམ་སྐྱེས་པར་གྱུར་པ་དེ། །རླན་ཅན་གནས་སུ་མི་བཟད་སྐྱེ། །ནད་ནི་ཚིལ་མགྲིན་མཇིང་པ་མིག །མཆན་ཁུང་ཆུ་སོར་གནས་པ་དག །མདོག་འདྲ་སྲ་ཞིང་སྣུམ་པ་དང་། །བར་ཏ་སྐྱུ་རུ་ར་འདྲ་དང་། །གཏིང་ཟུག་འབྲས་ནི་

ཆེར་འབྱུང་བ། །རིང་ཞིག་ལོན་ན་སྨིན་པར་བྱེད། །དེ་ལས་ཁ་ཅིག་ནད་མེད་སྨིན། །ཁ་ཅིག་འཛག་དང་གཡའ་བ་ཡིན། །ཁ་ཅིག་སྐམ་ཞིང་ཁ་ཅིག་སྐྱེ། །ཡུན་རིང་དུ་ནི་གནས་པར་བྱེད། །དྲུར་བ་བཞིན་དུ་འབྲི་ཞིང་འཕེལ། །འབྲུམ་ཆེན་འབྲས་ཕྲེང་ཞེས་བྱའོ། །དེ་ནི་རིམས་བཅས་

เล่ม ๑๙๘ · หน้า 305a

སྐྱུགས་པ་དང་། །ཆོམ་ལུད་རྩིབ་ལོགས་ཟུག་པ་ཡང་། །རྨ་ལ་མི་འཕྲོད་བསྟེན་པ་ཡིས། །སྐྲང་དང་སྨིན་པ་ཁྱད་པར་མེད། །ཤ་སོགས་ནང་དུ་རྣག་ཞུགས་འགྱུར། །རིང་དུ་འགྲོ་བར་བྱེད་པ་ཡིན། །དེ་ནི་རིང་དུ་འགྲོ་བས་འགྲོ། །སྦུབས་ལྟར་འཛག་

པ་སྦུ་གུ་ཡིན། །དྲང་པོ་སྦུ་གུ་གཅིག་ཡིན་ཏེ། །དེ་ཉིད་སྣ་ཚོགས་འགྲོ་བས་འགྲོ། །དེ་ནི་ནད་གཞི་རེ་རེ་འདུས། །ཟུག་རྔུའི་རྒྱུས་འབྱུང་ལྔར་འགྱུར་རོ། །རླུང་གྱུར་ནད་བཅས་རྨ་སྒོ་སྲ། །མདོག་མི་སྡུག་ཅིང་ལྦུ་བ་འཛག །ནུབ་མོ་ལྷག་པར་འཛག་པ་ཡིན། །མཁྲིས་གྱུར་སྐོམ་ཚ་

རིམས་ཀྱིས་འདེབས། །སེར་བྲོ་རྣག་ནི་དྲི་མནམ་འཛག །ཉིན་པར་ལྷག་པར་འཛག་པ་ཡིན། །བད་ཀན་སྐ་ཞིང་སྤྱི་བག་འཛག །གཡའ་ཞིང་སྲ་བར་གྱུར་པ་དང་། །མཚན་མོ་ལྷག་པར་འཛག་པ་ཡིན། །འདུས་གྱུར་མཚན་མ་ཀུན་ལྡན་སྤང་། །ནང་ན་གནས་པའི་ཟུག་རྔུ་མ་ཕྱུང་

ཞིང་། །སྦུ་གུ་སྐྱེད་པར་བྱེད་པ་གང་ཡིན་དེ། །ལྦུ་བ་ཅན་ལ་སླ་ཞིང་དྲོ་བ་དང་། །ཁྲག་བཅས་རྣག་ནི་ནད་བཅས་རྟག་ཏུ་འབྱུང་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་རྨེན་བུ་ལ་སོགས་པའི་ནད་གསོ་བ་

བཤད་པར་བྱའོ། །རྨེན་བུ་མ་སྨིན་པ་ལ་ནི། །རང་རང་སྐྲངས་པའི་ནད་ལྟར་གསོ། །ཀཎྜ་ཀ་རི་བྲི་ཧ་ཏི། །ཙི་ཏྲ་ཀ་དང་པི་པི་ལིང་། །བསྐོལ་བའི་མར་གྱིས་ལུས་སྦྱང་བར། །འདོད་པ་དག་གིས་སྣུམ་ཆོས་བྱ། །སྦྱང་བྱས་སྨན་རྣོན་ལྡེ་གུས་བསྐུ། །རྨེན་བུ་ལན་མང་དུགས་བྱས་ཏེ། །

ཡང་དང་ཡང་དུ་མཉེ་བར་བྱ། །འདི་ནི་མཆོག་ཏུ་རླུང་ལ་བྱ། །ཁྲག་དང་མཁྲིས་པ་ལས་གྱུར་པའང་། །གཏར་ག་བསིལ་བའི་སྦྱོར་ཀུན་བྱ། །བད་ཀན་ལས་གྱུར་རླུང་ལྟར་གསོ། །འོན་ཀྱང་སྨིན་ན་དེ་བཅད་དེ། །ཁྲག་ཡོད་པ་ནི་མེས་བསྲེག་བྱ། །མ་ལུས་པར་བཅད་ལུས་གྱུར་ན། །

སླར་ཡང་འཕེལ་བར་བྱེད་པར་འགྱུར། །ཤ་ཡི་རྨ་ལས་གྱུར་རྨེན་བུ། །དེ་བཞིན་འཚོ་བ་ཙམ་དུ་བྱ། །ཚིལ་ལས་གྱུར་པའང་འདི་ཉིད་དང་། །ཏིལ་དང་འོ་མའི་ལྡེ་གུས་བསྐུ། །རས་ནི་ཉིས་རིམ་དག་གིས་དཀྲི། །ཏོག་ལྕགས་ལ་སོགས་བསྲེགས་པས་བསྲོ། །ཡང་ན་མཚོན་གྱིས་

เล่ม ๑๙๘ · หน้า 305b

དབྲལ་ནས་ནི། །ཚིལ་ཕྱུང་ནས་ནི་ལེགས་པར་བསྲེགས། །རྩ་ཡི་ཐོར་བུ་སར་པ་ལ། །ས་ཧ་ཙ་རའི་ཏིལ་མར་བླུད། །རླུང་འཇོམས་སྨན་གྱིས་དཀྲི་དུགས་བྱ། །འཇམ་རྩི་དང་ནི་གཏར་ག་བྱ། །ཐོར་བུ་རྨེན་བུ་ལྟ་བུར་ནི། །རང་གི་ཇི་བཞིན་བྱས་རབ་ཕན། །རྐང་བམ་རླུང་གྱུར་འཕེལ་

བ་ལ། །སྣུམ་ཞིང་དུགས་བཅས་དཀྲི་བ་དང་། །ལོང་མོའི་སོར་གཉིས་གོང་དུ་ནི། །གཏར་ག་གདབ་པར་བྱ་བ་དང་། །ཨེ་རཎྜའི་མར་འོ་མ་དང་། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཞུ་ནས་འབྲུ་རྙིང་བཅའ་སྒ་དང་། །འོ་མ་དང་སྦྱར་ཁ་ཟས་སྦྱིན། །དེ་བཞིན་དུར་བྱིད་འོ་མ་བླུད། །དེས་མ་

ཞིན་མེས་བསྲེག་བྱ། །མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་སེལ་ཀུན་སྦྱར། །བད་ཀན་ལས་གྱུར་མཐེ་བོ་ལས། །ཁྲག་གཏར་ནས་ཀྱི་ཁ་ཟས་ནི། །སྦྲང་རྩིར་བཅས་པའི་སྨན་ཁུ་བླུད། །འཕེལ་བའི་ཚེ་ན་པི་པི་ལིང་། །ཨ་རུ་ར་ནི་བསྟེན་པར་བྱ། །ཡུངས་ཀར་བྲི་

ཧ་ཏི་གཉིས་ཀྱི། །རྩ་བའི་ལྡེ་གུས་བྱུག་པར་བྱ། །ཡང་ན་འུ་སུའི་ལྡེ་གུས་བྱུག །འབྲས་ཀྱི་ཕྲེང་བ་སྟེང་འོག་ནས། །སྦྱང་ཞིང་དན་ད་ཏྲ་བན་ཏི། །དུར་བྱིད་ཀོ་ཤ་ཏ་ཀི་དང་། །དེ་བ་ཏ་ལའི་མར་བསྐོལ་བླུད། །བད་ཀན་ཚིལ་ནི་འཇོམས་པ་ཡི། །དུད་པས་མཁུར་བཀང་སྣ་སྨན་བཏང་། །གཏར་

གས་ཁྲག་ནི་དབྱུང་བ་དང་། །སྐྱེར་པའི་ཁཎྜས་གཅིན་ཡང་བླུད། །རྨེན་བུ་མ་སྨིན་པ་ལ་ནི། །རྒྱམ་ཚ་བཅའ་སྒ་ན་གུ་ལི། །བསྐུ་ཞིང་སྲ་བར་རྒྱམ་ཚ་ཡི། །ཐུམ་བུས་དུགས་བྱས་མཉེ་བར་བྱ། །ཤ་མི་ལ་ཕུག་ཤི་ཀྲུ་ཡི། །ས་བོན་ནས་དང་ཡུངས་ཀར་བཅས། །དར་བ་སྐྱུར་པོ་བཏགས་

བསྐུས་ན། །རྨེན་བུའི་མདུད་པ་ཞི་བར་བྱེད། །སྨིན་པར་འཕྲིགས་ན་ཁྲག་དབྱུང་ཞིང་། །བད་ཀན་མཁྲིས་པ་སེལ་བས་གསོ། །མ་སྨིན་པ་ནི་ཕྱུང་ནས་ཀྱང་། །ཐལ་སྨན་མེ་བཙས་གསོ་བར་བྱ། །ཛོ་ཏིཥྨ་ཏི་ལང་ག་ལི། །ཤུ་ཀ་ན་སའི་འབྲས་བུ་དང་། །ཀ་ཀ་ཏིག་ཏ་ཀར་ཀོ་ཊི། །དེ་

བཏ་ལའི་ས་བོན་དང་། །བི་ཤ་ལྱ་དང་ནི་རྒུན་ཏི། །ཀོ་ཤ་ཏ་ཀི་པ་ཏ་རྣམས། །སྲང་ནི་ཕྱེད་དང་དུག་ཞོ་གཉིས། །ཀ་རཉྫའི་མར་བྲེ་གང་དང་། །ནི་རྒུན་ཏི་ཡི་ཁུ་བ་ནི། །བྲེ་བཞི་བསྐོལ་བར་གྱུར་པ་འདིའི། །བཏུང་དང་བསྐུ་བྱུག་སྣར་བཏང་ན། །འབྲས་ཀྱི་ཕྲེང་བ་གསོར་མི་རུང་། །ཡུན་རིང་

เล่ม ๑๙๘ · หน้า 306a

ལོན་ཞིང་རྣག་འཛག་སེལ། །ལོང་ཀ་ལི་ཡི་སྡོང་བུ་ཡི། །ལྡེ་གུ་ཏིལ་མར་དེ་བཞི་འགྱུར། །ནིར་གུན་ཏི་ཡི་ཁུ་བར་བསྐོལ། །སྣ་སྨན་སོགས་བཏང་འབྲས་ཕྲེང་སེལ། །ཙནྡན་ཐང་ཤིང་ན་ལེ་ཤམ། །དུར་བྱིད་གླ་སྒང་སེར་པོ་གཉིས། །སྲང་རེ་དུག་ནི་སྲང་ཕྱེད་

དང་། །བ་གཅིན་སྦྱར་ཏེ་ཞིབ་ཏུ་བཏགས། །བྲམྦྷིའི་ཁུ་བ་ཨརྒ་ཡི། །འོ་མ་བ་ལང་ལྕི་ཁུར་བཅས། །ཡུངས་མར་བྲེ་གང་བཅས་བསྐོལ་བ། །བཏུང་བ་ལ་སོགས་པར་བསྟེན་ན། །མཛེ་དང་རྨ་ནི་འཁྱིམས་པ་དང་། །འབྲས་ཀྱི་ཕྲེང་བ་མྱུར་དུ་སེལ། །ཤུ་དག་རྒྱ་སྐྱེགས་ཨ་རུ་ར། །པུ་

ཙེ་ཤེལ་དང་ཙནྡན་དང་། །ཏིལ་མར་བསྐོལ་བ་བླུད་ན་ནི། །འབྲས་ཕྲེང་རྩ་བར་བཅས་པ་སེལ། །ཤ་ར་པུང་ཀའི་རྩ་བ་ནི། །འབྲས་ཀྱི་ཆུ་དང་བཏགས་གྱུར་པ། །སྣ་སྨན་བསྐུ་བས་འབྲུམ་བུ་དང་། །དུག་སྲིན་འབྲས་ཀྱི་ཕྲེང་བ་འཇོམས། །ཨུཏྟམ་ཀ་རའི་རྩ་བ་དང་། །བི་ལུའི་ལོ་མ་

སེང་ཕྲོམ་དང་། །ས་ཧ་ཙ་ར་ཨ་རུ་ར། །ཤིང་མངར་ཤུ་ཏི་ཙི་ཏྲ་ཀ། །ཐང་ཤིང་ཏིལ་མར་འོ་མ་མཉམ། །སྣ་སྨན་བསྐུ་བྱུག་བྱས་པའང་ཕན། །བ་ལང་ར་ལུག་རྟ་རྨིག་བསྲེགས། །ཉུངས་མར་སྦྱར་ཏེ་བསྐུ་བའམ། །སྦྲུལ་ནག་བྱ་རོག་རང་ཉིད་ཤི །ཨིང་གུ་དང་ནི་སྦྱར་བ་བསྐུ། །དེ་

ལྟར་མ་ཞི་ནད་ཀྱི་ནི། །ལོགས་གཞན་བྱིན་པ་ལ་གནས་པའི། །ཆུ་སོའི་སྟེང་ངམ་འོག་ནས་ནི། །ཚིལ་ཕྱུང་ནས་ནི་མེས་བསྲེག་བྱ། །གྱེན་དུ་འགྲེང་བའི་རྐང་པ་གཞལ། །དེ་ཡི་ཚད་ཀྱི་རྟིང་པ་རུ། །དེ་ལས་རྨེན་བུ་དབྱུང་བྱ་ཞེས། །དྲང་སྲོང་མུ་ཁྱུད་ཀྱིས་བཤད་དོ། །རྟིང་པ་ནས་བཟུང་

སོར་ནི་བཅུ་གཉིས་ན། །དབང་པོའི་ཆུ་སོ་ཡོད་སྤང་ནད་ཀྱི་ནི། །གཡོན་དུ་དབྲལ་ཏེ་ཉ་སྒོང་འདྲ་དབུས་ནས། །དྲ་བ་དྲང་ཞེས་ལེགས་ཐོས་ཀྱིས་བཤད་དོ། །མི་ཡི་ལོང་མོ་རྣ་བའི་བར་དུ་གཞལ། །དེ་ཡིས་བརྒྱད་པ་རྟིང་པའི་ཆ་བགོས་ཏེ། །བྱིན་སྙིང་གནད་ཀྱི་དྲང་ཐད་མ་གཏོགས་དཔྲལ། །

ཚིལ་ནི་དབྱུང་བར་བྱ་ཞེས་གཞན་དག་འཆད། །རླུང་གྱུར་སྦུ་གུར་དུགས་བྱས་ལ། །དབྲལ་ཏེ་ཨ་པ་མརྒ་ཡི། །སྦུ་གུས་ཏིལ་དང་རྒྱམ་ཚར་བཅས། །བཏགས་པའི་ལྡེ་གུས་ལེགས་པར་བསྐུ། །མཁྲིས་པ་ལས་གྱུར་ཏིལ་དང་བཙོད། །ནཱ་ག་དན་ཏི་སེར་པོ་གཉིས། །བད་ཀན་ལས་གྱུར་རྒྱམ་

เล่ม ๑๙๘ · หน้า 306b

ཚ་ཏིལ། །དན་ད་ནིམ་པ་ལན་ཚྭས་བསྐུ། །ཟུག་རྔུ་ལས་བྱུང་དབྲལ་ཏེ་དབྱུང་། །ཏིལ་དང་མར་དང་སྦྲང་རྩིས་བསྐུ། །མཚོན་དབྲལ་མི་རུང་ཆུ་ཚོད་ཀྱིས། །ལེགས་པར་བཙལ་ཏེ་ནང་དུ་དབུག །ཐལ་སྨན་ལ་སྤངས་སྐུད་པ་ཡིས། །རྨ་ཚོལ་ཁ་ནི་ཤས་ཆེར་དྲལ། །རྨ་རེད་ཁ་ནི་

དོག་པ་དང་། །ཕུགས་རིང་ལ་ཡང་སྦྱར་བར་བྱ། །རེང་བུ་གང་དང་ཏིལ་མར་གང་། །དེ་ནི་རྨ་འཁྱིམས་ལ་ཡང་བསྔགས། །ཨེ་རཎྜའི་འབྲས་ལྡེ་གུས་བསྐུ། །སྦུ་གུའི་རྨ་སྦྱོར་བྱེད་མཆོག་ཡིན། །རྒྱ་ཤུག་འབྲས་བུ་ཤུན་པ་དང་། །ལན་ཚྭ་རྒྱ་སྐྱེགས་བཅས་པ་དང་། །གླ་

གོར་ཞོ་ཤའི་ལོ་མ་དང་། །པྲི་ཡང་ཀུ་དང་ནུ་ཞོ་དང་། །ཨརྐ་སྣུ་ཧིའི་འོ་མར་སྦྱར། །རེང་བུས་རྨ་འཁྱིམས་མྱུར་འཚོ་བར་བྱེད། །རྒྱམ་ཚའི་ཚ་དང་རྩབས་རུ་ཚ། །ལྕེ་མྱང་ཚ་ནི་ལེགས་པར་བསྲེགས། །གླ་གོར་ཞོ་ཤ་ཁྱིམ་དུད་པ། །ཨ་མྲ་ཏ་ཀ་སེང་ལྡེང་གི །ལོ་མ་ཛི་ན་སྐྱེར་པ་གཉིས། །ལྡེ་

གུས་བསྐུ་བ་སོགས་བསྟེན་ན། །སྐྱབས་མེད་མི་བརྟན་སྐྱེས་བུ་ཡི། །འབྱོར་པ་བཞིན་དུ་འགྲིབ་པར་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་པའོ།། །།དེ་ནས་ནད་ཕྲ་མོའི་དམིགས་ཤེས་པ་བཤད་པར་བྱའོ། །བད་རླུང་

ལས་གྱུར་འབྲུམ་ཕྲན་ནི། །སྣུམ་ཞིང་མདོག་འདྲ་མདུད་པ་ཅན། །ནད་མེད་མུངྒ་འདྲ་བ་ནི། །བྱིས་པ་ལས་སྐྱེས་རའི་འགྲམ་པ། །དེ་གཉིས་ལས་བྱུང་ཤར་གནས་མཐུག །ནས་འདྲ་ནས་ཞེས་བྱ་བ་ཡིན། །འབྲས་བྱེར་ཟླུམ་པོ་རྩེ་མོ་མེད། །རྣག་ཉུང་རྟག་མཐོ་འབྲས་བྱེར་ཡིན། །

རྨེན་བུ་ལྔ་འམ་དྲུག་འབྱུང་ཞིང་། །རུས་སྦལ་ལྟར་མཐོ་རུས་སྦལ་ཡིན། །རྣ་བའི་སྟེང་ངམ་ཀུན་ཏུ་ནི། །འབྲུམ་ཕྲན་སྲ་ཞིང་མི་བཟད་ན། །ཨུཏྤལ་རྩ་འདྲ་པ་ནས། །སྐྲང་ཤིང་ཅུང་ཟད་ན་ལ་བརྟན། །འགམ་པའི་མཚམས་སུ་དེ་གཉིས་ལས། །འབྱུང་བ་རྡོ་ཡི་བོང་བུ་ཡིན། །

ཤལ་མ་ལི་ཡི་ཚེར་མ་འདྲ། །འབྲུམ་ཕྲན་ནད་བཅས་མཐུག་པོ་ནི། །ནང་ན་ཚིལ་ཡོད་ལང་ཚོ་ལ། །བྱུང་བ་བཞིན་ནི་མ་རུང་བྱེད། །བད་ཀན་རླུང་གྱུར་པདྨ་ཡི། །ཚེར་མ་འདྲ་བས་ཁྱབ་གྱུར་ཅིང་། །དཀར་ཞིང་ནད་ནི་མེད་པ་དག །པདྨའི་ཚེར་མ་ཅན་ཞེས་བྱ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་

เล่ม ๑๙๘ · หน้า 307a

ཟླུམ། །ཨུ་དུམ་བཱ་རའི་འབྲས་སྨིན་འདྲ། །ཤས་ཆེར་ཚ་ཞིང་རིམས་འདེབས་བྱེད། །གས་པ་ཁ་བྱེ་ཞེས་བྱའོ། །ལུས་ཀྱི་ནང་དང་གདོང་ལ་ནི། །ཚ་ཞིང་ནད་དང་རིམས་སྐྱེད་ཅིང་། །སྲན་ཆུང་ཙམ་ལ་དེའི་མདོག་ཅན། །འབྲུམ་ཕྲན་མཐུག་པོ་སྲིན་ཆུང་

ཞིང་། །དེ་བས་འབྲུམ་བུ་ནད་ཚབས་ཆེ། །སྡུག་བསྔལ་བྱེད་པ་འབྲུམ་བུ་ཡིན། །རླུང་མཁྲིས་ལས་གྱུར་འབྲུམ་བུའི་ནང་། །པདྨའི་སྙིང་པོ་ལྟ་བུ་ཡི། །འབྲུམ་ཕྲན་གྱིས་ནི་ཕུག་པ་ཡིན། །དེ་དག་ཉིད་སྐྱེད་བོང་བུ་ཡིན། །ཟླུམ་ཞིང་རྒྱ་ཆེ་མཐོ་བ་དང་། །མདོག་དམར་འབྲུམ་ཕྲན་དག་

གིས་ཁྱབ། །ཕལ་ཆེར་རླུང་ལས་མཆན་ཁུང་དུ། །ཉེ་བར་སྐྱེས་པ་མཆན་ཁུང་འབྲུམ། །མཁྲིས་པ་ལས་གྱུར་འབྲུམ་ཕྲན་ནི། །ཕྲ་ཞིང་མཐུག་པ་འབྲས་ཡོས་འདྲ། །དེ་འདྲའི་ཆེན་པོ་ཅིག་བྱུང་བ། །དྲི་ཅན་ཞེས་ནི་གྲགས་པ་ཡིན། །ཚ་བའི་རྡུལ་གྱིས་ལུས་གདུངས་ལ། །འབྲུམ་

ཕྲན་ནད་བཅས་སྟུག་པོ་ནི། །དབྱིབས་དང་ཆད་མདོག་སྐྱེ་ཚེ་འདྲ། །དེ་ནི་སྐེ་ཚེ་ཞེས་བྱའོ། །མཁྲིས་པ་ཤས་ཆེའི་ནད་ཀྱིས་ནི། །མེ་དབལ་ལྟ་བུར་དལ་གྱིས་མཆེད། །སྐྲང་ཞིང་སྣུམ་ལ་སྲབ་ཅིང་དམར། །རིམ་སྐྱེད་དྲ་བའི་བོང་བུ་ཡིན། །མཁྲིས་པ་ཤས་ཆེའི་འབྲུམ་བུ་ནི། །རིམ་སྐྱེད་ཤ་ལ་

གནོད་བྱེད་པ། །མཆན་ཁུང་ཕྱོགས་བྱུང་མེའི་མདོག་ཅན། །འདྲ་བ་དེ་ནི་མེ་སྐྱེད་ཡིན། །ཞག་ལྔའམ་ནི་ཞག་བདུན་ན། །ཟླ་བ་ཕྱེད་ནས་སྲོག་འཕྲོག་བྱེད། །ནད་གཞི་གསུམ་སྐྱེས་འབྲུམ་བུ་ཟླུམ། །ནམ་ཚོང་ཡན་ཆད་སྐྱེས་ས་སྐོར། །མཆན་ཁུང་ཆུ་སོར་བི་ད་རིའི། །རྩ་བ་ལྟར་སྲ་བི་ད་རི། །ཚིལ་

དང་བད་རླུང་ལས་གྱུར་པའི། །རྨེན་བུ་རྩ་རྒྱུས་ཤ་ལ་གནས། །བརྟོལ་ན་མར་ཞག་སྦྲང་རྩི་འདྲ། །འཛག་གྱུར་དེ་ལ་རླུང་ཤས་ཆེ། །ཤ་སྐམ་རྨེན་བུར་བྱས་ནས་ནི། །གསེག་མ་ལྟ་བུར་སྐྱེད་པར་བྱེད། །ཁྲག་ནི་དྲི་མནམ་རངས་པ་དང་། །ཁ་དོག་སྣ་ཚོགས་འབྱུང་བ་ཡི། །

ནད་ཀྱིས་དེ་ལ་ཁྲག་འཛག་པ། །དེ་ནི་འབྲུམ་བུ་གསེག་མ་ཅན། །ལག་པ་རྐང་མཐིལ་ཚིགས་དང་ནི། །ནམ་ཚོང་ཡན་ཆད་གྲོག་མོ་ཡི། །མགོ་ལྟར་རིམ་གྱིས་རྨེན་བུ་ནི། །ཕྲ་མོ་མང་པོས་ཁྱབ་བྱེད་ལ། །ན་ཞིང་ཚ་ལ་གཡའ་ཞིང་འདྲུལ། །ཀུན་ཏུ་སྐྱེས་ཏེ་གྲོག་མོའི་མགོ །

เล่ม ๑๙๘ · หน้า 307b

རྐང་མཐིལ་གཤགས་མས་བྲུད་པའམ། །ཚེར་མ་སོགས་ཀྱིས་སྣད་པ་ཡི། །འབྲུམ་བུ་བུར་པ་ལྟར་མཐོ་བ། །སྐྱེས་ཏེ་མཛེར་པ་འདྲ་ཞེས་བྱ། །ཤུགས་བཀག་པ་ཡིས་རླུང་དག་ནི། །གཞང་དང་རྐང་པ་ལ་གནས་པ། །ཕྱི་དང་ནང་དུ་རྒྱུ་བྱེད་པ། །ལམ་རྒྱུ་དེ་ལས་བཤང་བ་ནི། །དཀའ་

བས་འབྱུང་བར་བྱེད་པའི་ནད། །གཞང་འགགས་པ་ཞེས་བྱ་བར་འདོད། །རླུང་མཁྲིས་ཀྱིས་ནི་སེན་མོ་ཡི། །ནང་གི་ཤ་སྨིན་ནད་སྐྱེད་པ། །མ་སྣད་ནད་དང་ཚིམ་པ་དང་། །ཉེ་བའི་སེན་མོ་ཞེས་བྱའོ། །སྣད་པས་གནག་ཅིང་རྩུབ་པ་དང་། །སྲ་བ་སེན་མོ་ངན་ཞེས་བྱ། །འདམ་ནི་གནོད་བྱེད་ལ་རེག་

ལས། །ནང་ན་གཡའ་ཞིང་རྣག་བཅས་པ། །སོར་མོའི་འབྲས་འབྱེར་ཞེས་བྱའོ། །པགས་པ་ཏིལ་འདྲ་གནག་པ་ལ། །ནད་མེད་བྱུང་གྱུར་རྨེ་བ་སྟེ། །དེ་ཉིད་འབུར་བ་མཛེར་པ་ཡིན། །མཛེར་པ་ལས་ཀྱང་ཆེན་པོར་གྱུར། །དཀར་ནག་པགས་པའི་མཛེར་པ་ཡིན། །དེ་འདྲའི་འབྲུམ་བུ་སྐྱེས་པ་ནི། །དམར་པོ་རྒྱ་སྐྱེགས་ནོར་བུ་ཡིན། །

དཀར་བའམ་གནག་པར་ལྷན་ཅིག་སྐྱེས། །ཟླུམ་པའམ་མཚན་མ་ཞེས་བྱའོ། །མྱ་ངན་ཁྲོ་དང་རླུང་མཁྲིས་སོགས། །འཁྲུགས་ཏེ་གདོང་ནི་སྲབ་འགྱུར་ཞིང་། །ཐིག་ལེ་ནག་པོ་ངོ་ཤིག་ཅན། །གདོང་ལས་གཞན་འབྱུང་ཁབས་ཞེས་བྱ། །རླུང་གྱུར་ངོ་ཤིག་རྩུབ་པར་སྣང་། །རེག་ན་རྩུབ་

ཅིང་གནག་པ་ཡིན། །མཁྲིས་གྱུར་མཐའ་མ་ཅུང་ཟད་སྔོ། །བད་ཀན་ལས་གྱུར་མཐའ་དཀར་གཡའ། །ཁྲག་གྱུར་མཐའ་མ་ཟངས་མདོག་ཅན། །སྐམ་ཞིང་ཚ་བ་ཙག་ཙག་བྱེད། །རླུང་གིས་བད་ཀན་བསླངས་གྱུར་པ། །པགས་པར་ཕྱིན་ཏེ་བསྐམས་གྱུར་ནས། །དེ་ལས་པགས་

པ་སྐྱ་འགྱུར་ཞིང་། །རིམ་གྱིས་ཚོར་བ་མེད་འགྱུར་ལ། །གཡའ་བ་ཆུང་ཞིང་འདྲུལ་བ་མེད། །བེམ་པོ་དེ་ནི་ཚོར་མེད་ཡིན། །སྐྱུག་སྨན་ཉེས་དང་མ་ཞུ་དང་། །བད་མཁྲིས་ལུས་ལ་གནས་བསླངས་པས། །རབ་གཡའ་ཟླུམ་པོ་གོར་གོར་པོ། །དམར་པོ་མང་དུ་འབྱུང་འགྱུར་ཞིང་། །རྗེས་འབྲེལ་

ལྡན་པ་ཟླུམ་པོར་བཤད། །དེ་ལྟར་ནད་ནི་ཕྲ་མོ་ཡི། །དབྱེ་བ་སུམ་ཅུ་དྲུག་ཏུ་བསྟན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་གཅིག་པའོ།། །།དེ་ནས་ནད་ཕྲ་མོའི་གསོ་བ་བཤད་པར་བྱའོ། །ར་ཡི་འགྲམ་པ་མ་སྨིན་པ། །སྲིན་

เล่ม ๑๙๘ · หน้า 308a

བུ་པད་པས་ཁྲག་དབྱུང་ངོ་། །ནས་འདྲ་དུགས་ནི་བྱས་ནས་སུ། །ཐང་ཤིང་རུ་རྟ་ལྡོང་རོས་དང་། །བ་བླའི་ལྡེ་གུ་བསྐུས་ཏེ་བཞུ། །རྡོ་ཡི་བོང་བུའང་དེ་ལྟར་གསོ། །སྨིན་པ་ར་འགྲམ་རྨ་ལྟར་གསོ། །བཞིན་གནོད་སེང་ཕྲོམ་འུ་སུ་དང་། །ཤུ་དག་བཏགས་

པའི་ལྡེ་གུའམ། །ནྱ་གྲོ་དྷ་ཡི་ལོ་མའམ། །རྒྱ་སྟར་ལོ་མ་ཚ་སྦྱར་བསྐུ། །དེས་མ་ཞི་ན་སྐྱུག་སྨན་དང་། །སྣ་སྨན་དཔྲལ་བར་གཏར་ག་གདབ། །པདྨའི་ཚེར་མ་ནིམ་པ་ཡི། །ཁུ་བའམ་ནིམ་པ་མར་བསྐོལ་བར། །སྦྲང་རྩི་དང་ནི་བཅས་པ་བླུད། །ནིམ་པ་དོང་གར་སྦྱར་བས་བྱུག །

ཁ་བྱེ་སོགས་ནས་དྲ་བོང་བར། །ས་སྐོར་བཅས་པ་མཁྲིས་པ་ཡི། །མེ་དབལ་ལྟ་བུར་གསོ་བར་བྱ། །མེ་སྐྱེད་པ་ནི་སྤང་བར་བྱ། །དྲ་བའི་བོང་བུ་སྨྱུང་བ་དང་། །གཏར་ག་གདབ་དང་རྩུབ་ཆོས་དང་། །ལུས་ཀྱི་སྦྱང་བ་སྐྱུ་རུ་རའི། །སྦྱོར་བའི་བསིལ་སྨན་བྱུགས་པས་གསོ། །བིད་

རིལ་ཁྲག་གཏར་ཞིང་། །བད་ཀན་རྨན་བུ་ལྟ་བུར་གསོ། །གསེག་མ་ལྟ་བུའི་འབྲུམ་ཕྲན་ལ། །ཚིལ་གྱི་རྨེན་བུ་ལྟ་བུར་གསོ། །གྲོག་མའི་མགོ་འདྲ་བུ་ག་མང་། །ཆེར་སྐྱེད་སྐྲང་ཞིང་གནད་ལ་གནས། །རྐང་པ་ལག་པར་བྱུང་བ་སྤང་། །ཅིག་ཤོས་ལ་ནི་ཁྲག་བྱུང་ལ། །རྒྱམ་ཚ་དོང་

ག་སླེ་ཏྲེས་དང་། །ཅི་ཙེ་རྒྱ་སྲན་རྩ་བ་དང་། །ད་ནད་ཏིལ་བཏགས་ནས་ཕྱེས་བསྐུ། །སྨིན་པ་ལ་ནི་ནད་ཅན་ཤ །ཐམས་ཅད་ལེགས་པར་སྦྱང་བར་བྱ། །མཚོན་གྱིས་བཅད་ལ་དེ་རྗེས་ལ། །ཐལ་སྨན་ཡང་ན་མེ་ཡིས་བསྲེག །མཛེར་པ་འདྲ་ལ་གཙགས་བུ་ཡིས། །མ་ལུས་བཅད་ལ་

སྣུམ་གྱིས་བསྲེག །གཞང་འགགས་པ་ལ་ནོར་བུ་ནི། །འགགས་པ་ལྟ་བུར་གསོ་བར་བྱ། །ཉེ་བའི་སེན་མོ་སྦྱངས་པ་ཡིས། །ཚ་བ་བསལ་ཏེ་མཚོན་གྱིས་གསོ། །སེན་མོ་ངན་ལའང་དེ་བཞིན་བྱ། །རྐང་པའི་ཆུ་སེར་དག་ལའང་། །འབྲས་བུ་སྐྱུར་པོ་ནག་ཚུར་བཅས། །ཏིལ་

དང་གི་ཝང་ནིམ་པ་ཡི། །ལོ་མའི་ལྡེ་གུས་བསྐུ་བར་བྱ། །སྨེ་བ་མཛེར་པར་བཅས་པ་ནི། །མེ་ཤེལ་ཐལ་སྨན་དག་གིས་བསྲེག །ཡང་ན་མེ་བཙའ་གདབ་པར་བྱ། །དེ་བཞིན་བགས་མཛེར་རྒྱ་སྐྱེགས་ནོར། །མཚོན་གྱིས་བཅད་དེ་དེ་བཞིན་གསོ། །མཚན་མ་ཅན་སོགས་

เล่ม ๑๙๘ · หน้า 308b

གསུམ་པོ་ལ། །ཉེ་བའི་ཕྱོགས་ལ་གཏར་ག་གདབ། །འོ་མ་ཅན་ཤིང་མྱུ་གུ་ཤུན། །འོ་མར་བཏགས་པས་བསྐུ་བར་བྱ། །ངོ་ཤིག་ཨརྫུ་ནའི་ཤུན་པའམ། །བཙོད་དང་སྦྲང་རྩི་སྦྱར་བ་ཡི། །ལྡེ་གུའམ་རྟ་དཀར་རྨིག་པ་ནི། །བསྲེགས་པའི་སྣག་ཚ་མར་སྦྱར་བསྐུ། །ཙནྡན་

དམར་པོ་བཙོད་དང་ནི། །རུ་རྟ་སེང་ཕྲོམ་པྲི་ཡདྐུ། །སྲན་ཆུང་ནྱ་གྲོ་དྷའི་མྱུ་གུ། །ལྡེ་གུས་ངོ་ཤིག་སེལ་བྱེད་ཅིང་། །བཞིན་མདངས་གསལ་བར་བྱེད་པ་ཡིན། །ཟིར་གཉིས་དང་ཏིལ་ནག་དང་། །ཡུངས་ཀར་འོ་མར་བཅས་པ་ནི། །བཏགས་པའི་ལྡེ་གུས་གདོང་བསྐུས་ན། །ངོ་ཤིག་

སེལ་ཞིང་ཟླ་འདྲར་བྱེད། །སྲན་ཆུང་ཕུབ་མ་མེད་བརྔོས་པ། །འོ་མ་སྦྲང་རྩི་མར་བཏགས་བསྐུ། །ཚེར་མ་རྣོ་བའི་ཤལ་མ་ལིའི། །འོ་མར་བཏགས་པས་བསྐུས་ན་ཕན། །རྒྱ་ཤུག་ཚི་གུ་བུ་རམ་བཅས། །སྦྲང་རྩི་རི་བོང་ཁྲག་སྦྱར་བསྐུ། །རུ་རྟ་ཁ་ལུང་ཁུ་བ་ཡི། །ནང་སྦངས་སྦྲང་རྩིར་

བཅས་པའམ། །རྐང་མར་རྩ་བ་རའི་འོ་མ། །སྦྲང་རྩིར་བཅས་པའི་ལྡེ་གུའང་ཕན། །རྐང་མར་རྩ་བ་ལང་རུས། །སྦྲང་རྩི་མར་དང་བཅས་པས་བསྐུ། །འཛམ་བུ་ཨ་མྲའི་ལོ་མ་དང་། །སེར་པོ་རྣམ་གཉིས་ཞོ་ག་ཆུ། །བུ་རམ་སར་པ་སྦྱར་བའམ། །ཏིན་དུ་ཀ་ཡི་ལོ་མ་ཡི། །ཁུ་བར་

བཏགས་པ་ཡང་མདོག་གསལ་བྱེད། །ཨུཏྤལ་སྔོ་དང་རུ་རྟ་དང་། །ཙནྡན་སེར་པོ་པྲི་ཡང་ཀུ། །རྒྱ་ཤུག་ཚི་གུའི་ལྡེ་གུ་ཡིས། །གདོང་ནི་བསྐུས་ཞིང་དྲིལ་གྱུར་ན། །པདྨའི་མདོག་དང་འདྲ་བར་བྱེད། །སྨན་ནི་འདི་དག་བཏགས་པ་དང་། །ཤིང་མངར་དང་བཅས་བསྐོལ་སྣུམ་ནི། །ནད་

གཞི་ཇི་བཞིན་མ་ལུས་ལ། །བཏུང་དང་བསྐུ་བ་ལ་སོགས་བྱ། །ནས་དང་སེང་ཕྲོམ་སྲ་རྩི་པོག །སྤྲ་ཚིལ་སྦྲང་རྩི་པུ་ཙེ་ཤེལ། །མར་དང་བུ་རམ་བ་གཅིན་ནི། །གཟར་བུར་ཆགས་ཀྱི་བར་དུ་བསྐོལ། །དེ་བསྐུས་པ་ཡིས་སྨེ་བ་དང་། །ངོ་ཤིག་མཛེར་པ་མྱུར་སེལ་བྱེད། །གདོང་ནི་པདྨ་

འདྲར་བྱེད་ཅིང་། །རྐང་པ་པདྨའི་འདབ་འདར་བྱེད། །གུར་གུམ་ཤིང་མངར་པུ་ཤེལ་ཙེ། །ཙནྡན་སེར་དང་རྒྱ་སྐྱེགས་དང་། །ཙནྡན་དཀར་དང་ནྱ་གྲོ་དྷའི། །རྐང་པ་གཞོན་ནུ་ཤུག་པ་དང་། །དེ་བཞིན་པདྨ་གེ་སར་དང་། །ཨུཏྤལ་སྔོན་པོ་བཙོད་དང་བཅས། །སྲང་རེ་ཆུ་བྲེ་བཞི་ནང་དུ། །བསྐོལ་

เล่ม ๑๙๘ · หน้า 309a

ཏེ་བཞི་ཆ་ལུས་བ་རུ། །རྒྱ་སྐྱེགས་བཙོད་དང་ལེ་བརྒན་རྩི། །ཤིང་མངར་གུར་གུམ་ཞོ་གཉིས་གཉིས། །ཕྱེ་མ་ཏིལ་མར་སྲང་བརྒྱད་དང་། །དེ་ཡི་ཉིས་འགྱུར་འོ་མ་བསྐོལ། །དེ་ནི་སྣ་སྨན་ཚུལ་བསྟེན་ན། །སྨེ་བ་ངོ་ཤིག་སྐྲ་དཀར་དང་། །གཉེར་མ་གདོང་གི་

དྲི་མ་སེལ། །གདོང་གི་ཤ་རྒྱས་མདོག་གསལ་བྱེད། །བཙོད་དང་སེང་ཕྲོམ་ཤ་བ་རི། །རྒྱ་སྐྱེགས་ལྡོང་རོས་དུ་པ་རི། །གུར་གུམ་རུ་རྟ་སེར་པོ་གཉིས། །གི་ཝང་ཙནྡན་རྣམ་གཉིས་དང་། །ནྱ་གྲོ་དྷ་ཡི་ལོ་མ་དང་། །དངུལ་ཆུ་རྨ་ཤིང་ཙནྡན་སེར། །དྷ་དུ་ར་ཡི་ཤུན་པ་ཡི། །ས་བོན་པདྨ་གེ་

སར་དང་། །སྤྲ་ཚིལ་སྤངས་མ་ཤུག་པ་སོགས། །ཞག་དང་འོ་མ་རྐང་དང་མར། །འོ་མ་ཅན་ཤིང་འོ་མ་ནི། །བསྐོལ་བའི་མར་ནི་བསྐུས་གྱུར་ན། །ངོ་ཤིག་གཉེར་མ་སོགས་འཇོམས་ཤིང་། །བཞིན་ནི་པདྨའི་མདངས་འདྲར་འགྱུར། །བྲིང་ག་ར་ཛའི་ཁུ་བར་ནི། །འོ་མ་ཆུ་བསྐོལ་སྣ་

སྨན་བསྔགས། །པགས་པ་ཚོར་མེད་ལ་རླུང་གི །གསོ་བ་དང་ནི་མེ་བཙའ་བྱ། །པགས་ནད་ཟླུམ་པོར་བད་མཁྲིས་བཤད། །མཛེ་ནད་སེལ་བ་ཐམས་ཅད་ཕན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཕྱི་མའི་གནས་ཀྱི་ལེའུ་སུམ་ཅུ་གཉིས་པའོ།། །།དེ་

ནས་གསང་བའི་ནད་ཀྱི་དམིགས་ཤེས་པ་བཤད་པར་བྱའོ། །བུད་མེད་ཉལ་པོ་སྤངས་པ་ལས། །མོད་ལ་བསྟེན་པར་གྱུར་པའམ། །ནད་དང་བཅས་ཤིང་དོགས་པ་ལས། །དྲི་མ་ཅན་ནམ་ཟླ་མཚན་ནམ། །སྐྱེ་གནས་གཞན་དང་མི་འདོད་དང་། །བགྲོད་མིན་གསར་དུ་བཙས་པ་དང་། །

དགའ་བའི་མཐར་ནི་དུག་ཅན་སོགས། །ཆུས་རེག་པའམ་མ་བཀྲུས་དང་། །བསྐྱེད་པའི་བསམ་པས་སྨན་རྣོན་པོའི། །ལྡེ་གུ་ལ་སོགས་བསྐུས་པ་དང་། །ཁུ་ཚུར་སོ་དང་སེན་མོ་དང་། །གྲ་མ་དུག་ཅན་གྱིས་རེག་དང་། །ཤུགས་དགག་པ་དང་ཡུན་རིང་དུ། །རེག་པ་རྩུབ་པས་བདར་བ་

འམ། །ནད་གཞི་འཁྲུགས་པས་གསང་བར་ཞུགས། །སོས་འཛིན་ལྟ་བུ་ལ་སོགས་ནད། །ཉི་ཤུ་རྩ་གསུམ་འབྱུང་བར་འགྱུར། །སོས་འཛིན་ལྟ་བུ་འདིར་ལྔ་སྟེ། །ནད་གཞི་རེ་རེ་ཁྲག་ལས་གྱུར། །འདུས་པའི་ནད་ལས་གྱུར་པའོ། །དེ་ལ་རླུང་གྱུར་ཕོ་མཚན་སྐྲངས། །ནད་མང་

เล่ม ๑๙๘ · หน้า 309b

རྟག་ལྡང་པགས་འགས་པའོ། །མཁྲིས་པ་ལས་གྱུར་སྐྲང་རིམས་འདེབས། །ཨུ་དུམྺཱ་རའི་འབྲས་སྨིན་འདྲ། །བད་ཀན་གྱིས་མཁྲང་སྣུམ་པ་དང་། །གཡའ་ཞིང་སྐྲངས་ལ་ལྕི་བ་ཡིན། །ཁྲག་གྱུར་འབྲུམ་བུ་ནག་པོ་འབྱུང་། །ཁྲག་འཛག་རིམས་ཀྱིས་འདེབས་པར་བྱེད། །འདུས་གྱུར་

མཚན་ཉིད་ཀུན་དང་ལྡན། །རླིག་འབྲས་གཉིས་ཀྱང་སྐྲང་བར་བྱེད། །མི་བཟད་ན་ཞིང་ལྷུང་པ་དང་། །གས་ཤིང་སྲིན་བུ་སྐྱེ་བ་ཡིན། །དེ་ལས་ཁྲག་གྱུར་འཚོ་བ་ཙམ། །འདུས་པ་ལས་གྱུར་འཆི་བར་བྱེད། །ནད་འཁྲུགས་པ་ལས་ཕོ་མཚན་གནས། །ཤ་ཁྲག་ལས་ནི་ཕོ་མཚན་

གྱི། །ཕྱིའམ་ཡང་ན་ནང་དུ་ནི། །མཛེར་པ་གཡའ་བར་བྱེད་པ་འབྱུང་། །ཁྲག་ནི་སྤྱི་བག་འཛག་པར་བྱེད། །མོ་མཚན་དེ་འདྲ་གདུགས་ལྟར་འདུག །དེ་ནི་འབྲུམ་ནད་མ་གསོས་ན། །ཕོ་མོའི་ཁུ་ཁྲག་ཉམས་བྱེད་གསོད། །ཕོ་མཚན་གྱི་ནི་ཕྱིའམ་ནང་། །བད་ཀན་ཁྲག་གྱུར་འབྲུམ་ཕྲན་ནི། །

ཚད་དང་དབྱིབས་ནི་ཡུངས་ཀར་འདྲ། །སྟུག་པོའི་ཡུངས་ཀར་ཞེས་བྱར་བཤད། །བད་ཀན་ཁྲག་གྱུར་འབྲུམ་བུ་ནི། །རིང་ཞིང་མང་པོར་གྱུར་པ་ལ། །དབུས་ནས་གས་པ་གང་ཡིན་པ། །དེ་ནི་ངེས་པར་འཇོམས་ཤེས་བྱ། །ན་ཞིང་བ་སྦུ་བརྩེ་བར་བྱེད། །ཁྲག་མཁྲིས་ལས་ནི་འཛམ་བུ་

ཡི། །རུས་པ་ལྟར་འདུག་ཁོང་སྟོང་ཅན། །འབྲས་བྱེར་གཅིན་སྙི་འདྲར་ཤེས་བྱ། །ཁྲག་མཁྲིས་ལས་གྱུར་འབྲུམ་ཕྲན་ནི། །མ་ཤ་མངྒ་འདྲ་མཆོག་ཡིན། །པདྨའི་སྟེང་དུ་གེ་སར་བཞིན། །འབྲུམ་བུ་འབྲུམ་ཕྲན་གྱིས་ཁྱབ་པ། །དེ་ནི་པདྨ་ཅན་ཞེས་བྱ། །ལག་པ་གཉིས་ཀྱིས་རབ་

མཉེས་པ། །དེ་ནི་མཉེས་པའི་འབྲུམ་བུར་གྱུར། །མཚན་ནི་མཉེས་པར་གྱུར་པ་ལས། །རླུང་འཁྲུགས་གྱུར་པ་མཉེས་པ་ཡིན། །མི་མཉམ་སྲ་ཞིང་ཡོན་པོར་ནི། །རླུང་འཁྲུགས་གྱུར་པ་གཏུན་ཤིང་ཡིན། །རླུང་གིས་མཉེས་པ་ལ་སོགས་པའི། །ནད་འཁྲུགས་མཚན་གྱི་པགས་

པ་ནི། །ལྡོག་ཅིང་ཚ་ལ་ནད་བཅས་ཤིང་། །ལ་ལར་ཤུ་བ་དག་ཏུ་འགྱུར། །འདུས་ཤིང་མདུད་པ་ཆགས་པ་ནི། །དེ་ཡི་ནོར་བུ་ཐུར་དུ་འཕྱང་། །པགས་པ་ལྡོག་པའི་ནད་ཅེས་བྱ། །བད་ཀན་བཅས་ལས་གཡའ་ཞིང་སྲ། །རྨ་འཚོབ་དཀའ་ཞིང་པགས་པ་གས། །གས་པའི་ནད་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด