ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པ་དཱརྠ་ཙནྡྲ་ཀ་པྲ་བྷཱ་བ་ཏི་ནཱ་མ་ཨཥྚཱཾ་ག་ཧྲྀ་ད་ཡ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๐ · หน้า 258b
དགོས་པ་བཞིན་དུ་སྣ་ཚོགས་པའི་ཚུལ་དབྱིབས་དུ་མར་ན་བ་དང་། མིའི་ལུས་ལ་ཕན་པར་བྱེད་ནུས་པའི་ཚུལ་སྣ་ཚོགས་པར་བརྡུང་བར་བྱས་ལ། དེ་ཡང་ལུས་ཀྱི་ཚུལ་ལས་བློས་རྣམ་པར་དཔྱད་ལ་བརྟགས་ནས་ཅི་རིགས་པར་བརྡུང་བར་བྱ་བ་ཡིན་ལ། དེ་དག་ལས་
ཁོ་བོས་ནི་རགས་རིམ་ཙམ་ཞིག་སྟེ། མདོ་ཙམ་ཞིག་བསྟན་པ་ཡིན་གྱི། དེ་དག་ནི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ཚད་ངེས་པར་བསྟན་པ་མ་ཡིན་ནོ། །སེང་གེ་ཀང་ཀ་དོམ་བྱ་རོག། །རི་དགས་བྱ་སོགས་ཁ་འདྲ་བའི། །མཆུ་ཅན་ཆ་སྤྱད་བྱས་ནས་ནི། དེ་ཡི་མིང་ཡང་
གདགས་པར་བྱ། །ཕལ་ཆེར་ལྕགས་ཀྱི་རྒྱུ་ལས་ནི། །སྲིད་དུ་སོར་ནི་བཅོ་བརྒྱད་བྱ། །སྐམ་པ་སྦྲེལ་བའི་མཚམས་སུ་ནི། །སྲན་ཆུང་ལྟ་བུའི་གཟེར་བཏབ་པ། །རྩ་བ་ལྕགས་ཀྱུ་ལྟར་བཀུག་པའི། །ཆ་བྱད་བདེ་ལེགས་ཡིན་ཞེས་བྱ། །རྩེ་མོ་གཡུང་དྲུང་ལྟ་བུའོ། །
ཞེས་བྱ་བ་ལ། སེང་གེ་དང་དོམ་ལ་སོགས་པ་རི་དགས་དང་བྱ་རྣམས་ཀྱི་མཆུ་དང་འདྲ་ཞིང་མཚུངས་པའི་ཆ་བྱད་བྱས་ལ་ཆ་སྤྱད་དེ་དག་ཀྱང་དེའི་མིང་གདགས་པར་བྱ་སྟེ། གང་གི་མཆུ་དང་གང་འདྲ་བ་དེ་ལ་དེའི་མིང་གདགས་པར་བྱ་སྟེ། དཔེར་ན་ཀང་ཀའི་མཆུ་དང་། བྱ་རོག་གི་མཆུ་ལྟ་
བུ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་ཕལ་ཆེར་རམ་མང་ལྕགས་ཀྱི་རྒྱུ་ལས་བྱ་ལ། ཚད་ནི་ཕལ་ཆེར་སོར་བཅོ་བརྒྱད་པར་བྱའོ། །སྐམ་པ་དེ་དག་གི་སྦྲེལ་བའི་མཚམས་ཁའི་འོག་ཏུ་སྲན་ཆུང་ལྟ་བུ་སྟེ། རྩེ་མོ་སྲན་ཆུང་ལྟར་ཟླུམ་པོའི་གཟེར་བུ་ལེགས་པར་བཏབ་ལ། དེ་བཞིན་
དུ་རྩ་བ་དེ་ལག་པས་གཟུང་བའི་ཕྱོགས་སུ་ལྕགས་ཀྱུ་ལྟ་བུར་བཀུག་ཅིང་འཁྱོག་པར་བྱ་བའི་ཆ་སྤྱད་དེ་ནི་མིང་བདེ་ལེགས་ཞེས་བྱ་བ་ཡིན་ཏེ། རྩེ་མོ་གཡུང་དྲུང་ལྟ་བུ་བྱའོ། །དེ་ནི་བརྟན་པོར་རུས་ཟུག་པའི། །ཟུག་རྔུ་འབྱིན་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། བདེ་ལེགས་
ཞེས་བྱ་བའི་ཆ་སྤྱད་བརྟན་ཞིང་མི་འཇིགས་པས་རུས་པར་ཟུག་རྔུ་གང་ཡིན་པ་དེ་འབྱིན་ཅིང་དབྱུང་བ་ལ་སྦྱར་བར་བྱའོ། །གཟེར་བཏབ་རྩེ་མོ་གྱེས་པ་དང་། །སྐམ་པ་ཡིན་ཏེ་སོར་བཅུ་དྲུག །དེ་ནི་པགས་པ་རྩ་རྒྱུས་ཤར། །ཞེན་པའི་ཟུག་རྔུ་འབྱིན་ལ་སྦྱར། །ཞེས་བྱ་བ་ལ།
เล่ม ๒๐๐ · หน้า 259a
སྐམ་པ་ནི་གཉིས་བྱ་སྟེ། དེ་ལས་གཅིག་ནི་རྩེ་མོའི་ཕྱོགས་སུ་གཟེར་བུ་བཏབ་ཅིང་བསྡམ་པ་དང་བཅས་པའོ། །གཉིས་པ་ནི་རྩེ་མོ་གྱེས་ཤིང་རྩེ་མོ་གཟེར་བུས་མ་བཏབ་ལ། ཁམ་བསྡམས་པའོ། །སྐམ་པ་དེ་གཉི་ག་ཡང་སྲིད་སོར་བཅུ་དྲུག་བྱའོ། །
དེ་གཉིས་ནི་པགས་པ་ལ་སོགས་པར་ནུབ་ཅིང་ཞེན་པའི་ཟུག་རྔུ་དེ་དབྱུང་ཞིང་འདྲེན་པ་ལ་སྦྱར་ཞིང་གཏང་བར་བསྟན་ནོ། །སྐམ་པ་སོར་དྲུག་ཟུག་རྔུ་ཕྲ། །རྫི་མ་མ་རུང་འབྱིན་ལ་སྦྱར། །ཞེས་བྱ་བ་ལ། སྐམ་པ་དེ་ལས་གཞན་པ་སྲིད་སོར་དྲུག་ཡོད་པ་ཁ་གྱེས་པ་ཉིད་དུ་བྱ་ལ། དེས་
ན་ཟུག་རྔུ་ཕྲ་བ་སྟེ། མིག་གི་རྨ་ལ་སོགས་པར་གཏོགས་པ་དང་། དེ་བཞིན་དུ་རྫི་མ་མ་རུང་བ་སྟེ། མིག་གི་རྨའི་ནང་དུ་ཞུགས་པ་འབྱིན་པ་ལ་སྦྱར་རོ། །སོ་ཕྲ་དྲང་ཞིང་རྩ་བ་ནི། །གདུ་བུས་བརྒྱན་པ་མུ་ཙ་ཏི། །དེས་རྨ་གཏིང་དུ་ཟུག་པ་དང་། །མིག་མཛེར་གཏིང་དུ་ལུས་ལ་
སྦྱར། །ཞེས་བྱ་བ་ལ། ཆ་སྤྱད་གང་སོ་ཕྲ་མོ་བཏོད་པ་བྱས་པ་དེ་ཡང་དྲང་ཞིང་རྩེ་མོ་གཉིས་དྲང་པོར་བྱའོ། །དེའི་ཚད་མ་སྨོས་པས་འདས་མ་ཐག་པའི་སོར་དྲུག་ཉིད་ཡིན་པར་ཤེས་པར་བྱའོ། །དེའི་རྩ་བ་ནི་ལག་པས་གཟུང་བའི་ཕྱོགས་དེར་གདུ་བུས་བརྒྱན་པ་ཞེས་བྱ་བ་དམ་དུ་
བསྡམ་པའི་ཕྱིར་ལྕགས་ཀྱི་ཁྱུད་མོས་གདུ་བུ་ལྟ་བུར་བརྒྱན་པ་ཞེས་བྱའོ། །དེའི་མིང་ནི་མུ་ཙ་ཏི་ཞེས་བྱ་ལ། དེས་རྨ་གཏིང་དུ་ཟུག་པ་དང་དེ་བཞིན་དུ་མིག་མཛེར་གཏིང་དུ་ལུས་ཏེ་གདོན་པ་ལ་སྦྱར་བར་བྱའོ། །བཞི་པོ་དེ་དག་ནི་ཆ་སྤྱད་སྐམ་པ་ཞེས་བྱ་བ་ཡིན་ནོ། །ཉ་མགོ་འདྲ་བ་སོར་བཅུ་
གཉིས། །ཆ་སྤྱད་གཉིས་པ་གཅིག་པ་བྱ། །ཉ་མགོ་ལྟ་བུ་ཞེས་བཤད་དེ། །རྣ་ཁུང་ཟུག་རྔུ་འབྱིན་ལ་སྦྱར། །ཞེས་བྱ་བ་ལ། དྲང་སྲོང་གི་ཆ་སྤྱད་ཉ་མགོ་ལྟ་བུ་ནི་གཉིས་ཡོད་པར་བཤད་དེ། དེ་གཉི་ག་ཡང་ཉ་མགོ་དང་འདྲ་ཞིང་སོར་བཅུ་གཉིས་པ་ཡིན་ལ། དེ་ཡང་ཉ་མགོའི་
ལྐོག་མ་འདྲ་བས་ན། ཉ་མགོའི་མགུལ་པ་ལྟ་བུ་ཞེས་བྱ་བའི་དོན་ནོ། །དེ་ལ་ཉ་མགོ་གཉིས་འདྲ་བ་ཡོད་པ་དང་། གཅིག་འདྲ་བ་ཡོད་པ་སྟེ། དེས་ན་གཅིག་ནི་རྟའི་མགུལ་པ་ལྟ་བུ་གཉིས་དང་ལྡན་པའོ། །གཉིས་པ་ནི་ཉའི་མགུལ་པ་ལྟ་བུ་གཅིག་དང་ལྡན་པའོ། །དེ་གཉི་གས་
เล่ม ๒๐๐ · หน้า 259b
ཀྱང་རྣ་ཁུང་ན་གནས་པའི་ཟུག་རྔུ་འབྱིན་པའི་ལས་ལ་སྦྱར་བར་བྱ་སྟེ། དེ་ན་གནས་པའི་ཟུག་རྔུ་དེ་གཉིས་ཀྱིས་དབྱུང་བར་བྱའོ། །ཆ་སྤྱད་སྦུ་གུ་ཅན་སྨྲས་པ་ནི། ཆ་སྤྱད་སྦུ་གུ་ཅན་ཁོང་སྟོང་། །རྩེ་མོ་གཅིག་གམ་མང་པོ་བྱ། །དེས་ནི་བུ་གའི་ཟུག་རྔུ་དང་། །ནད་ཡོད་བལྟ་དང་
དབྱུང་བ་དང་། །བྱ་བ་བླ་བ་བྱ་ཕྱིར་དང་། །དགང་བར་བྱ་བའི་དོན་དུ་བྱ། །དེ་ཡི་ཞེང་དང་སྦོམ་སྲིད་ཚད། །བུ་གུའི་ཚད་ལས་དཔག་པར་བྱ། །ཞེས་བྱ་བ་ལ། ཆ་སྤྱད་སྦུ་གུ་ཅན་ནི་ནང་ཁོང་སྟོང་དུ་བྱས་ལ་རྩེ་མོ་ཁ་གཅིག་པའམ། ཁ་མང་པོ་བ་དགོས་པ་དུ་མའི་དབང་
ལས་བྱས་ལ། དེས་ནི་གྲེ་བ་ལ་སོགས་པ་བུ་ག་ན་གནས་པའི་ཟུག་རྔུ་རྣམས་དང་། དེ་ན་གནས་པའི་ནད་ཡོད་པ་དག་བལྟ་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་བྱ་བ་སྟེ། ཟུག་རྔུ་དབྱུང་བ་དང་གཙགས་བུ་གདབ་པ་དང་། ཐལ་སྨན་དང་མེ་བཙའ་གདབ་པ་ལ་སོགས་པའི་ལས་ཀྱི་
བྱ་བ་བླ་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་དགང་བར་བྱ་བའི་ཕྱིར་བྱ་སྟེ། དེའི་ཞེང་སྟེ་སྦོམ་དང་། སྲིད་དེ་དཔངས་ཀྱི་ཚད་ནི་བུ་གའི་ཚད་ལས། ཞེས་བྱ་བ་ལ། གང་གི་བུ་ག་གང་དུ་བཏོད་པ་དེའི་ཚད་ལས་དཔགས་ནས་ཅི་རིགས་པར་བྱའོ། དེ་ཡང་ཞེས་བྱ་བ་ལ། ལོགས་
གཅིག་ནས་གཅིག་ཏུ་ཕྱིན་པའི་ཚད་ལ་བྱ་ལ། སྦོམ་ནི་འཁྱུད་པའི་ཚད་ཡོངས་སུ་ཆད་པ་ལ་བྱའོ། །སྲིད་ནི་དཔངས་ཏེ། སྔར་བཤད་པའི་ཆ་སྤྱད་ལས་རིང་བར་བྱའོ། །སྲིད་དུ་སོར་བཅུ་སྦོམ་སོར་ལྔ། །གྲེ་བའི་ཟུག་རྔུ་རྟོག་བྱེད་ཡིན། །རྩེ་མོ་ལྔ་པ་བུ་ག་ཅན། །རྩེ་མོ་
བཞི་ལ་སྤྱི་མདུད་བྱ། །ཆ་སྤྱད་ཐུར་མ་གཉིས་པ་ནི། །བུ་ག་གསུམ་པ་དེའི་ཚད་བྱ། །ཆ་སྤྱད་བྱ་བ་རང་གི་དབྱིབས། །སྦོམ་དང་མཆུ་ཡི་ཚད་མཉམ་པའི། །སྦུ་གུ་དེ་འདྲ་གཞན་དག་ཀྱང་། །ཆ་སྤྱད་ཤེས་པར་བྱེད་དུ་གཞུག །ཅེས་བྱ་བ་ལ། ཆ་སྤྱད་སྦུ་
གུ་ཅན་བྱའོ། །ཞེས་བྱ་བར་སྦྱར་རོ། །དེའི་ཚད་དང་སྲིད་དུ་སོར་བཅུ་བྱ་ལ། དེ་ཉིད་ཀྱིས་ན་དེའི་སྦོམ་གྱི་ཚད་སོར་ལྔ་པར་བྱའོ། །འདིས་རྟོག་ཅིང་བལྟ་བར་བྱེད་པ་ཡིན་པས་ན་རྟོག་པར་བྱེད་པ་སྟེ། གྲེ་བའི་ནང་དུ་ཟུག་རྔུ་བལྟ་བར་བྱ་བའི་དོན་དུ་བྱའོ། །ཡང་ན་སྦུ་གུ་གཞན་
เล่ม ๒๐๐ · หน้า 260a
རྩེ་མོ་ལྔ་པའི་སྦུ་གུ་ལ་ཡང་དེ་ལྟ་བུ་ནི་རྩེ་མོ་བཞི་པའི་སྤྱིར་བསྡུ་བར་བྱ་སྟེ། མདའ་ལ་སོགས་པ་ནང་དུ་ཞུགས་པ་བརྟག་པའི་ཕྱིར་ཐུར་མ་རྩེ་མོ་ཅན་བཏོད་པ་ནི་ཐུར་མ་ཞེས་བྱའོ། །དེ་བཞིན་དུ་ཆ་སྤྱད་ཐུར་མ་རྩེ་མོ་གཉིས་པ་ནི་སྦུ་གུ་ཅན་བུ་ག་གསུམ་པ་ཅན་བྱ་སྟེ།
དེ་ཡང་སྔ་མའི་ཚད་དུ་བྱའོ། །ཆ་སྤྱད་པ་རང་གི་དེའི་དབྱིབས་དང་སྦོམ་པ་དང་མཆུའི་ཚད་དང་མཉམ་པའི་སྦུ་གུ་བྱ་ལ། ཡང་སྦུ་གུ་དེ་དང་འདྲ་བ་ན། སྟོང་པ་རྩེ་མོ་གཉིས་པ་དང་། རྩེ་མོ་མང་པོ་ཡོད་པ་གཞན་དག་ཀྱང་ཟུག་རྔུ་བལྟ་ཞིང་བརྟག་པར་བྱ་བའི་ཕྱིར་ཆ་སྤྱད་ལ་མཁས་པ་གཞན་
དག་བྱེད་དུ་གཞུག་གོ། །རྩེ་མོ་པདྨའི་སྙིང་པོ་འདྲ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བཞི་ཆ་ཁོང་སྟོང་བྱས་སྦུ་གུ། །ཟུག་རྔུ་འབྱིན་པ་ཡིན་པར་བཤད། །ཅེས་བྱ་བ་ལ། ཟུག་རྔུ་འབྱིན་པའི་ཆ་བྱད་མི་འགུལ་བའི་ཟུག་རྔུ་དབྱུང་བར་བྱ་བའི་ཕྱིར། །རྩེ་མོ་མགོ་
བོའི་ཕྱོགས་པདྨའི་སྙིང་པོ་ཀར་ནི་ཀའི་དབྱིབས་འདྲ་ཞིང་མཚུངས་པ་ཚད་སྲིད་དུ་སོར་བཅུ་གཉིས་ཡོད་པ་བཞི་ཆ་ཁོང་སྟོང་ཡོད་པ་སྟེ། སོར་གསུམ་གྱི་བར་ཁོང་སྟོང་དུ་བྱས་པ་དེ་ནི་ཟུག་རྔུ་འབྱིན་པ་ཡིན་པར་འདོད་དོ། །གཞང་འབྲུམ་ཆ་སྤྱད་པ་ཡི་ནི། །ནུ་སོར་འདྲ་བ་སོར་བཞི་
པ། །སྐྱེས་པའི་སོར་ལྔས་འཁྱུད་པ་སྟེ། །བུད་མེད་སོར་དྲུག་གིས་འཁྱུད་བྱ། །ནད་པ་ལྟ་བ་ལ་བུ་ག་གཉིས། །ལས་ལ་བུ་ག་གཅིག་པ་བྱ། །དབུས་ཀྱི་བུ་ག་སོར་གསུམ་པ། །མཐེ་བོ་ཤོང་བ་ཙམ་དུ་བྱ། །དེ་སྟེང་རྩེ་མོ་ཟླུམ་པོ་ནི། །དཔངས་སུ་སོར་ནི་ཕྱེད་པ་
བྱ། །ཞེས་བྱ་བ་ལ། གཞང་འབྲུམ་འཆོས་པའི་ཆ་སྤྱད་ནི། བའི་ནུ་སོར་དང་དབྱིབས་འདྲ་བ་བྱས་ལ། སྲིད་སོར་བཞི་ཡོད་པ། སྐྱེས་པ་ལ་སྟོང་པའི་སྦོམ་སོར་ལྔས་འཁྱུད་པ་བྱས་ལ། བུད་མེད་ཀྱི་གཞང་འབྲུམ་གསོ་བའི་ཆ་སྤྱད་ནི་སོར་དྲུག་གིས་འཁྱུད་པའི་སྦོམ་ཡོད་པར་
བྱའོ། །ནད་བལྟ་བ་ནི་གཞང་འབྲུམ་གྱི་ནད་རྟོག་པའོ། །བུ་ག་གཉིས་ནི་ངོས་གཉི་ག་ལ་བུ་ག་ཡོད་པར་བྱས་པའོ། །དེ་བཞིན་དུ་གཞང་འབྲུམ་དང་བཅས་པ་དང་། ཐལ་སྨན་རྣོན་པོ་གཏོང་བའི་ལས་རྣམས་ཀྱི་ཆ་སྤྱད་ནི། སྔ་མ་ལྟ་བུ་ལ་བུ་ག་གཅིག་པར་བྱའོ། །དེ་ལྟ་ན་མངོན་དུ་བལྟ་བའི་
เล่ม ๒๐๐ · หน้า 260b
ཕྱིར་ནི་བུ་ག་གཉིས་པས་བྱ། གཙགས་པ་དང་། ཐལ་སྨན་དང་། མེ་བཙའ་གདབ་པར་མི་འགྱུར་བར་བྱ་བའི་ཕྱིར་ནི་བུ་ག་གཅིག་པར་བྱའོ། །ཆ་སྤྱད་འདིའི་དབུས་ཀྱི་བུ་ག་ནི་སྲིད་དུ་སོར་གསུམ་པར་བྱའོ། །མཐེ་བོའི་ལྟོ་ཤོང་བ་སྟེ། རྒྱར་མཐེ་བོའི་ལྟོ་དང་ཞེང་མཉམ་པར་
བྱའོ། །ཡང་བུ་ག་དེའི་རྩེའམ་སྟེང་མ་ནི་དབྱིབས་འདྲ་བ་ལ། དཔངས་སོར་ཕྱེད་ཡོད་པ། སོར་ཚད་དུ་བསྟན་པ་དེའི་སྟེང་དུ་ལྷག་མ་སོར་ཕྱེད་ཡོད་པར་ལྟེ་བ་ཟླུམ་པོ་སོར་ཕྱེད་བྱ་བའི་དོན་ནོ། །ཁར་དཀྲོལ་དེ་འདྲའི་བུ་ག་མེད། །ཆ་སྤྱད་གཞང་འབྲུམ་བཙིར་ལ་སྦྱར། །ཞེས་
བྱ་བ་ལ། ཁར་དཀྲོལ་ལྟ་བུ་ཞེས་བྱ་བའི་ཆ་སྤྱད་ནི་བུ་གའི་རྣམ་པ་བཤད་མ་ཐག་པའི་གཞང་འབྲུམ་གྱི་རྣམ་པ་འདྲ་བ་ལ། བུ་ག་མེད་པ་སྟེ། ངོས་གཉིས་སུ་བུ་ག་བཏོད་པ་མེད་པའོ། །དེ་ལྟ་བུའི་ཆ་སྤྱད་ནི་གཞང་འབྲུམ་གྱི་ནད་བཙིར་བའི་དོན་དུ་བྱའོ། །མཚན་པར་རྡོལ་ལ་
རྣམ་ཀུན་དུ། །བུ་ག་ཡན་ཆད་བསལ་བར་བྱ། །ཞེས་བྱ་བ་ལ། མཚན་པར་རྡོལ་བའི་ནད་གསོ་བའི་ཆ་སྤྱད་ནི་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བུ་ག་ཡན་ཆད་ཀྱི་ལྟེ་བ་དེ་བསལ་ཞིང་མེད་པར་བྱ་སྟེ། ཆ་སྤྱད་འདི་ལས་ནི་དབུས་མའི་ལྟེ་བ་མེད་པར་བྱ་བའི་དོན་ནོ། །སྣ་
ཡི་ཤུ་བའི་འབྲུམ་པ་ལ། །བུ་ག་གཅིག་པ་སོར་གཉིས་བྱ། །ཞེང་དུ་མཛུབ་མོའི་ཚད་ཙམ་ལ། །མཚན་པར་རྡོལ་གྱི་སྤྱད་འདྲར་བྱ། །སོར་མོ་བསྲུང་ཕྱིར་བ་སོ་འམ། །ཤིང་གིས་ཤུ་བས་ནི་སོར་བཞི་བྱ། །བ་ཡི་ནུ་འདྲ་བུ་ག་གཉིས། །དེ་ཡི་ཁ་ནི་དབྱེ་བར་བྱ། །ཞེས་
བྱ་བ་ལ། སྣའི་ནང་གི་འབྲུམ་པ་བསལ་ཞིང་གཅད་པའི་ཆ་སྤྱད་ནི། བུ་ག་གཅིག་པ་བྱ་ལ། དཔངས་སུ་སོར་གཉིས་པ། ཞེང་གི་ཚད་མཛུབ་མོ་ཙམ་ལ་མཚན་མར་རྡོལ་གྱི་ཆ་སྤྱད་དང་འདྲ་བར་དབུས་མའི་ལྟེ་བ་མེད་པར་བྱའོ། །དེ་སྟོང་པར་བྱེད་པ་ན་སྨན་པའི་སོར་མོ་བསྐུམ་
ཞིང་གནོད་པ་མེད་པར་བྱ་བའི་ཕྱིར་བ་སོ་ལས་བྱས་པའམ། ཤིང་ལས་བྱས་པའི་ཤུབས་དཔངས་སུ་སོར་བཞི་ཡོད་པ། བུ་ག་གཉིས་པ་ཡོད་པར་བྱས་ལ། ཆ་སྤྱད་དེའི་རྣམ་པ་ནི་བའི་ནུ་མ་འདྲ་བར་བྱའོ། །ཡང་ཆ་སྤྱད་དེའི་ཁ་བྱེ་ཞིང་གྱེས་པར་བྱས་ལ། མཁྲིག་མར་སྲད་
เล่ม ๒๐๐ · หน้า 261a
བུས་དམ་དུ་བཅིང་བར་བྱའོ། །མོ་མཚན་རྨ་བརྟག་དབུས་སུ་ནི། །ཁོང་སྟོང་སོར་ནི་བཅུ་དྲུག་པ། །ཕྱོགས་བཞིར་གདུ་བུས་བཅིང་བར་བྱ། །རྩེ་མོ་པདྨ་ཁ་ཟླུམ་འདྲ། །ཐུར་མ་བཞི་ནི་མནན་པ་ཡི། །རྩ་བ་བསྡམས་ན་ཁ་དབྱེ་བྱ། །ཞེས་བྱ་བ་ལ།
མོ་མཚན་ནམ་མངལ་དུ་རྨ་བྱུང་བ་བརྟག་ཅིང་བལྟ་བའི་ཆ་སྤྱད་ནི་དབུས་ཁོང་སྟོང་དུ་བྱས་པ་སྲིད་སོར་བཅུ་དྲུག་ཡོད་པར་གདུ་བུ་འདྲ་བའི་ཁྱུད་ཀྱིས་བཅིངས་པའི་ཕྱོགས་བཞིར་ཐུར་མ་བཞི་ཡོད་པར་བྱ་ཞིང་། སྤྲུལ་པའི་འདྲ་བས་བཅིངས་པ་དང་། དེ་བཞིན་དུ་པདྨ་ཁ་ཟླུམ་
པའམ་མ་ཕྱེ་བ་འདྲ་བའི་རྩེ་མོ་ཡོད་པ་ཐུར་མ་བཞི་ཡོད་པའི་ལག་པས་གཟུང་བའི་ཕྱོགས་སུ་བསྡམས་ཤིང་བཙིར་ན་ཁ་འབྱེ་ཞིང་གྱེས་པར་འགྱུར་བར་བྱའོ། ཆ་སྤྱད་འཇམ་རྩིའི་སྦུབས་འདྲ་ལ། །རྩ་བ་མཐེབ་ཤོང་རྩེ་སྲན་ཤོང་། །རྩེ་མོ་གག་པ་མེད་པ་ལ། །རྩ་བར་པགས་
འཇམ་རྐྱལ་བུ་བཅིང་། །རྨ་ཡི་ཕུག་ནི་འཆས་པ་དང་། །རྨ་བཀྲུ་བ་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཆ་སྤྱད་སྲིད་དུ་སོར་དྲུག་ཡོད་པ་གཉིས་བྱ་སྟེ། བུ་ག་ཅན་གྱི་རྩ་བསྐུ་བའི་ཕྱིར་དང་། བཀྲུ་བའི་ཕྱིར་དགོས་སོ། །ཇི་ལྟ་བུ་ཞེ་ན། འཇམ་རྩིའི་སྦུ་གུ་འདྲ་བ་སྟེ། འཇམ་
རྩིའི་སྦུ་གུ་དང་ཆ་འདྲ་ཞིང་མཚུངས་པ་གང་ཡིན་པ་དེ་ནི། འཇམ་རྩིའི་སྦུ་གུ་འདྲ་བའོ། །དེའི་བུ་ག་ནི་རྩ་བ་མཐེ་བོ་ཤོང་བ་ཙམ་ལ་རྩེ་མོ་སྲན་མ་ཤོང་བ་ཙམ་རྩེ་མོའི་ཆ་ལ་གག་པ་མེད་པ་བྱས་ལ། རྩ་བའི་གནས་སུ་པགས་པ་འཇམ་པོའི་རྐྱལ་བུ་སྣུམ་དང་འཁྲུད་པའི་སྨན་གྱི་སྣོད་ཀྱི་རྐྱལ་
བུ་བཅིངས་པ་དེ་ལྟ་བུའི་ཆ་སྤྱད་དག་གིས་རྨའི་ཕུག་འཆས་པ་དང་། རྨ་བཀྲུ་བ་ལ་སྦྱར་ཞིང་དཔྱད་དུ་བྱའོ། །འོད་མའི་སྦུ་གུའམ་སྒྲོ་རྩ་ནི། །འདྲ་བ་ཁ་གཉིས་དམུ་རྫིང་སྤྱད། །ཅེས་བྱ་བ་ལ། དམུ་རྫིང་གི་ནད་གསོ་བའི་སྦུ་གུ་ཁ་གཉིས་པ་འོད་མ་ལ་སོགས་པ་ལས་བྱ་བའམ། སྒྲོ་རྩ་སྟེ་རྨ་བྱ་
ལ་སོགས་པའི་སྒྲོའི་རྩ་བ་ལས་སྦུ་གུ་ཆུ་གཟགས་པའི་དོན་དུ་ཁ་གཉིས་པ་བྱའོ། །དུད་པ་མས་གཏོང་ལ་སོགས་སྤྱད། །རང་རང་གི་ནི་སྐབས་སུ་སྨྲས། །ཞེས་བྱ་བ་ལ། དུད་པ་གཏང་བའི་ཆ་སྤྱད་ནི། །སྨན་གྱི་དུད་པ་སྣ་ནས་བརྔུབ་པའི་སྐབས་སུ་བཤད་པ་ཡིན་ལ། འཇམ་
เล่ม ๒๐๐ · หน้า 261b
རྩིའི་ཆ་སྤྱད་ནི་མས་གཏོང་བའི་སྐབས་སུ་བཤད་པ་ཡིན་ནོ། །སྩོགས་པ་ནི་མཚན་མ་ལ་སོགས་པར་བཤད་དེ། ཆ་སྤྱད་དེ་དག་རང་རང་གི་ལེའུ་བཤད་པའི་སྐབས་སུ་སྨྲས་ཟིན་པ་དེ་ལས་ཤེས་པར་བྱའོ། །རྔབས་རྭ་ཁ་ཞེང་སོར་གསུམ་པ། །དཔངས་སུ་སོར་བརྒྱད་པའམ་བཅུ། །རྩེ་
མོའི་བུ་ག་ཡུངས་ཀར་ཤོང་། །ལེགས་བཀབ་ནུ་སོར་དབྱིབས་འདྲ་བྱ། །ཞེས་བྱ་བ་ལ། རྔབས་རྭའི་ཚད་ནི་ཁ་ཞེང་དུ་སོར་གསུམ་པ་སྟེ། སོར་མོ་གསུམ་གཤིབས་པའོ། །དེ་ཡང་ནུ་ཞོའི་ནད་ལ་སོགས་པ་གཞིབ་པའི་ཕྱིར་བྱ་སྟེ། དེའི་དཔངས་ཀྱི་ཚད་ནི་སོར་བརྒྱད་པའམ།
སོར་བཅུ་པ་བྱས་ལ། རྩེ་མོ་སྟེ་རྭའི་རྩེ་ཕྱོགས་ཀྱི་བུ་ག་ནི་ཡུངས་ཀར་ཤོང་བ་ཙམ་དུ་བྱ་ལ། དེ་བཞིན་དུ་གནས་དེ་ལེགས་པར་གཡོགས་པ་སྟེ། པགས་པ་སྲབ་མོ་ལ་སོགས་པས་ཁ་བཀག་ཅིང་གཡོགས་པའོ། །དེ་བཞིན་དུ་དབྱིབས་ནི་ནུ་སོར་གྱི་ཚུལ་དུ་བྱིན་གྱིས་ཕྲ་བར་བྱའོ། །ཀུ་
བ་སྲིད་དུ་སོར་བཅུ་གཉིས། །ཁྱུང་ཁོར་སོར་ནི་བཅོ་བརྒྱད་པ། །ཁ་ཟླུམ་སོར་ནི་གསུམ་མམ་བཞི། །ནང་འབར་བད་ཀན་ཁྲག་འདྲེན་བྱེད། །ཅེས་བྱ་བ་ལ། ཀུ་བ་ནི་སྲིད་དམ་དཔངས་སུ་སོར་བཅུ་གཉིས་ཡོད་པ་ལ། ཁྱུད་འཁོར་གྱི་ཁ་ཞེང་ཟླུམ་པོར་བསྐོར་བ་ནི་སོར་བཅོ་བརྒྱད་
ཀྱིས་འཁོར་བར་བྱ་ལ། དེ་བཞིན་དུ་བདེ་ཕྱོགས་ཀྱི་ཁ་ནི་ཟླུམ་པོ་ལ་སོར་གསུམ་མམ་བཞི་པ་བྱ་སྟེ། དེ་ལྟར་ན་ཁ་ཟླུམ་པོ་ལ་སོར་གསུམ་པའམ་སོར་བཞི་པ་ཟླུམ་པོ་ཁ་ཕྱོགས་སུ་བྱ་བ་དང་། དེ་བཞིན་དུ་ནང་ན་འབར་བ་སྟེ། དེའི་ནང་དུ་གྲོ་གའམ་འཇག་མའམ། རྩ་བལ་བ་ཛའམ།
རས་བལ་འབར་བ་བཅུག་པ་གླན་པ་བཅུག་པ་ནི་བད་ཀན་འཁྲུགས་པའམ། ཁྲག་ནད་ཅན་འདྲེན་ཅིང་འབྱིན་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་བད་ཀན་འདྲེན་བྱེད་ཅེས་བྱའོ། །དེ་བཞིན་བུམ་པ་དེ་འདྲ་བ། །གླན་པས་སྐྲན་ཡང་འཇུ་བར་བྱེད། །ཅེས་བྱ་བ་ལ། བུམ་པས་
སྔགས་འདེབས་པ་ཡང་ཀུ་བ་དང་འདྲ་བར་བྱ་བ་སྟེ། སྲིད་སོར་བཅུ་གཉིས་ལ། ཁྱུད་འཁོར་སོར་བརྒྱད་པ་ཁ་ཟླུམ་ཞིང་། སོར་གསུམ་པའམ་སོར་བཞི་ཡོད་པ་ནང་ན་གྲོ་གའམ། རྩ་འཇག་གམ་སོག་མའི་མེ་འབར་བ་དང་བཅས་པ་དེ་གླན་པ་ནི། སྐྲན་འཇུ་བར་བྱེད་ཅིང་འབྲི་
เล่ม ๒๐๐ · หน้า 262a
བར་བྱེད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི་སྔར་བཤད་པའི་ཀུ་བ་དང་འདྲ་བས་བད་ཀན་དང་ཁྲག་འདྲེན་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །ཐུར་མ་ཞེས་བྱའི་ཆ་སྤྱད་ནི། །ལས་དང་དབྱིབས་ནི་སྣ་ཚོགས་པ། །ཅི་རིགས་པ་ཡི་ཚད་ལྡན་བྱ། །ཞེས་བྱ་བ་ལ།
ཆ་སྤྱད་ཀྱི་རྣམ་པ་ཐུར་མ་ཞེས་བྱ་བ་ནི་ལས་སྣ་ཚོགས་བྱེད་པ་དང་། དེ་བཞིན་དུ་དབྱིབས་ཀྱི་ཁྱད་པར་རིང་ཐུང་ལ་སོགས་པ་སྣ་ཚོགས་པར་གནས་པ་ནི་ཅི་རིགས་པའི་ཚད་དང་ལྡན་པར་བྱ་སྟེ། སྦོམ་དང་རིང་ཐུང་གང་དུ་གཏོང་བ་དེ་ཡང་འཚམ་པར་བྱའོ། །དེ་ལ་རྨ་ཚོལ་ལས་ལ་གཉིས། །
སྲིན་བུ་གན་དུ་པ་ཏའི་དབྱིབས། །ཞེས་བྱ་བ་ལ། ཐུར་མའི་ཆ་སྤྱད་དེ་རྣམས་ཀྱི་ནང་ནས་ཐུར་མ་གཉིས་པོ་སྲིན་བུ་གན་དུ་པ་ཏའི་དབྱིབས་ལྟར་འདུག་པ་གཉིས་ནི། རྨ་ཚོལ་གྱི་ལས་ལ་སྦྱར་བར་བྱ་སྟེ། རྨ་དང་བུ་གའི་གཏིང་བཙལ་ཞིང་བརྟག་པ་ལ་སྦྱར་རོ། །སྲིན་བུ་གན་དུ་པ་ཏ་
ཞེས་བྱ་བ་ནི། ཆར་འབབ་པའི་རྗེས་ཐོགས་ལ་སྲིན་བུ་དམར་པོ་རིང་པོ་ཐུར་མ་ཕྲ་མོ་ལྟ་བུ་ཞིག་འབྱུང་བ་ལ་བྱ་སྟེ། མིང་གི་རྣམ་གྲངས་གཞན་དུ་མི་ཏ་ལ་ཞེས་བྱའོ། །བུ་གའི་ནང་གི་ཟུག་རྔུ་འབྱིན། །ཁ་ནི་སྲན་ཆུང་ཕྱེ་འདྲ་གཉིས། །སོར་བརྒྱད་པ་དང་དགུ་པའི་ཚད། །ཅེས་བྱ་བ་
ལ། ཡང་དེ་བཞིན་དུ་ཐུར་མའི་ཆ་སྤྱད་གཉིས་པོ་ཁ་སྲན་ཆུང་ཕྱེ་བ་འདྲ་བ་སྟེ། རྩེ་མོ་སྲན་ཆུང་བཀས་པ་འདྲ་བར་གྱུར་པར་བྱ་ལ། དེ་ཡང་གྲེ་བ་ལ་སོགས་པ་བུ་གའི་ནང་གི་ཟུག་རྔུ་དབྱུང་ཞིང་འབྱིན་པའི་དོན་དུ་སྦྱར་རོ། །ཚད་ནི་སོར་བརྒྱད་པ་དང་དགུ་པ་བྱ་སྟེ། དེ་ལ་གཅིག་གི་ཚད་
ནི་སྲིད་སོར་བརྒྱད་ཡོད་པར་བྱ་ལ། གཉིས་པའི་ཚད་ནི་སོར་དགུ་པར་བྱའོ། །ཐུར་མ་དྲུག་སྟེ་དེ་ལས་གཉིས། །སོར་ནི་བཅུ་དྲུག་བཅུ་གཉིས་པ། །ཐལ་སྨན་གཏོང་བ་སྦྲུལ་ཁ་འདྲ། །གཉིས་པོ་བཅུ་གཉིས་སོར་བཅུ་པ། །ཞེས་བྱ་བ་ལ། ཡང་ཕུར་པ་འདྲ་བའི་ཐུར་མ་དྲུག་
བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ལས་གཉིས་ནི་ཚད་སོར་བཅུ་དྲུག་པ་དང་བཅུ་གཉིས་པར་བྱའོ། །དེ་ཡང་ཐལ་སྨན་ལ་སོགས་པ་གཏོང་ཞིང་བསྐུ་བ་ལ་ནི་སྦྲུལ་གྱི་ཁ་འདྲ་བར་བྱ་བ་སྟེ། གཉི་ག་ཡང་སྦྲུལ་གྱི་ཁ་འདྲ་བའི་དབྱིབས་བྱས་པ་དེའི་ཚད་ནི། གཅིག་ནི་བཅུ་
เล่ม ๒๐๐ · หน้า 262b
གཉིས་པ་བྱ་ལ། གཅིག་ནི་བཅུ་པ་བྱ་བའོ། །བསྐུལ་སྤྱད་ཁ་ནི་མདའ་ལྟོང་འདྲ། །འབྱིན་པའི་ཆ་སྤྱད་ལྕགས་ཀྱུའི་དབྱིབས། །ཞེས་བྱ་བ་ལ། ཐུར་མ་དེ་ལ་ཟུག་རྔུ་བསྐུལ་བའི་ཆ་སྤྱད་ཀྱི་ཁ་ནི། ཡང་མདའི་ལྟོང་འདྲ་བར་བྱ་ལ། ཡང་ཕུར་པ་འདྲ་བའི་ཐུར་མའི་ཟུག་རྔུ་འབྱིན་
པའི་དོན་དུ་ཆ་སྤྱད་ལྕགས་ཀྱུའི་དབྱིབས་ལྟར་རྩེ་མོ་ཅུང་ཟད་གུག་པར་བྱའོ། །ཐུར་མ་རྩེ་མོ་གུག་པ་ནི། མངལ་གྱི་ཕུར་པ་ཞེས་བྱ་སྟེ། །སྲིད་དུ་སོར་བརྒྱད་བྱས་པ་དེས། །བུད་མེད་མངལ་དུ་བུ་ཤི་དབྱུང་། །ཞེས་བྱ་བ་ལ། ཐུར་མ་ཕུར་པ་ལྟ་བུ་རྩེ་མོ་སྒུ་བོར་གུག་པ་ནི། མིང་མངལ་གྱི་ཕུར་པ་ཞེས་
བྱ་སྟེ། དེ་ཡང་ཚད་སྲིད་དུ་སོར་བརྒྱད་པ་བྱས་ལ། མངལ་གྱི་ཕུར་པ་དེས་བུད་མེད་མངལ་དུ་བུ་ཤི་བའི་རོ། །རྡོ་དང་བོང་བ་ལྟ་བུ་དེ་སྦྲུམ་མའི་ལུས་ལས་དབྱུང་ཞིང་གདོན་པར་བྱའོ། །རྡེའུ་འབྱིན་ཆ་སྤྱད་སྦྲུལ་མགོ་ཡི། །གདེངས་ཀ་འདྲ་ལ་རྩེ་གུག་པའོ། །ཞེས་བྱ་བ་ལ། ཆུ་སོའི་ནད་རྡེའུ་
འབྱིན་པའི་ཆ་སྤྱད་ནི་སྦྲུལ་མགོ་ལྟ་བུ་སྟེ། རྩེ་མོ་སྦྲུལ་མགོའི་ཡ་ཐོད་འདྲ་བ་ལ་རྩེ་མོ་གུག་པ་བྱའོ། །མདའ་ལྟོང་འདྲ་བར་སོར་བཞི་པ། །སོ་དབྱུང་བ་ལ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཆ་སྤྱད་དབྱིབས་མདའ་ལྟོང་འདྲ་བར་བྱས་པ་དེ་ཡང་སོར་བཞི་པ་མཐའ་མ་སྦོམ་ཞིང་ཟླུམ་པ་བྱ་སྟེ། དེ་
ནི་སོ་དབྱུང་བ་ལ་སྦྱར་བར་བྱའོ། །རྩེ་མོ་རས་བལ་གྱིས་དཀྲིས་པའི། །ཕྱི་བསལ་ཐུར་མ་དྲུག་བྱའོ། །ཞེས་བྱ་བ་ལ། ཐུར་མ་དྲུག་བྱས་ལ། དེ་ཐམས་ཅད་ཀྱི་རྩེ་མོའི་ཆ་རས་བལ་གྱིས་དཀྲིས་ཤིང་གཡོགས་པ་བྱས་ལ། དེས་རྨ་རྣགས་པ་དང་ཐལ་སྨན་ལ་སོགས་པ་སྦྱང་བའི་བྱ་བ་བྱའོ། །
གཞང་གི་ཉེ་རིང་ནང་ལ་གཉིས། །སོར་བཅུ་པ་དང་བཅུ་གཉིས་པ། །ཞེས་བྱ་བ་ལ། ཐུར་མ་སོར་བཅུ་པ་དང་བཅུ་གཉིས་བྱས་ལ། དེ་ནི་གཞང་གི་ནང་ཕྱི་བ་ལ་སྦྱར་བར་བྱའོ། །སྣ་ཡི་སོར་དྲུག་བདུན་པ་གཉིས། །རྣ་བའི་སོར་བརྒྱད་དགུ་པ་གཉིས། །ཞེས་བྱ་བ་ལ། །ཡང་ཐུར་མ་
སོར་དྲུག་པ་དང་། བདུན་པ་གཉིས་བྱས་ལ། དེ་ནི་སྣ་དང་ཁའི་ནད་ཀྱི་ལྗན་ལྗིན་ཉེ་བ་དང་རིང་བ་ན་ཡོད་པ་ཕྱི་བའི་དོན་དུ་བྱའོ། །ཡང་དེ་བཞིན་དུ་ཐུར་མ་སོར་བརྒྱད་པ་དང་། །དགུ་པ་གཉིས་བྱས་ལ། རྣ་བའི་རྨ་དང་འཚམ་པ་དེས་ཐལ་སྨན་ལ་སོགས་པ་ཕྱི་བ་དང་། བྱུག་པ་བྱ་ལ།
เล่ม ๒๐๐ · หน้า 263a
དེ་ཡང་ཉེ་བ་དང་རིང་བར་གནས་པའི་བྱེ་བྲག་གཉིས་བྱ་བ་ཡིན་ཏེ། དེ་ལྟར་ན་ཐུར་མ་དྲུག་པའི་དབྱེ་བ་སྨྲས་པ་ཡིན་ནོ། །རྣ་བ་བསལ་ལ་ཨ་ཤྭད་ཐའི། །རྩེ་འམ་བླུགས་གཟར་ཁ་འདྲ་བྱ། །ཞེས་བྱ་བ་ལ། རྣ་བ་བསལ་ཞིང་སྦྱང་བའི་ཆ་སྤྱད་ནི་རྩེ་མོ་
ཤིང་ཨ་ཤྭད་ཐའི་ལོ་མ་འདྲ་བའམ། དེ་བཞིན་དུ་རྩེ་མོ་བླུགས་གཟར་གྱི་ཁ་དང་འདྲ་བར་བྱའོ། །ཐུར་མ་འཛམ་བུའི་ཐོར་ཏོ་འདྲ། །ཐལ་སྨན་མེ་བཙའ་སོ་སོར་གསུམ། །རིམ་གྱིས་ཕྲ་སྦོམ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཐུར་མ་ཤིང་འཛམ་བུའི་ཐོར་ཏོ་འདྲ་བར། སོར་གསུམ་
གསུམ་བྱ་སྟེ། དེ་ལྟར་ན་ཐལ་སྨན་རྣོན་པོའི་ཐུར་མ་འཛམ་བུའི་མཆུ་འདྲ་བའི་རྩེ་མོ་ཅན་གསུམ་བྱ་ལ། དེ་བཞིན་དུ་མེ་བཙའི་ལས་ལ་ཡང་གསུམ་པོ་སྟེ། དེ་དག་ཕྲ་བ་དང་། སྦོམ་པའི་དབྱེ་བས་སྦྱར་བར་བྱའོ། །རྒྱུ་མའི་ལས་ལ་ཐུར་མ་ནི། །འཁར་བ་འདྲ་ཞིང་དབུས་ཟླུམ་པ། །རྩ་
བ་ཟླ་བ་ཕྱེད་འདྲ་བྱ། །ཞེས་བྱ་བ་ལ། རྒྱུ་མའི་གནས་སུ་གཏོང་བའི་ཐུར་མ་ནི། རྒྱུ་མའི་ནད་ཀྱི་ཁྱད་པར་ལ་སྦྱར་བར་བྱ་སྟེ། རྩ་བའི་ཕྱོགས་ཟླ་བ་ཕྱེད་པ་དང་འདྲ་བར་སྣུམ་བག་ཏུ་འདུག་པ་ལ་དབུས་སུ་ཟླུམ་པ་རྩེ་མོ་ཐུར་མར་བྱས་ཤིང་ཟླུམ་པ་སྦྱར་བར་བྱའོ། །རྒྱ་ཤུག་ཚི་གུ་བཀས་
འདྲ་བ། །སྣ་ཡི་ཐོར་ཏོ་འབྲུམ་སྲེག་བྱེད། །ཅེས་བྱ་བ་ལ། ཐུར་མ་རྩེ་མོ་རྒྱ་ཤུག་གི་རྩེ་མོ་བཀས་པ་འདྲ་བ་ནི། སྣའི་ནང་དུ་ཐོར་བུ་དང་འབྲུམ་བུ་སྲེག་པ་ཡིན་ནོ། །སོར་བརྒྱད་པ་ལ་རྩེ་མོ་ལྗོན། །གསུམ་པ་ཐལ་སྨན་སྨན་རིམ་ལ། །མཐེའུ་ཆུང་གུང་མོ་སྲིན་ལག་གི། །སེན་མོ་ལྟ་
བུའི་སོ་བྱས་པའོ། །ཞེས་བྱ་བ་ལ། ཐུར་མ་གསུམ་སྲིད་དུ་སོར་བརྒྱད་ཡོད་པ་རྩེ་མོ་ལྗོན་ཤིང་གཟར་བུ་འདྲ་བ་བྱས་པ་ནི་ཐལ་སྨན་གྱི་ལས་ཏེ་ཐལ་སྨན་ཀྴ་ར་སྦྱར་བ་དང་། སྨན་གྱི་རིམ་པ་སྟེ། དུག་ལ་སོགས་པ་བསྐུ་བ་ལ་མཐེའུ་ཆུང་དང་། གུང་མོ་དང་སྲིན་ལག་གི་སེན་མོ་
ལྟ་བུའི་དབྱིབས་པའི་སོའམ་རྩེ་མོ་བྱའོ། །ཕོ་མཚན་སྦྱང་དང་མིག་སྨན་སོགས། །ཆ་སྤྱད་རང་རང་ལེའུར་བཤད། །ཅེས་བྱ་བ་ལ། ཕོ་མཚན་སྦྱང་བ་ལ་སོགས་ཆ་སྤྱད་ནི་རང་རང་གི་ལེའུར་སྔར་བཤད་ཟིན་པ་ཡིན་ནོ། །ཉེ་བའི་ཆ་སྤྱད་ཁབ་ལོང་དང་། །ཐག་པ་རས་དང་
เล่ม ๒๐๐ · หน้า 263b
ཐོ་བ་དང་། འབྲེང་བུ་རྒྱུ་མ་ལྕེ་རྟ་རྔ། །ཡལ་ག་སེན་མོ་ཁ་སོ་དང་། །དུས་དང་སྨིན་དང་ལག་རྐང་དང་། །འཇིགས་དང་དགའ་བ་དེའི་བྱ་བའི། །བྱེ་བྲག་ཐབས་ནི་ཤེས་པའོ། །མཁས་པས་བློ་ཡིས་དཔྱད་པར་བྱ། །ཞེས་བྱ་བ་ལ། ཆ་སྤྱད་དང་འདྲ་ཞིང་དེའི་བྱ་བ་རྫོགས་
པར་བྱེད་ནུས་པ། རྡོ་ཁབ་ལེན་ལ་སོགས་པ་ཉེ་བའི་ཆ་སྤྱད་ཅེས་བྱའོ། །ཁབ་ལེན་ནི་ནོར་བུའི་བྱེ་བྲག་གོ། །ཐག་པ་ནི་མུཉྫ་ལ་སོགས་པ་ལས་བྱས་པའོ། །གོས་ནི་རས་ཀྱི་རྣམ་པའོ། །ཐོ་བ་ནི་ཤིང་ལས་བྱས་པའི་སྦོམ་པོའམ་ཐུང་བའོ། །འབྲེང་བུ་ནི་པགས་པ་ལས་
བྱས་པའོ། །རྒྱུ་མ་དང་ལྕེ་ནི་དངོས་སུ་ཟད་དོ། །རྟ་རྔ་ནི་རྟའི་རྔ་མའམ་རྔོག་མའོ། །ཡལ་ག་ནི་ཤིང་གིའོ། །དུས་ནི་སྐད་ཅིག་མ་ལ་སོགས་པ་ཉེ་བར་མཚོན་པའོ། །སྨིན་པ་ནི་ཚོས་པའོ། །དགའ་བ་ནི་སེམས་རངས་པ་སྟེ། །དབྱེ་བ་ནི་དེའི་ལས་ལ་ཉེ་བར་སྦྱོར་བ་ཡིན་
ལ། བྱ་བའི་ཐབས་དེས་ཆ་སྤྱད་ཀྱི་ལས་རྫོགས་པར་བྱེད་པའི་ཐབས་ཤེས་ཤིང་སྦྱོར་བའི་བྱེ་བྲག་ལ་མཁས་པའི་སྨན་པས་ཆ་སྤྱད་གང་ལ་འོས་པ་དེ་ལ་སྦྱར་བར་བྱ་ཞིང་། དེས་བློས་ལེགས་པར་བརྟགས་ཤིང་དཔྱད་ལ་སྦྱར་བའོ། །དེ་ཡང་སློབ་དཔོན་གྱིས་བསྡུས་པ་ལས། འདི་དག་ལུས་
ནི་ཐམས་ཅད་དམ། །ལུས་ཀྱི་ཡན་ལག་བསྐྱོད་དང་འགྱུར་བ་དང་། །ཚིགས་དང་ནང་གྲོལ་རྩ་བོ་ཆེ། །ཅི་རིགས་པར་ནི་སྦྱར་བར་བྱ། །ཞེས་བྱ་བ་ཡིན་ནོ། །ཆ་སྤྱད་བརྡུང་བསྲུབ་དགང་དང་རྒྱུན་སྲང་དག་བྱ་དང་། །ཐལ་སྨན་གདབ་དང་མཚོན་དབྱུང་བཅིང་དང་བཙིར་བ་དང་། །གཞིབ་དང་
སྨད་དང་བསྟོད་དང་བསྐྱོད་དང་བཅག་པ་དང་། །བཟློག་དང་དྲང་པོར་བྱ་བ་ཆ་སྤྱད་ལས་རྣམས་ཡིན། །ཞེས་བྱ་བ་ལ། བརྡུང་བ་ལ་སོགས་པ་ནི་ཆ་སྤྱད་ཀྱི་ལས་ཡིན་ཏེ། བརྡུང་བ་ནི་བསྣུན་ཅིང་བརྡེག་པའོ། །བསྲུབ་པ་ནི་མདས་བཙུགས་ཤིང་དཀྲུགས་པས་བསྲུབ་པ་ཞེས་བྱའོ། །
དགང་བ་ནི་འདིས་དགང་བར་བྱས་པའོ། །རྒྱུན་སྲང་དག་པར་བྱ་བ་ནི་བུ་ག་རྣམས་དང་གྲེ་བ་ལ་སོགས་པའི་སྦུབས་རྣམས་མ་དག་པ་དག་པར་བྱེད་ཅིང་བརྡེག་པའོ། །གདབ་པ་ནི་ཐལ་སྨན་རྣོན་པོ་ལ་སོགས་པ་བསྐུ་བའི་ཁྱད་པར་རོ། །མཚོན་དབྱུང་བ་ནི་ཟུག་རྔུ་ལ་སོགས་པ་
เล่ม ๒๐๐ · หน้า 264a
འབྱིན་ཅིང་འདྲེན་པའོ། །བཅིང་བ་ནི་ཆག་གྲུགས་ལ་སོགས་པ་འདིས་སྡོམ་པར་བྱེད་པའོ། །བཙིར་བ་ནི་འདིས་རྣག་ལ་སོགས་པ་འབྱིན་པར་བྱེད་པའོ། །གཞིབ་པ་ནི་ཆ་སྤྱད་གང་གིས་ཁྲག་དང་ཆུ་སེར་ལ་སོགས་པ་བརྔུབ་པའོ། །སྨད་པ་ནི་ཆ་སྤྱད་གང་
གིས་ཡན་ལག་ལ་སོགས་པའི་ཕྱོགས་སྨོད་པའོ། །བསྟོད་པ་ནི་ཆ་སྤྱད་གང་གིས་འདེབས་ཤིང་མཐོ་བར་བྱེད་པའོ། །བསྐྱོད་པ་ནི་གཡོ་བར་བྱེད་པ་སྟེ། མི་འགུལ་བ་གཡོ་ཞིང་འགུལ་བར་བྱེད་པའོ། །བཅག་པ་ནི་དངོས་པོ་གཅིག་དུ་མར་བྱེད་པའོ། །བཟློག་པ་ནི་ཆ་སྤྱད་
གང་གིས་གཞན་དུ་བཟློག་ཅིང་བསྒྱུར་བའོ། །དྲང་པོར་བྱ་བ་ནི་ཡོན་པོར་གནས་པའི་དངོས་པོ་བསལ་ཞིང་རྣལ་དུ་གནས་པར་བྱེད་པའོ། །དེ་ལྟར་ན་བརྡུང་བ་ལ་སོགས་པར་བསྟན་པ་གང་ཡིན་པ་དེ་དག་ནི་མདོར་ན། ཆ་སྤྱད་ཀྱི་ལས་རྣམས་ཡིན་པར་ཤེས་པར་བྱ་སྟེ། ལེགས་
པར་ཟུག་ཅིང་འབྱིན་པར་བྱེད་པ་དང་། །གཟུང་བྱ་བླངས་ནས་འབྱིན་པར་བྱེད་ཕྱིར་དང་། ཡན་ལག་ཀུན་ལ་གནོད་པ་མེད་པས་ན། །ཆ་སྤྱད་ཀུན་གྱི་མཆོག་ནི་ཀང་ཀའི་མཆུ། །ཞེས་བྱ་བ་ལ། གོང་དུ་སྨོས་པ་ནི་ཆ་སྤྱད་ཐམས་ཅད་ཀྱི་ནང་ན། ཀང་ཀའི་མཆུ་ལྟ་བུའི་ཆ་སྤྱད་ནི།
གཙོ་བོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལེགས་པར་ཟུག་ཅིང་ཀུན་དུ་བསྐོར་དུ་འདོད་པ་དང་། དེ་བཞིན་དུ་གཟུང་བར་བྱ་བའི་ཟུག་རྔུ་བདེ་བླག་ཏུ་ཟིན་ཅིང་བླངས་ནས་ཀྱང་ཟུག་རྔུ་འབྱིན་ཅིང་འདོན་པར་བྱེད་པའི་ཕྱིར་དང་། ཟུག་ཏུ་དབྱུང་བར་བྱ་བའི་ལུས་ཀྱི་ཡན་ལག་ཀུན་ལ་
གནོད་པ་མེད་ཅིང་ལས་དེ་བདེ་བླག་ཏུ་སྒྲུབ་པར་བྱེད་པ་ཡིན་པས་ན། དེའི་ཕྱིར་ཆ་སྤྱད་ཐམས་ཅད་ཀྱི་མཆོག་ནི་ཀང་ཀའི་མཆུ་ལྟ་བུ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་
དགའ་བས་ངེས་པར་སྦྱར་བ་ལས། །ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཏར་སྤྱད་ཀྱི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། ཆ་སྤྱད་ཕལ་ཆེར་ནི་ལྕགས་ལས་བྱེད་པ་ཡིན་ལ།
เล่ม ๒๐๐ · หน้า 264b
འདི་ཕལ་ཆེར་ལྕགས་ལས་བྱེད་པའམ། ལས་ཀྱི་རྣམ་པ་རིས་མཐུན་པའི་ཕྱིར་ཏེ། དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །མགར་བ་མཁས་པས་ཆོ་ག་བཞིན། །བརྡུངས་པའི་གཏར་སྤྱད་ཉི་ཤུ་དྲུག །སྤུ་ནི་ཆོད་པར་ནུས་པ་དག །ཕལ་ཆེར་སོར་ནི་དྲུག་པ་བྱ། །གཟུགས་
ལེགས་སོ་ནི་ལེགས་པ་དང་། །གཟུང་བར་བདེ་བ་ཉིད་དུ་བྱ། །ཡ་ཡོ་མེད་ཅིང་འཐར་ལེགས་པ། །ཤིང་ཏུ་རྣོ་བའི་ལྕགས་ལས་བྱས། །རྩེ་མོ་ཤིན་ཏུ་ལེགས་བརྡུངས་པ། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །རང་མིང་རྗེས་སུ་མཐུན་གཟུགས་ནི། །རྟག་ཏུ་ཉེ་བར་གཞག་པར་བྱ། །
རྩེ་མོ་རེ་རེ་དག་ལ་ཡང་། །རང་ཚོད་སོར་ཕྱེད་གཉིས་དང་བཞི། །ཕལ་ཆེར་གཉིས་དང་གསུམ་དུ་བྱ། །དེ་གནས་ཁྱད་པར་དག་ལ་སྦྱར། །ཞེས་བྱ་བ་ལ། གཙགས་བུ་ཉི་ཤུ་རྩ་དྲུག་བྱ་བ་ཡིན་ལ། དེ་ཡང་གང་གིས་བྱ་ཞེ་ན། མགར་བ་མཁས་པས། ཞེས་བྱ་བ་སྟེ། བྱ་བ་ལ་
མཁས་ཤིང་བྱང་བར་གྱུར་པའི་ལྕགས་མགར་གྱིས་བརྡུངས་ཤིང་རྫོགས་པར་བྱའོ། །ཅི་ལྟར་བྱ་ཞེ་ན། ཆོ་ག་བཞིན་ཏེ། ཚད་ལ་སོགས་པའི་རྣམ་པ་ཇི་སྐད་བཤད་པ་བཞིན་དུ་བརྡུང་བའོ། །རྣོ་ཚད་ཇི་ཙམ་ཞེ་ན། སྤུ་ནི་ཆོད་པར་ནུས་པ་དག །ཅེས་བྱ་བ་སྟེ། གང་གིས་སྤུ་ཆོད་པའི་ལས་
བྱེད་ནུས་པ་ཙམ་དུ་བྱ་བའོ། །ཚད་ཅི་ཙམ་དུ་བྱ་ཞེ་ན། ཕལ་ཆེར་ཞེས་པ་མང་དུ་སྲིད་སོར་དྲུག་ཕར་བྱས་པ་དང་། གཟུགས་ལེགས་ཤིང་ཇི་སྐད་བཤད་པའི་རྣམ་པར་དབྱིབས་དང་ལྡན་པ་དང་། དེ་བཞིན་དུ་སོ་ལེགས་པ་སྟེ། རྣོ་ཞིང་སྙོམས་པ་དང་། དེ་བཞིན་དུ་གཟུང་བར་བྱ་བ་བདེ་བ་ཉིད་
དེ་བཟུང་བའི་ཕྱོགས་བདེ་བླག་ཏུ་གཟུང་བར་བྱ་བ་དང་། དེ་བཞིན་དུ་ཡ་ཡོ་མེད་པ་སྟེ། སོ་སྙོམས་ཤིང་རྔ་རྔོ་མེད་པ་དང་། དེ་བཞིན་མཐར་ལེགས་ཤིང་བརྡུང་བ་ཞག་པ་དང་། ཤིན་ཏུ་རྣོ་བའི་ལྕགས་ལས་བྱས་པ་གང་ཡིན་པ་དེ་ལས་བརྡུངས་པ་དང་། དེ་བཞིན་དུ་རྩེ་མོ་ཤིན་ཏུ་
ལེགས་པར་བརྡུངས་པ་སྟེ། ལྕགས་ལེགས་པར་བསྐོལ་བ་ཐོ་བས་མ་གས་པར་བརྡུང་ཞིང་ཁྱད་པར་དུ་རྩེ་མོའི་གནས་བརྡུང་ཞག་པར་བྱས་པ་དང་། དེ་བཞིན་དུ་ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང་འཇམ་པ་དང་། དེ་བཞིན་དུ་རང་གི་མིང་དང་རྗེས་སུ་མཐུན་པའི་གཟུགས་
เล่ม ๒๐๐ · หน้า 265a
སམ། དབྱིབས་ཡོད་པ་གཙགས་བུའི་ཁ་འབྲས་འདྲ་བར་བྱས་པ་ལ་ནི། གཙགས་བུ་འབྲས་ཀྱི་ཁའམ། འབྲས་ཀྱི་རྩེ་མོ་ཞེས་བཏགས་པ་ལྟ་བ་ལ་སོགས་པའོ། །དེ་བཞིན་དུ་རྟག་ཏུ་སྟེ། དུས་ཐམས་ཅད་དུ་ཆ་སྤྱད་དང་གཙགས་བུ་དེ་དག་
ཉེ་བར་གཞག་པར་བྱ་ཞིང་སྟ་གོན་དུ་བྱ་བ་དང་། དེ་བཞིན་དུ་རང་གི་ཚད་དེ། གཙགས་བུ་དེའི་སྲིད་ཀྱི་ཚད་ལས་རྩེ་མོའམ། ཁ་ཆ་ཕྱེད་ཀྱི་ཚད་དང་། ལ་ལ་བཞི་ཚད་དུ་བྱ་བ་དང་། དེ་དག་ཀྱང་ཕལ་ཆེར་གྲངས་གཉིས་དང་གསུམ་དུ་བྱ་བ་ལ་ཡང་གཙགས་བུ་དེ་དག་གནས་
ཀྱི་ཁྱད་པར་དང་། ནད་ཀྱི་ཁྱད་པར་ལ་སྦྱར་བར་བྱའོ། །དེ་ལས་དཀྱིལ་འཁོར་འདྲ་བའི་རྩེ། །མཛུབ་སེན་ནང་གི་དབྱིབས་འདྲར་བྱ། །དེ་ནི་རྙིལ་སྐྱེས་ལྐོག་མ་ཡི། །ཤ་ལྷག་ལ་སོགས་བཞར་བཅད་སྦྱར། །ཞེས་བྱ་བ་ལ། གཙགས་བུ་དེ་རྣམས་ཀྱི་ནང་ནས་
གཙགས་བུ་དཀྱིལ་འཁོར་འདྲ་ཞེས་བྱ་བའི་རྩེ་མོ་ཁའི་དབྱིབས་མཛུབ་མོའི་ནང་གི་དབྱིབས་དང་འདྲ་བར་བྱ་བ་ལ། དེ་ནི་རྙིལ་གྱི་ལྷག་མ་སྐྱེས་པ་ལ་སོགས་པ་ཕྱི་ཞིང་བཞར་བ་དང་། ཤ་ལྷག་བཅད་པ་ལ་སྦྱར་བར་བྱའོ། །འཕེལ་གཙགས་སྤུ་གྲིའི་དབྱིབས་ལྟ་བུ། །གཅོད་དང་དྲལ་དང་
འབྱིན་ལ་སྦྱར། །རྩེ་དྲང་སྐྲངས་ནད་མཐོ་བ་དང་། །ཟབ་པ་ལ་སྦྱར་དེ་ལས་གཞན། །ལྟག་པ་རིང་ཞིང་རྩེ་གུག་པ། །སོ་ཐུང་ནད་ཚུལ་ཇི་བཞིན་སྦྱར། །ཞེས་བྱ་བ་ལ། གཙགས་བུ་འཕེལ་གཙགས་ཞེས་བྱ་བའི་གཟུགས་ནི་སྤུ་གྲིའི་དབྱིབས་ལྟ་བུ་སྟེ། དེ་ནི་གཅོད་པ་སྟེ་
གཤགས་པ་དང་འབྱིན་པ་སྟེ་རྨེན་བུ་དང་། །ཐོར་བུ་ལ་སོགས་པ་གདོན་པ་ལ་སྦྱར་རོ། །དེ་ལས་ཀྱང་རྩེ་མོ་དྲང་པོ་སྟེ་སོའི་གནས་དྲང་པོར་འདུག་པ་ནི། སྐྲངས་ནད་མཐོན་པོར་འདུག་པ་དང་། རྔམས་སྟུག་ཅིང་ཟབ་པ་ལ་སྦྱར་རོ། །རྩེ་མོ་དྲང་པོ་དེ་ལས་གཞན་པ་སྟེ། དེ་དང་མི་མཐུན་
པ་ལྟག་པའམ། རྒྱབ་རིང་ཞིང་རྩེ་མོ་གུག་པ་སོའམ་ཁ་ཞེང་ཐུང་བ་དག་ནི་ནད་ཀྱི་ཚུལ་ཇི་ལྟ་བ་བཞིན་བྱ་ཞིང་། ལུས་ཀྱི་གནས་ཀྱི་དབང་ལས་མཚོན་ལ་སྐྲངས་པ་ཧ་ཅང་མཐོ་བ་ཡང་མ་ཡིན་ལ། ཧ་ཅང་ཟབ་ཅིང་དམའ་བ་ཡང་མ་ཡིན་པ་མཉམ་པོར་གནས་པ་ལ་སྦྱར་བར་བྱའོ། །ཨུཏྤ་ལ་དང་
เล่ม ๒๐๐ · หน้า 265b
སོ་ཕྱེད་ཀྱིས། །དྲལ་དང་དེ་བཞིན་གཅད་པར་བྱ། །ཞེས་བྱ་བ་ལ། ཨུཏྤ་ལའི་འདབ་མ་འདྲ་བ་དང་། སོ་ཕྱེད་ལྷག་ཙམ་ཡོད་པའི་གཙགས་བུ་གཉིས་ནི། དྲལ་བ་སྟེ་གཤགས་པ་དང་། གཅད་པ་སྟེ་དུམ་བུར་དབྱེ་བ་ལ་སྦྱར་བར་བྱའོ། །སྦྲུལ་ཁ་རྩེ་སོར་ཕྱེད་རྣ་བ། །
སྣ་ཡི་ཐོར་བུ་བཅད་ལ་སྦྱར། །ཞེས་བྱ་བ་ལ། གཙགས་བུ་སྦྲུལ་གྱི་ཁ་ཞེས་བྱ་བ་རྩེ་མོ་སྟེ་གཙགས་བུའི་འབྲས་བུའི་ཕྱོགས་ཚད་སོར་ཕྱེད་ཡོད་པ་དེ་ནི་སྣ་དང་རྣ་བ་ལ་ཐོར་བུའམ། འབྲུམ་ཆེན་བྱུང་བ་གཅད་པ་ལ་སྦྱར་བར་བྱའོ། །རྨ་ཚོལ་འཇམ་པོ་རྟ་བླ་བའི། །མགོ་བོ་འདྲ་
གཞལ་བརྟག་པར་བྱ། །ཞེས་བྱ་བ་ལ། རྨའི་ལམ་ཀུན་ཚོལ་ཞིང་རྟོག་པར་བྱེད་པ་གང་ཡིན་པ་དེ་ལ་ནི་རྨ་ཚོལ་ཞེས་བྱ་ལ། དེས་ནི་ཐག་རིང་པོར་སོང་བའི་རྨའི་ཕུག་དང་། སྦུབས་ཚོལ་བའི་སྐབས་སུ་སྦྱར་བར་བྱའོ། །དེ་ཡང་འཇམ་རྩི་རྩུབ་བག་མེད་པ་དང་སྲིན་བུ་
རྟ་བླ་བ་ཞེས་བྱ་བ་གན་དུ་པ་ཏའི་མགོ་བོ་འདྲ་བ་དག་གིས་གཞལ་ཞིང་བརྟག་པར་བྱའོ། །དེ་ལས་གཞན་པ་ཁབ་རྩེ་འདྲ། །རྩེ་བུག་ཅན་ནི་དབུག་ལ་སྦྱར། །ཞེས་བྱ་བ་ལ། སྔ་མ་དེ་ལས་གཞན་པའི་རྨ་ཚོལ་གཉིས་པ་ཁབ་ཀྱི་རྩེ་མོ་འདྲ་ཞིང་། རྩེ་མོ་རྣོ་བ་བུ་གའམ་
མིག་ཡོད་པ་དག་ནི་དབུག་ཅིང་བརྟོལ་བ་ལ་སྦྱར་བར་བྱའོ། །ལྗང་པའི་ལོ་འདྲ་འབིགས་ལ་སྦྱར། །ཞེས་བྱ་བ་ལ། ལྗང་པའི་ལོ་མ་དང་དབྱིབས་འདྲ་བའི་གཙུགས་བུ་ནི་འབིགས་པ་ལ་སྟེ། རྩ་དབུག་པའི་ལས་བྱའོ། །ཤ་རིའི་མཆུ་འདྲ་མདའ་བུག་ནི། །ཁ་འདྲ་རྩེ་
གསུམ་ཁྲག་གཟགས་ལ། །ཞེས་བྱ་བ་ལ། གཙགས་བུ་བྱ་ཤ་རི་ཀའི་མཆུ་འདྲ་བ་དང་། མདའ་བུག་ནི་ཁ་འདྲ་བ་དང་། རྩེ་གསུམ་པའམ། པིར་ཁ་བསྡུས་པ་འདྲ་བ་ནི་ཁྲག་གཟགས་འབྱིན་པས་གསོ་བར་བྱ་བའི་ནད་ལ་སྦྱར་རོ། །འཇག་རྩེ་ཨ་ཏའི་མཆུ་འདྲ་བ། །
འབྲས་བུ་སོར་གཉིས་ཁྲག་འབྱིན་ལ། །ཞེས་བྱ་བ་ལ། གཙགས་བུ་འཇག་མའི་རྩེ་མོ་འདྲ་བ་དང་། ཨ་ཏའི་མཆུ་འདྲ་བ་གཉིས་བྱ་བ་ལ། དེས་ཁྲག་གཟགས་པའི་ནད་ལ་སྦྱར་ལ། གཉིས་པ་དེ་དག་ལ་འབྲས་བུའམ། རྩེ་མོ་ནི་སོར་གཉིས་ཀྱི་ཚད་དུ་བྱའོ། །
เล่ม ๒๐๐ · หน้า 266a
དེ་འདྲའི་སོ་ནི་ནང་དུ་བལྟ། །གཙགས་འབྲས་ཟླ་བ་ཁམ་པ་འདྲ། །སོར་ནི་ཕྱེད་དང་གཉིས་ཡོད་བྱ། །ཞེས་བྱ་བ་ལ། དེ་གཉིས་དང་དབྱིབས་འདྲ་བས་ན་དེ་འདྲ་སྟེ། ཁྱད་པར་ནི་སོ་ནང་དུ་བལྟ་བ་དག་ཏུ་ཁྲག་གཟགས་པ་ལ་སྔ་མ་བཞིན་དུ་སྦྱར་
བར་བྱ་ལ། གཙགས་བུ་ཁ་ནང་དུ་བལྟས་པ་དེའི་གཙགས་འབྲས་ཁ་ནི་ཟླ་བ་ཁམ་པ་སྟེ། ཟླ་བ་ཕྱེད་པ་འདྲ་ཞིང་ཁ་ཞེང་སོར་ཕྱེད་དང་གཉིས་པར་བྱའོ། །རྩེ་མོ་འབྲས་དང་འདྲ་བ་ལ། །སོར་ནི་ཕྱེད་དང་གཉིས་ཡོད་དག །དེ་ནི་རྩ་ལྟོའི་ནད་ལ་སྦྱར། །ཞེས་བྱ་བ་ལ། རྩེ་
མོ་སྟེ་གཙགས་འབྲས་ཕྱོགས་འདྲ་བ་དེ་བཞིན་དུ་ཚད་སོར་ཕྱེད་དང་གཉིས་ཡོད་པ་དེ་ནི་རྩ་དབུག་པ་དང་ལྟོ་བའི་ནད་ལ་སྦྱར་བར་བྱའོ། །སྟ་རེའི་དཔངས་འདྲ་བ་ལང་སོ། །འདྲ་བའི་གཙགས་འབྲས་སོར་ཕྱེད་པ། །དེ་ཡི་ཡུ་བ་གྱེན་བསྟན་ལ། །རུས་པའི་སྟེང་གནས་རྩ་ལ་གདབ། །ཅེས་
བྱ་བ་ལ། དཔངས་དང་སྲིད་སྟ་རེ་ཡུ་བ་ཅན་འདྲ་ཞིང་གཙགས་བུའི་རྩེ་མོའམ། ཁ་སོར་ཕྱེད་ཡོད་པའི་གཙགས་བུ་དེས་རུས་པའི་སྟེང་ན་གནས་པའི་རྩ་ལ་གདབ་ཅིང་དབུག་པར་བྱའོ། །ཅི་ལྟ་ཞེ་ན། འདེབས་པའི་ཚེ་ཡུ་བ་གྱེན་དུ་བསྟན་ལ་རྩ་དབུག་པར་བྱའོ། །ཟངས་མའི་ཐུར་མ་རྩེ་
གཉིས་པ། །རྩེ་མོ་མེ་ཏོག་ཁ་འབུས་འདྲ། །དེ་ཡིས་མཐོང་ཉམས་མིག་སྤྲིས་དབུག །ཅེས་བྱ་བ་ལ། མཐོང་བ་ཉམས་པའི་མིག་ནད་སྤྲིས་ཡོད་པ་དེ་དབུག་ཅིང་བསལ་བར་བྱ་བའི་ཕྱིར། ཟངས་ལས་བྱས་པའི་ཐུར་མ་རྩེ་མོ་གཉིས་པ་སྟེ། ཡ་ཏོག་མ་ཏོག་གཉིས་ཀ་རྩེ་མོ་ཡོད་པ་རྩེ་
མོ་མེ་ཏོག་ཁ་འབུས་པ་འདྲ་བར་བྱ་སྟེ། དེས་མཐོང་བ་ཉམས་ཤིང་སྒྲིབ་པ་མེད་པའི་མིག་སྤྲིས་དབུག་པར་བྱའོ། །རྒྱ་འདྲའི་གཙགས་བུ་བྱ་བ་ནི། །སོར་གདུབ་འདྲ་ལ་ཁ་བྱུང་བ། །གཙགས་འབྲས་རྒྱར་ནི་སོར་ཕྱེད་པའི། །རིགས་པས་འཕེལ་གཙགས་ལྟ་བུ་འམ། །དཀྱིལ་
འཁོར་ལྟ་བུའི་རྩེ་འདྲར་བྱ། །དེ་ནི་མཛུབ་མོའི་ཐོར་ཏོ་ལ། །གདགས་སུ་རུང་བའི་རྒྱ་འདྲ་བྱ། །སྲད་བུས་བརྟོད་ལ་གྲེ་བའི་ནང་། །ནད་རྣམས་གཅད་དང་དྲལ་ལ་སྦྱར། །ཞེས་བྱ་བ་ལ། རྒྱ་འདྲ་བའི་གཙགས་བུ་བྱ་བ་ནི་མཚན་ཉིད་འདི་ལྟར་བྱ་སྟེ། སོར་གདུབ་འདྲ་
เล่ม ๒๐๐ · หน้า 266b
བར་བྱས་པ་ཉིད་ལས་ཁ་བཏོད་པའམ། བྱུང་བའམ། དེ་བཞིན་དུ་གཙགས་འབྲས་དེའི་ཁ་ཕྱོགས་སུ་རྒྱ་སོར་ཕྱེད་ཡོད་པ། རིགས་པས་ཞེས་པ་མཚོན་གྱི་ལས་བྱ་བ་དང་འཚམ་པར་བྱས་པ་དང་། དབྱིབས་འཕེལ་གཙགས་ལྟ་བུའམ། དཀྱིལ་འཁོར་ལྟ་བུའི་གཙགས་
བུ་དང་། རྩེ་མོ་འདྲ་བ་བྱས་ལ། དེ་ཡང་མཛུབ་མོའི་ཐོར་ཏོ་སྟེ། ཚིགས་དང་པོ་ལ་གདགས་སུ་རུང་བའི་རན་པའི་སོར་གདུབ་ལྟ་བུའི་རྣམ་པ་དེ་ལྟ་བུར་བྱའོ། །དེ་ཡང་སྐུད་པ་དམར་པོས་བཏགས་ཏེ། མཁྲིག་མའི་གནས་སུ་གདགས་པར་བྱ་ལ། དེ་ནས་དེའི་འོག་ཏུ་གྲེ་བའི་
ནང་དུ་གཞུག་ཅིང་། དེའི་ནང་གི་ནད་རྣམས་གཅད་པ་དང་དྲལ་བར་བྱའོ། །གྲེ་བའི་ཤ་ལྷག་ཐོར་གཙུག་འཛིན། །ལྕགས་ཀྱུ་རྩེ་མོ་ལེགས་གུག་བྱ། །ཞེས་བྱ་བ་ལ། གྲེ་བའི་ནད་ཀྱི་ཤ་ལྷག་དང་ཐོར་བུ་དང་འབྲས་ལ་སོགས་པ་སླ་ཞིང་གཟུང་བའི་ཕྱིར། ལྕགས་
ཀྱི་རྩེ་མོ་ལྕགས་ཀྱུ་ལྟ་བུ་ལ་བྱ་ཞིང་རྩེ་མོ་ཤིན་ཏུ་གུག་པར་བྱའོ། །རུས་པ་གཅོད་པའི་སོག་ལེ་ནི། །སྲིད་དུ་སོར་བཅུ་ཞེང་སོར་གཉིས། །སོ་རྣམས་ཕྲ་ཞིང་རབ་ཏུ་རྣོ། །ཡུ་བ་ཆང་ཟུངས་ལེགས་པར་བྱ། །ཞེས་བྱ་བ་ལ། རུས་པ་གཅོད་པའི་མཚོན་ནི། སོག་ལེ་ཞེས་
བྱ་བས་བྱ་ལ། དེའི་ཚད་ནི་སྲིད་ཀྱི་དཔངས་སུ་སོར་བཅུ་ཞེང་དུ་སོར་གཉིས་ཡོད་པ་བྱས་ལ། དེ་ཡང་སོ་རྣམས་རབ་ཏུ་ཕྲ་ཞིང་རྣོ་ལ་རྩུབ་པར་བྱ་བ་དང་། ཡུ་བའི་ཆང་ཟུངས་ལེགས་ཤིང་མཛེས་པར་བྱའོ། །རྨ་ཡི་ཆུ་རྒྱུས་སྐྲ་གཅད་པའི། །ཆན་པ་ཆན་པ་འདྲ་བར་བྱ། །
ཞེས་བྱ་བ་ལ། གཙགས་སྤྱད་ཀྱི་རྣམ་པ་ཆན་པ་ཞེས་བྱ་བ་ནི། རྨའི་ཆུ་རྒྱུས་དང་སྐྲ་གཅད་པའི་དོན་དུ་བྱ་ལ། དེ་ཡང་ཆན་པ་འདྲ་བ་སྟེ། ཆ་གསུམ་འོག་ཏུ་དགུག་པར་བྱ་ལ། ལྷག་མ་ཆ་བཞི་པ་སོ་སོར་བྱའོ། །སོ་ཡོ་སོ་དྲང་ཁ་གཉིས་པའི། །སེན་མོའི་འདྲེག་སྤྱད་སོར་
དགུ་པ། །ཟུག་རྔུ་ཕྲ་དབྱུང་གཅད་པ་དང་། །དྲལ་དང་དབུག་དང་ཕྱི་བར་བྱ། །ཞེས་བྱ་བ་ལ། གཙགས་སྤྱད་ཁབ་སྲེགས་སུ་ཡོད་པ་དང་ཁ་འདྲ་བ་སྟེ། ཁ་གཉིས་ཡོད་པར་བྱ་ལ། དེ་ནི་སེན་མོ་འདྲེག་པའི་གཙགས་སྤྱད་ཅེས་བྱ་སྟེ། དེའི་སྲིད་ནི་སོར་དགུ་པར་བྱའོ། །དེས་
เล่ม ๒๐๐ · หน้า 267a
ཀྱང་ཟུག་རྔུ་ཕྲ་མོ་ཟུག་པ་དབྱུང་བ་དང་། སེན་མོ་ལ་སོགས་པ་གཅད་པ་དང་དྲལ་བ་དང་། དབུག་པ་དང་། ཕྱི་བར་སྦྱར་བར་བྱའོ། །ཟུར་བཞི་པ་ལ་སོར་གཅིག་པ། །དབྱིབས་ནི་ཀུན་ཏུ་གཅིག་འདྲ་བ། །སོ་ཕྱི་བ་ཡི་གཙགས་སྤྱད་དེས། །སོ་ཡི་དྲེག་པ་ཕྱི་
བར་བྱ། །ཞེས་བྱ་བ་ལ། ཕྱི་བ་ཞེས་བྱ་བའི་གཙགས་སྤྱད་ཟུར་བཞི་པ། སོ་གཅིག་པར་བྱས་པ་ལ་དབྱིབས་ཀྱི་རྣམ་པ་ཀུན་ཏུ་འབྲེལ་ཞིང་གཅིག་འདྲ་བར་བྱ་ལ། དེ་ལྟ་བུའི་སོ་ཕྱི་བའི་གཙགས་སྤྱད་དེ་སོའི་དྲེག་པ་དང་། སོ་ལ་སྐྱོན་བྱུང་བ་ཕྱི་ཞིང་བསལ་བར་བྱའོ། །ཁབ་ནི་མགོ་
ཟླུམ་མིག་ཟབས་ཆེ། །མཁྲང་པ་གསུམ་བྱ། ཞེས་བྱ་བ་ལ། ཁབ་གསུམ་པོ་མགོ་ཟླུམ་ཞིང་འཇམ་པ་དང་། སྐུད་པ་འཇུག་པའི་ཕྱོགས་ཀྱི་མིག་ཟབས་ཆེ་བ་དང་། མཁྲང་ཞིང་སྲབ་པ་བྱའོ། །དེ་ལས་ནི། །ཤ་ཆེ་བ་ཡི་ཕྱོགས་སུ་ནི། །ཟུར་གསུམ་སྲིད་དུ་སོར་གསུམ་པས། །
ཞེས་བྱ་བ་ལ། རྨ་བཙེམ་པ་ལ་གསུམ་པོ་དེ་དག་གི་ནང་ནས་ཤ་ཆེ་བའི་ཕྱོགས་ཀྱི་རྨ་བཙེམ་པ་ལ་ནི་ཟུར་གསུམ་པ་ཡོད། སྲིད་སོར་གསུམ་པས་བྱའོ། །ཤ་ཆུང་བ་དང་རུས་ཚིགས་ན། །རྨ་ཡོད་པ་ལ་སྲིད་སོར་གཉིས། །ཞེས་བྱ་བ་ལ། རྨ་ཤ་ཆུང་བའི་ཕྱོགས་དང་རུས་པ་
དང་། ཚིགས་ལ་རྨ་ཡོད་པ་བཙེམ་པ་ལ་ནི་ཁབ་སྲིད་དུ་སོར་གཉིས་པ་བྱའོ། །ཞུ་དང་མ་ཞུའི་གནས་ནད་རྨའི། །ཁབ་རྩེ་འབྲས་དབྱིབས་གཞུ་ལྟར་སྒུ། །སྲིད་དུ་སོར་ནི་ཕྱེད་དང་གསུམ། །ཞེས་བྱ་བ་ལ། ཁབ་གསུམ་པ་ནི་ཁབ་རྩེ་འབྲས་འདྲ་ཞིང་གཞུ་ལྟར་སྒུར་པོ་ལ་སོར་ཕྱེད་
དང་གསུམ་ཡོད་པར་བྱ་སྟེ། དེས་ནི་ཞུ་བའི་གནས་དང་། མ་ཞུ་བའི་གནས་ན་རྨ་ཡོད་པ་དང་། གནས་རྣམས་ན་རྨ་ཡོད་པ་ལ་བཅོམ་པར་བྱའོ། །ཞེས་སྦྱར་བར་བྱའོ། །ཁབ་ནི་བདུན་ནམ་བརྒྱད་ཀུན་ཀྱང་། །ཟླུམ་པོ་སོར་ནི་ལེགས་སྦམས་ལ། །ཁྲི་གཅིག་ལ་བཙུགས་
པིར་འདྲ་བ། །བརྩན་སྔོན་གདོང་ནད་ཐིག་ལེ་ནག །སྐྲ་འབྱི་བ་ལ་གཙགས་པར་བྱ། །ཞེས་བྱ་བ་ལ། ཁབ་ནི་བདུན་ནམ་བརྒྱད་ཀུན་ཀྱང་ཟླུམ་པོར་བྱས་ལ། ཚད་སོར་བཞི་པ་དེ་ལེགས་པར་སྦམས་ཤིང་བསྡུས་ལ་ཁྲིའུ་འམ། གཞི་གཅིག་ལ་བཙུགས་ཏེ། པིར་འདྲ་བར་
เล่ม ๒๐๐ · หน้า 267b
བྱ་ཞིང་ལེགས་པར་བཅིང་བར་བྱ་སྟེ། གཙགས་སྤྱད་འདི་ནི་ཁབ་ཀྱི་པིར་ཞེས་བྱ་སྟེ། དེ་ནི་བརྩན་སྔོན་པོ་བྱུང་བ་དང་། གདོང་གི་ནད་ཐིག་ལེ་ནག་པོ་ཆགས་པ་དང་། སྐྲ་འབྱི་བའི་ནད་ལ་གཙགས་པར་བྱའོ། །ཁབ་བརྒྱད་ཟླུམ་པོ་སོར་ཕྱེད་པ། །གཅིག་ཏུ་སྦམས་
ལ་གཟར་བུ་འདྲ། །ལག་པ་གཉིས་ཀྱིས་བཙུགས་ནས་ནི། །དེ་ཡིས་སྣ་ཡི་ཁྲག་དབྱུང་ངོ་། །ཞེས་བྱ་བ་ལ། ཚལ་པ་ཁྲེའུ་ཕྱོགས་བརྒྱད་དུ་གནས་པ་དང་ལྡན་པའི་དབྱིབས་ཟླུམ་པོ་ཚད་སོར་ཕྱེད་པ་གཅིག་ཏུ་སྦམས་པ་གཟར་བུ་འདྲ་བ་བྱས་ལ། གཟར་བུ་དེས་
ལག་པ་གཉིས་དང་གཙགས་བུར་གྱུར་པ་ལས། སྣའི་ཁྲག་དབྱུང་ཞིང་གདོན་པར་བྱའོ། །རྣ་ཤལ་དབུག་པའི་སྨྱུང་བུ་ནི། །ཡུ་ཐི་ཀ་ནི་ཁ་འབུས་འདྲ། །ཞེས་བྱ་བ་ལ། རྣ་ཤལ་དབུག་ཅིང་འབིགས་པའི་ཆ་སྤྱད་སྨྱུང་བུ་ནི། མེ་ཏོག་ཡུ་ཏི་ཀ་ཁབ་འདྲ་བར་བྱས་པའོ། །སྨྱུང་
བུ་སོར་ནི་ཕྱེད་པར་བྱ། །དེ་ཡི་ཚད་དབུག་དེ་ཡན་ཆད། །ཟུར་བཞི་བྱས་པ་དེ་ཡིས་ནི། །སྐྲངས་སྨིན་མ་སྨིན་དོགས་ལ་དབུག །རྣ་དྲུང་ཤ་ནི་སྟུག་པོ་དབུག །ཅེས་བྱ་བ་ལ། སྨྱུང་བུ་ཞེས་བྱ་བ་ནི། གཙགས་སྤྱད་ཁ་ཟླུམ་པོ་སོར་ཕྱེད་ཡོད་པ། དེའི་ཚད་དུ་དབུག་ཅིང་གཞུག་པར་
བྱ་ལ། ཟླུམ་པོ་སོར་ཕྱེད་པ་དེ་ཡན་ཆད་ནི་དབྱིབས་ཟུར་བཞི་པར་བྱའི་ཟླུམ་པོར་མི་བྱའོ། །དེ་ལྟ་བུ་གཙགས་སྤྱད་དེས་ནི། སྐྲངས་པ་འདི་སྨིན་པ་ཡིན་ནམ། མ་སྨིན་པ་ཡིན་ཞེས་དོགས་ཤིང་སོམ་ཉིར་གྱུར་པ་ལ་དབུག་པར་བྱའོ། །གཞན་ཡང་དེས་རྣ་དྲུང་གི་སྣ་ཤལ་སྟུག་པོ་ཡོད་
པ་དག་དབུག་པར་བྱའོ། །སྨྱུང་བུ་ཁ་ནི་སྦོམ་པོ་ལ། །སུམ་ཆ་སྦུ་གུ་ཡོད་བྱས་ལ། །སོར་གསུམ་པ་ཡིས་རྣ་བ་དབུག །ཅེས་བྱ་བ་ལ། ཡང་རྣ་ཤལ་མཐུག་པོ་ཡོད་པ་ལ། སྨྱུང་བུའམ་ཁབ་སྦོམ་པོས་དབུག་པ་བསྔགས་པ་ཡིན། དེ་ཡང་སུམ་ཆའི་ཚད་ཙམ་དུ་བུ་ག་ཡོད་
པར་བྱས་ལ། སྲིད་སོར་གསུམ་པ་ཁོང་སྟོང་གིས་དབུག་པར་བྱའོ། །པདྨ་ཐལ་སྨན་མེ་བཙའ་དང་། །མཆིང་བུ་རྡོ་དུམ་སེན་མོ་སོགས། །ལྕགས་མིང་གཏར་སྤྱད་ཕྲ་མོ་སྟེ། །དེ་ཡང་དེ་བཞིན་སྦྱར་བར་བྱ། །ཆ་སྤྱད་འཁྲུལ་འཁོར་སོགས་པས་ཀྱང་། །མཁོ་བ་ནད་ཀྱི་དམིགས་
เล่ม ๒๐๐ · หน้า 268a
དང་སྦྱར། །ཞེས་བྱ་བ་ལ། པདྨ་དང་ཐལ་སྨན་ལ་སོགས་པ་ནི་མཁོ་བའི་ཆ་སྤྱད་ཡིན་ལ། སོགས་པ་ནི་ཀུ་ར་པིན་དང་། ཤིང་གི་ཡལ་ག་དང་། ཕྱུགས་ཀྱི་རྨིག་པ་དང་། ལོ་འདབ་རྩུབ་མོ་དང་། རྒྱ་མཚོའི་ལྦུ་བ་དང་། ལྕི་བ་སྐམ་པོ་ལ་སོགས་པ་བསྡུའོ། །
དེ་དག་གི་ལྕགས་མ་ཡིན་པའི་གཏར་སྤྱད་ཕྲ་མོ་སྟེ། དེ་ཡང་བློས་སྔ་མ་བཞིན་དུ་འོག་ནས་བཤད་པའི་ཚུལ་གྱིས་སྦྱར་བར་བྱའོ། །ཡང་འདི་བཞིན་དུ་ཆ་སྤྱད་གཞན་དག་འཁྲུལ་འཁོར་ལ་སོགས་པས་ཀྱང་ཉེ་བར་སྦྱར་བར་བྱའོ། །དེ་བཞིན་དུ་མཁོ་བའི་ཆ་སྤྱད་གཞན་དག་ཀྱང་ནད་
ཀྱི་དམིགས་ལས་དཔགས་ཏེ་སྦྱར་བར་བྱའོ། །འདྲེན་དང་འབྱིན་དང་དྲལ་དང་འདྲུབ། །དམིགས་ཚོལ་ཕྱི་བསལ་ཞལ་ཞལ་གདབ། །གཙགས་བཅད་གཤེགས་དབུག་བཙུགས་པ་དང་། །གཟུང་བསྲེག་དེ་ཡིས་བྱ་བ་ཡིན། །ཞེས་བྱ་བ་ལ། འདྲེན་པ་དང་
འབྱིན་པ་ཞེས་བྱ་བ་ནས། སྲེག་པའི་བར་བྱ། རེ་རེ་ཞིང་སྨོས་པ་ནི། གཙགས་སྤྱད་དེ་བྱ་བའི་ལས་ཡིན་ནོ། །གཅད་དང་དྲལ་དང་ཕྱི་བའི་ཕྱིར། །སྤྱད་ཀྱི་གཙགས་འབྲས་རྩ་བའི་བར། །མཛུབ་མོ་གུང་མོ་མཐེ་བོ་ཡིས། །མ་ཡེངས་པ་དང་ལེགས་པར་གཟུང་། །
ཞེས་བྱ་བ་ལ། གཙགས་སྤྱད་གཅད་པའི་དོན་དང་། དྲལ་བའི་དོན་དང་། ཕྱེ་བའི་དོན་གྱི་བྱ་བ་བྱེད་པའི་ཕྱིར། དེས་ལས་བྱེད་པ་ན་གཙགས་སྤྱད་དེ་རྣམས་ཀྱི་གཙགས་འབྲས་དང་། རྩ་བའི་བར་ནས་ལས་དེ་དག་བྱ་བའི་ཕྱིར་གཟུང་བ་ནི། དེར་མཛུབ་མོ་དང་། གུང་མོ་དང་།
མཐེ་བོ་སྟེ། སོར་མོ་གསུམ་གྱིས་གཟུང་བར་བྱའི། ལག་པ་ཐམས་ཅད་ཀྱིས་མི་གཟུང་ངོ་། །འཛིན་པ་ན་ཡང་བློ་གཞན་དུ་མ་ཡེངས་པ་དང་། ནོར་པ་མེད་པར་ལེགས་པར་གཟུང་བར་བྱའོ། །གཏར་ག་གདབ་ཕྱིར་རྩེ་མོའི་དྲུང་། །མཛུབ་མོ་དང་ནི་མཐེ་བོས་གཟུང་། །
ཞེས་བྱ་བ་ལ། གཏར་ག་གདབ་ཅིང་ཁྲག་གཟགས་པའི་དོན་དུ་ནི། གཙགས་བུའི་རྩེ་མོ་དྲུད་མཚམས་ནས་མཛུབ་མོ་དང་མཐེ་བོས་གཟུང་བར་བྱའོ། །འབྲས་འདྲ་བ་ཡི་ཡུ་བ་ནི། །ཆང་པར་བཅུག་སྟེ་རྩེ་མོས་གདབ། །ཅེས་བྱ་བ་ལ། གཙགས་བུ་འབྲས་ཀྱི་དབྱིབས་
เล่ม ๒๐๐ · หน้า 268b
འདྲ་བའི་ཡུ་བ་ཟླུམ་པོ་ཆང་བར་བཅུག་སྟེ། རྩེ་མོ་སྟེ་ཁའི་ཕྱོགས་ནས་གཟུང་སྟེ་གདབ་པར་བྱའོ། །དབྱུང་དོན་ཡུ་བ་ནས་བཟུང་བྱ། །ཞེས་བྱ་བ་ལ། ཟུག་རྔུ་ལ་སོགས་པ་འབྱིན་པའི་དོན་གྱི་ཆ་སྤྱད་ནི་ཡུ་བ་སྟེ། རྩ་བའི་ཕྱོགས་ནས་བཟུང་ཞིང་གདོན་པར་བྱའོ། །
ཆ་སྤྱད་སྔར་སྨོས་པ་རྣམས་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཞན་དག་བྱ་བ་གང་བདེར་བྱ། །ཞེས་བྱ་བ་ལ། གཙགས་སྤྱད་གཞན་དག་ནི། བྱ་བ་ལ་ཇི་ལྟར་བདེ་བ་བཞིན་དུ་ཅི་རིགས་པར་བྱའོ། །གཏར་སྤྱད་སྣ་ཚོགས་དག་གི་སྣོད། །གསོ་རས་བལ་སྣམ་
མེན་ཏྲི་འམ། །པགས་འཇམ་དུ་གུ་ལ་ལས་བྱས། །རབ་ཏུ་སྟུག་པ་ཞེང་སོར་དགུ། །སྲིད་དུ་སོར་ནི་བཅུ་གཉིས་པ། །བལ་གྱིས་བར་གཅད་སྤྱད་བཅུག་ལ། །ལེགས་པར་གཞག་སྟེ་དྲུབ་པ་དང་། །ཐུར་མས་ཁ་ནི་བརྒྱུ་བར་བྱ། །ཞེས་བྱ་བ་ལ། གོང་དུ་སྨོས་པའི་གཏར་
སྤྱད་སྣ་ཚོགས་དག་གི་སྣོད་གསོ་རས་སམ་བལ་གོས་སམ། མེན་ཏྲི་ལ་སོགས་པས་བྱས་པའམ། པགས་པ་འཇམ་པོའམ། དུ་གུ་ལ་ལས་བྱས་པ། རབ་ཏུ་སྟུག་པ་མཁྲེགས་པ་དང་། ཞེང་སོར་དགུ་སྟེ། ངོས་གཅིག་ནས་གཅིག་ཏུ་སོར་དགུ་པ་ཡོད་པ། སྲིད་སོར་
བཅུ་གཉིས་པ། དེ་བཞིན་དུ་བལ་གྱིས་གཙགས་སྤྱད་ཀྱི་བར་དུ་བར་གཅད་ཅིང་། བཅུག་ལ་མ་འདྲེས་པར་ལེགས་པར་གཞུག་སྟེ། དྲུབ་པ་དང་། དེ་བཞིན་དུ་སྣོད་ཀྱི་ཁའི་བུ་ག་ཐུར་མས་ལེགས་པར་བརྒྱུ་བར་བྱ་ཞིང་ཁ་སྦྱར་བ་དང་། བཅས་པ་དེ་བསག་ཅིང་བསྡུ་བར་
བྱའོ། །སྲིན་བུ་པད་པ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ། སྲིན་བུ་པད་པ་ཞེས་བྱ་བ། ཆུ་ན་གནས་པའི་འབུའི་རིགས་ཛ་ལུ་ཀ་ནི། སྐྱེས་བུ་བདེ་བར་གནས་པ་དག་ཁྲག་དབྱུང་བའི་ཕྱིར་སྦྱར་བར་བྱའོ། །ཆུ་ནང་ཉ་དང་སྦལ་སོགས་
དང་། །མི་རོའི་དྲི་མ་རྣམས་ལས་བྱུང་། །དམར་དང་དཀར་དང་ཤིན་ཏུ་གནག །མི་སྲུན་སྦོམ་དང་འབྲེལ་བ་དང་། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་གཞིབས་ན། །གཡའ་རྣག་འཛག་རིམས་མགོ་འཁོར་
เล่ม ๒๐๐ · หน้า 269a
སྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་བྱ་བ་ལ། སྲིན་བུ་པད་པ་ཆུ་ནང་ལས་བྱུང་བ་དང་། ཉ་དང་སྦལ་པ་ལ་སོགས་པ་དང་། མི་རོ་དང་དྲི་མ་རྣམས་ལས་བྱུང་བ། ཁ་དོག་དམར་བ་དང་། ཤིན་ཏུ་གནག་པ་དང་། མི་སྲུན་ཞིང་རང་བཞིན་
གཡོ་བ་དང་། །སྦོམ་ཞིང་ལུས་ཆེ་བ་དང་། བསིལ་བ་དང་། འཇའ་ཚོན་དང་འདྲ་བར་ཁ་དོག་སྣ་ཚོགས་ཡོད་པ་དང་། རོ་སྟོད་བཀྲ་ཞིང་ར་རིས་འདུག་པ་དང་། སྤུ་ཡོད་པ་དེ་ཐམས་ཅད་དུག་ཅན་ཡིན་པས་སྤང་བར་བྱའི། གཏར་ག་གདབ་པའི་དོན་དུ་མི་སྦྱར་རོ། །ཅིའི་
ཕྱིར་ཞེ་ན། དེས་ཁྲག་གཞིབས་ནས་གཡའ་བ་ལ་སོགས་པ་སྐྱེ་བར་འགྱུར་ལ། གཡའ་བ་ལ་སོགས་པ་སྐྱེས་པ་དེ་ལ་ནི། དུག་དང་ཁྲག་དང་མཁྲིས་པའི་གསོ་བ་བྱའོ། །ཆུ་མདོག་རྣམ་པར་གསལ་བ་དང་། །དུག་མེད་ཉ་ལྕིབས་མེད་ལས་བྱུང་། །རྩ་སྣར་རོ་སྟོད་སྔོ་བཀྲ་
ཟླུམ། །རྒྱབ་ནི་ངུར་སྨྲིག་འདྲ་ལུས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང་། །ཞེས་བྱ་བ་ལ། ཆུའི་མདོག་རྣམ་པར་གསལ་ཞིང་དང་བ་ལས་བྱུང་བ་དང་། དུག་མེད་ཅིང་ཉ་ལྕིབས་མེད་པ་ལས་བྱུང་བ་དང་། མདོག་ཅུང་ཟད་རྩ་སྣར་སྔོ་བག་ཏུ་འདུག་པ་དང་། རོ་སྟོད་སྔོ་
བཀྲར་འདུག་པ་དང་། དབྱིབས་ཟླུམ་པ་དང་། རྒྱབ་ངུར་སྨྲིག་ལྟར་སེར་བ་དང་། ལུས་ཕྲ་ཞིང་སྲབ་པ་དང་། ལྟོ་ཅུང་ཟད་སེར་པོར་གནས་པ་གང་ཡིན་པ་དེ་ཐམས་ཅད་བཟང་སྟེ་དུག་མེད་པ་ཡིན་ནོ། །དེ་ཡང་ལེགས་པར་མ་སྐྱུགས་དང་། །རྟག་ཏུ་འཐུང་དུ་བཅུག་པ་
དག། །ཆུ་ནང་ཞུགས་ཏེ་ནུབ་པ་ནི། །ཁྲག་གིས་མྱོས་པ་ཡིན་པས་སྤང་། །ཞེས་བྱ་བ་ལ། དུག་མེད་པའི་སྲིན་བུ་དེ་ནད་ཁྲག་འཐུངས་ནས་ལེགས་པར་མ་སྐྱུགས་པ་དང་། ཆུའི་ནང་དུ་ཕྱིན་ཏེ་ནུབ་པ་ནི་ཁྲག་གིས་མྱོས་པ་ཞེས་བྱ་བ་ཡིན་པས་དེ་ཡང་སྤང་བར་བྱའོ། །
དེ་ནས་ཅིག་ཤོས་སྐྱེར་པ་བཏགས། །ཆུར་སྦྱར་བ་ཡི་ནང་དུ་གཞུག །ཀན་ཛིའམ་དར་བའི་ནང་དུ་གཞུག །སླར་ཡང་ཆུར་ནི་དབུགས་ཕྱུང་ནས། །མར་རམ་ས་ཞག་ནུ་ཞོའམ། །ཁྲག་གི་ཐིགས་པས་བསྐུས་འཐུང་གཞུག །ཅེས་བྱ་བ་ལ། དེ་ནས་སྲིན་བུ་དུག་
เล่ม ๒๐๐ · หน้า 269b
མེད་པ་སྐྱེར་པ་བཏགས་པའི་ཕྱེ་མ་དང་ཆུར་སྦྱར་བའི་ནང་དུ་བཅུག་པའམ། རྩབ་མོ་རང་སྐྱུར་རམ། དར་བའི་ནང་དུ་བཅུག་ལ། དེ་ནས་སླར་ཡང་ཆུར་བཅུག་པས་དབུགས་ཕྱུང་ལ་འཐུང་དུ་གཞུག་སྟེ། དེ་ཡང་མར་ལ་སོགས་པ་བསྐུས་པར་འཐུང་དུ་གཞུག་སྟེ། འཐུང་
ཚེ་རོ་སྟོད་མཐོར་གྱུར་ན། །རས་མ་སྲབ་མོས་གཡོགས་པར་བྱ། །ཞེས་བྱ་བ་ལ། སྲིན་བུ་དེ་རོ་སྟོད་བཏེག་སྟེ་འཐུང་ན། གོས་སྲབ་མོས་གཡོགས་པར་བྱའོ། །ཁྲག་ནི་བཟང་ངན་འདྲེས་པ་ལས། །པད་པ་དང་པོར་ནད་ཁྲག་ནི། །འཐུང་སྟེ་ངང་པས་འོ་མ་
དང་། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །ཞེས་བྱ་བ་ལ། སྲིན་བུ་པད་པ་དེས་ནི་བཟང་པོ་དང་། ངན་པ་འདྲེས་པ་ལས་ནད་ཁྲག་འཇིབས་ཏེ། དེ་དཔེར་ན་ཆུ་དང་འོ་མ་འདྲེས་པ་ལས་ངང་པས་ནི་འོ་མ་ལེན་པ་དང་འདྲའོ། །སོ་ཡིས་འདེབས་པའམ་གཡའ་གྱུར་
ན། །དེ་ནི་སླར་དབྱུང་སྐྱུག་ཏུ་གཞུག །རྒྱམ་ཚ་ཏིལ་མར་གྱིས་ཁ་བསྐུ། །ཕྱེ་མ་འཇམ་པོས་རྒྱབ་ཏུ་གཏོར། །ཞེས་བྱ་བ་ལ། སྲིན་བུ་པད་པས་འཇིབས་པ་ན། སོས་འདེབས་པའམ་གཡའ་བར་གྱུར་ན། ནད་མེད་པའི་ཁྲག་བསྲུང་བའི་འབུ་དེ་གདོན་པར་
བྱའོ། །བཏོན་ནས་ཀྱང་ཁྲག་སྐྱུག་ཏུ་གཞུག་གོ། །དེ་བཞིན་དུ་རྒྱམ་ཚ་དང་། ཏིལ་མར་སྦྱར་བས་ཁ་བསྐུ་བར་བྱའོ། །དེ་བཞིན་དུ་ཕྱེ་མ་འཇམ་པོས་ཀྱང་གཏོར་བར་བྱ་ཞིང་། མཇུག་མ་ནས་ཡར་བཙིར་ཏེ་སློན་དུ་གཞུག་པར་བྱའོ། །སླར་ཡང་ཞག་བདུན་བར་
དུ་ནི། ཁྲག་མྱོས་བསྲུངས་ལ་འཐུང་མི་གཞུག །ཅེས་བྱ་བ་ལ། དེ་ལྟར་སྔར་བྱས་ནས་ཞག་བདུན་གྱི་བར་དུ་འཇིབ་ཏུ་མི་གཞུག་གོ། །སྲིན་བུ་པད་པ་ལེགས་སྐྱུགས་ན། །སྔོན་བཞིན་ཁོང་གྲིམས་བརྟན་པར་འགྱུར། །དྲགས་ན་དལ་ཞིང་སྙོམ་འཆི་འགྱུར། །སྐྱུགས་
མ་ལེགས་ན་རེངས་མྱོས་འགྱུར། །ཞེས་བྱ་བ་ལ། །སྲིན་བུ་པད་པ་སྐྱུགས་ལེགས་ན་ཁྲག་མ་འཐུངས་པའི་སྔོན་བཞིན་དུ་ཁོང་གྲིམས་ཤིང་བརྟན་པར་འགྱུར་རོ། །དེ་སྐྱུགས་དྲགས་ན་ལུས་སྙོམ་པའམ་འཆི་བར་འགྱུར་རོ། །སྐྱུགས་མ་ལེགས་ན་ནི་རེངས་ཤིང་མྱོས་པར་
เล่ม ๒๐๐ · หน้า 270a
འགྱུར་རོ། །བུམ་པ་ཆུ་དང་ས་བླུགས་པ། །གཞན་དང་གཞན་དུ་གཞག་པར་བྱ། །ཁ་ཆུ་རུལ་བག་སྦྱང་ཕྱིར་བྱ། །གཞན་དུ་དུག་དང་བཅས་པར་འགྱུར། །ཞེས་བྱ་བ་ལ། པད་པ་དེ་ནི་བུམ་པ་དང་། ཆུ་དང་ས་གཙང་མ་བླུགས་པ།
དེ་ལྟ་བུ་མི་མཐུན་པ་གཞན་དང་གཞན་དག་ཏུ་གཞག་པར་བྱ་སྟེ། དེ་ཁ་ཆུ་དང་རུལ་བག་སྤང་བའི་ཕྱིར་ཡིན་ནོ། །དེ་ལྟར་མ་བྱས་ན་ནི་རྒྱུ་དེས་དུག་ཅན་དུ་འགྱུར་རོ། །མ་དག་པ་འམ་ཁྲག་མ་དབྱུང་། །སྐྱེར་པ་བུ་རམ་སྦྲང་རྩིས་བསྐུ། །ཞེས་བྱ་བ་ལ། ཁྲག་མ་དག་པར་གྱུར་ན་
སྲིན་བུ་དེ་བསྐྱེད་ལ། སྐྱེར་པ་ལ་སོགས་པས་བསྐུ་བར་བྱའོ། །ལན་བརྒྱར་དཀྲུགས་མར་རས་བལ་གྱི། །ཡེའུ་ས་བྱུགས་ལ་སྨན་བསིལ་བསྐུ། །ཞེས་བྱ་བ་ལ། ཁྲག་གཞིབས་ཟིན་ནས་མར་ལན་བརྒྱར་དཀྲུགས་ཤིང་བཞུས་པ། །རས་བལ་གྱི་ཡེའུས་བསྐུ་བ་དང་།
སྨན་བསིལ་བག་གིས་བསྐུ་བར་བྱའོ། །ནད་ཀྱི་ཁྲག་དང་བྲལ་གྱུར་ན། །འཕྲལ་དུ་རྩ་དམར་ནད་མེད་འགྱུར། །ཞེས་བྱ་བ་ལ། ནད་ཁྲག་མ་ལུས་པར་ཕྱིན་པར་གྱུར་པ་དང་། དེའི་མོད་ལ་རྩ་དམར་བ་དང་། ནད་དུ་གྱུར་པ་ཞི་བར་འགྱུར་རོ། །མ་དག་གནས་ནས་
བསྐྱོད་གྱུར་པ། །རྨ་ཡི་གནས་སུ་འདུག་པའི་ཁྲག །ཞག་ལོན་ན་ནི་རྣག་པར་འགྱུར། །དེ་བས་དེ་ནི་སླར་དབྱུང་ངོ་། །ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་དང་བཅས་པ་རང་རང་གི་གནས་ནས་བསྐྱོད་ཅིང་འཕོས་ཏེ་རྨའི་གནས་སུ་འདུག་པ་ནི་མཚན་མོ་འདས་ཤིང་
ཞག་ལོན་ན་རྣག་པར་འགྱུར་རོ། །དེ་བས་ན་ཁྲག་དེ་སླར་དབྱུང་བར་བྱ་ཞིང་བསལ་བར་བྱའོ། །མཁྲིས་རྒྱས་ཁྲག་གི་ནད་ལ་ནི། །ཀུ་བ་བུམ་པ་སྦྱར་མི་བྱ། །དེ་གཉིས་མེ་དང་བཅས་པ་ཡིན། །རླུང་དང་བད་ཀན་ལ་སྦྱར་བྱ། །ཞེས་བྱ་བ་ལ། མཁྲིས་པ་རྒྱས་
ཤིང་ཤས་ཆེ་བ་ལས་བྱུང་བའི་ཁྲག་གི་ནད་ལ་ནི། ཁྲག་དེ་དབྱུང་བའི་ཕྱིར་སྔར་བཤད་པའི་ཀུ་བ་དང་། བུམ་པ་གླན་ཅིང་སྦྱར་བས་ཁྲག་དབྱུང་བར་མི་བྱ་སྟེ། གང་གི་ཕྱིར་གཉིས་པ་དེ་དག་ནི་ནང་ན་མེ་དང་བཅས་པ་ཡིན་པའི་ཕྱིར། ཁྲག་གི་སྐྱེ་གནས་མཁྲིས་པ་
เล่ม ๒๐๐ · หน้า 270b
དང་། ནུས་པ་མཐུན་པས་གནོད་པ་ཡིན་ནོ། །རླུང་དང་བད་ཀན་ཤས་ཆེ་བའི་ནད་ལ་ནི། ཀུ་བ་དང་བུམ་པ་སྦྱར་བས་ཁྲག་དབྱུང་བར་བྱ་སྟེ། དེ་གཉིས་ཀྱི་གཉེན་པོར་གྱུར་པ་ཡིན་པའི་ཕྱིར་རོ། །བད་ཀན་ལས་གྱུར་ནད་ཁྲག་ནི། །སྐ་བས་རྔབས་རྭས་གཞིབ་མི་བྱ། །
རླུང་དང་མཁྲིས་པ་ལས་གྱུར་ཁྲག །རྔབས་རས་གཞིབས་ཏེ་དབྱུང་བར་བྱ། །ཞེས་བྱ་བ་ལ། བད་ཀན་ལས་གྱུར་པའི་ནད་ཁྲག་ནི། །སྐ་ཞིང་ལྕི་བག་ཅན་ཡིན་པས། །རྔབས་རྭས་གཞིབ་ཅིང་དབྱུང་བར་མི་བྱ་ལ། རླུང་དང་མཁྲིས་པ་ལས་གྱུར་པའི་ཁྲག་ནི་སླ་བ་ཡིན་པས་
རྔབས་རས་གཞིབ་ཅིང་དབྱུང་བར་བྱའོ། །ལུས་ཀྱི་གོང་དུ་སྲད་བུ་འམ། །རས་ཀྱིས་དམ་དུ་བཅིངས་ནས་ནི། །ཆུ་བ་ཚིགས་རུས་གནད་རྣམས་ནི། །དོར་ཏེ་ཞལ་ཞལ་གདབ་པར་བྱ། །གྱེན་དུ་དབྱུང་བའི་ཐབས་ཀྱིས་ནི། །ཐུར་དུ་འབབ་པར་གདབ་པར་བྱ། །ཟབ་དང་ཉེ་དང་
འཕྲེད་མི་གདབ། །བཏབ་པའི་གནས་སུའང་གདབ་མི་བྱ། །ཞེས་བྱ་བ་ལ། ཞལ་ཞལ་གདབ་པར་བྱ་བའི་ལུས་ཀྱི་གོང་ཕྱོགས་སུ་སྲད་བུའམ། རས་གང་ཡང་རུང་བས་དམ་དུ་བཅིངས་ནས་ཆུ་བ་ལ་སོགས་པ་དོར་ཞིང་སྤངས་ནས་གཙགས་བུས་ཞལ་ཞལ་གདབ་པར་བྱ་ལ།
དེ་ཡང་གྱེན་དུ་དབྱུང་ཞིང་གདབ་པའི་ཐབས་ཀྱིས་ཁྲག་ཐུར་དུ་འབབ་པར་གདབ་པར་བྱའོ། །དེ་བཞིན་དུ་ནང་དུ་ཟབ་པར་ཡང་མི་བྱ་སྟེ། ཉེ་ཞིང་བར་མཚམས་མེད་པར་ཡང་མི་གདབ། འཕྲེད་འགྲོས་ཀྱིས་ཀྱང་མི་གདབ་པོ། །དེ་བཞིན་དུ་གཙགས་བུ་བཏབ་ཟིན་པའི་གནས་སུ་
གཉིས་པ་གདབ་པར་ཡང་མི་བྱའོ། །ཞལ་ཞལ་བྱ་བ་ཕྱོགས་གཅིག་འདུས། །རྩ་མདུད་སྲིན་བུས་ཁྲག་དབྱུང་ཞིང་། །བེམ་བེམ་པོར་གྱུར་རྭ་སོགས་གདབ། །ནད་ཁྲག་ལུས་ཁྱབ་གཏར་ག་གདབ། །ཅེས་བྱ་བ་ལ། ཕྱོགས་གཅིག་ཏུ་འདུས་པའི་ཁྲག་ནི། ཞལ་ཞལ་
གདབ་པས་དབྱུང་བར་བྱའོ། །དེ་བཞིན་དུ་རྩ་མདུད་དམ། རྨེན་བུར་འདུས་པའི་ཁྲག་ནི་སྲིན་བུ་པད་པས་དབྱུང་བར་བྱའོ། དེ་བཞིན་དུ་ཁྲག་གི་ཁྲག་བེམ་བེམ་པོར་གྱུར་ཅིང་ཚོར་བ་མེད་པ་ནི་རྩ་སོགས་ཏེ། རྔབས་རྭ་དང་། ཀུ་བ་དང་། བུམ་པ་དག་གིས་ནད་དམིགས་ཇི་བཞིན་དུ་
เล่ม ๒๐๐ · หน้า 271a
དབྱུང་བར་བྱའོ། །དེ་བཞིན་དུ་ནད་ཁྲག་གིས་ལུས་ཀུན་ཏུ་ཁྱབ་པར་གྱུར་པ་དེ་ནི་གཏར་ག་གདབ་པས་དབྱུང་བར་བྱའོ། །ཁྲག་ནད་འདུས་པ་ཞལ་ཞལ་བྱ། །གཏིང་ན་ཡོད་པ་པད་པས་དབྱུང་། །ལྤགས་གནས་ཀུ་བུམ་རྔབས་རྭས་དབྱུང་། །ལུས་ཁྱབ་
ཁྲག་ལ་གཏར་ག་ཉིད། །ཅེས་བྱ་བ་ལ། ཁྲག་ནད་འདུས་ཤིང་གོང་པོར་འདྲིལ་བ་ལ་ནི། ཞལ་ཞལ་གདབ་པར་འོས་པ་ཡིན་ནོ། །དེ་བཞིན་དུ་ཁྲག་གཏིང་ན་ཡོད་ཅིང་ནང་དུ་ཞེན་པ་དག་ནི་སྲིན་བུ་པད་པས་དབྱུང་བར་བྱའོ། །ཁྲག་པགས་པར་གནས་ཤིང་རྒྱས་པར་
གྱུར་པ་ནི། ཀུ་བ་དང་། བུམ་པ་དང་། རྔབས་རྭས་དབྱུང་བར་བྱའོ། །ལུས་ཐམས་ཅད་ཁྱབ་ཅིང་རྒྱས་པའི་ནད་ཁྲག་ནི་གཏར་གའི་ཐབས་ཉིད་ཀྱིས་དབྱུང་བར་བྱའོ། །རླུང་སོགས་གནས་ལ་རྔབས་རྭ་དང་། །པད་བ་ཀུ་བས་རིམ་བཞིན་དབྱུང་། །ཞེས་བྱ་བ་ལ། རླུང་
ལ་སོགས་པའི་ནད་ཀྱི་གནས་ལ་གནས་པའི་ཁྲག་དེ་ནི་གནས་དེ་ལས་རྔབས་རྭ་ལ་སོགས་པ་ཐབས་གསུམ་གྱིས་ཁྲག་དབྱུང་བར་བྱ་སྟེ། དེས་ནི་རླུང་གི་གནས་ཀྱི་ཁྲག་ནི་རྔབས་རྭས་དབྱུང་བར་བྱའོ། །མཁྲིས་པའི་གནས་ཀྱི་ཁྲག་ནི་སྲིན་བུ་པད་པས་དབྱུང་བར་བྱའོ། །བད་ཀན་
གྱི་གནས་ཀྱི་ཁྲག་ནི་ཀུ་བས་དབྱུང་བར་བྱའོ། །ཁྲག་ཕྱུང་བསིལ་བསྐུས་ལ་སོགས་པས། །རླུང་ནི་རྣམ་པར་འཁྲུགས་གྱུར་ཏེ། །རྨ་ན་གཡའ་ཞིང་སྐྲངས་གྱུར་ན། །དེ་ལ་ཞུན་མར་དྲོན་པོས་བསྐུ། །ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལས་ཁྲག་དབྱུང་ཞིང་བཏོན་པར་གྱུར་
པ་དག་ལ་ནི། བསིལ་བའི་སྨན་གྱི་ལྡེ་གུས་བསྐུ་བ་དང་། བླུགས་པ་ལ་སོགས་པས་རླུང་རྣམ་པར་འཁྲུགས་པར་གྱུར་ཏེ། རྨ་ན་བ་དང་། གཡའ་བདེ་ལ་ཞུན་མར་དྲོན་པོས་བསྐུ་ཞིང་བྱུག་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ།
ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གཏར་ག་གདབ་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་
เล่ม ๒๐๐ · หน้า 271b
པ་ནི་འདི་ཡིན་ཏེ། ལུས་ཁྱབ་པའི་ཁྲག་ལ་གཏར་ག་གདབ་པར་བྱའོ། །ཞེས་སྔར་བཤད་པས་ནི། དེའི་འོག་ཏུ་འདི་བརྩམས་པ་ཡིན་ཏེ། རྩ་རྣམས་དབུག་ཅིང་གདབ་པའི་ལས་ནི་གཏར་ག་གདབ་པ་སྟེ། དེའི་ཆོ་ག་འདི་དང་འདི་ལྟར་བྱའོ། །ཞེས་བྱ་བ་ནི་
ལས་ཀྱི་ཚུལ་ཡིན་ཏེ། དེའི་ལེའུ་བཤད་པར་བྱའོ། །ཅུང་ཟད་མངར་ཞིང་ཚྭ་བྲོ་ལ། །གྲང་དང་ཚ་མིན་སྐ་བ་མིན། །པདྨ་ལྷམ་བུ་ཆུ་གཤེར་དང་། །བཙོད་དང་རི་བོང་ཁྲག་ལྟར་དམར། །དག་ཅིང་དམར་བར་འབྱུང་བ་ནི། །དེ་ཉིད་ཀྱིས་ནི་ལུས་གནས་བྱེད། །ཅེས་
བྱ་བ་ལ། ཁྲག་དག་ཅིང་ནད་མེད་པ་ནི། ཅུང་ཟད་རོ་མངར་བ་དང་། ཅུང་ཟད་རོ་ལན་ཚྭ་བྲོ་བ་དང་། དེ་བཞིན་དུ་གྲང་བ་དང་། ཚ་བ་གཉི་ག་མ་ཡིན་པ་ཚ་གྲང་སྙོམས་པར་གནས་ཏེ་ཟླ་བ་དང་། མེའི་རང་བཞིན་གཉི་གའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་
སྐ་བ་མ་ཡིན་ཞིང་། བདེ་བླག་ཏུ་འཛག་པ་དང་། དེ་བཞིན་དུ་པདྨ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པ་ལྟར་དམར་ཞིང་དང་བར་འབྱུང་བ་ནི་སྐྱོན་མེད་པ་ཡིན་ལ། ནད་མེད་པའི་ཁྲག་དེ་ཉིད་ཀྱིས་ནི་ལུས་གནས་ཤིང་འཇུག་པར་འགྱུར་བ་ཡིན་ནོ། །དེ་ནི་ཕལ་ཆེར་
བད་མཁྲིས་ཀྱི། །ནད་ཀྱིས་འཁྲུགས་པས། ཞེས་བྱ་བ་ལ། ཁྲག་དམར་ཞིང་དངས་པ་དེ་ནི་ཕལ་ཆེར་ཏེ་མང་དུ་བད་ཀན་དང་མཁྲིས་པ་སྐྱེད་པར་བྱེད་པའི་ཁ་ཟས་དང་། སྤྱོད་ལམ་དང་སྨན་གྱིས་ནད་འཁྲུགས་པར་འགྱུར་ཞིང་ལྡང་བར་བྱེད་པ་ཡིན་ནོ། །
ཕལ་ཆེར་ཞེས་སྨོས་པས་ནི་ལན་འགའ་ནི་རླུང་གིས་ཀྱང་ལྡང་བར་བྱེད་པ་ཡིན་ནོ། །གནོད་སྐྱེད་པ། མེ་དབལ་འབྲས་དང་མཆེར་ནད་དང་། །སྐྲན་དང་མེ་དྲོད་འབྲི་དང་རིམས། །ཁ་དང་མིག་དང་མགོ་ནད་དང་། །མྱོས་དང་སྐོམ་དང་ཚ་བྲོ་དང་། །མཛེ་ནད་དྲེག་
ནད་མཁྲིས་ཁྲག་དང་། སྒྲེགས་པ་སྐྱུར་ཞིང་མགོ་འཁོར་བྱེད། །ཅེས་བྱ་བ་ལ། དེའི་འོག་ཏུ་ནད་ཁྲག་དེས་གནོད་པ་སྐྱེད་པར་བྱེད་པ་ནི། མེ་དབལ་ལ་སོགས་སྐྱེད་པར་བྱེད་པ་ཡིན་ནོ། །ཁ་ལ་སོགས་པ་གསུམ་ནི། །ནད་ཅེས་བྱ་བ་དང་སྦྱར་རོ། །དྲེག་ནད་ནི་
เล่ม ๒๐๐ · หน้า 272a
རླུང་དང་ཁྲག་འདྲེས་པའོ། །བསིལ་དྲོ་སྣུམ་དང་རྩུབ་སོགས་དང་། །ནད་གང་གསོས་པར་གྱུར་བ་ན། །ལེགས་པར་འཆོས་པར་མ་གྱུར་བ། །དེ་ནི་ཁྲག་འཁྲུགས་ལས་གྱུར་ཡིན། །ཞེས་བྱ་བ་ལ། བསིལ་བ་དང་དྲོ་བ་དང་སྣུམ་པ་དང་། རྩུབ་པ་དང་།
ལྕི་བ་དང་། ཡང་བ་ལ་སོགས་པའི་ཐབས་སྨན་དཔྱད་ལས་ཇི་ལྟར་འབྱུང་བ་བཞིན་དུ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་སོས་ཤིང་བཅོས་པར་གྱུར་པ་ན། ལེགས་པར་འཆོས་པར་མ་གྱུར་ཅིང་ཉེ་བར་མ་ཞི་ན་ནད་དེ་ནི་ཁྲག་འཁྲུགས་ལས་གྱུར་པ་ཡིན་པར་ཤེས་པར་བྱ་སྟེ། མེ་
དབལ་ལ་སོགས་པ་སྔར་བཤད་པ་འབའ་ཞིག་ཏུ་མ་ཟད་དོ། །ཁྲག་བདོར་གྱུར་པ་དེ་ལས་ནི། །གཏར་ག་གདབ་པས་དབྱུང་བར་བྱ། །ཞེས་བྱ་བ་ལ། སྔར་བཤད་པའི་ནད་ཁྲག་བདོ་བར་གྱུར་པ་དེ་ལས་ཁྲག་དབྱུང་བར་བྱ་བའི་ཕྱིར། གཏར་ག་གདབ་པར་བྱའོ། །དེ་ཡང་བཅུ་
དྲུག་མ་ལོན་དང་། །བདུན་ཅུ་འདས་ལ་ཁྲག་མི་དབྱུང་། །ཉམ་ཆུང་དུགས་དྲགས་དུགས་མ་བྱས། །རླུང་གི་ནད་ཀྱིས་ཉེན་པ་དང་། སྦྲུམ་མ་བུ་བཙས་ཟན་མ་ཞུ། །ཁྲག་མཁྲིས་ལུད་པ་དབུགས་མི་བདེ། །ཚད་འཁྲུ་རིམས་དང་སྐྱུགས་པ་དང་། །སྐྱ་རྦབ་ཡན་ལག་ཀུན་
སྐྲངས་དང་། །སྣུམ་འཐུངས་པ་ལ་སྦྱོར་བ་དང་། །དེ་བཞིན་ལས་ལྔ་བྱས་ལ་མིན། །ཞེས་བྱ་བ་ལ། གཏར་ག་གདབ་པ་དེ་ལ་བྱིས་པ་ལོ་བཅུ་དྲུག་མ་ལོན་པ་དང་། རྒན་པོ་ལོ་བདུན་ཅུ་འདས་པ་དག་ལ་གཏར་གས་ཁྲག་དབྱུང་ཞིང་གདོན་པར་མི་བྱའོ། །དེ་བཞིན་དུ་ཉམ་
ཆུང་ཞིང་ཁོང་རྩུབ་པ་དང་། དུགས་དྲགས་པ་དང་། དུགས་མ་བྱས་པ་ནས་སྣུམ་འཐུངས་པ་སྦྱོར་བའི་སྐྱེས་བུའི་བར་དང་། དེ་བཞིན་དུ་ལས་ལྔ་པོ་སྐྱུགས་སྨན་དང་། བཀྲུ་སྨན་དྲག་པོ་དང་མས་གཏོང་བ་དང་། འཇམ་རྩི་དང་། མགོ་བོའི་བཀྲུ་སྨན་བཏང་བ་སྟེ། ལས་ལྔ་
པོ་བྱས་པ་ལ་གཏར་ག་གདབ་པར་མི་བྱའོ། །མ་བསྡམས་གཏར་ག་མི་གདབ་ཅིང་། །ཡོན་པོའམ་མི་སྣང་ལ་མི་གདབ། །ཚབས་ཆེན་ནད་ནི་མ་གཏོགས་པ། །གྲང་ལ་ཚ་ཆར་རླུང་དུས་མིན། །ཞེས་བྱ་བ་ལ། ཆིངས་མས་མ་བསྡམས་པ་གཏར་ག་གདབ་པར་མི་བྱའོ། །དེ་
เล่ม ๒๐๐ · หน้า 272b
བཞིན་དུ་ཡོན་པོར་བྱ་བའམ། རྩ་མི་སྣང་བར་ཡང་གཏར་ག་གདབ་པར་མི་བྱའོ། །ནད་ཚབས་ཆེ་བ་དེས་གསོ་བར་བྱ་བ་བཤོལ་དུ་མེད་པ་མ་གཏོགས་པ། གཞན་དག་གྲང་བ་དང་། ཚ་བ་དང་། ཆར་དང་རླུང་གི་དུས་སུ་གདབ་པར་མི་བྱ་སྟེ། ནད་ཚབས་ཆེ་བ་ལ་ནི་དེ་དག་གི་ཚེ་
ཡང་བྱ་བར་འབྱུང་ངོ་། །མགོ་དང་མིག་གི་ནད་རྣམས་ལ། །དཔྲལ་བའི་རྩ་ལ་གཏར་བའམ། །མིག་འགྲམ་སྣ་དྲུང་རྩ་ལ་གདབ། །ཅེས་བྱ་བ་ལ། མགོ་དང་མིག་གི་ནད་རྣམས་ལ་ནི། དཔྲལ་བའི་སྟེང་ན་ཡོད་པའི་རྩའམ། མིག་འགྲམ་མམ། སྣ་དྲུང་ན་ཡོད་པའི་རྩ་
ལ་གདབ་པར་བྱའོ། །རྣ་བའི་ནད་ལ་རྣ་བའི་རྩ། །ཞེས་བྱ་བ་ལ། རྣ་བའི་ནད་རྣམས་ལ་ནི་རྣ་བ་དང་ཉེ་བར་གནས་པའི་རྩ་ལ་གདབ་པར་བྱའོ། །སྣ་ཡི་ནད་ལ་སྣ་རྩེར་རོ། །ཞེས་བྱ་བ་ལ། སྣའི་ནད་རྣམས་ལ་ནི་སྣའི་རྩེ་མོའི་ཆ་ལ་གནས་པའི་རྩ་ལ་གདབ་པར་བྱའོ། །ཆམ་པ་སྣ་དང་
དཔྲལ་རྩར་གདབ། །ཅེས་བྱ་བ་ལ། ཆམ་པའི་ནད་ལ་ལན་འགའ་ནི་སྣ་རྩར་གདབ་ན་ཕན་ནོ། །ལན་འགའ་ནི་དཔྲལ་རྩའོ། །ལན་འགའ་ནི་གཉི་ག་གདབ་པར་བྱའོ། །ཁ་ནད་རྣམས་ལ་ལྕེ་དང་ནི། །མཆུ་དང་རྐན་གྱི་རྩར་གདབ་པོ། །ཅེས་བྱ་བ་ལ། ཁའི་ནད་རྣམས་ལ་ནི་ལྕེ་ལ་
བརྟེན་པའི་རྩ་དང་། དེ་བཞིན་དུ་མཆུ་དང་རྐན་གྱི་རྩ་ལ་གདབ་ན་ཕན་ནོ། །ནམ་ཚོང་ཡན་ཆད་རྩ་མདུད་འགུལ། །རྣ་བ་མུར་འགྲམ་སྤྱིར་གནས་གདབ། །ཅེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་ནད་རྩ་མདུད་དང་། རྨེན་བུ་ལ་སོགས་པའི་ནད་ལ་རྣ་བ་ལ་བརྟེན་པའི་རྩ་དང་། མུར་འགྲམ་དང་
སྤྱི་བོར་གནས་པའི་རྩ་ལ་གདབ་པར་བྱའོ། །སྨྱོ་བྱེད་མིག་འགྲམ་བྲང་དཔྲལ་རྩ། །ཞེས་བྱ་བ་ལ། སྨྱོ་བྱེད་ཀྱི་ནད་ལ་ནི་མིག་འགྲམ་རྩ་དང་། བྲང་གི་རྩ་དང་། དཔྲལ་བའི་རྩ་ལ་གཏར་ག་བྱའོ། །བརྗེད་བྱེད་འགྲམ་པའི་མཚམས་སུ་གདབ། །ཅེས་བྱ་བ་ལ། བརྗེད་བྱེད་ཀྱི་ནད་ལ་
འགྲམ་པ་གཉིས་ཀྱི་མཚམས་ན་ཡོད་པའི་རྩ་ལ་གདབ་པོ། །ཡང་ན་ཀུན་ལ་སྨིན་མཚམས་གདབ། །ཅེས་བྱ་བ་ལ། སྔར་བཤད་པའི་ནད་མགོ་དང་མིག་ལ་སོགས་པའི་ནད་མ་ལུས་པ་ཀུན་ལ། སྨིན་མཚམས་ཀྱི་བར་ན་ཡོད་པའི་རྩ་གང་ཡིན་པ་དེ་ལ་གདབ་པར་བྱའོ། །འབྲས་དང་
เล่ม ๒๐๐ · หน้า 273a
རྩིབ་ལོགས་ཟུག་པ་ལ། །རྩིབ་ལོགས་ནུ་མའི་བར་རྩ་གདབ། །ཅེས་བྱ་བ་ལ། འབྲས་མཆེད་པའི་ནད་དང་། རྩིབ་ལོགས་གཉིས་སུ་ཟུག་ཅིང་གཟེར་བའི་ནད་ལ་རྩིབ་ལོགས་དང་། ནུ་མའི་བར་ན་ཡོད་པའི་རྩར་གདབ་པར་བྱའོ། །ཉིན་གསུམ་པ་ལ་ཕྲག་
མཚམས་གདབ། །ཉིན་བཞི་པ་ལ་ལྟག་པའི་འོག །ཅེས་བྱ་བ་ལ། རིམས་ཉིན་གསུམ་པ་ལ་ཕྲག་པ་གཉིས་ཀྱི་བར་མཚམས་ཀྱི་ནང་གི་རྩར་གདབ་པར་བྱའོ། །རིམས་ཉིན་བཞི་པ་ལ་ནི་ལྟག་པའི་འོག་ན་གནས་པའི་རྩ་གང་རུང་བར་གདབ་པར་བྱའོ། །འཁྲུ་བ་གཟེར་དང་ལྡན་
པ་ལ། །མཇུག་ཏོའི་གོང་མ་སོར་གཉིས་བར། །ཞེས་བྱ་བ་ལ། ཚད་པས་འཁྲུ་བས་ཉེ་བར་གཙེས་ཤིང་གཟེར་དང་ལྡན་པ་དག་ལ་མཇུག་ཏོའི་རྩ་མཇུག་མ་སོར་གཉིས་གོང་དུ་གཞལ་བར་གདབ་པར་བྱའོ། །ཁུ་བའི་མཚན་ནད་ཕོ་མཚན་རྩ། །ཞེས་བྱ་བ་ལ། ཁུ་བ་
འགགས་པ་ལ་སོགས་པའི་ནད་དང་ཕོ་མཚན་ཉིད་ཀྱི་ནད་ལ་ནི། ཕོ་མཚན་ལ་བརྟེན་པའི་རྩ་ལ་གཏར་ག་བྱའོ། །ལྐོག་མའི་ལྦ་བར་བརླ་རྩར་གདབ། །ཞེས་བྱ་བ་ལ། ལྐོག་མར་ལྦ་བ་སྐྱེ་བའི་ནད་ལ་བརླའི་རྩ་བར་གནས་པའི་རྩ་ལ་གཏར་ག་བྱའོ། །གཟུགས་
འཁུམས་པུས་མཐིལ་འོག་གམ་ནི། །གོང་གི་སོར་བཞི་པ་ལ་གདབ། །ཅེས་བྱ་བ་རླུང་གི་ནད་གཟུགས་འཁུམས་ཤིང་འཇས་པ་ལ་ནི། པུས་མོའི་མཐིལ་གྱི་འོག་དང་། གོང་དུ་སོར་བཞི་གཞལ་བར་གདབ་པར་བྱའོ། །འབྲས་ཀྱི་ཕྲེང་བར་བྱིན་པའི་ཉྭའི། །འོག་ཏུ་
སོར་གཉིས་པར་གདབ་པོ། །ཞེས་བྱ་བ་ལ། འབྲས་ཀྱི་ཕྲེང་བའི་ནད་ལ་ནི། བྱིན་བའི་ཉ་གནད་ཅེས་བྱ་བའི་འོག་སོར་གཉིས་གཞལ་བར་གཏར་ག་གདབ་པོ། །རྐུབ་ཚོས་པུས་མོའི་ལྷ་ངའི་སྟེང་། །ནད་ལ་ལོང་མོའི་ལྟག་སོར་བཞིར། །ཞེས་བྱ་བ་ལ། རྐུབ་ཚོས་ཀྱི་རླུང་ནད་
དམ། པུས་མོའི་ལྷང་སྟེང་གི་ནད་ལ་ལོང་མོ་ལྟག་ཏུ་སོར་བཞི་བཅལ་བར་གཏར་ག་བྱའོ། །རྐང་ཚ་འཐེང་དང་སྦྲིད་པ་དང་། །རྟིང་རྡོལ་རླུང་ནད་མཛེར་པ་དང་། །རྐང་སོར་སྣགས་སུ་ཆད་པ་ལ། །རྒྱ་ཚིགས་ལས་གོང་སོར་གཉིས་གདབ། །ཅེས་བྱ་བ་ལ། རླུང་གི་ནད་རྐང་པ་ཚ་བ་ཞེས་བྱ་
เล่ม ๒๐๐ · หน้า 273b
བ་དང་། རྐང་པ་སྦྲིད་པ་དང་། རྟིང་པ་རྡོལ་བ་རླུང་ནད་ཀྱི་མཛེར་པ་དང་། རྐང་པའི་སོར་མོ་སྣགས་སུ་ཆད་པ་ཞེས་བྱ་བའི་ཁྲག་ལས་གྱུར་པའི་སོར་མོའི་ནད་རྣམས་ལ། རྒྱ་ཚིགས་ལས་གོང་དུ་སོར་གཉིས་གཞལ་བར་གདབ་པར་བྱའོ། །འཁུམས་ལ་རྐང་འཁུམས་ལྟ་བུར་གདབ། །
ཅེས་བྱ་བ་ལ། རླུང་ནད་འཁུམས་པ་བྱི་ཤ་ཙེ། །ཞེས་བྱ་བ་ལ། པུས་མོའི་གོང་སོར་བཞི་པར་གདབ་པར་བྱའོ། །ཇི་སྐད་བཤད་པ་མ་མངོན་ན། །གནད་མ་གཏོགས་པར་གར་ཉེ་བའི། །ཕྱོགས་གཞན་དག་ཏུ་གཏར་ག་གདབ། །ཅེས་བྱ་བ་ལ། གོང་དུ་ཇི་སྐད་བཤད་པའི་
རྩ་རྣམས་མངོན་པར་མ་གྱུར་ན། ནད་འཕེལ་བར་འགྱུར་བའི་དབང་གིས་ནད་པ་ལ་གཏར་ག་རིངས་པར་བྱ་དགོས་ན། གནད་མ་གཏོགས་ཤིང་གནད་ལ་མ་ཕོག་པར། ནད་གང་དང་གདབ་པ་ཉེ་ཞིང་འབྲེལ་བའི་ཕྱོགས་གཞན་དག་གི་རྩ་བཤད་པ་དག་ཀྱང་མངོན་ན་གདབ་པར་
བྱའོ། །དེ་ནས་ལུས་སྣུམ་གཏར་ག་ཡི། །ཡོ་བྱད་ཀུན་བསགས་སྟོབས་དང་ལྡན། །བཀྲ་ཤིས་བྱས་ཤིང་ཁ་ཟས་ནི། །སྣུམ་ཟོས་ཁུ་བ་འཐུངས་པ་དང་། །མེ་དང་ཉི་ཚན་གྱིས་དུགས་བྱས། །པུས་མཉམ་མཐོ་བའི་སྟན་ལ་འདུག །སྐྲ་རྩ་རས་ནི་འཇམ་པོས་བཅིངས། །
པུས་མོའི་ལྷ་དར་གྲུ་མོ་གཟུགས། །ཁུ་ཚུར་ནང་དུ་གློད་བཅུག་པས། །མགུལ་བ་དམ་དུ་བཙིར་བར་བྱ། །སོ་བསྡམས་ལུད་པ་དང་། །མཁུར་བ་གཉིས་ནི་བུད་པར་བྱ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བའི་དོན་ནི། བཀྲ་ཤིས་པའི་དོན་ཡིན་པར་ཤེས་པར་བྱའོ། །གཏར་
ག་བྱ་བའི་སྐྱེས་བུ་སྣུམ་གྱིས་ཞེན་པར་བྱ་བ་དང་། སྨན་པས་གཏར་བ་ལ་དགོས་པའི་ཡོ་བྱད་ཀུན་བསག་ཅིང་ཉེར་བསྡོགས་སུ་བྱ་བ་དང་། དེ་བཞིན་དུ་སྟོབས་དང་ལྡན་ཞིང་ཉམ་ཆུང་བ་ལ་མ་ཡིན་པ་དང་། དགེ་སློང་དང་བྲམ་ཟེ་བཀྲ་ཤིས་དང་བདེ་ལེགས་བརྗོད་པ་དང་། དེ་བཞིན་
དུ་ཁ་ཟས་སྣུམ་ཞིང་ཤ་ཁུ་ལ་སོགས་པ་དང་ལྡན་པ་བྱིན་པ་དང་། དེ་བཞིན་དུ་མེ་ཚན་དང་། ཉི་ཚན་གྱིས་དུགས་བྱ་བ་དང་། པུས་མོ་དང་མཉམ་པ་ཙམ་གྱི་མཐོ་བའི་སྟན་ལ་འདུག་པ་དང་དེ་བཞིན་དུ་སྐྲའི་རྩ་བ་རས་ཀྱི་ཚལ་པ་འཇམ་པོས་བཅིངས་ཤིང་བསྡམས་པ་དང་། དེ་
เล่ม ๒๐๐ · หน้า 274a
བཞིན་དུ་པུས་མོ་གཉིས་ཀྱི་ལྷ་ངར་གྲུ་མོ་བརྟན་པོ་བཙུགས་ནས། རང་གི་ཁུ་ཚུར་ནང་དུ་གོས་ཀྱི་གློད་བཅུག་པས། མགུལ་པའི་ངོས་གཉིས་ནས་དམ་དུ་བཙིར་བར་བྱ་བ་དང་། དེ་བཞིན་དུ་སོ་བསྡམས་ཤིང་བཙིར་ལ་མཁུར་བ་གཉིས་སུ་དེ་གནས་པར་བྱའོ། །
དེ་ལ་རྒྱབ་ནས་བཙིར་བ་དང་། །གོས་ཀྱིས་དཀྲིས་ཤིང་མཛུབ་མོ་ནི། །གཡོན་པ་ལྐོག་མར་བཅུག་ནས་སུ། །ནང་དུ་ལེགས་པར་གཞུག་པར་བྱ། །ཞེས་བྱ་བ་ལ། ནད་པ་དེ་ལ་སྐྱེས་བུ་གཞན་གྱིས་རྒྱབ་ནས་བཙིར་ཞིང་བསྡམས་པ་དང་། གོས་ཀྱིས་དཀྲིས་པ་ལྟག་པར་བཅུག་
ནས། ལྐོག་མ་དང་གོས་ཀྱི་བར་དུ་ལག་པ་གཡོན་པའི་མཛུབ་མོ་བཅུག་ནས་དབུགས་དགག་པ་ལ་མི་གནོད་པས་དེ་བསྡམ་པར་བྱའོ། །འདི་ནི་ནང་དུ་ཁ་བལྟས་རྩ། །མ་གཏོགས་བསྡམ་པའི་ཆོ་ག་ཡིན། །ཞེས་བྱ་བ་ལ། བསྡམ་པའི་ཆོ་གར་བཤད་པ་གང་ཡིན་པ་དེ་ནི་རྩ་ཁ་ཕྱི་
རོལ་དུ་བལྟས་པ་བསྡམ་པའི་ཆོ་ག་ཡིན་གྱི། ཁ་ནང་དུ་བལྟས་པའི་རྩ་བསྡམ་པའི་ཆོ་གར་བཤད་པ་ནི་མ་ཡིན་ནོ། །ཁ་ནང་དུ་བལྟས་པའི་རྩ་བསྡམ་པ་ནི། །ལྕེ་བཏེག་བཟློག་སྟེ་སོས་མནན་ལ། །ཞེས་འོག་ནས་བཤད་པ་ཡིན་ནོ། །དེ་འོག་སྨན་པའི་མཐེ་བོ་ལས། །གུང་མོ་
བཏང་བར་གྱུར་པ་ཡིས། །རྩ་བྱུང་མངོན་ལ་གདབ་བྱས་ནས། །རེག་པའམ་མཐེ་བོས་མནན་བྱས་ལ། །ལག་པ་གཡོན་པས་བཟུང་བ་ཡི། །གཙགས་བུ་སྟ་རེས་དབུས་སུ་གདབ། །གཙགས་བུའི་ཁ་ཕྱོགས་མི་ཡོ་གཏང་། །དེ་བཞིན་གདབ་པའམ་བཙིར་བ་ཡི། །
བེམ་རྟོལ་བརྡབས་ལ་ཁྲག་དབྱུང་ངོ་། །ཞེས་བྱ་བ་ལ། དེ་ལྟར་བྱས་པའི་འོག་ཏུ་སྨན་པས་མཐེ་བོའི་སོར་མོ་ལས་གུང་མོ་བཏང་བར་གྱུར་བས་རྩ་ལ་གདབ་པར་བྱའོ། །རྩ་དེ་བྱུང་ཞིང་གཡོ་བར་གྱུར་པ་རེག་པས་ཤེས་པར་བྱ་བའམ། མཐེ་བོས་མནན་པས་ཤེས་པར་བྱའོ། །དེའི་
འོག་ཏུ་གཙགས་བུ་སྟ་རེ་ལྟ་བུས་རྩའི་དབུས་མཚན་མ་བཏབ་ལ། ལག་པ་གཡོན་པས་གཟུང་བའི་གཙགས་བུ་སྟ་རེ་ལྟར་ཡུ་བ་གྱེན་དུ་བསྟན་ཏེ། ལག་པ་འདར་བ་མེད་བར་བྱས་ལ། སྔ་མ་བཞིན་དུ་མཐེ་བོ་ལས་གུང་མོ་བཏོང་བའི་བེམ་རྟོལ་བརྡབས་པས་ཁྲག་དབྱུང་བར་བྱ་བའམ།
เล่ม ๒๐๐ · หน้า 274b
མཐེ་བོའི་ལྟོས་མནན་ཏེ་གཏར་ག་གདབ་པར་བྱའོ། །སྣ་དྲུང་གི་ནི་རྩར་གདབ་པ། །རྩེ་མོ་མཐེ་བོས་བཏེག་ནས་ནི། །གཙགས་རྩེ་འབྲས་འདྲ་གདབ་པར་བྱ། །ཞེས་བྱ་བ་ལ། སྣ་དང་ཉེ་བ་ན་གནས་པའི་རྩར་གདབ་པ་ན། སྣའི་རྩེ་མོ་མཐེ་བོས་བཏེག་ནས་གཙགས་བུ་རྩེ་མོ་
འབྲས་འདྲ་བས་གདབ་པར་བྱའོ། །ལྕེ་བཏེག་བཟློག་སྟེ་སོས་མནན་ལ། །ལྕེ་འོག་རྩར་ནི་གདབ་པར་བྱ། །ཞེས་བྱ་བ་ལ། ལྕེ་བཏེག་ཅིང་བཟློག་པའི་སྟེ། རྐན་གྱི་ཐོག་ཏུ་བསྡུས་ལ། སོས་རྣམ་པར་མནན་ནས། ལྕེའི་འོག་གི་རྩ་ལ་གཏར་ག་གདབ་པར་བྱའོ། །ནུ་
མ་ཡན་ཆད་བསྡམས་ནས་ནི། །མགུལ་པར་གནས་པའི་རྩར་གདབ་པོ། །ཞེས་བྱ་བ་ལ། ནུ་མ་ཡན་ཆད་རས་ཀྱིས་ལེགས་པར་བསྡམས་ནས་མགུལ་པར་གནས་པའི་རྩར་གདབ་ཅིང་གཏར་ག་བྱའོ། །ལག་པ་གཉིས་སུ་རྡོ་བཅངས་ཏེ། །ལག་པ་པུས་མོར་བརྟེན་ཏེ་
བཅངས། །མཆན་ཁུང་མན་ཆད་མཉེས་ནས་ནི། །གོང་དུ་བཅིངས་ལ་ལྟོ་རྩར་གདབ། །ཅེས་བྱ་བ་ལ། ལག་པ་གཉིས་ཀྱི་ནང་དུ་རྡོ་བ་བཅངས་པ་དེ་ལྟ་བུའི་ལག་པ་པུས་མོར་བརྟེན་ཏེ་བརྐྱང་བ་དང་། དེ་བཞིན་དུ་མཆན་ཁུང་མན་ཆད་ལེགས་པར་མཉེས་ཏེ། ལག་པ་དེའི་འོག་
ཏུ་བཅིངས་ལ་ལྟོ་རྩར་གདབ་པར་བྱའོ། །ལག་ངར་རྩ་ནི་བདེར་འདུག་སྟེ། །གདབ་པའི་སོར་བཞི་གོང་གི་ནི། །ཕྱོགས་སུ་རས་ཀྱིས་དམ་བཅིངས་ལ། །མཐེ་བོ་ཆང་པར་བཅུག་ནས་ནི། །ལག་ངར་བརྐྱང་ལ་གདབ་པར་བྱ། །ཞེས་བྱ་བ་ལ། ལག་ངར་གཉིས་ཀྱི་རྩར་
གདབ་པ་ནི། དང་པོ་བདེ་བར་འདུག་སྟེ། གར་གདབ་པའི་ས་སོར་བཞིའི་གོང་དུ་རས་ཀྱིས་དམ་པོར་བཅིངས་ལ། མཐེ་བོ་ཆང་པར་བཅུག་ནས་སོར་མོ་རྣམས་ཀྱིས་བསྡམས་ཏེ། ལག་ངར་ལེགས་པར་བརྐྱང་ལ་གདབ་པར་བྱའོ། །རྩིབ་ལོགས་རྩ་ནི་དཔུང་པ་གཉིས། །ཐུར་
དུ་དཔྱངས་ཏེ་གདབ་པར་བྱ། །ཞེས་བྱ་བ་ལ། རྩིབ་ལོགས་གཉིས་སུ་གཏར་ག་གདབ་པ། དང་པོར་ནད་པའི་དཔུང་པ་གཉིས་ཐུར་དུ་དཔྱངས་ལ་གདབ་པར་བྱའོ། །ཕོ་མཚན་རྩ་ནི་བཏེག་སྟེ་གདབ། །ཅེས་བྱ་བ་ལ། ཕོ་མཚན་གྱི་རྩ་ནི་བཏེག་ཅིང་ལས་སུ་རུད་བར་བྱས་ནས་
เล่ม ๒๐๐ · หน้า 275a
གདབ་པར་བྱའོ། །བྱིན་རྩ་པུས་མོ་མ་བཀུག་པར། །ཞེས་བྱ་བ་ལ། བྱིན་པའི་རྩ་ནི་པུས་མོ་མ་བཀུག་པར་བརྐྱང་སྟེ་གདབ་པར་བྱའོ། །རྐང་པ་ལེགས་བཞག་པུས་མོ་ལ། །འོག་ཏུ་ལག་པ་གཉིས་ཀྱིས་ནི། །ལོང་མོའི་བར་དུ་དམ་བཙིར་ལ། །རྐང་
པ་དེ་སྟེང་གཉིས་པ་ནི། །ཅུང་ཟད་བཀུག་སྟེ་བཞག་པ་ཡིས། །མནན་ལ་དེ་ནས་ལག་པ་ལྟར། །རྩར་གདབ། ཅེས་བྱ་བ་ལ། རྐང་པའི་རྩར་གདབ་པའི་ཐབས་ནི། དེ་ཡང་རྐང་པ་ལེགས་པར་བཞག་ལ། བུས་མོའི་ཚིགས་ཀྱི་འོག་ཏུ། ལག་པ་གཉིས་ཀྱིས་དམ་དུ་ལོང་
མོའི་བར་དུ་བཙིར་ལ། རྐང་པ་དེའི་སྟེང་དུ་རྐང་པ་གཉིས་ཅུང་ཟད་བཀུག་སྟེ་བཞག་ལ། ཅུང་ཟད་ཙམ་མནན་ནས་སྔར་ལག་པའི་རྩར་འདེབས་པ་བཞིན་དུ་གཏར་ག་གདབ་པའི་འོག་ཏུ་སོར་བཞི་ཙམ་གྱི་རས་ལ་སོགས་པས་དམ་དུ་བསྡམས་ལ་རྩར་གདབ་པར་བྱའོ། །དེ་ལྟར་
མ་སྨོས་པའི། གཞན་དགལ་ཡང་གདབ་བྱ་ལ། །ཐབས་ཤེས་གཙགས་སྤྱད་དེ་དང་དེས། །ཕྱོགས་ནི་དེ་དང་དེ་རུ་གདབ། །ཅེས་བྱ་བ་ལ། དེ་ལྟར་རྣམ་པ་དེ་དག་གིས་རྩར་གདབ་པའི་གནས་མ་སྨོས་པའི་ཕྱོགས་གཞན་དག་ལ་ཡང་གདབ་པར་བྱ་བ་ཡིན་པས་ན། ཐབས་
ཤེས་ཤིང་རྟོགས་པའི་སྨན་པས། གཙགས་སྤྱད་དེ་དང་དེ་རང་གི་བློས་ལེགས་པར་དཔགས་ལ་གནས་ཀྱི་ཕྱོགས་དེ་དང་དེར་གདབ་པར་བྱའོ། །ཤ་ཆེ་བ་ཡི་ཕྱོགས་སུ་འདེབས། །འབྲས་འདྲ་འབྲས་ཀྱི་སྲིད་ཙམ་གདབ། །རུས་པའི་སྟེང་རྩ་སྟ་རེ་འདྲས། །ནས་ཀྱི་
ཕྱེད་ཙམ་གདབ་པར་བྱ། །ཞེས་བྱ་བ་ལ། ཤ་ཆེ་བའི་ཕྱོགས་སུ་འབྲས་འདྲ་བའི་གཙགས་བུས་འདེབས་པར་བྱེད་ན། གཙགས་བུ་དབྱིབས་འབྲས་འདྲ་ཞིང་འབྲས་ཀྱི་ཚད་ཙམ་གདབ་པར་བྱའོ། །རུས་པའི་སྟེང་རྩ་ལ་འདེབས་ན་སྟ་རེ་འདྲ་བའི་གཙགས་བུས་ནང་དུ་ནས་ཀྱི་ཕྱེད་
ཙམ་ནུབ་པར་གདབ་པར་བྱའོ། །གཏར་ག་གདབ་པ་ཐམས་ཅད་ལ་ཡང་ཁ་སྦུབ་པས་ཤིན་ཏུ་གཏིང་རིང་བར་མི་བྱ་བ་དང་། དྲང་ཞིང་མ་འཆོལ་བ་དང་། སྙོམས་ཤིང་གནོད་པ་མེད་པར་རྩ་དབུས་སུ་གཙགས་བུས་མྱུར་དུ་གདབ་པར་བྱའོ། །ལེགས་པར་བཏབ་ནས་
เล่ม ๒๐๐ · หน้า 275b
ཁྲག་གཟགས་ཏེ། །ཆིངས་མ་བཀྲོལ་ནས་གཟགས་མི་བྱ། །ཞེས་བྱ་བ་ལ། དེ་ལྟར་གཏར་ལེགས་པར་བཏབ་ནས་ཁྲག་གི་རྒྱུན་གཟགས་པར་བྱའི། །ཆིངས་མ་བཀྲོལ་ནས་ནི་ཁྲག་གི་རྒྱུན་ཡང་གཟགས་པར་མི་བྱའོ། །དེ་ཡང་བསྡུས་པ་ལས། ལན་ཅིག་བཏབ་པས་
ཁྲག་གི་རྒྱུན། །གང་ཞིག་འཛག་པར་གྱུར་པ་ན། །ཡུད་ཙམ་བསྡམས་པ་བྱས་པ་ནི། །དེ་ནི་ལེགས་པར་བཏབ་ཅེས་བྱ། །ཞེས་བཤད་པ་ཡིན་ནོ། །བཏབ་མ་ལེགས་པས་དུས་ཅུང་ཟད། །ཉུང་ཟད་འབྱུང་བ་ཏིལ་ཕྱེ་གདབ། །ཅེས་བྱ་བ་ལ། གཏར་ག་བཏབ་པ་མ་
ལེགས་ཏེ། ཉེས་པར་གྱུར་པས་དུས་ཅུང་ཟད་ཅིག་ཁྲག་གི་རྒྱུན་ཉུང་ཟད་འབྱུང་བར་འགྱུར་ཏེ། དེ་ལ་ཏིལ་ཞིབ་ཏུ་བཏགས་པའི་ཕྱེ་མ་རྩའི་སྒོར་གདབ་པར་བྱའོ། །གདབ་དྲགས་སྒྲ་དང་བཅས་པར་ནི། །འབྱུང་ཞིང་བཅད་ཀྱང་དཀར་བར་འགྱུར། །ཞེས་བྱ་བ་ལ། གཏར་ག་
བཏབ་པ་མེད་པའམ། དྲགས་པའི་ཁྲག་གི་རྒྱུན་སྒྲ་དང་བཅས་པར་འགྱུར་ལ། རྒྱུན་འབྱུང་བ་དེ་གཅད་ཅིང་དགག་པ་ཡང་ཤིན་ཏུ་དཀའ་བར་འགྱུར་རོ། །དངང་དང་འབོག་པར་འགྱུར་བ་དང་། ཆིངས་ལྷོད་མཚོན་རྟུལ་འགྲངས་དྲགས་དང་། ཉམ་ཆུང་ཤུགས་ཉེན་དུགས་མ་
བྱས། །ཁྲག་མི་འབྱུང་བའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། ལེགས་པར་བཏབ་ཏུ་ཟིན་ཀྱང་། དངང་བ་དང་འབོག་ཅིང་བརྒྱལ་བར་འགྱུར་བ་ནི། ཁྲག་གི་རྒྱུན་མི་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་དངང་བ་ནི་སྐྲག་པའོ། །འབོག་པ་ནི་བརྒྱལ་ཞིང་མུན་པར་ཞུགས་པ་ལྟ་བུར་གྱུར་པའོ། །
ཆིངས་མ་ལྷོད་པ་ནི་དམ་དུ་མ་བསྡམས་པའོ། །མཚོན་རྟུལ་བ་ནི་རྩེ་མོ་རྟུལ་ལམ་ཆག་པའོ། །འགྲངས་དྲགས་པ་ནི་ཟས་བསྟེན་དྲགས་པའོ། །ཉམ་ཆུང་བ་ནི་རིད་པའོ། །ཤུགས་ཀྱིས་ཉེན་པ་ནི་བཤང་གཅི་འབྱུང་ལ་ཁད་པའོ། །དུགས་མ་བྱས་པ་ནི་ལེགས་པར་མ་བསྲོས་
པའོ། །ཁྲག་ནི་ལེགས་པར་མ་བྱུང་ན། །བྱི་དང་ཚ་གསུམ་སྐྱེར་པ་དང་། །རྒྱ་སྤོས་རྒྱམ་ཚ་ཁྱིམ་དུད་བཅས། །ཏིལ་མར་བཏགས་ལ་རྨ་ལ་བསྐུ། །ཞེས་བྱ་བ་ལ། ཁྲག་ལེགས་པར་མ་བྱུང་ཞིང་གཏར་ག་ཉེས་པར་གྱུར་ན། བྱི་དང་ག་དང་ཚ་བ་གསུམ་ལ་སོགས་པ་བཏགས་
เล่ม ๒๐๐ · หน้า 276a
པས་རྩའི་སྒོ་བསྐུ་བར་བྱ་སྟེ། དེས་ནི་ལེགས་པར་འབྱུང་བར་འགྱུར་རོ། །ཁྲག་ནི་ལེགས་བྱུང་ཏིལ་མར་དང་། །རྒྱམ་ཚ་སྦྱར་ལ་དྲོ་འཇམ་བསྐུ། །ཞེས་བྱ་བ་ལ། ཁྲག་ལེགས་པར་འབྱུང་ཞིང་རྒྱུ་བར་གྱུར་ན། བད་ཀན་དང་རླུང་ཉེ་བར་ཞི་ཞིང་ཁྲག་གཅད་
པར་བྱ་བའི་ཕྱིར་ཏིལ་མར་དང་རྒྱམ་ཚར་སྦྱར་ལ། དྲོ་འཇམ་ཙམ་གྱིས་རྨའི་སྒོ་བསྐུ་བར་བྱའོ། །ལེབ་རྒན་རྩི་ལས་ཚོན་སེར་ལྟར། །དང་པོར་ནད་ཁྲག་འབྱུང་བར་འགྱུར། །ཞེས་བྱ་བ་ལ། གཏར་ག་བཏབ་བ་ནི་ཁྲག་བཟང་ངན་འདྲེས་པ་ལ། དང་པོར་ནད་དང་བཅས་པའི་ཁྲག་
དབྱུང་ཞིང་འབབ་པར་གྱུར་ཏེ། དཔེར་ན་ལེབ་རྒན་རྩིའི་ཚོན་སེར་པོ་དང་དམར་པོ་འདྲེས་པར་གྱུར་པ་ལ། གོས་འཚོད་པ་ན་དང་པོ་སེར་པོ་འབྱུང་བར་འགྱུར་བ་དང་འདྲའོ། །ལེགས་པར་འབྱུང་ན་རང་ཉིད་འཆད། །ཁྲག་བཟང་བྱུང་ནའང་དབྱུང་མི་བྱ། །ཞེས་བྱ་བ་ལ། ལེགས་
པར་བཏབ་སྟེ་འབྱུང་བ་རང་ཉིད་འཆད་པར་འགྱུར་ལ་དེ་ལྟར་རང་ཆད་ནས་དབྱུང་བར་མི་བྱའོ། །དེ་བཞིན་དུ་ཁྲག་བཟང་པོ་ནད་མེད་པར་གྱུར་ནས་ཀྱང་དབྱུང་བར་མི་བྱ་སྟེ། ཁྲག་ནི་སྲོག་གི་རྟེན་ཡིན་བའི་ཕྱིར་རོ། །བརྒྱལ་གྱུར་ན་ནི་ཆིངས་མ་དགྲོལ། །རླུང་ཡབ་ཀྱིས་གཡབ་སླར་
ཁྲག་དབྱུང་། །སླར་འབོག་གྱུར་ན་ཉི་མ་ནི། །གཉིས་པའམ་གསུམ་པ་དག་ལ་གདབ། །ཅེས་བྱ་བ་ལ། གང་ཞིག་ཁྲག་གཟགས་ནས་བརྒྱལ་བར་གྱུར་ན། གཏར་གའི་ཆིངས་མ་དེ་བཀྲོལ་ལ། རླུང་ཡབ་ཀྱིས་རླུང་གཡབས་ཏེ། བརྒྱལ་བ་དེ་བསངས་ཏེ། དེའི་འོག་ཏུ་
སླར་ཁྲག་དབྱུང་བར་བྱའོ། །དེ་ལྟར་བྱས་ཀྱང་སླར་འབོག་པར་གྱུར་ན། དེ་ཚེ་བཅད་ལ་ཉི་མ་གཉིས་པའམ། གསུམ་པའི་ཚེ་གཏར་ག་གདབ་ཅིང་ནད་ཁྲག་དབྱུང་བར་བྱའོ། །རླུང་ཁྲག་གནག་ཅིང་དམར་ལ་རྩུབ། །ཤུགས་དྲག་གསལ་ཞིང་ལྦུ་བ་ཅན། །མཁྲིས་ཁྲག་
སེར་ལ་རྩ་གནག་མནམ། །སྤྱི་བག་དྲོ་ཞིང་ཚོན་ཅན་ཡིན། །བད་ཀན་ཁྲག་ནི་འཇམ་ཞིང་སྐྱ། །རྒྱུན་ཅན་འབྱར་ཞིང་སྐ་བ་ཡིན། །འདྲེས་པའི་མཚན་མ་འདྲེན་མ་ཡིན། །ཉེས་གསུམ་དྲི་མ་རྙོག་མ་ཅན། །ཞེས་བྱ་བ་ལ། དེ་ལ་རླུང་གི་ནད་ལས་ནི་ཁྲག་མདོག་གནག་པ་ལ་
เล่ม ๒๐๐ · หน้า 276b
སོགས་པ་འབྱུང་བར་འགྱུར་ཏེ། གནག་པ་ནི་ནག་ནོག་ཅན་ལ་ཅུང་ཟད་ཙམ་སྔོ་བའོ། །དམར་བ་ནི་རྩ་དམར་ཞིང་འཚེར་བའོ། །རྩུབ་པ་ནི་སྣུམ་བག་མེད་པའོ། །ཤུགས་དྲག་པོ་ནི་ཤུགས་ཀྱིས་འབྱུང་བའོ། །མདོག་གསལ་བ་ནི་གསལ་བའོ། །ལྦུ་བ་ཅན་ནི་ལྦུ་བ་དང་
བཅས་པའོ། །དེ་བཞིན་དུ་མཁྲིས་པ་ལས་གྱུར་པའི་ཁྲག་ནི་མདོག་སེར་བ་དང་། གནག་པར་གྱུར་པ་དང་། མནམ་ཞིང་དྲི་ང་བ་དང་། སྤྱི་བག་སྟེ་ཚ་བས་འཐས་ཤིང་མཁྲང་བག་ཏུ་འགས་པ་དང་། དྲོ་ཞིང་ཚ་བ་འུར་འུར་པོར་འདུག་པ་དང་། ཚོན་ཅན་ཏེ་རྨ་བྱའི་མཇུག་སྒྲོ་ལྟར་
སྣང་བ་ཡིན་ནོ། །བད་ཀན་ལས་གྱུར་པའི་ནད་ཁྲག་ལ་ནི་འཇམ་ཞིང་སྣུམ་པ་དང་། མདོག་སྐྱ་བ་དང་། རྒྱུན་ཅན་ནལ་ནལ་པོ་ཁ་འདྲ་བར་སྣང་བ་དང་། འབྱར་ཞིང་སླ་བག་མེད་པ་དང་། སྐ་ཞིང་འདྲིལ་བ་ཡིན་ནོ། །འདྲེས་པ་ནི་ནད་གཞི་གཉིས་ཀྱི་ལྡན་པ་ལས་གྱུར་པའི་ཁྲག་སྟེ། དེ་
ནི་འདྲེན་མ་སྟེ། གང་དང་གང་འདྲེས་པ་དེ་གཉི་གའི་མཚན་མ་དང་འདྲེས་པ་ཞེས་བྱའོ། །ནད་གཞིའི་ཉེས་པ་གསུམ་ཆར་འདུས་པའི་ཁྲག་གང་ཡིན་པ་དེ་ནི་དྲི་མ་ཅན་ཏེ། དང་བག་མེད་པ་དང་། རྙོག་པ་དང་ལྡན་ཞིང་ནག་ནོག་གི་ཤས་ཆེ་བ་ཡིན་ནོ། །ཁྲག་ངན་པ་ནི་ཉམས་ཆེ་ལ། །
ཚད་ལས་ལྷག་པར་དབྱུང་མི་བྱ། །ཁྲག་ཕྱུང་དྲགས་ན་འཆི་བ་འམ། །རླུང་ནད་མི་བཟད་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྐྱེས་བུ་ཉམས་ཆེ་བ་ཞིག་ཡིན་ན་ཡང་། ཁྲག་ངན་པའམ། ནད་ཁྲག་ཚད་དེ་སྲང་བཅུ་དྲུག་པས་དབྱུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། ཁྲག་
དབྱུང་ཞིང་གཟགས་པ་དྲགས་ན་མྱུར་དུ་འཆི་བར་འགྱུར་བའམ། ཡང་ན་རླུང་ནད་ཤིན་ཏུ་གསོ་དཀའ་བ་འབྱུང་བར་འགྱུར་རོ། །དེ་ལ་བསྐུ་བྱུག་འོ་མ་ཁུ། །ཁྲག་བཅུད་བླུད་པ་སྨན་ཡིན་ནོ། །ཞེས་བྱ་བ་ལ། ཁྲག་བཏོན་དྲགས་པ་དེ་ལ་སྨན་ནི། བསྐུ་བྱུག་བྱ་བ་དང་། འོ་མ་
དང་ཤ་ཁུ་བླུད་པ་དང་། རི་དགས་དང་ར་ལུག་ལ་སོགས་པའི་ཁྲག་བཏོན་ཏེ་བླུད་པར་བྱའོ། །ཁྲག་ཕྱུང་ནས་ནི་ཆིངས་མ་དག །དལ་གྱིས་བཀྲོལ་ལ་ཆུ་བ་སིལ་གྱིས། །བཀྲུས་ལ་ཏིལ་མར་གྱིས་བྱུགས་པའི། །གོས་འཇམ་གྱིས་ནི་རྨ་ཁ་དཀྲི། །ཞེས་བྱ་བ་ལ། ཁྲག་དབྱུང་
เล่ม ๒๐๐ · หน้า 277a
ཞིང་གཟགས་ནས་ཆིངས་མ་དལ་གྱིས་ཀློད་དེ་བཀྲོལ་ལ། ཆུ་བསིལ་བས་ཁྲག་རྗེས་བཀྲུས་ལ། །རྩའི་སྒོ་ཏིལ་མར་གྱིས་བྱུགས་པའི་གོས་འཇམ་པོས་རྨ་ཁ་གཡོགས་ལ། དེའི་འོག་ཏུ་བཅིང་བར་བྱའོ། །ཁྲག་ནད་ཡོད་ན་ཕྱི་འཕྲེད་དམ། །ཕྱི་དེ་ཉིན་པར་སླར་
ཡང་དབྱུང་། །ཤིན་ཏུ་གནོད་པའི་ཁྲག་ཟླ་ཕྱེད། །སྣུམ་གྱིས་བརྟས་པའི་ལུས་ལས་དབྱུང་། །ཞེས་བྱ་བ་ལ། ཁྲག་མ་དག་ཅིང་ནད་ཡོད་པར་གྱུར་ན། ཕྱི་འཕྲེད་ཀྱིས་སླར་ཡང་དབྱུང་བར་བྱའོ། །ཡང་ན་ཕྱི་དེ་ཉིན་དེ། ཉི་མ་གཉིས་པར་བསྐྱར་བར་བྱའོ། །ཤིན་ཏུ་གནོད་
པའི་ཁྲག་ཡོད་ན་ཟླ་བ་ཕྱེད་ནས་སྣུམ་གྱིས་བརྟ་ཞིང་ཞེན་པར་བྱ་བའི་ལུས་ལས་དབྱུང་བར་བྱའོ། །ཁྲག་ངན་ཅུང་ཟད་ལུས་ཀྱང་ནི། །ནད་ནི་ལྷག་པར་མི་བསྐྱེད་པས། །དེ་ཕྱིར་ལྷག་མ་ཡོད་གྱུར་ཡང་། །གཞག་གི་ཤས་ཆེར་མི་དབྱུང་ངོ་། །ཞེས་བྱ་བ་ལ། གང་གི་ཕྱིར་ཁྲག་
ནད་ཅན་ངན་པ་ཅུང་ཟད་ལུས་པར་གྱུར་ཀྱང་། དེ་ལས་བྱུང་བའི་ནད་ལྷག་པར་མི་བསྐྱེད་ཅིང་བྱ་བ་ལ་རྒལ་ཏེ། གནས་གཞན་དུ་མི་འགྲོ་བས་དེའི་ཕྱིར་ལྷག་མ་ཅུང་ཟད་ཡོད་དུ་ཟིན་ཀྱང་ཤས་ཆེར་མི་འབྱུང་གི ། ལྷག་མ་དང་བཅས་པར་གཞག་སྟེ། །ཁྲག་ནི་སྲོག་གི་རྟེན་ཡིན་པའི་
ཕྱིར་རོ། །དེ་ཡང་དྲང་སྲོང་ལེགས་མཐོང་གིས། །མཁས་པས་ནད་བཅས་ཁྲག་ཀྱང་ནི། །ལྷག་མ་ཅུང་ཟད་ཡོད་བྱ་ཡི། །ལྷག་པར་དབྱུང་བར་མི་བྱ་སྟེ། །ལྷག་མ་ཞི་བས་བསལ་བར་བྱ། །ནད་ཁྲག་ལྷག་མ་ཅུང་ཟད་ལུས། །ནད་ནི་ཤས་ཆེར་མི་སྐྱེད་དེ། དེ་བས་
ལྷག་མར་བཅས་གཞག་གི །སྦྱོར་བ་དྲགས་པ་མི་བྱའོ། །ཞེས་བཤད་པ་ཡིན་ནོ། །ལྷག་མ་རྔབས་རུ་སྩོགས་གདབ་པའམ། །ཡང་ན་སྤྱོད་བསིལ་ཁྲག་མཁྲིས་བསལ། །སྦྱང་དང་སྐམ་པའི་བྱེ་བྲག་ནི། །གསོ་བས་དེ་ནི་དང་བར་བྱ། །ཞེས་བྱ་བ་ལ། ནད་ཁྲག་
ལྷག་མ་ལུས་པ་དེ། རྔབས་རྭ་གདབ་པ་ལ་སོགས་པས་བསལ་བར་བྱ་བའམ། ཡང་ན་སྤྱོད་ལམ་བསིལ་བ་སྟེ། ཆུ་བསིལ་བ་བླུགས་པ་ལ་སོགས་པས་ཁྲག་དང་མཁྲིས་པ་བསལ་ཞིང་གསོ་བའི་ཐབས་དང་ཟས་དང་སྨན་སྣུམ་པ་དང་། མངར་བ་བསྟེན་པ་དང་སྦྱང་
เล่ม ๒๐๐ · หน้า 277b
བ་སྟེ། སློན་དང་ཁྲུས་ཀྱི་ཚུལ་དང་། སྐམ་པ་སྟེ། སྨྱུང་བར་གནས་པ་ལ་སོགས་པའི་བྱེ་བྲག་གི་གསོ་བས་དང་བར་བྱ་ཞིང་བསལ་བར་བྱའོ། །ནད་ཁྲག་རབ་རྒྱས་མ་གྱུར་པའམ། །དེ་འདྲའི་ཐབས་ཀྱིས་གསོ་བར་བྱ། །ཞེས་བྱ་བ་ལ། ནད་ཁྲག་ཤིན་ཏུ་རྒྱས་ཤིང་རབ་ཏུ་གྱུར་
པ་ལའང་། སྤྱོད་ལམ་བསིལ་བར་བྱ་བ་ལ་སོགས་པ་དེ་དག་གིས་གསོ་བར་བྱ་ཞིང་དང་བར་བྱའོ། །ནད་ཁྲག་རྒྱས་པར་གྱུར་པ་ལ་ནི་གཏར་ག་གདབ་པ་ལ་སོགས་པ་ཁྲག་དབྱུང་བའི་ཐབས་ཀྱིས་དབྱུང་བར་བྱའོ། །ཁྲག་གི་རྒྱུན་ནི་མ་ཆོད་ན། །གཅད་པའི་སྦྱོར་བ་མྱུར་བར་
བྱ། །ཞེས་བྱ་བ་ལ། ཁྲག་གི་རྒྱུན་བྱུང་བ་མ་ཆོད་ཅིང་བདེ་བར་གནས་པར་མ་གྱུར་ན། གཅད་པའི་སྦྱོར་བ་མྱུར་ཞིང་རིངས་པར་བྱའོ། །སེང་ཕྲོམ་རྨ་ཤིང་པྲི་ཡང་ཀུ། །མ་ཤ་ཤིང་མངར་ཡུག་སྣམ་བཙག །གྱོ་དུ་མ་ཟར་མ་སྣག་ཚ་དང་། །འོ་མ་ཅན་ཤིང་ཤུན་ལོ་མ། །
བཏགས་པའི་ཕྱེ་མ་རྨ་ཁར་གདབ། །ཤུག་སོགས་ཆུ་གྲང་སྦྱར་ལ་བླུད། །ཅེས་བྱ་བ་ལ། དེ་ལྟར་ཁྲག་གཅད་པར་བྱ་བའི་ཕྱིར། སེང་ཕྲོམ་ལ་སོགས་པའི་ཕྱེ་མ་རྨའི་སྒོར་གདབ་པ་དང་། ཤུག་པ་ལ་སོགས་པའི་སྡེ་ཚན་དང་སྦྱར་བའི་ཆུ་གྲང་བླུད་པར་བྱའོ། །འོ་མ་ཅན་གྱི་
ཤིང་ནི་ནྱ་གྲོ་དྷ་དང་། །ཨ་ཤྭདྠ་ལ་སོགས་པའི་ཤུན་པ་དང་ལོ་མའོ། །གཞན་ནི་གོ་བར་ཟད་དོ། །ཡང་ན་རྩ་བཏབ་དེ་གོང་གི །རྩ་དེ་ཉིད་ལ་གཏར་ག་གདབ། །ཡང་ན་ཐུར་མ་བསྲེགས་པ་ཡིས། །རྨ་ཁ་མྱུར་དུ་བསྲེག་པར་བྱ། །ཞེས་བྱ་བ་ལ། གཅད་པའི་སྦྱོར་བ་གཞན་
ཡང་སྔར་བཅད་པའི་རྩ་དེ་ཉིད་ཀྱི་གོང་རོལ་དུ་གཏར་ག་གདབ་པར་བྱའོ། །ཡང་རྣམ་པ་ཐམས་ཅད་དུ་ཁྲག་ཆོད་པར་མ་གྱུར་ན། ཐུར་མ་མེར་བསྲེགས་པས་རྨ་ཁ་མྱུར་དུ་བསྲེག་པར་བྱའོ། །བཅིང་བ་ཉེས་པས་ལམ་ལོག་ལ་གནས་ཏེ། །ནད་ནི་རྒྱས་པས་ཁྲག་ནི་འཁྲུགས་གྱུར་པ། །རང་གི་གནས་
སུ་སླར་ཕྱིན་མ་གྱུར་པ། །དེ་སྲིད་ཟས་དང་སྤྱོད་ལམ་ཕན་པ་བསྟེན། །ཞེས་བྱ་བ་ལ། གཏར་གའི་བཅིང་བ་ཉེས་ཤིང་མ་ལེགས་པ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་གང་རང་གི་གནས་ནས་རྒལ་ཏེ། ལམ་ལོག་པར་གནས་པས་ན་ཁྲག་ཏུ་གྱུར་པ་དེ་རང་གི་གནས་སུ་ཕྱིན་པར་མ་
เล่ม ๒๐๐ · หน้า 278a
གྱུར་ཅིང་། རང་གི་ལམ་གནས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཟས་དང་སྤྱོད་ལམ་ལ་སོགས་པ་ཕན་ཞིང་གནོད་པ་མེད་པ་ལ་བརྟེན་པར་བྱའོ། །ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ལ་འདིར་སྤྱོད་ལམ་ཞེས་བྱའོ། །ཤིན་ཏུ་ཚ་གྲང་མ་ཡིན་ཡང་དྲོད་བསྐྱེད། །ཁྲག་
སེལ་བྱེད་པའི་བཟའ་དང་བཏུང་བ་ཕན། །དེ་ཚེ་ལུས་དང་ཁྲག་བདེར་མི་གནས་པས། །ཁྱད་པར་དུ་ནི་མེ་ལས་བསྲུང་བར་བྱ། །ཞེས་བྱ་བ་ལ། ཁྲག་དབྱུང་ཞིང་གཟགས་ནས་ཟས་དང་སྐོམ་ཤིན་ཏུ་ཚ་བ་དང་། ཤིན་ཏུ་གྲང་བ་ན་གནོད་པ་ཡིན་ཏེ། ཤིན་ཏུ་ཚ་ན་ནི་སླར་ཁྲག་བསྐྱེད་
པར་འགྱུར་ལ། ཤིན་ཏུ་གྲང་བ་ནི་མེ་དྲོད་ཉམས་པར་བྱེད་པ་ཡིན་ཏེ། དེ་བས་ན་གཉི་ག་མ་ཡིན་པ་བསྟེན་པ་དང་། དེ་བཞིན་དུ་རང་བཞིན་གྱིས་གཡོས་སུ་བྱས་པའི་བཟའ་བཏུང་དང་། ཕོ་བའི་མེའི་དྲོད་བསྐྱེད་པའི་ཟས་སྐོམ་ཡང་སྦྱིན་པར་བྱ་སྟེ། གང་གི་ཕྱིར་དེའི་ཚེ་ལུས་ལ་
བདེ་བར་མི་གནས་པས་ཡང་དེ་ནི་མཁྲིས་པའི་གནས་ཡིན་ལ། མཁྲིས་པ་ནི་མེས་བསྐྱེད་དེ། དེའི་ཕྱིར་ཁྱད་པར་དུ་མེ་ལས་བསྲུང་བར་བྱ་ཞིང་རྣམ་པ་དུ་མས་བསྐྱང་བར་བྱའོ། །མདོག་དང་དབང་པོ་གསལ་ཞིང་དབང་པོ་ཡུལ། །འདོད་ཅིང་ཟས་འཇུ་ཤུགས་ཀྱང་བདེ་བར་འཇུ། །
བདེ་དང་ལྡན་ཞིང་སྟོབས་རྒྱས་ཕུན་སུམ་ཚོགས། །མི་ཡི་ནད་ཁྲག་དག་པ་ཡིན་པར་བཤད། །ཅེས་བྱ་བ་ལ། སྐྱེས་བུ་འདི་ལྟ་བུ་ནད་ཁྲག་མེད་པ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ཡང་སྐྱེས་བུ་དེའི་ལུས་ཀྱི་མདོག་དང་། དབང་པོ་རྣམས་གསལ་ཞིང་
དང་བའི་བདག་ཉིད་ཅན་ཡིན་པ་དང་། དེ་ཉིད་ནི་དབང་པོའི་ཡུལ་འདོད་ཅིང་ཡུལ་ལ་དགའ་བ་དང་། ཟས་འཇུ་བ་ནི་ཕོ་བའི་མེ་དྲོད་ལ་བྱ་ལ། དེའི་ཤུགས་ནི་ནུས་པ་ལ་བྱ་སྟེ། ཟས་འཇུ་བ་དེ་ཐོགས་པ་མེད་པ་དང་། ཟིལ་གྱིས་མི་ནོན་པར་བདེ་བར་འབྱུང་བ་དང་། དེ་བཞིན་
དུ་བདེ་བ་དང་ལྡན་པ་སྟེ། ནད་མེད་པ་དང་ལྡན་པ་དང་། དེ་བཞིན་དུ་སྟོབས་དང་ལུས་རྒྱས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ནི་ནད་ཁྲག་ཡོངས་སུ་དག་པ་ཡིན་ནོ་ཞེས་བཤད་དོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་
เล่ม ๒๐๐ · หน้า 278b
བ། སློབ་དཔོན་ཟླ་བ་ལ་དགའ་བས་ཉེ་བར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཟུག་རྔུ་དབྱུང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འབྲེལ་པ་ནི་འདི་ཡིན་ཏེ། ནད་ཁྲག་ཏུ་གྱུར་པ་
གང་ཡིན་པ། དེ་ནི་གཏར་ག་གདབ་པའི་ཐབས་ཀྱིས་དབྱུང་དགོས་པས་གོང་དུ་བཤད་པས་ན་དེའི་འོག་ཏུ་ཁོང་དུ་མཚོན་ལུས་པ་ཟུག་རྔུ་ཞེས་བྱ་བ་ཡང་དབྱུང་དགོས་པས་དེའི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །ཟུག་རྔུའི་བགྲོད་པ་རྣམ་ལྔ་སྟེ། །ཡོ་དྲང་ཐད་ཀ་སྟེང་དང་འོག །ཅེས་
བྱ་བ་ལ། ཟུག་རྔུ་སྟེ་མཚོན་ལུས་པའི་བགྲོད་པའི་ལམ་ནི། ཡོ་བ་ལ་སོགས་པའི་རྣམ་པས་རྣམ་པ་ལྔ་ཡོད་པར་ཤེས་པར་བྱའོ། །ཁ་གནག་སྐྲངས་དང་ནད་དང་བཅས། །ཡང་དང་ཡང་དུ་ཁྲག་འཛག་ལ། །རྨ་ཡི་ཉེ་འཁོར་མཐོ་ཞིང་གློ། །ཆུ་བུར་ལྟ་བུའི་ཐོར་བུ་འབྱུང་། །ཤ་
ནི་འཇམ་གྱུར་ལུས་མདོར་ན། །ཁོང་ན་ཟུག་རྔུ་ཡོད་ཤེས་བྱ། །ཞེས་བྱ་བ་ལ། ཁོང་པའི་ནང་ན་མཚོན་ཡོད་པའི་མཚན་ཉིད་ནི། མདོར་ན་འདི་ལྟར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །ཇི་ལྟ་བུ་ཞེ་ན། རྨའི་སྒོ་ཁ་གནག་ཅིང་དྲི་མ་ཅན་དང་། དེ་བཞིན་དུ་རྨ་སྐྲང་ཞིང་ན་བ་དང་
བཅས་པ་དང་། དེ་བཞིན་དུ་ཡང་དང་ཡང་འཛག་ཅིང་འབྱུང་བ་དང་། དེ་བཞིན་དུ་རྨའི་ཉེ་འཁོར་དཔངས་སུ་མཐོ་ཞིང་གློ་བ་དང་། ཆུའི་ཆུ་བུར་ལྟ་བུར་ཐོར་བུ་འབྱུང་བ་དང་། དེ་བཞིན་དུ་ཤ་མདངས་འཇམ་ཞིང་ཤ་སྙི་བར་གྱུར་པ་ཡིན་ནོ། །ཁྱད་པར་དུ་ནི་པགས་པར་ན། །མཚོན་ལུས་
མདོག་ཉམས་སྲབ་དང་། །སྐྲངས་པར་འགྱུར་རོ། །ཞེས་བྱ་བ་ལ། ཁྱད་པར་རམ་བྱེ་བྲག་ཏུ་པགས་པའི་ནང་དུ་མཚོན་ལུས་པ་ནི་པགས་པའི་མདོག་མི་སྡུག་པར་འགྱུར་པ་དང་། སྲ་ཞིང་མཁྲང་བག་ཏུ་གནས་པ་དང་། ཆུར་སྐྲངས་པར་འགྱུར་རོ། །ཤར་གནས་པ། །ནད་དང་
སྐྲངས་པ་ལྷག་པར་འཕེལ། །བཅིར་བར་མི་བཟོད་སྨིན་པ་དང་། །རྨ་ཡི་སྒོ་ནི་འདྲུབ་མི་ཤེས། །ཞེས་བྱ་བ་ལ། ཤའི་དུམ་བུ་ལུས་པ། ཤ་ལ་གནས་པ་ནི་ལྷག་པར་ན་ཞིང་སྐྲངས་པའི་ཚབས་ལྷག་པར་འཕེལ་བ་དང་། བཙིར་ཞིང་མནན་པར་མི་བཟོད་པ་དང་། མཚོན་གང་ན་གནས་
เล่ม ๒๐๐ · หน้า 279a
པ་དེར་སྨིན་ཞིང་རྣགས་པ་དང་། ཟུག་རྔུ་ཟུག་པའི་རྨའི་ཁ་འདྲུ་བཅིང་འཚོ་མི་ཤེས་པ་ཡིན་ནོ། །ཉ་ཡི་ནང་ཟུག་ཤར་ཟུག་དང་། །འདྲ་ལས་སྐྲངས་བག་མེད་པ་ཡིན། །ཞེས་བྱ་བ་ལ། བྱིན་པ་ལ་སོགས་པའི་ཉའི་ནང་དུ་གནས་པའི་ཟུག་རྔུའི་
མཚན་ཉིད་ནི་ཤ་ལ་ཟུག་པ་དང་འདྲ་བ་ལས་སྐྲངས་བག་མེད་དེ། དེ་མ་གཏོགས་པ་ཡིན་ནོ། །དེ་ལ་ལུས་ལ་ཉ་ཞེས་བྱ་བའི་ཤ་ལྔ་བརྒྱ་ཡོད་པར་འོག་ནས་བཤད་དེ། ཤའི་ཆར་གཏོགས་པ་ཟླ་བ་ཚེས་པ་ལ་སོགས་པའི་དབྱིབས་ཅན་ལ་ཉ་ཞེས་བྱའོ། །ཆུ་བའི་དྲ་བའི་ནང་ལུས་པའི། །
ཆུ་བ་ལས་ནི་དབྱུང་དཀའ་ཞིང་། །བསྒུལ་དཀའ་བསྐྱོད་ཚེ་རེངས་ཤིང་ན། །ཞེས་བྱ་བ་ལ། ཆུ་བའི་དྲ་བའི་ནང་དུ་མཚོན་ལུས་པ་ནི། ཆུ་བ་ལས་དབྱུང་བར་དཀའ་བ་དང་། བསྒུལ་བར་དཀའ་ཞིང་ན་བ་དང་། བསྐྱོད་པའི་ཚེ་ལྷག་པར་མི་བཟོད་པ་དང་། ཤིང་ལྟར་རེངས་
ཤིང་འཇས་པ་དང་། ན་བ་ལྷང་ལྷང་པོར་བྱེད་པ་ཡིན་ཏེ། ཟུག་རྔུ་འདི་ནི་ལྷག་པར་འབྱུང་དཀའ་བར་འགྱུར་རོ། །རྩ་ལ་བརྟེན་པ་རྩ་སྐྲངས་འགྱུར། །ཞེས་བྱ་བ་ལ། ཟུག་རྔུ་རྩར་གནས་པ་ནི་རྩ་སྐྲངས་ཤིང་སྤོམ་བག་ཏུ་འགྱུར་བའོ། །བུ་གའི་སྦུབས་གནས་སྦུབས་ཀྱིས་
ནི། །རང་གི་ལས་དང་ཡོན་ཏན་ཉམས། །ཞེས་བྱ་བ་ལ། བུ་གར་གནས་པའི་ཟུག་རྔུ་ནི་རང་གི་གནས་དང་། ཡོན་ཏན་ལས་ཉམས་པར་འགྱུར་རོ། །དེ་ཡང་བུ་གའི་སྦུབས་ནི་དབུགས་དང་། ལུས་ཟུངས་དང་། དྲི་མ་དང་ཆུ་རྣམས་རྒྱུ་བའི་གནས་བཅུ་གསུམ་
མོ། །དེ་དག་རང་གི་ལས་དང་། དེ་བཞིན་དུ་ཡོན་ཏན་ཉམས་ཤིང་འཇིག་པར་འགྱུར་རོ། །རྩ་ཆེན་གནས་པ་དབུགས་དང་ཁྲག །ལྦུ་བ་ཅན་དུ་འབྱུང་འགྱུར་ཞིང་། །སྒྲ་དང་བཅས་པར་འབྱུང་བ་དང་། །སྙིང་དང་ཡན་ལག་ན་བཅས་འགྱུར། །ཞེས་བྱ་
ལ། རྩ་ཆེན་པོ་སྦུབས་ཅན་དུ་གནས་པའི་ཟུག་རྔུ་ནི། སྦུབས་དང་ཁྲག་འདྲེས་པ་ལྦུ་བ་ཅན་དུ་འབྱུང་བར་འགྱུར་བ་དང་། དབུགས་དང་རླུང་དེ་སྒྲ་དང་བཅས་པར་འགྱུར་བ་དང་། སྙིང་ག་ན་ཞིང་མེར་མེར་པོར་སེམས་པ་དང་། ཡན་ལག་ན་ཞིང་སྙོམ་པ་དང་བཅས་པར་འགྱུར་
เล่ม ๒๐๐ · หน้า 279b
རོ། །རུས་ཚིགས་བོག་རེར་མཚོན་ལུས་པ། །རུས་བརྩེ་ཚབས་ཆེར་ན་བར་འགྱུར། །ཞེས་བྱ་བ་ལ། རུས་པའི་ཚིགས་ཀྱི་བོག་རེར་མཚོན་གྱི་དུམ་བུ་ལུས་པ་ནི་རུས་པ་ཤིན་ཏུ་བརྩེ་ཞིང་ཟུག་པ་དང་། བསྐྱོད་ཅིང་བསྒུལ་བ་ན་ཤས་ཆེན་པོར་ན་བར་འགྱུར་རོ། །རུས་
གནས་ནད་མང་སྐྲང་བར་བྱེད། །ཅེས་བྱ་བ་ལ། མཚོན་གྱི་ཟུག་རྔུ་རུས་པའི་ནང་ན་གནས་པ་ནི། ནད་མང་པོ་སྣ་ཚོགས་པ་སྐྱེད་པར་བྱེད་དེ། ཕལ་ཆེར་ཆག་པ་དང་། གྲུམ་པ་དང་། འདར་བ་དང་། གནོད་ཅིང་ཟུག་པར་འགྱུར་བ་དང་། དེ་བཞིན་དུ་སྐྲང་
པར་བྱེད་པར་ཡང་འགྱུར་རོ། །ཚིགས་ལ་གནས་པ་དེ་དང་འདྲ། །བསྐྱོད་པར་དཀའ་བ་དག་ཏུ་འགྱུར། །ཞེས་བྱ་བ་ལ། ཚིགས་ལ་གནས་པའི་ཟུག་རྔུ་ནི་རུས་པར་གནས་པ་དང་འདྲ་བར་འགྱུར་བ་དང་། དེ་བཞིན་དུ་བསྐྱོད་པར་དཀའ་ཞིང་བསྒུལ་མི་
བཟོད་པར་འགྱུར་རོ། །ནང་གྲོལ་ནང་ཡོད་འཁྲུགས་པ་དང་། །སྤོ་ཞིང་ཁ་ཟས་ངན་སྐྱུགས་གཅིན། །རྨ་ཡི་ཁར་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། ནང་གྲོལ་གྱི་ནང་དུ་ལུས་པའི་མཚོན་ནི། འཁྲུག་ཅིང་རྒྱུ་མའི་སྒྲ་ཀྲུག་ཀྲུག་ཟེར་བ་དང་། སྤོས་ཤིང་
དབུགས་ཀྱིས་རྒྱས་པ་དང་། དེ་བཞིན་དུ་ཁ་ཟས་དང་། ངན་སྐྱུགས་དང་། གཅིན་རྨའི་ཁར་འབྱུང་ཞིང་སྣང་བར་འགྱུར་རོ། །གནད་ཀྱི་ནང་དུ་མཚོན་ལུས་པ། །གནད་ཟུག་མཚན་ཉིད་ལས་ཤེས་བྱ། །ཞེས་བྱ་བ་ལ། གནད་རྣམས་ཀྱི་ནང་དུ་མཚོན་
ལུས་པའི་ཟུག་རྔུ་ནི་གནད་དུ་ཟུག་ཅིང་བསྣུན་པའི་མཚན་ཉིད་གང་དག་བཤད་པ་དེའི་ཚུལ་ལས་ཤེས་པར་བྱའོ། །པགས་པ་ལ་སོགས་རང་རང་གི །ཇི་ལྟར་འཛག་ལས་ཤེས་པར་བྱ། །ཞེས་བྱ་བ་ལ། པགས་པ་ལ་སོགས་པ་ནས་གནས་ཀྱི་ནང་དུ་མཚོན་
གྱི་དུམ་བུ་ལུས་པ་དག་སྔར་བསྟན་པའི་མཚན་ཉིད་དེ་དག་ལས་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རང་རང་གི་གནས་ལས་ཇི་ལྟར་འཛག་པ་ལས་ཀྱང་ཟུག་རྔུ་ཡོད་པར་ཤེས་པར་བྱའོ། །སྐྱོན་མེད་ལུས་ཀྱི་རྨ་འཚོ་སྟེ། །དེ་ནི་གནོད་པ་མེད་པར་གནས། །ནད་འཁྲུགས་སྣད་
เล่ม ๒๐๐ · หน้า 280a
པ་ལ་སོགས་ཀྱིས། །གོངས་ནས་སླར་ཡང་གནོད་པ་སྐྱེད། །ཅེས་བྱ་བ་ལ། སྐྱེས་བུ་ལུས་ལ་ནད་ཀྱི་སྐྱོན་མེད་པའི་ཟུག་རྔུ་དེ་རྗེས་མཐུན་པར་གནས་པ་དག་གི་རྨ་ཡང་འཚོ་བར་བྱེད་ཅིང་གནོད་པ་མེད་པར་འགྱུར་མོད་ཀྱི། རྨ་འཚོ་ཟིན་ནས་ཀྱང་ནད་གཞི་འཁྲུགས་
པ་དང་། སྣད་པ་དང་། རྩོལ་བས་བསྐྱོད་པ་ལ་སོགས་པའི་དབང་གིས་གློངས་པ་དང་། སླར་ཡང་ལུས་ལ་གནོད་པ་སྐྱེད་ཅིང་ནད་དུ་འགྱུར་བ་ཡིན་ནོ། །གང་ཡང་རུང་བར་པགས་པ་ཉམས། །བསྐུ་དང་མཉེ་དང་དུགས་བྱས་ནས། །མདོག་དམར་ན་ཞིང་ཚ་ལ་འཁྲུག །ཡང་ན་
གང་དུ་མར་བཞག་འཇུ། །ལྡེ་གུས་བྱུགས་པ་མྱུར་དུ་བསྐམས། །གནས་དེར་ཟུག་རྔུ་བཅས་ཤེས་བྱ། །ཞེས་བྱ་བ་ལ། ཟུག་རྔུ་པགས་པའི་ནང་དུ་ཟུག་ཅིང་མི་མངོན་པར་འགྱུར་བ་ནི་ལུས་ཀྱི་ཕྱོགས་གང་དུ་ཟུག་པར་པགས་པ་ཉམས་པ་དང་། བསྐུ་བ་ལ་སོགས་པ་བྱས་པས་ནི་
མདོག་དམར་བ་དང་། ན་ཞིང་ཟུག་པ་དང་། ཚ་བ་དང་འཁྲུག་ཅིང་བསྐྱོད་པ་ན་ན་བར་འགྱུར་ཏེ། དེ་ལྟ་བུའི་གནས་དེ་ནི། ཟུག་རྔུ་དང་བཅས་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་པགས་པའི་ཕྱོགས་གང་དུ་ན་སར་མར་བཞག་ན་མྱུར་དུ་འཇུ་བར་འགྱུར་པའམ། ལྡེ་གུས་
བྱུགས་པ་མྱུར་དུ་བསྐམས་པར་གྱུར་ན། གནས་དེ་ཡང་ཟུག་རྔུ་དང་བཅས་པར་ཤེས་པར་བྱའོ། །ཤར་ལུས་སྦྱང་བ་བྱས་པ་ཡིས། །སྐེམ་བྱས་ལྷོངས་གྱུར་བསྒུལ་བ་དང་། །བཙན་དམར་སོགས་ཀྱིས་ཤེས་པར་བྱ། །ཞེས་བྱ་བ་ལ། ཟུག་རྔུ་ཤའི་ནང་དུ་ལུས་པ་
མི་སྣང་བར་གྱུར་པ་ནི་སྦྱང་བ་བྱ་བ་སྟེ། སློན་སྨན་དང་བཀྲུ་སྨན་ལ་སོགས་པ་བྱས་པས་ལུས་བསྐམ་ཞིང་སྦེག་པར་བྱས་ལ། སྐེམས་པར་བྱས་པ་དེས་ལྷོངས་ཤིང་ཡང་བག་ཏུ་གྱུར་པ་དང་བསྐུལ་བ་དང་། བཙན་དམར་པོ་ཡོད་པ་དང་། ན་བ་ལ་སོགས་པའི་ཟུག་རྔུ་ཡོད་
པར་ཤེས་པར་བྱའོ། །ཉ་དང་རུས་ཚིགས་ནང་གྲོལ་གྱི། །ཟུག་རྔུའང་དེ་བཞིན་ཤེས་པར་བྱ། །ཞེས་བྱ་བ་ལ། ཉ་དང་རུས་པའི་ཚིགས་ལ་གནས་པ་དང་། ནང་གྲོལ་ན་གནས་པའི་ཟུག་རྔུ་ནི་སློན་སྨན་ལ་སོགས་པའི་སྦྱང་བས་སྐེམས་པོར་བྱས་ཏེ། ལྷོངས་པར་གྱུར་པ་
เล่ม ๒๐๐ · หน้า 280b
པ་དང་། བསྒུལ་བ་དང་། བཙན་པ་ལ་སོགས་པས་ན་བར་གྱུར་པ་གང་ན་ཡོད་པ་དེ་ན་ཟུག་རྔུ་ཡོད་པར་ཤེས་པར་བྱའོ། །ཤ་ལ་ཟུག་རྔུ་དང་འདྲ་བར་ཤེས་པར་བྱ་སྟེ། རུས་པ་ཟུག་རྔུས་མ་རུངས་འགྱུར། །རུས་པ་བསྐུ་དང་དུགས་བྱ་ཞིང་། །མཉེ་དང་བཙིར་ལས་ཤེས་པར་
བྱ། །ཞེས་བྱ་བ་ལ། རུས་པའི་ནང་དུ་ལུས་པའི་མཚོན་མི་མངོན་པར་གྱུར་པ་ནི། རུས་པ་མ་རུངས་ཤིང་མདོག་ཉམས་པ་དང་། རུས་པ་བསྐུ་བ་ལ་སོགས་པ་བྱ་བ་ན་གནོད་པ་ཡོད་པ་ལས་ཤེས་པར་བྱའོ། །རུས་ཚིགས་གནས་པ་རུས་འདྲ་དང་། །བརྐྱང་དང་བསྐུམ་པས་
ཤེས་པར་བྱ། །ཞེས་བྱ་བ་ལ། རུས་པའི་ཚིགས་ལ་གནས་པའི་ཟུག་རྔུ་མི་མངོན་པ་ནི། རུས་པ་དང་འདྲ་བར་བསྐུ་བ་དང་། དུགས་བྱ་བ་ལ་སོགས་པས་ཤེས་པར་བྱ་བ་དང་། བརྐྱང་བ་དང་། བསྐུམ་བའི་བསྒུལ་བསྐྱོད་ལས་ཤེས་པར་བྱའོ། །ཆུ་བ་རྩ་དང་རྩ་ཆེན་
སྦུབས། །ཟུག་རྔུ་མི་མཉམ་ལ་མ་འགྲོ་དང་། །ཤིང་རྟ་ཆག་པའི་རྟ་དང་ནི། །ལྡན་པར་ནད་པ་བསྐྱོན་ནས་སུ། །མྱུར་དུ་དྲངས་ནས་དེ་ནས་ནི། །བསྐྱོད་པས་ཟུག་རྔུ་ཤེས་པར་བྱ། །ཞེས་བྱ་བ་ལ། ཆུ་བ་ལ་སོགས་པར་ནུབ་ཅིང་མི་མངོན་པའི་ཟུག་རྔུ་ནི། མི་མཉམ་
པའི་ལམ་ནི་ལམ་མཐོ་དམའ་ཅན་དུ་ཤིང་རྟ་འཁོར་ལོ་ཆག་པ། རྟས་དྲངས་པ་ལ་བསྐྱོན་ནས་དེའི་འོག་ཏུ་མྱུར་དུ་དྲངས་ཏེ། གནས་གཞན་དུ་བསྐྱོད་པས། དེ་ནས་བསྐྱོད་པ་དེས་རྩ་དམར་བ་དང་། རྩ་བ་ལ་སོགས་པ་ནས། ཟུག་རྔུ་གང་ན་ཡོད་པ་ཤེས་པར་བྱ་ཞིང་བརྟག་པར་བྱའོ། །
གནད་ཟུག་ལོགས་ཤིག་མ་བཤད་དེ། །དེ་རྣམས་ཤ་སོགས་ལ་གནས་ཡིན། །ཞེས་བྱ་བ་ལ། གནད་དུ་ཟུག་ཅིང་མི་སྣང་བར་གྱུར་པའི་ཟུག་རྔུའི་མཚན་ཉིད་ནི་ལོགས་ཤིག་ཏུ་མ་བཤད་དེ། དེ་རྣམས་ནི་ཤ་ལ་སོགས་པ་ཉིད་ལ་གནས་པར་སྔར་བཤད་པས་ལོགས་ཤིག་
ཏུ་དགར་མེད་དོ། །སྤྱིར་ནི་ཟུག་རྔུར་བཅས་བསྐྱོད་པའི། །བྱ་བས་ནད་བཅས་ལས་ཤེས་བྱ། །ཞེས་བྱ་བ་ལ། སྤྱིར་ན་ལུས་ཀྱི་ཕྱོགས་གང་ན་ཟུག་རྔུ་ཡོད་ཅིང་ནང་ན་མཚོན་ལུས་པ་དང་བཅས་པ་ནི་བསྐྱོད་པའི་བྱ་བས་ཤེས་པ་གླང་པོ་ཆེའི་རྒྱབ་དང་། རྟ་ལ་བསྐྱོན་
เล่ม ๒๐๐ · หน้า 281a
པ་དང་། ཤིང་ལ་འཛེག་པ་དང་། རྟ་རྒྱུག་པ་དང་། མྱུར་བ་དང་། མདའ་འཕེན་པ་དང་། གླལ་དང་། སྦྲིད་པ་དང་། སྒྲེགས་པ་དང་། ལུད་པ་ལུ་བ་དང་། མཆིལ་མ་དྲག་ཏུ་འདོར་བ་དང་། དགོད་པ་དང་། དབུགས་རྔུབ་པ་དང་།
འབྱུང་བ་དང་ན་བ་དང་བཅས་པ་ལས་ཤེས་པར་བྱའོ། །མདོར་ན་ཟླུམ་དང་གྱེས་པ་དང་། །ཟུར་བཞི་པ་དང་ཟུར་གསུམ་པའི། །རྨ་ཡི་དབྱིབས་ལས་ཟུག་རྔུ་ནི། །མི་མངོན་རྣམ་པར་ཤེས་པར་བྱ། །ཞེས་བྱ་བ་ལ། མདོར་བསྡུ་ན། མི་མངོན་པའི་ཟུག་རྔུ་བརྟག་
ཅེས་བྱ་བའི་ཐབས་ནི། རྨའི་ཁ་ཟླུམ་པ་དང་། གྱེས་ཤིང་ངོས་གཉིས་ཐ་དད་པར་བྱེ་བ་དང་། ཟུར་བཞིར་གནས་པ་དང་། ཟུར་གསུམ་པར་གནས་པའི་རྨའི་དབྱིབས་ལས་ཟུག་རྔུའི་དབྱིབས་དང་། རྣམ་པར་མི་མངོན་པ་དག་ཤེས་པར་བྱ་ཞིང་རྟོགས་པར་བྱའོ། །དེ་
རྣམས་དབྱུང་བའི་ཐབས་གྱུར་གཉིས། ཕྱིར་དྲང་བ་དང་མདུན་ནས་དྲང་། །ཞེས་བྱ་བ་ལ། ཟུག་རྔུ་སྟེ་ཐམས་ཅད་དབྱུང་བའི་ཐབས་ནི་གཉིས་ཁོ་ན་སྟེ། ཕྱིར་དྲང་བ་དང་མདུན་ནས་དྲང་བའོ། །རྩེ་ནས་དྲང་དང་རྩ་ནས་དྲང་། །དེ་ལས་བཟློག་པས་དབྱུང་བར་བྱ། །ཞེས་
བྱ་བ་ལ། དེ་གཉིས་ལས་བཟློག་པའི་ཐབས་ཡིན་པས་ན། གོ་བཟློག་པའི་ཚུལ་གྱིས་དབྱུང་བར་བྱའོ། །དེ་བས་ན་སྣ་ནས་དྲང་བ་དང་རྩེ་མོ་ནས་དྲང་བའི་ཐབས་གཉིས་ཀྱིས་དྲང་བར་བྱ་བ་ཡིན་ཏེ། མདུན་ནས་དྲང་བ་ནི་རྩ་བ་ནས་དྲང་བར་བྱའོ། །དེ་ཡང་དེ་བཞིན་དུ་ཐུར་
དུ་ཟུག་པའི་ཟུག་རྔུའི་རྩེ་ནས་དྲང་བར་བྱ་ལ། གྱེན་དུ་ཟུག་པ་ནི་རྩ་བ་ནས་དྲང་བར་བྱའོ། །དེ་ལྟར་ན་གཅིག་ལ་གཅིག་བཅོས་པའི་ཐབས་ཀྱིས་ཟུག་རྔུ་དབྱུང་བར་བྱ་སྟེ། །དབྱུང་སླ་གང་ན་ཡོད་དྲལ་ཏེ། །དེ་ནས་ཐད་ཀར་དྲང་བར་བྱ། །ཞེས་བྱ་བ་ལ། མཚོན་
འཕྲེད་དུ་ཟུག་པ་དག་ནི། ལུས་ཀྱི་ཕྱོགས་གང་ན་ཡོད་པར་དྲལ་ཏེ། དབྱུང་སླ་བར་བྱ་ལ་དེ་ནས་གནས་དེ་ལས་ཐད་ཀར་དྲང་ཞིང་། དེ་དབྱུང་བར་བྱའོ། །མཚོན་ནི་བྲང་དང་མཆན་ཁུང་དང་། བརླ་དྲུང་རྩིབ་ལོགས་ཟུག་པ་དང་། །མདུན་དྲང་རྩེ་མོ་མངོན་གཅད་
เล่ม ๒๐๐ · หน้า 281b
བྱ། །ཁ་ཞེང་ཆེ་དྲང་མི་བྱ་དང་། །ཞེས་བྱ་བ་ལ། ཟུག་རྔུ་བྲང་ན་གནས་ཤིང་ཟུག་པ་དང་། དེ་བཞིན་དུ་མཆན་ཁུང་དང་། བརླ་དྲུང་ན་གནས་པ་དང་། རྩིབ་ལོགས་སུ་ཟུག་པ་རྣམས་སྟོབས་ཀྱིས་དབྱུང་བར་བྱའོ། །དེ་བཞིན་དུ་མདུན་ནས་དྲང་བར་མི་བྱའི་ཕྱིར་དྲང་
བར་བྱ་བ་དང་། རྩེ་མོ་འབུར་འབུར་པོར་ཕྱིར་མངོན་པ་དང་། ཁ་གཅད་པར་བྱ་བ་དང་། ཁ་ཞེང་ཆེ་བ་གང་ཡིན་པ་དེ་ནི་སྟོབས་ཀྱིས་དྲང་བར་མི་བྱའོ། །ཟུག་རྔུར་མ་གྱུར་མདེའུ་དང་། །མི་མངོན་གནོད་མེད་པ་མི་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུར་མ་གྱུར་ཅིང་གནད་དུ་མ་ཞེན་
ལ། གདེག་པ་དང་། བདར་བ་དང་། བཞག་པ་སྟེ་གནད་གསུམ་དུ་ཞུགས་པའམ། མཚོན་མི་མངོན་ཞིང་མི་སྣང་ཡང་གནོད་པ་མེད་དེ། སྐྲང་བ་དང་ན་བ་དང་རྣགས་པ་མེད་པར་གྱུར་ན། ཟུག་རྔུ་དེ་དབྱུང་བར་མི་བྱའོ། །དེ་ནས་ལག་པས་ཟིན་གྱུར་ན། ལག་པ་གཉིས་
ཀྱིས་དྲང་བར་བྱ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏེ་ཟུག་རྔུའི་རྣམ་པ་ལག་པས་ཟིན་ཅིང་གཟུང་དུ་རུང་བ་ནི། ལག་པ་གཉིས་ཀྱིས་དྲང་ཞིང་གཟུང་བར་བྱའོ། །སྣང་གཞན་སེང་གེ་ཆུ་སྲིན་དང་། །བར་མི་ཏ་ཀའི་མཆུ་ཡིས་དྲང་། །ཞེས་བྱ་བ་ལ།
ཟུག་རྔུ་གང་སྣང་བར་ཡང་གྱུར་ཅིང་སྔ་མ་ལས་གཞན་པ་སྟེ། ལག་པས་ཟིན་པར་མ་གྱུར་པ་དག་ནི། སེང་གེའི་མཆུ་འདྲ་བ་ལ་སོགས་པའི་ཆ་སྤྱད་ཀྱིས་དྲང་བར་བྱའོ། །མི་མངོན་རྨ་ཡི་དབྱིབས་ལས་ནི། །གལ་ཏེ་དབྱུང་བར་ནུས་གྱུར་པ། །ཀང་ཀ་བྲིང་ག་ཁྲུང་ཁྲུང་དང་། །
བྱ་རོག་ཤར་བྱའི་མཆུས་དྲང་། །ཞེས་བྱ་བ་ལ། གང་ཟུག་རྔུ་ཉིད་ནི་མི་མངོན་ལ། རྨ་བྱའི་དབྱིབས་ལས་ལུས་གང་ན་གང་གནས་པའི་ཕྱོགས་དེ་ལས་གལ་ཏེ་དབྱུང་དུ་རུང་ཞིང་ནུས་པ་ཡིན་ན་ལུས་ཀྱི་ཕྱོགས་དེ་ལས་ཀང་ཀ་ལ་སོགས་པའི་མཆུ་འདྲ་བའི་ཆ་སྤྱད་ཀྱིས་དྲང་བར་བྱའོ། །
པགས་སོགས་ལ་གནས་སྐམ་པས་དྲང་། །ཁོང་སྟོང་ནང་ནས་ཉ་མགོས་དབྱུང་། །ཞེས་བྱ་བ་ལ། པགས་པ་ལ་སོགས་པར་གནས་པའི་ཟུག་རྔུ་ནི། སྐམ་པ་འདྲ་བའི་ཆ་སྦྱད་གཉིས་པོས་དྲང་བར་བྱའོ། །སོགས་པའི་སྒྲས་ནི་ཤ་ལ་སོགས་པ་བསྡུའོ། །གང་ཁོང་སྟོང་གི་
เล่ม ๒๐๐ · หน้า 282a
སྦུབས་ཅན་གྱི་ནང་གི་པགས་པ་ལ་གནས་པ་ནི། ཉ་མགོ་ལྟ་བུའི་ཆ་སྤྱད་ཀྱིས་དབྱུང་བར་བྱའོ། །སྦུ་གུར་གནས་པ་འདམ་བུ་འདྲས། །ཞེས་བྱ་བ་ལ། བུ་གའི་ཕྱོགས་སུ་གནས་པའི་ཟུག་རྔུ་ནི་འདམ་བུ་འདྲ་བའི་ཆ་སྤྱད་ཀྱིས་དབྱུང་བར་བྱའོ། །
ལྷག་མ་གཞན་གྱིས་ཅི་རིགས་དྲང་། །ཞེས་བྱ་བ་ལ། ཟུག་རྔུ་ལྷག་མ་སྔ་མ་དེ་དག་གིས་དབྱུང་བར་མི་ནུས་པ་དེ་དག་ནི་ཆ་སྤྱད་གཞན་འདིར་སྨོས་པ་དང་། མ་སྨོས་པའི་ཐུར་མ་ལ་སོགས་པས་ཅི་རིགས་པར་དྲང་བར་བྱ་སྟེ། གང་ཞིག་གང་དང་འཚམ་པ་དེས་དེ་
དབྱུང་བར་བྱའོ། །ཡང་ན་དང་པོར་མཚོན་གྱིས་དྲལ། །ཞེས་བྱ་བ་ལ། དེ་ལྟ་ན་ཡང་རང་དྲང་བར་མ་ནུས་ན་གཙགས་སྤྱད་ཀྱིས་དྲང་པོར་དྲལ་ཞིང་ཤ་ལ་སོགས་པ་བཅད་དེ། དེའི་འོག་ཏུ་དབྱུང་བར་བྱའོ། །དེ་ནས་རྨ་ཡི་ཁྲག་བསལ་བ། །བྱས་ལ་མར་གྱིས་
དུགས་བྱ་ཞིང་། །བཅིངས་ཏེ་སྤྱོད་པ་བསྟེན་པར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་ལུས་ཀྱི་ཕྱོགས་ལ་ཟུག་རྔུ་ཕྱུང་ཟིན་པ་དང་། རྨའི་ཁའི་ཁྲག་བསལ་ཞིང་ཕྱིས་ལ་མར་གྱིས་རྨ་ལེགས་པར་དུགས་བྱ་ཞིང་བཅིངས་ཏེ། དེའི་འོག་ཏུ་སྤྱོད་པ་སྔར་སྣུམ་གྱི་ཆོ་གའི་
སྐབས་སུ་བཤད་པའི་ཁ་ཟས་དང་། སྤྱོད་ལམ་དག་བསྟེན་པར་བྱའོ། །རྩ་དང་ཆུ་བར་མཚོན་ལུས་པ། །ཐུར་མས་བསྐྱོད་དེ་དབྱུང་བར་བྱ། །ཞེས་བྱ་བ་ལ། རྩ་དང་ཆུ་བར་ཞེན་ཅིང་ཆགས་པའི་མཚོན་ལུས་པའི་ཟུག་རྔུ་ནི། དང་པོར་ཐུར་མས་བསྐྱོད་ཅིང་བསྐུལ་ལ། དེའི་
འོག་ཏུ་དབྱུང་བར་བྱའོ། །སྙིང་གར་གནས་པའི་ཟུག་རྔུ་ནི། །ཆུ་གྲང་གཏོར་བས་སྔངས་བྱས་ལ། །གནས་གཞན་ཕྱིན་ཅིང་འཕགས་གྱུར་ན། །ཅི་རིགས་པར་ནི་དབྱུང་བར་བྱ། །ཞེས་བྱ་བ་ལ། སྙིང་གའི་ཕྱོགས་སུ་གནས་པའི་མཚོན་གྱི་ཟུག་རྔུ་ནི་དང་པོར་ཆུ་གྲང་མོ་
གཏོར་ཞིང་བཏབ་པས་སྔངས་ཤིང་སྐྲག་པར་བྱས་ལ། སྔངས་པས་དེ་གནས་གཞན་དུ་འཆུགས་ཤིང་། འཕགས་པར་གྱུར་ན་ཅི་རིགས་པར་དབྱུང་བར་བྱ་སྟེ། ཆ་སྤྱད་གང་འཚམ་པས་དབྱུང་ངོ་ཞེས་བྱ་བའི་དོན་ཏོ། །རྨ་ཡི་སྒོ་ནས་དབྱུང་དཀའ་བ། །གཞན་དག་ལ་ཡང་དེ་བཞིན་
เล่ม ๒๐๐ · หน้า 282b
བྱ། །ཞེས་བྱ་བ་ལ། མཚོན་དང་པོ་གང་དུ་ཟུག་པའི་རྨའི་སྒོ་ནས་དབྱུང་ཞིང་གདོན་པར་དཀའ་བ་གཞན་དག་ལ་ཡང་ཟུག་རྔུ་དེ་གནས་གཞན་དུ་བསྐྱོད་ལ་དྲལ་ཏེ། དབྱུང་བར་བྱའོ། །རུས་པར་ཟུག་ལ་རྐང་པ་ནི། །གཉིས་ཀྱིས་མནན་ལ་དྲང་བར་བྱ། །ཞེས་བྱ་
བ་ལ། ཟུག་རྔུ་གང་ཞིག་རུས་པར་ཟུག་པར་གྱུར་པའི་མི་ཟུག་རྔུ་ཅན་དེ་རྐང་པ་གཉིས་ཀྱིས་མནན་ལ། ཟུག་རྔུ་དེ་ཆ་སྤྱད་ཀྱིས་དྲང་ཞིང་གདོན་པར་བྱའོ། །དེ་ལྟར་མ་ནུས་སྟོབས་ཆེ་བའི། །གཡོག་གིས་དམ་དུ་བཟུང་སྟེ་དབྱུང་། །ཞེས་བྱ་བ་ལ། དེ་ལྟར་རྣམ་པ་དེས་
ཟུག་རྔུ་དབྱུང་བ་མ་ནུས་ན་ཤིན་ཏུ་སྟོབས་ཆེ་ཞིང་ནུས་པ་དང་ལྡན་པའི་གཡོག་བསྒོ་བ་བཞིན་དུ་བྱེད་པས་ཆ་སྤྱད་ཀྱིས་ཤིན་ཏུ་དམ་དུ་བཟུང་སྟེ་དབྱུང་བར་བྱའོ། །འོན་ཀྱང་མ་ནུས་མདེའུའི་རྩ། །བཀུག་ལ་གཞུ་རྒྱུད་དམ་བཏགས་ལ། །རྟ་སྲབ་ཀྱི་ནི་ཁ་ལྕགས་མཐར། །མ་
ཡེངས་པ་ཡིས་དམ་བཏགས་ཏེ། །ཡན་ལག་ལྔ་པོ་ལེགས་བསྡམས་ནས། །རྟ་ནི་ལྕག་གིས་གཞུས་ནས་སུ། །བརྡེག་ཅིང་མགོ་བོ་བཏེག་ནས་ནི། །ཤུགས་ཀྱིས་ཅི་བཞིན་བསྟོད་ནས་ནི། །དེ་ལྟར་ཟུག་རྔུ་དབྱུང་བའམ། །ཞེས་བྱ་བ་ལ། དེ་ལྟ་ན་ཡང་ཟུག་
རྔུ་དབྱུང་བར་མ་ནུས་ན། མདེའུའི་རྩ་བ་དམ་དུ་བཀུག་ལ། གཞུ་རྒྱུད་ཀྱི་ཕྱོགས་གཅིག་ལ་དམ་དུ་བཏགས་ཤིང་བཅིངས་ཏེ། གཞུ་རྒྱུད་ཀྱི་ཕྱོགས་གཅིག་རྟ་སྲབ་ཀྱི་ཁ་ལྕགས་ཀྱི་ཡང་མིག་ལ་སྨན་པས་གཞན་དུ་མ་ཡེངས་པར་དམ་དུ་བཏགས་ཏེ། རྟའི་ཡན་ལག་ལྔ་པོ་
ལེགས་པར་བསྡམས་ཤིང་དུལ་བར་བྱས་ཤིང་དེའི་འོག་ཏུ་རྟ་ལྕག་གིས་གཞུས་ན། ཅི་ནས་ཀྱང་མགོ་དྲག་ཏུ་བཏེག་པའི་ཤུགས་ཀྱིས་ཟུག་རྔུ་འབྱིན་པར་ནུས་པ་དེ་ལྟར་བྱའོ། །ཡང་ན་ཤིང་གི་ཡལ་གར་གདགས། །ཞེས་བྱ་བ་ལ། ཡང་ན་རྣམ་པ་གོང་མ་ལྟར་གཞུ་རྒྱུད་
ཀྱི་རྩེ་མོ་གཅིག་མདེའུ་ལ་བརྟོད་དེ། རྩེ་མོ་གཅིག་ཤིང་གི་ཡལ་ག་བཏུད་པ་ལ་བརྟོད་དེ། བཏང་བས་ཟུག་རྔུ་དབྱུང་བར་བྱའོ། །མདེའུ་རྩ་ཕྲ་བར་སྲད་བུ་དག །བཏགས་ཏེ་ཟུག་རྔུ་དབྱུང་བར་བྱ། །ཞེས་བྱ་བ་ལ། ཟུག་རྔུ་གང་གིས་མདེའུ་རྩ་བ་ཕྲ་ཞིང་ཆད་པར་
เล่ม ๒๐๐ · หน้า 283a
གྱུར་དུ་དོགས་པ་ཡིན་ན་སྲང་བུ་ཕྲ་མོ་བཏགས་ཏེ་དབྱུང་བར་བྱའོ། །རྨ་སྐྲངས་མདེའུ་རྩ་མི་སྣང་ན། །སྐྲངས་པ་ལེགས་པར་བཙིར་ནས་དབྱུང་། །ཞེས་བྱ་བ་ལ། རྨ་ཡི་ཁ་སྐྲངས་པས་ཟུག་རྔུའི་མདེའུ་རྩ་བ་མི་སྣང་བར་གྱུར་ན། སྐྲངས་པ་དེ་ལེགས་
པར་བཙིར་ཞིང་མནན་ནས་དབྱུང་བར་བྱའོ། །དོང་བུ་ཐོ་བས་བརྡུངས་པ་ཡིས། །མཐོ་ཞིང་སྣང་བར་གྱུར་ན་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུ་མཐོ་ཞིང་འཕགས་པར་སྣང་བར་གྱུར་ན་ཆ་སྤྱད་དོང་བུ་ཞེས་བྱ་བ་ཐོ་བས་བརྡུང་པས་དབྱུང་བར་བྱའོ། །ལམ་མ་ཡིན་པར་བྱུང་བ་གང་། །
དེ་ཉིད་ཀྱིས་ནི་རྨར་དབྱུང་བྱ། །ཞེས་བྱ་བ་ལ། ཐོ་བ་དེ་ཉིད་ཀྱིས་ཟུག་རྔུ་བསྐྱོད་ལ། ལམ་མ་ཡིན་པ་ལས་རང་གི་རྒྱུ་བའི་ལམ་རྨའི་སྒོ་དང་ཉེ་བར་དྲངས་ལ། དེའི་འོག་ཏུ་ལམ་ཇི་ལྟ་བ་ལས་དབྱུང་བར་བྱའོ། །མདེའུ་ཟུར་བཅུམ་སྟེ་དབྱུང་བ་འམ། །དོང་བུའི་ཁ་ཡིས་དབྱུང་བར་བྱ། །
ཞེས་བྱ་བ་ལ། མདེའུ་ཟུག་རྔུའི་ཟུར་ཅན་ནམ་རྣ་བ་ཅན་ཡོད་ན་རྣ་བ་དེ་བཅུམ་ཞིང་བསྡུས་ལ། ལྷོད་པར་བྱས་ཏེ། དབྱུང་བའམ་དོང་བུའི་ཁས་ལེགས་པར་དབྱུང་བར་བྱའོ། །རྣ་བ་མེད་ཅིང་རྨ་ཁ་དབྱེ། །དྲང་འདུག་ཁབ་ལོང་བསྟན་པས་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུའི་
མདེའུ་རྣ་བ་མེད་པ་དང་། རྨ་ཁ་བྱེ་ཞིང་ཕྱེ་བ་དང་། དྲང་པོར་འདུག་ཅིང་ཐད་ཀར་གནས་པ་དག་ནི། ཁབ་ལོང་ཞེས་བྱ་བའི་ནོར་བུའི་ཁྱད་པར་བསྟེན་པས་དབྱུང་བར་བྱའོ། །ཞུ་བའི་གནས་སོང་ཟུག་རྔུ་ནི། བཀྲུ་སྨན་ཉིད་ཀྱིས་དབྱུང་བར་བྱ། །ཞེས་བྱ་བ་ལ། ཞུ་བའི་
གནས་ལོང་ཁ་ཆད་ཀྱི་ནང་དུ་ཞུགས་པའི་ཟུག་རྔུ་ཕྲ་མོ་ནི་བཀྲུ་སྨན་བཏང་བ་ཉིད་ཀྱིས་དབྱུང་བར་བྱའོ། །རླུང་གནོད་དུག་དང་ནུ་ཞོ་དང་། །ཁྲག་དང་ཆུས་གནོད་གཞིབས་པས་བསལ། །ཞེས་བྱ་བ་ལ། རླུང་གནོད་པ་བསྐྱེད་པ་ལ་སོགས་པ་དག་ནི་ཟུག་རྔུ་དང་འདྲ་བར་ལུས་ལ་གནོད་
པར་བྱེད་པ་ཡིན་ལ། དེ་ནི་གཞིབས་པས་བསལ་ཞིང་གདོན་པར་བྱའོ། །གྲེ་བའི་ནང་ཞུགས་ཟུག་རྔུ་ལ། །སྐུད་པ་གྲེ་བར་གཞུག་བྱ་སྟེ། །པདྨའི་རྩ་བར་སྐུད་པ་གདགས། །པད་རྩ་ཟུག་རྔུ་ལྷན་ཅིག་དྲང་། །ཞེས་བྱ་བ་ལ། གྲེ་བའི་སྦུབས་ཀྱི་ནང་དུ་ཟུག་ཅིང་དེར་ཞུགས་
เล่ม ๒๐๐ · หน้า 283b
པའི་ཟུག་རྔུ་ནི། སྲིན་བལ་ལ་སོགས་པའི་སྐུད་པ་གཞུག་པར་བྱ་ལ། དེ་ཡང་པདྨའི་རྩ་བ་ལ་སྐུད་པ་བཏགས་ཏེ་བཏང་ལ་དེའི་འོག་ཏུ་པདྨའི་རྩ་བ་དང་ཟུག་རྔུ་ལྷན་ཅིག་དྲང་བར་བྱའོ། །ལྕགས་བསྲེགས་མིག་ཆུར་བཅུག་པ་ཡི། །ལྕགས་ཐུར་བརྟན་པོར་བྱས་ནས་ནི། །རྒྱ་སྐྱེགས་ཅན་
ནམ་རྒྱ་སྐྱེགས་མེད། །རྒྱ་སྐྱེགས་ཀྱིས་བསྒོས་ཟུག་རྔུ་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུ་རྒྱ་སྐྱེགས་ཅན་དག་གྲེ་བའི་སྦུབས་ལས་གདོན་པའི་ཐབས་ནི། ཆ་སྤྱད་སྦུབས་ཅན་གྲེ་བར་བཅུག་ལ། གྲེ་བའི་ཚིགས་པ་བསྲུང་བར་བྱ་བའི་ཕྱིར། ཆུ་བསིལ་མོ་ལྕགས་བསྲེགས་པའི་
ཐུར་མ་ལ་བླུགས་པས་དེ་གདོན་པར་བྱའོ། །རྒྱ་སྐྱེགས་མེད་པའི་ཟུག་རྔུ་ཡང་ལྕགས་བསྲེགས་པའི་ཐུར་མའི་རྩེ་རྒྱ་སྐྱེགས་ཀྱིས་བསྒོས་པའི་སྨྱིག་མའམ། དོང་བུར་བཅུག་སྟེ་ཆུས་བཏབ་པས་དབྱུང་བར་བྱའོ། །སྐྲ་ཤད་འཛིངས་པ་འཐུངས་པ་དང་། །གཤེར་བས་ཚེར་མ་ཟུག་
པ་གདོན། །འཕྲལ་དུ་སྲད་བུ་ཐོགས་པ་ཡིས། །སློན་པར་བྱའོ་དེས་ཅིག་ཤོས། །ཞེས་བྱ་བ་ལ། སྐྲའི་ཚོགས་བསྡུས་པའི་གོང་བུ་ནི་སྐྲ་ཤད་འཛིངས་པ་ཞེས་བྱ་ལ་དེ་འཐུངས་པ་དང་། གཤེར་བའི་རྩྭས་ཆུ་ལ་སོགས་པའི་ཚེར་མ་སྟེ། ཉ་རུས་སམ། གཞན་ཡང་དེ་
ལྟ་བུའི་རུས་པའི་ཟུག་རྔུ་དབྱུང་ཞིང་གདོན་པར་བྱའོ། །དེ་ཡང་འཕྲལ་དུ་སྟེ། དེའི་མོད་སྲད་བུ་ལ་ཟུག་རྔུ་ཐོགས་པར་གྱུར་པས་དེ་སློན་པར་བྱ་ཞིང་། སྲད་བུའི་ཕྱོགས་གཅིག་ཏུ་ཟུག་རྔུ་འབྱར་བ་དེ་དྲང་བར་བྱའོ། །ཡང་ཚེར་མ་དེས་ནི་ཅིག་ཤོས་ཏེ། སྐྲ་ཤད་དེ་དྲང་བར་བྱ་སྟེ།
སྲད་བུ་བཏགས་ཤིང་གཤེར་བག་འཐུངས་པས་སློན་པར་བྱའོ། །ཁ་སྣར་དྲང་བར་མ་ནུས་ན། གཞན་དུ་ཐུར་དུ་མིད་པར་བྱ། །ཞེས་བྱ་བ་ལ། གལ་ཏེ་ཁ་སྣར་གྱེན་དུ་ཟུག་རྔུ་དྲང་བར་མ་ནུས་ན། གཞན་དུ་ན་ཐུར་དུ་མིད་ཅིང་ནང་དུ་དྲང་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །
ཟས་ཀྱིས་བརྣངས་པའི་ཟུག་རྔུ་ནི། །ཆུ་བཏུང་ཕྲག་པར་བརྡེགས་པས་གཞུག །ཅེས་བྱ་བ་ལ། ཟས་ཀྱིས་བརྣངས་ཤིང་ལྐོག་མར་ཆགས་པའི་ཁ་ཟས་ཉིད་ནི་ཟུག་རྔུ་འབྱེད་བསད་པས་ཟུག་རྔུ་ཞེས་བྱ་ལ། དེ་ནི་ཆུ་བཏུང་བར་ཕྲག་པར་ཁུ་ཚུར་བརྡེག་པས་ནང་དུ་ཞུགས་པར་བྱའོ། །
เล่ม ๒๐๐ · หน้า 284a
མིག་གི་རྨ་ཡི་ཟུག་རྔུ་ཕྲ། དར་རམ་བལ་ལམ་ཆུ་ཡིས་བསལ། །ཞེས་བྱ་བ་ལ། མིག་གི་རྨའི་ཟུག་རྔུ་ཕྲ་མོ་ནི། དར་ལ་སོགས་པ་གསུམ་གྱིས་བསལ་ཞིང་གདོན་པར་བྱའོ། །མི་ནི་ཆུས་གང་ཁ་སྦུབ་སྟེ། །སྤྲུགས་པའམ་བརྐྱང་ལ་བཙིར་སློན་བའམ། །
ཐལ་ཁུང་བརྐོས་ཏེ་མི་ཡི་ནི། །སྐེ་ཡི་བར་དུ་ནུབ་པར་གཞུག །ཅེས་བྱ་བ་ལ། མི་ཆུས་ཁྱེར་བའམ། །ཆུར་ལྷུང་པའི་ཚེ་ནང་དུ་ཆུས་གང་བར་གྱུར་ན། ཁ་སྦུབ་སྟེ་ལེགས་པར་སྤྲུགས་པའམ། དེ་བཞིན་དུ་ཡང་ཁ་སྦུབ་སྟེ་བརྐྱང་ལ་བཙིར་བའམ། སློན་སྨན་གྱིས་སྐྱུག་ཏུ་
གཞུག་གོ། །རྣ་བ་ཆུས་གང་ལག་པ་ཡིས། །མཉེས་ལ་ཏིལ་མར་རྒྱུན་བླུགས་ལ། །རྣ་བ་ཐུར་དུ་བསྟན་ནས་ནི། །བརྡབས་པའམ་ཡང་ན་བརྔུབ་པར་བྱ། །ཞེས་བྱ་བ་ལ། རྣ་བ་ཆུས་གང་བར་གྱུར་ན། ལག་པས་ལེགས་པར་མཉེས་ལ། ཏིལ་མར་གྱི་རྒྱུན་བླུགས་པ་དང་།
དེ་བཞིན་དུ་རྣ་བ་ཐུར་དུ་བསྟན་ནས་ལག་པས་བརྡབས་པའམ། བརྔུབ་ཅིང་གཞིབ་པར་བྱའོ། །རྣ་བའི་ནང་དུ་འབུ་ཞུགས་ན། །རྣ་བ་ཚྭ་ཆུས་བཀང་བའམ། །ཚྭ་ཆུ་དྲོ་འཇམ་ཉིད་ཀྱིས་དགང་། །ཤི་ནས་འབུ་རོ་དབྱུང་ཐབས་བྱ། །ཞེས་བྱ་བ་ལ། རྣ་
བའི་བུ་གའི་ནང་དུ་རྐང་བརྒྱད་པ་ལ་སོགས་པའི་འབུ་ཞུགས་ན་རྣ་བ་ཆུ་ཚན་གྱི་ཆུས་དགང་བའམ། ཚྭ་ཆུ་དྲོ་འཇམ་དག་གིས་ཀྱང་དགང་བར་བྱ་སྟེ། དོན་དུ་ཚྭ་ཆུའམ། ཚྭ་ཆུ་དྲོ་འཇམ་དུ་བསྲོས་པས་རྣ་བ་དགང་བར་བྱའོ། །གལ་ཏེ་འབུ་རོ་དབྱུང་བའི་ཐབས་རྣ་སྤབས་བསལ་བ་ལ་
སོགས་པའི་ཆོ་ག་འོག་ནས་སྨོས་པ་དག་བྱའོ། །རྒྱ་སྐྱེགས་ཅན་དང་གསེར་དངུལ་སོགས། །འབྱུང་ཁུངས་ལས་བྱུང་ཡུན་རིངས་གནས། །མཚོན་ནི་ཕལ་ཆེར་ལུས་ཀྱི་མེ། །དྲོད་ཀྱིས་འཇུ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཟུག་རྔུ་རྒྱ་སྐྱེགས་ཅན་དང་། གསེར་དངུལ་གྱི་
རང་བཞིན་ཅན་ལ་སོགས་པ་འབྱུང་ཁུངས་ལས་བྱུང་བའི་མཚོན་ནི། ལུས་ཀྱི་མེ་དྲོད་ཀྱིས་འཇུ་བར་ནུས་པས་ཡུན་རིང་དུ་གནས་ན། མཚོན་དེ་དག་འཇུ་བར་འགྱུར་བ་ཡིན་ནོ། །ས་དང་འོད་མ་ཤིང་རྭ་རུས། །སོ་དང་སྐྲ་དང་རྡོ་བ་འཇུ། །ཞེས་བྱ་བ་ལ། ས་ལ་སོགས་པའི་
เล่ม ๒๐๐ · หน้า 284b
ཟུག་རྔུ་དག་ཀྱང་ལུས་ཀྱི་མེ་དྲོད་ཀྱིས་འཇུ་བར་ནུས་པ་ཡིན་ནོ། །རྭ་དང་འོད་ཚལ་ལྕགས་ཏ་ལ། །ཤིང་ཚལ་ཟུག་རྔུ་རིང་པོས་ཀྱང་། །ཕལ་ཆེར་དེ་དག་ཚོས་འགྱུར་ལ། །ཁྲག་དང་ཤ་ཡིས་ཚོས་པར་བྱེད། །ཅེས་བྱ་བ་ལ། རྭའི་ཟུག་རྔུ་དང་འོད་མའི་ཟུག་རྔུ་དང་ཤིང་གི་ཟུག་རྔུ་ཕལ་ཆེ་བ་
དག་ཀྱང་ལུས་ཀྱི་མེས་ཚོས་ཤིང་འདྲུལ་བར་འགྱུར་རོ། །དེ་དག་ཀྱང་ཤ་དང་ཁྲག་གིས་ཚོས་ཤིང་འཇུ་བར་བྱེད་དོ། །ཟུག་རྔུ་ཤ་ཡི་གཏིང་དུ་ཟུག །ཕྱོགས་དེ་ཚ་བའམ་མེད་གྱུར་ན། །དེ་ནས་དེ་ནི་སྣང་བྱའི་ཕྱིར། །མཉེ་དུགས་སྦྱང་དང་ཤ་འབྲི་བརྟ། །སྨན་རྣོན་བཅིངས་དང་ཟས་སྐོམ་སྦྱིན། །
མཚོན་གྱིས་གདབ་ཅིང་གཙགས་པ་ཡིས། །སྨིན་པར་བྱས་ནས་རྨ་དབྲལ་དང་། །བཙལ་དང་ཕྱེ་བས་ཟུག་རྔུ་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུའི་རྣམ་པ་ཤའི་གཏིང་དུ་ཟུག་ཅིང་ནང་དུ་ཟུག་པ་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་དེ་ཚ་ཞིང་ཚོས་པར་འགྱུར་ཏེ། དེར་གནས་པའི་ཟུག་རྔུ་སྟེ་མཉེ་
བ་ལ་སོགས་པའི་ཐབས་ཀྱིས་སྨིན་པར་བྱས་ནས་དབྱུང་བར་མི་བྱའོ། །མཉེ་བ་ནི་ལག་པས་མཉེ་བའོ། །བཀྲུ་སྣན་དང་སློན་སྨན་ལ་སོགས་པས་སྦྱང་བ་དང་། སྨྱུང་བ་ལ་སོགས་པས་ཤ་དབྲི་བ་དང་། ཤ་དབྲི་ཐབས་ལ་སོགས་པས་བརྟ་བ་དང་། སྨན་ཚ་ཞིང་རྣོ་བས་བཅིང་བ་དང་། ཟས་
སྐོམ་རྣོན་པོ་སྦྱིན་པ་དང་། མཚོན་གྱིས་བཏབ་ཅིང་གཙགས་པས་སྣང་བར་བྱས་ནས་དང་པོ་ཐབས་དེ་བཞིན་དུ་དེ་དག་གིས་སྨིན་པར་བྱས་ལ། དེའི་འོག་ཏུ་རྨ་འདྲལ་བ་དང་། ཆུ་ཚོལ་གྱིས་བཙལ་བ་དང་། དབྱེ་ཞིང་གཤགས་པས་ཟུག་རྔུ་དེ་དབྱུང་བར་བྱའོ། །ཟུག་རྔུའི་གནས་དང་
ཆ་སྤྱད་ཀྱི། །ཚུལ་ནི་མང་པོས་ལེགས་བརྟགས་ཏེ། །བློ་ལྡན་ཐབས་ནི་དེ་དང་དེས། །ཤེས་པར་བྱས་ལ་ཟུག་རྔུ་དབྱུང་། །ཞེས་བྱ་བ་ལ། ཟུག་རྔུ་དེ་རྭ་དང་འོད་མ་ལ་སོགས་པ་གནས་ཏེ། ཟུག་པའི་གནས་པགས་པ་དང་། ཤ་ལ་སོགས་པ་དང་ཆ་སྤྱད་ཅེས་ཆ་སྤྱད་བཀྲ་
ཤིས་ལ་སོགས་པ་དེ་རྣམས་ཀྱི་ཚུལ་མང་པོའམ། རྣམ་པ་སྣ་ཚོགས་པས་ལེགས་པར་བརྟགས་ཏེ་ཤེས་པར་བྱས་ལ་བློ་དང་ལྡན་པའི་མཁས་པས་འདིར་བཤད་པ་དང་། མ་བཤད་པའི་ཐབས་དང་དེའི་བྱེ་བྲག་ཤེས་པར་བྱས་ལ། ཟུག་རྔུའི་རྣམ་པ་ཡང་ཇི་ལྟར་གནས་པ་ཤེས་པར་བྱ་
เล่ม ๒๐๐ · หน้า 285a
བ་དང་། དེ་བཞིན་དུ་དེ་དང་དེ་ཉིད་ཀྱིས་དབྱུང་ཞིང་གདོན་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། །ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་
པར་འགྲེལ་པའོ།། །།དེ་ནས་གཏར་ག་གདབ་པའི་ལས་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདིར་བཤད་པ་ནི་འདི་ཡིན་ཏེ། ཟུག་རྔུ་ལ་ལ་ནི་དབྲལ་ནས་དབྱུང་བར་བྱའོ། །ཞེས་གོང་དུ་བཤད་པས་དེའི་ཕྱིར་དེའི་འོག་ཏུ་འདི་བརྩམས་པ་ཡིན་
ནོ། །གཙགས་སྤྱད་ཀྱིས་གཏར་ག་གདབ་ཅིང་རྨའི་ལས་སུ་བྱ་བ་བྱེད་པས་ན་གཏར་ག་གདབ་པའི་ལས་ཏེ། དེའི་ཆོ་ག་ནི་འདི་དང་འདི་ལྟར་བྱའོ། །ཞེས་བྱ་བའི་ཚུལ་ཏེ་དེ་བཤད་པར་བྱའོ། །རྨ་ནི་ཕལ་ཆེར་དང་པོ་ནི། །སྐྲངས་དང་སྨིན་ལས་འབྱུང་བར་འགྱུར། །
དེ་བས་དེ་ཉིད་གསོ་བྱ་སྟེ། །དེ་བསིལ་བྱུག་བླུགས་ཁྲག་དབྱུང་དང་། །ལེགས་པར་སྦྱང་བ་ལ་སོགས་པ། །སྨིན་པར་འགྱུར་ལས་འབད་དེ་བསྲུང་། །ཞེས་བྱ་བ་ལ། རྨའི་མཚན་ཉིད་ཕལ་ཆེར་མང་དུ་དང་པོ་སྐྲངས་ཤིང་སྨིན་པ་ལས་རྨ་འབྱུང་བར་འགྱུར་རོ། །
དེ་བས་ན་སྐྲངས་པ་དེ་ཉིད་གསོ་ཞིང་ཞི་བར་བྱ་བ་དང་། སྨིན་པར་འགྱུར་བ་ལས་བསྲུང་བར་བྱ་སྟེ། ཅི་ནས་ཀྱང་སྐྲངས་པ་དེ་སྨིན་ཅིང་རྣགས་པར་མི་འགྱུར་བ་དེ་ལྟར་འབད་པ་དང་ལྡན་པས་བསྲུང་བར་བྱའོ། །དེ་ཇི་ལྟར་བསྲུང་བར་བྱ་ཞེ་ན། དེ་ནི་བསིལ་དང་ཞེས་
བྱ་བ་ལ་སོགས་པ་སྟེ། སྐྲངས་པ་དེ་ཙནྡན་གྱི་ལྡེ་གུ་ལ་སོགས་པ་བསིལ་སྨན་གྱིས་བྱུག་པ་དང་། བསིལ་སྨན་ལ་སོགས་པའི་ཆུའི་རྒྱུན་བླུགས་པ་དང་། དེ་བཞིན་དུ་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། སྐྱུགས་སྨན་དང་བཀྲུ་སྨན་ལ་སོགས་པ་བཏང་བས་ལེགས་
པར་སྦྱང་བར་བྱས་ལ། རླུང་ལ་སོགས་པའི་ནད་དམིགས་ཇི་ལྟ་བ་དང་མཐུན་པའི་གསོ་དཔྱད་ཀྱིས་སྨིན་ཅིང་རྣགས་པར་གྱུར་པ་ལས་བསྲུང་བར་བྱའོ། །ཐོར་བུ་མ་སྨིན་སྐྲངས་དྲོད་ཆུང་། །མདོག་འདྲ་སྲ་ཞིང་བརྟན་པར་གནས། །ཞེས་བྱ་བ་ལ། ཐོར་བུའམ་སྐྲངས་
เล่ม ๒๐๐ · หน้า 285b
པའི་ཚབས་ཆུང་བ་དང་། དྲོད་དམ་ཚ་བར་ཤས་ཆུང་བ་དང་། དེ་བཞིན་མདོག་ནི་འདྲ་བ་སྟེ། པགས་པའི་མདོག་མ་ཉམས་ཤིང་མཉམ་པ་དང་། སྲ་ཞིང་མཉེན་བག་མེད་པ་དང་། བརྟན་ཞིང་མི་ཡོ་བར་གནས་པ་ཡིན་ནོ། །སྨིན་ཚེ་མདོག་ནི་འགྱུར་བ་དང་། །
དམར་ཞིང་རྐྱལ་བུའི་དབྱིབས་ལྟར་འདུག །གས་པ་ལྟ་བུའི་ནད་བཅས་དང་། །ཡན་ལག་སྙོམ་ཞིང་གླལ་བཅས་དང་། །ལུས་གྲུགས་འཁྲུགས་ཚ་ཡི་ག་འཆུས། །རིམས་འདེབས་སྐོམ་དད་གཉིད་མེད་དང་། །མར་འཁྱགས་བཞག་ན་འཇུ་བ་དང་། །རྨ་ལྟར་
རེག་ན་མི་བཟོད་དོ། །ཞེས་བྱ་བ་ལ། སྐྲངས་པར་གྱུར་པ་དེ་སྨིན་པར་བྱེད་པའི་ཚེ་ནི། མདོག་འགྱུར་ཞིང་པགས་པའི་མདོག་དང་མི་འདྲ་བ་དང་། དེ་བཞིན་དུ་མདོག་རྩ་དམར་དང་། རྐྱལ་བུའི་དབྱིབས་ལྟར་འདུག་སྟེ། རླུང་གིས་ཁེངས་ཤིང་མི་འགྱུར་བར་
གནས་པས་ན་རྐྱལ་པ་བུས་པ་ལྟ་བུར་འདུག་པ་དང་དེ་བཞིན་དུ་གས་པ་ལྟ་བུ་སྟེ། བཅག་པའམ་བཀས་པ་ལྟ་བུའི་ཚུལ་དང་ལྡན་པ་དང་། ནད་དང་བཅས་པ་དེ་ཁབ་ཀྱིས་གཙགས་པ་སྙམ་དུ་སེམས་པ་དང་། དེ་བཞིན་དུ་ཡན་ལག་ཐམས་ཅད་གླལ་འབྱུང་བ་དང་བཅས་པར་
གནས་པས་ལུས་གྲུགས་ཤིང་དཀྲུམ་པ་ལྟ་བུར་སེམས་པ་དང་དེ་བཞིན་དུ་ལུས་འཁྲུགས་པ་ལ་སོགས་པ་དང་ལྡན་པ་སྟེ། འཁྲུགས་པ་ནི་ཚིག་བརྗོད་པར་མི་ནུས་པའི་ནད་ཀྱི་ཚོར་བ་རང་གི་ཉམས་ཀྱིས་མྱོང་བའི་ཚུལ་དུ་མ་དང་ལྡན་པའི་ཁམས་འཁྲུགས་པའི་ནད་འབྱུང་བའོ། །ཚ་
བ་ནི་ལུས་དང་ཡན་ལག་ཐམས་ཅད་མི་བཟད་པར་ཚ་བའོ། །ཡི་ག་འཆུས་པ་ནི་ཟས་ལ་འདོད་པ་མེད་ཅིང་། མངོན་པར་མི་དགའ་བར་འགྱུར་བ་དང་། རིམས་ཀྱིས་འདེབས་པ་དང་། སྐོམ་དད་ཀྱིས་གདུངས་པ་དང་། གཉིད་མེད་ཅིང་ཡེར་བ་སྟེ། དེ་དག་དང་ལྡན་
པར་འགྱུར་བ་དང་། དེ་བཞིན་དུ་མར་འཁྱགས་ཤིང་འཐས་པར་གྱུར་པ་དེའི་སྟེང་དུ་བཞག་ན་འཇུ་བར་འགྱུར་བ་དང་། དེ་བཞིན་དུ་རྨ་བྱུང་བ་ལྟར་སྐྲངས་པ་སྨིན་པར་བྱེད་པ་དེའི་ཚེ། རེག་ན་མི་བཟོད་པ་ཡིན་ནོ། །སྨིན་གྱུར་ན་བའི་ཤུགས་ཆུང་ཞིང་། །རྙིད་ཅིང་སྐྱ་ལ་
เล่ม ๒๐๐ · หน้า 286a
གཉེར་མ་འདུ། །མཐའ་མ་འཇུམ་ཞིང་དབུས་སུ་མཐོ། །གཡའ་དང་སྐྲངས་པ་ལ་སོགས་ཆུང་། །རྐྱལ་པ་ཡི་ནི་ཆུ་ལྟ་བུར། །རེག་ན་རྣག་ནི་ཕན་ཚུན་རྒྱུ། །ཞེས་བྱ་བ་ལ། སྐྲངས་པ་དེ་སྨིན་ཅིང་རྣགས་པར་གྱུར་ན་ན་བའི་ཤུགས་ཆུང་བ་སྟེ། ནད་
ཀྱི་རྩོམ་པ་ཤས་ཆུང་བ་དང་། དེ་བཞིན་དུ་རྙིད་ཅིང་སྙི་བ་དང་། མདོག་སྐྱ་ཞིང་དཀར་བ་དང་། གཉེར་མའི་ཚོགས་འདུ་བ་དང་། དེ་བཞིན་དུ་མཐའ་མ་ཐོག་ཐག་འཇུམ་ཞིང་དམའ་ལ་དབུས་མའི་ཕྱོགས་མཐོ་ཞིང་འཕགས་པར་འགྱུར་བ་དང་། དེ་བཞིན་དུ་གཡའ་
བ་དང་། སྐྲངས་པ་ལ་སོགས་པ་ཆུང་ཞིང་ཞི་བ་དང་། རྐྱལ་པའི་ནང་དུ་ཆུ་བླུགས་པ་ལྟར་གནས་ཤིང་། རེག་ཅིང་མནན་ན་རྣག་གི་ཚོགས་ཕན་ཚུན་རྒྱུ་ཞིང་འཁྲུགས་པ་ཡིན་ནོ། །རླུང་མིན་མིན་མཁྲིས་མིན་ཚ། །མེད་དེ་བད་ཀན་མེད་མི་སྐྲང་། །ཁྲག་མེད་དམར་བར་
མི་འགྱུར་ཏེ། །དེ་བས་ནད་ཁྲག་དང་བཅས་སྨིན། །ཞེས་བྱ་བ་ལ། སྨིན་ཅིང་རྣགས་པ་དེ་ལ་རླུང་མ་ཡིན་ཞིང་། རླུང་ནད་མེད་པ་ནི། ན་ཞིང་ཟུག་པར་མི་འགྱུར་ལ། མཁྲིས་པ་མ་ཡིན་པར་ནི་ཚ་ཞིང་དྲོད་བག་མི་འབྱུང་ཞིང་། བད་ཀན་མེད་པས་ནི་སྐྲངས་པ་
འབྱུང་བར་མི་འགྱུར་ལ། ཁྲག་མེད་དམར་བར་ནི་མི་འགྱུར་ཏེ། དེ་བས་ན་རྒྱུ་དེའི་ཕྱིར་ན་ཞེས་པ་རླུང་དང་མཁྲིས་པ་དང་། བད་ཀན་དང་ཁྲག་དང་བཅས་ན། སྐྲངས་ཤིང་སྨིན་པར་འགྱུར་རོ། །སྨིན་པ་ཐལ་དྲགས་ཁོང་སྟོང་དང་། །ནད་ཀྱིས་ཟོས་པས་
བགས་པ་སྲབ། །གཉེར་མ་འཇུམ་ཞིང་མདོག་གནག་ལ། །བ་སྤུ་རྣམས་ནི་འབྱི་བར་འགྱུར། །ཞེས་བྱ་བ་ལ། སྐྲངས་སྨིན་ཟིན་ནས་ཐལ་དྲགས་ཤིང་དུས་ཤིན་ཏུ་འདས་པ་ནི། སྐྲངས་པའི་གནས་ན་ཁོང་སྟོང་དུ་འགྱུར་བ་ནད་ལས་བྱུང་བའི་རྣག་གིས་ཟོས་ཤིང་ཟད་
པར་བྱས་པ་དང་། པགས་པ་སྲབ་ཅིང་རྡོལ་བར་ཉེ་བ་དང་། གཉེར་མ་འཇུམ་ཞིང་པགས་པ་འདུས་པ་དང་། མདོག་གནག་ཅིང་དྲི་མ་ཅན་དུ་གནས་པ་དང་། བ་སྤུ་རྣམས་ཀྱི་ཚོགས་འབྱི་ཞིང་འབྱུང་བར་མི་འགྱུར་བ་ཡིན་ནོ། །བད་ཀན་ཤས་ཆེའི་སྐྲངས་པ་ནི། །སྨིན་
เล่ม ๒๐๐ · หน้า 286b
པ་གཏིང་རིང་ཁྲག་གིས་གང་། །དེ་བས་སྨིན་རྟགས་གསལ་མ་ཡིན། །སྐྲངས་པ་གང་དུ་བསིལ་གྱུར་ཅིང་། །པགས་མདོག་མི་འགྱུར་ནད་ཚབས་ཆུང་། །རྡོ་ལྟར་རེག་ན་སྲ་བ་ཡིན། །མཁས་པས་ཐེ་ཚོམ་མེད་པར་དེ། །ཁྲག་གི་སྨིན་པ་ཞེས་བཤད་བྱ། །ཞེས་
བྱ་བ་ལ། ཡང་བད་ཀན་ལས་བྱུང་བའི་སྐྲངས་པ་ལ་ནི། སྨིན་པ་གཏིང་རིང་ཞིང་ཟབ་པས་བརྟག་པར་དཀའ་བ་དང་། ཁྲག་གིས་གང་བར་གྱུར་པ་ཡིན་ཏེ། དེ་བས་ན་དེའི་སྨིན་པའི་རྟགས་སམ། མཚན་མ་ནི་གསལ་བ་མ་ཡིན་ཏེ། ཤེས་པར་དཀའ་བ་ཡིན་ནོ། །
ཡང་སྐྲངས་པའི་རྣམ་པ་གང་དུ་སྐྲངས་བག་བསིལ་ཞིང་རེག་ན་གྲང་བར་གྱུར་ལ། པགས་པའི་མདོག་ཀྱང་གཞན་དུ་མ་འགྱུར་ཏེ། ཆ་འདྲ་བ་དང་། ནད་ཚབས་ཆུང་བ་དང་། རྡོ་ལྟར་རེག་ན་སྲ་ཞིང་མཁྲང་བག་ཏུ་གནས་པ་གང་ཡིན་པ་དེ་ནི་མཁས་པས་ཐེ་ཚོམ་དང་དོགས་པ་མེད་
པ་ཉིད་དུ་ཁྲག་ལས་གྱུར་པའི་རྨ་སྨིན་ནོ་ཞེས་བཤད་ཅིང་ཐེ་ཚོམ་མེད་པ་ཉིད་དུ་བྱའོ། །སྙིང་སྟོབས་ཉམ་ཆུང་བྱིས་པ་དང་། །ཐོར་བུ་སྨིན་པའི་ཚབས་ཆེ་བའམ། །གནད་དང་རུས་ཚིགས་ལ་སོགས་པར། །འབྱུང་བ་མ་གཏོགས་གཞན་དག་དྲལ། །ཞེས་བྱ་བ་ལ། སྙིང་
སྟོབས་ཆུང་ཞིང་ཕོག་སྙ་ཞན་པ་དང་། དེ་བཞིན་དུ་ཉམ་ཆུང་བ་དང་། བྱིས་པ་ལྟ་བུ་མཚོན་གདབ་མི་བཟོད་པ་དང་། སྨིན་པའི་ཚབས་ཆེ་ཞིང་ཐལ་དྲགས་པ་དང་། དེ་བཞིན་དུ་གནད་དང་རུས་ཚིགས་ལ་གནས་པའི་སྐྲངས་པ་ལ་ནི། རྣོ་བ་དང་ཚ་བའི་སྨན་གྱིས་བརྟོལ་ཞིང་
དྲལ་བར་བྱའོ། །དེ་ཡང་འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས། གུ་གུལ་ཟར་མ་བ་ལས་སོ། །ཁྲོན་བུ་དང་ནི་ཕུག་རོན་རྟུག །ཐལ་སྨན་འཕྲོད་དང་ཐལ་སྨན་རྣོ། །སྐྲངས་པ་སྨིན་གྱུར་བརྟོལ་བར་བྱ། །ཞེས་བྱ་བ་བཤད་པ་ཡིན་ནོ། །གཞན་ཞེས་བྱ་བ་སྐྲངས་པའི་
རྣམ་པ་གོང་དུ་སྨོས་པ་མ་གཏོགས་པ་གཞན་དག་ནི་གཙགས་བུས་དྲལ་བ་ཉིད་དུ་བྱའོ། །མ་སྨིན་བརྟོལ་ན་རྩ་རྒྱུས་ལ། །གནོད་ཅིང་ཁྲག་ནི་མང་དུ་འབྱུང་། །ནད་ཚབས་རབ་འཕེལ་རྨ་གྱེས་པའམ། །རྨ་འབྱུང་ཐོར་བུ་འབྱུང་བར་འགྱུར། །ཞེས་བྱ་བ་ལ། སྐྲངས་
เล่ม ๒๐๐ · หน้า 287a
པ་མ་སྨིན་པ་བརྟོལ་ཞིང་དྲལ་ན། །རྩ་དང་རྒྱུས་པ་ལ་གནོད་ཅིང་མ་རུངས་པར་འགྱུར་བ་དང་། དེ་བཞིན་དུ་ཁྲག་གི་ཚོགས་མང་དུ་འབྱུང་ཞིང་འབབ་པ་དང་། དེ་བཞིན་དུ་ནད་ཚབས་རབ་ཏུ་འཕེལ་ཞིང་ཚོར་བར་འགྱུར་བ་དང་། རྨའི་ཁ་གྱེས་ཤིང་བྱེ་བར་འགྱུར་བ་
བའམ། ཡང་ན་རྨ་རྡོལ་བ་ལས་བྱུང་བའི་ཐོར་བུའམ། མེ་དབལ་གྱི་ནད་དུ་འགྱུར་རོ། །རྣག་ནི་ནང་དུ་གནས་གྱུར་པ། །འཕེལ་བས་རྩ་རྒྱུས་ཤ་དང་ནི། །ཁྲག་རྣམས་མྱུར་དུ་སྲེག་བྱེད་དེ། །རྩྭ་སྐམ་ལ་ནི་མེ་དང་མཚུངས། །ཞེས་བྱ་བ་ལ། སྐྲངས་པ་དེ་སྨིན་པ་ཐལ་
དྲགས་ཀྱང་། དྲལ་ཞིང་བརྟོལ་བ་མ་བྱས་པར་ནང་དུ་གནས་པར་གྱུར་པ་རྣམ་པར་འཕེལ་བར་འགྱུར་བས་རྩ་ལ་སོགས་པ་བསྲེག་ཅིང་ཟ་བར་བྱེད་དེ། དཔེར་ན་མེ་མཆེད་པས་རྩྭའི་ཚོགས་བསྲེགས་པ་དང་འདྲའོ། །གང་ཞིག་མ་སྨིན་བརྟོལ་བ་དང་། །གང་ཞིག་སྨིན་ཀྱང་བཏང་སྙོམས་
འཇོག །ཁྱད་པར་མི་ཤེས་དེ་དག་ནི། །སྨེ་ཤ་ཅན་འདྲར་ཤེས་པར་བྱ། །ཞེས་བྱ་བ་ལ། སྨན་པ་གང་གིས་སྐྲངས་པ་མ་སྨིན་པ་དག་ཀྱང་མི་ཤེས་པའི་དབང་གིས་བརྟོལ་ཞིང་དྲལ་བར་བྱེད་ལ་ཡང་སྨན་པ་གང་ཞིག་སྐྲངས་པ་དེ་སྨིན་ཟིན་ཀྱང་མི་ཤེས་པ་ཉིད་ཀྱིས་བཏང་སྙོམས་སུ་
འཇོག་ཅིང་བརྟོལ་བར་མི་བྱེད་པ་ཉིད་དེ། དེ་གཉི་ག་ཡང་ཁྱད་པར་མི་ཤེས་ཤིང་མ་བརྟགས་པར་བྱེད་པ་ཡིན་པས་སྨེ་ཤ་ཅན་ཏེ། ཁྱི་ཤ་ཟ་བའི་རིགས་ངན་དང་འདྲ་བར་དམད་པར་བྱ་བ་ཡིན་ནོ། །རྨ་བརྟོལ་བ་ཡི་དང་པོར་ནི། །ཁ་ཟས་ཕན་བ་སྦྱིན་པར་བྱ། །ཚོར་བ་མི་
བཟད་བཟེད་འགྱུར་བས། །ཆང་འཐུང་པ་ལ་ཆང་བླུད་བྱ། །ཟས་ཟོས་པས་ནི་མི་བརྒྱལ་ཞིང་། །ནང་དུ་མཚོན་བཏབ་ཚོར་མི་འགྱུར། །ཞེས་བྱ་བ་ལ། རྨ་བརྟོལ་ཞིང་གཙགས་བུ་འདེབས་པའི་ལས་བྱེད་པའི་དང་པོར་རེ་ཞིག་འདི་དག་མ་བྱས་པའི་མཚོན་གྱི་ལས་མི་བྱ་སྟེ། དེ་
ཡང་ཐོག་མ་ཁོ་ནར་ནད་པ་དེའི་སྟོབས་བསྐྱེད་པའི་ཕྱིར། ཁ་ཟས་ཕན་ཞིང་མངོན་པར་དགའ་བ་སྦྱིན་པ་དང་། ཡང་མཚོན་གྱིས་བཏབ་པའི་ཚོར་བ་མི་བཟད་པ་དྲག་པོ་དེ་བཟོད་པར་འགྱུར་བས། ཆང་འཐུང་བ་ཞིག་ཡིན་ན་ཆང་རྙིང་པ་བླུད་པར་བྱའོ། །དེ་ལྟར་ན་དས་ཟན་ཟོས་ཤིང་
เล่ม ๒๐๐ · หน้า 287b
ལོངས་སྤྱད་པས་ནི་བརྒྱལ་ཞིང་འབོག་པར་མི་འགྱུར་ལ། དེ་བཞིན་དུ་ཆང་རྙིང་པ་རྣོན་པོ་འཐུངས་པས་ནི་ནང་དུ་མཚོན་གྱིས་བཏབ་ཅིང་བརྟོལ་བ་ཚོར་བར་མི་འགྱུར་ཞིང་། དེའི་སྡུག་བསྔལ་བ་རྣགས་ནུས་པར་འགྱུར་རོ། །རུམ་དུ་བུ་ཤི་རྡེའུ་ཆགས་དང་། །ཁ་ནད་དམུ་རྫིང་ཅན་
མ་གཏོགས། །ཞེས་བྱ་བ་ལ། ནད་པ་རུམ་དུ་བུ་ཤི་བ་ལ་སོགས་པ་ནི་མ་གཏོགས་ཏེ། བུད་མེད་རུམ་དུ་བུ་ཤི་བ་དང་། གཅིན་ནད་རྡེའུས་འགགས་པ་དང་། ཁའི་ནད་རྣམས་ཡོད་པ་དང་། ལྟོ་དམུ་རྫིང་ཅན་ལ་མཚོན་གདབ་པར་མི་བྱའོ། །དེ་ནས་ཡོ་བྱད་ཀུན་བསགས་
ཏེ། །ནད་པ་ཤར་དུ་ཁ་བསྟན་ལ། །སྨན་པ་མངོན་ཕྱོགས་བསྡམས་ནས་ནི། །གནད་སོགས་མ་གཏོགས་གཙགས་བུས་གདབ། །ཤ་ཤུགས་རྗེས་མཐུན་ཤིན་ཏུ་རྣོ། །གཙགས་བུ་རྣག་ཕྱིན་བར་དུ་གདབ། །དེ་ནི་ཅིག་ཅར་གདབ་བར་བྱ། །ཞེས་བྱ་བ་ལ། དེ་
ནས་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་དུ་སྨོས་པ་ཡིན་ཏེ། ཡོ་བྱད་ཀུན་བསགས་ཏེ་ཞེས་བྱ་བ་ནི། དེའི་ཚེ་དགོས་པའི་ཡོ་བྱད་ཐམས་ཅད་བསགས་པ་སྟེ། ཆ་སྤྱད་རྣམས་དང་། གཙགས་སྤྱད་རྣམས་དང་། ཐལ་སྨན་དང་། འཛུམ་བུའི་མ་མཆུ་དང་། རས་བལ་དང་། ཆུའམ་
རས་བལ་སྦངས་པའི་གོས་ཀྱི་དུམ་བུ་དང་། ལོ་མ་དང་། སྲད་བུ་དང་། བགས་པ་དང་། སྦྲང་རྩི་དང་། སྣུམ་དང་། སྐ་བའི་ལྡེ་གུ་དང་། ཏིལ་གྱི་ལྡེ་གུ་དང་། ལྡུགས་པའི་སྨན་དང་། ཆུའི་བུམ་པ་དང་། ཆུ་ཚན་དང་། ཆུ་དྲོན་དང་། ཟས་དང་། བསིལ་ཡབ་ལ་སོགས་པ་
རྨ་ལ་དགོས་པའི་ཡོ་བྱད་ཐམས་ཅད་བསག་ཅིང་ཉེར་བསྡོགས་སུ་བྱའོ། །དེ་ནས་ནད་པ་ཁ་ཤར་དུ་བསྟན་ཏེ། སྨན་པ་དེ་ལ་མངོན་པར་ཕྱོགས་ཤིང་བལྟས་ནས། ལེགས་པར་བསྡམས་ཏེ། གཙགས་བུ་མྱུར་དུ་གདབ་པར་བྱའོ། །དེ་ཡང་ནད་ལ་སོགས་པར་གདབ་པ་སྟེ། གནད་
དང་། རྩ་དང་། ཆུ་བ་དང་། རུས་པའི་ཚིགས་དང་། རྩ་བོ་ཆེ་རྣམས་སྤང་བར་བྱའོ། །དེ་ཡང་ཤ་ཤུགས་དང་རྗེས་སུ་མཐུན་པར་བྱས་ལ། ཤིན་ཏུ་རྣོ་བའི་གཙགས་བུ་གདབ་པ་ནི། རྣག་ཕྱིན་ཞིང་སྣང་བར་གྱུར་གྱི་བར་དུ་བཏང་ལ། དེ་ཡང་ཅིག་ཅར་ཏེ། ལན་ཅིག་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด