ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པ་དཱརྠ་ཙནྡྲ་ཀ་པྲ་བྷཱ་བ་ཏི་ནཱ་མ་ཨཥྚཱཾ་ག་ཧྲྀ་ད་ཡ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๐ · หน้า 229a

མཁས་པའི་སྲོག་འཚོ་བའི་སློབ་དཔོན་གཞན་དག་མི་འདོད་ཅིང་ཁས་ལེན་པར་མི་བྱེད་དེ། གང་གི་ཕྱིར་སྔར་བཤད་པའི་ནད་དམིགས་གསུམ་ལ་མས་གཏོང་བ་གྲངས་ཇི་ལྟ་བ་བཞིན་ཡིན་པའམ། སླར་ཡང་གང་ཞིག་གསོ་བར་བྱ་བའི་སྦྱིན་པའི་ཉེས་པའམ། ནད་བཞི་པ་ཡོད་

པ་མ་ཡིན་པའི་ཕྱིར་རོ། །ནད་བསྐྱོད་དག་པར་བྱེད་པ་དང་། །ཞི་བར་བྱ་བའི་རིམ་པ་ཡིས། །མས་གཏོང་གསུམ་པོ་ཉིད་བརྟག་ཅེས། །དེ་སྐད་གཞན་དག་སྨྲ་བ་ཡིན། །ཞེས་བྱ་བ་ལ། སྨན་པ་གཞན་དག་ནི་མས་གཏོང་བ་གསུམ་པོ་ཉིད་དུ་བརྟག་པར་བྱའོ། །ཞེས་དེ་སྐད་སྨྲ་བ་ཡིན་ཏེ།

མས་གཏོང་བ་གཅིག་ནི་ནད་རྣམས་བསྐྱོད་པ་ལ་བརྟག་ཅིང་སྦྱར་བར་བྱའོ། །གཉིས་པ་ནི་ནད་རྣམས་དག་པར་བྱེད་པ་ཡིན་ནོ། །གསུམ་པ་ནི་ནད་རྣམས་ཞི་བར་བྱེད་པ་ཡིན་ནོ། །དེ་ལྟར་ནད་བསྐྱོད་ཅིང་བསྡུ་བ་དང་། ནད་སྦྱོང་ཞིང་དག་པར་བྱེད་པ་དང་། ནད་རྣམས་ཞི་བར་བྱེད་པས་

ན་ཞི་བ་སྟེ། དེ་ལྟར་གསུམ་ཡིན་ནོ་ཞེས་ཟེར་རོ། །ནད་དང་སྨན་སོགས་སྟོབས་ལས་ནི། །འདི་དག་ཐམས་ཅད་ཚད་མས་གཞལ། །ཞེས་བྱ་བ་ལ། སློབ་དཔོན་ལ་ལ་ནི་གཞུང་ཚད་མ་ཅན་ཡིན་ལ། ལ་ལའི་གཞུང་ཚད་མ་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ཚད་མས་

གཞལ་བ་ཡིན་ནོ། །ཇི་ལྟ་ཞེ་ན། ནད་དང་ནད་སྨན་སོགས་ལས་ནི། །ཞེས་བྱ་བ་སྟེ། ནད་ཀྱི་སྟོབས་ལ་སྨན་གྱི་སྟོབས་ལས་དཔགས་པ་ཡིན་ཏེ། སོགས་པའི་སྒྲས་ནི་ཡུལ་དང་དུས་དང་ལུས་ཀྱི་སྟོབས་དང་ལུས་ཚད་དང་ཁ་ཟས་དང་གོམས་པ་དང་སྙིང་སྟོབས་དང་། རང་བཞིན་གྱི་

སྟོབས་ཀྱི་ནུས་པ་ལས་དཔགས་པ་ཡིན་ཏེ། གཞུང་འདི་ནི་ཀུན་ལ་ཁ་བསྐང་དགོས་པའི་ལྷག་མ་ཡིན་པར་ཤེས་པར་བྱའོ། །གང་གསོ་བ་ཤེས་པའི་སློབ་དཔོན་མས་གཏོང་བ་གཞན་དུ་འདོད་པ་དེ་ཐམས་ཅད་ཀྱི་གཞུང་ཡང་འདི་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །བཀྲུ་སྨན་

དྲག་བཏང་ལེགས་མཚན་མ། །མ་མཐོང་བར་དུ་འཕྲོ་མི་བཅད། །ཅེས་བྱ་བ་ལ། ཇི་སྲིད་བཀྲུ་སྨན་དྲག་པོ་བཏང་བའི་མཚན་མ་ལེགས་པར་མ་མཐོང་ཞིང་། མ་བྱུང་བ་དེ་སྲིད་ཀྱི་བར་དུ་ནི་རུ་ཧ་བཏང་བའི་འཕྲོ་བཅད་པར་མི་བྱ་སྟེ། དེ་ན་ཇི་སྲིད་མཚན་མ་ལེགས་པར་མཐོང་བར་གྱུར་

เล่ม ๒๐๐ · หน้า 229b

པ་དེ་སྲིད་ཀྱི་བར་དུ་བཀྲུ་སྨན་དྲག་པོ་གཏང་བར་བྱའོ། །ཞེས་སྟོན་པ་ཡིན་ནོ། །འདི་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། འཇམ་རྩི་གཏོང་བའི་ཚེ་ན་ཡང་ཇི་སྲིད་འཇམ་རྩི་ལེགས་པར་གྱུར་པའི་མཚན་མ་མ་བྱུང་བ་དེ་སྲིད་ཀྱི་བར་དུ་མས་གཏོང་བ་འཕྲོ་མི་བཅད་ཀྱི། དེ་བྱུང་གི་བར་དུ་འཇམ་རྩི་གཏང་

བར་བྱའོ། །གང་ཉེ་བར་མཚོན་པ་ཙམ་དུ་གཞན་པ་འདི་འཇམ་རྩི་ལ་ཡང་བྱ་བའི་ཕྱིར། གཞུང་རྩོམ་པར་བྱེད་པས་འདིར་ཡན་ལག་བརྒྱད་པ་བསྡུས་པ་ལས་འདི་སྐད་སྨྲས་པ་ཡིན་ཏེ། དང་པོར་སྣུམ་གཅིག་ཐ་མར་ལྔ། །བཀྲུ་སྨན་དྲག་པོ་བཅུ་གཉིས་ཏེ། །འཇམ་རྩིར་བཅས་པ་མས་གཏོང་

བའི། །ལས་ནི་སུམ་ཅུར་བཤད་པ་ཡིན། །ཞེས་བྱ་བ་ལ། བཀྲུ་སྨན་དྲག་པོ་མས་གཏོང་བ་གཉིས་པ་དང་བཞི་པ་དང་དྲུག་པ་དང་། བརྒྱད་པ་དང་། བཅུ་པ་དང་བཅུ་གཉིས་པ་དང་། བཅུ་བཞི་པ་དང་། བཅུ་དྲུག་པ་དང་། བཅྭ་བརྒྱད་པ་དང་། ཉི་ཤུ་པ་དང་། ཉི་ཤུ་རྩ་གཉིས་པ་དང་། ཉི་ཤུ་རྩ་བཞི་བཞེས་

བྱ་བ་དང་། དེ་བཞིན་དུ་བཀྲུ་སྨན་དྲག་པོ་མས་གཏོང་བ་བཅུ་གཉིས་ཏེ། གསུམ་པ་དང་། ལྔ་པ་དང་། བདུན་པ་དང་། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་ཤུ་རྩ་ལྔ་པ་ཞེས་

བྱ་བ་དང་། འཇམ་རྩིར་བཅས་པ་ཞེས་བྱ་བ་སྟེ། ཆོ་ག་འདིས་ནི་མས་གཏོང་བའི་ལས་སུམ་ཅུར་བཤད་པ་ཡིན་ནོ། །དུས་ནི་བཅོ་ལྔ་འདིར་གཅིག་ནི། །ཐོག་མའི་སྣུམ་སྟེ་ཐ་མར་གསུམ། །དུགས་དང་མས་གཏོང་ལྔ་པར་བཤད། །ཅེས་བྱ་བ་ལ། མས་གཏོང་བའི་དུས་ནི་བཅྭ་ལྔ་སྟེ། ཇི་ལྟ་ཞེ་

ན། ཐོག་མར་ཏེ་དང་པོ་སྣུམ་གྱི་གཅིག་དང་། མཐའ་མ་སྣུམ་གྱི་ལན་གསུམ་སྟེ། བཅུ་གསུམ་པ་དང་། བཅུ་བཞི་པ། བཅྭ་ལྔ་པ་དང་། དེ་བཞིན་དུ་སྨན་དྲུག་སྟེ། གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། བརྒྱད་པ་དང་། བཅུ་པ་དང་། བཅུ་གཉིས་པ་ཞེས་བྱ་བ་དང་། ཇི་ལྟ་བུ་ཞེ་ན།

མས་གཏོང་བའི་འཇམ་རྩི་ལྔ་སྟེ། གསུམ་པ་དང་། ལྔ་པ་དང་། བདུན་པ་དང་། དགུ་པ་དང་། བཅུ་གཅིག་པ་ཞེས་བྱ་བས་བར་དུ་བཅད་ཅིང་ཆོད་པའི་བཀྲུ་སྨན་དྲག་པོ་མས་གཏོང་བ་སྟེ། དེ་ལྟར་ན་མས་གཏོང་བའི་དུས་བཅྭ་ལྔ་ཡིན་ནོ། །མས་གཏོང་སྦྱོར་འདིར་བརྒྱད་ཡིན་ཏེ། །ནི་རུ་ཧ་དང་སྣུམ་

เล่ม ๒๐๐ · หน้า 230a

གསུམ་དང་། །ཐོག་མ་ཐ་མ་གཉི་གའོ། །ཞེས་བྱ་བ་ལ། མས་གཏོང་བའི་སྦྱོར་བ་འདིར་བརྒྱད་ཡིན་ཏེ། སྦྱོར་བ་འདི་ཐོག་མ་དང་ཐ་མ་གཉི་ག་སྟེ། དང་པོ་དང་བརྒྱད་པ་ཞེས་བྱ་བའི་སྣུམ་གྱི་ལས་དང་། ནི་རུ་ཧ་གསུམ་སྟེ། གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། སྣུམ་

གསུམ་སྟེ། གསུམ་པ་དང་། ལྔ་པ་དང་། བདུན་པ་ཞེས་བྱ་བ་སྟེ། དེ་ལྟར་ན་སྤྱིར་བརྒྱད་ནི་སྦྱོར་བ་ཡིན་ནོ། །འཇམ་རྩིའམ་བཀྲུ་སྨན་མས་གཏོང་དྲག །གཅིག་པུ་ལྷག་པར་བསྟེན་མི་བྱ། །འཇམ་རྩིས་ནད་གློངས་མེ་དྲོད་འཇོམས། །ནི་རུ་ཧས་རླུང་སྐྱེད་འཇིགས་ཡོད། །དེ་བས་སྣུམ་རྗེས་

བཀྲུ་དྲག་གཏང་། །ཁྲུས་དྲག་བཏང་ནས་འཇམ་རྩི་བྱ། །དེ་ལྟར་རིམ་པས་སྣུམ་སྦྱང་བྱ། །མས་གཏོང་ལས་ནི་ཉེས་གསུམ་སེལ། །ཞེས་བྱ་བ་ལ། དེ་ལྟར་ན་ནི་རུ་ཧ་སྟེ་བཀྲུ་སྨན་དྲག་པོ་མས་གཏོང་བའི་ཐོག་མར་འཇམ་རྩི་བྱ་ལ། དེའི་འོག་ཏུ་བཀྲུ་སྨན་དྲག་པོ་མས་གཏང་བར་བྱ་ལ། དེའི་

འོག་ཏུ་འཇམ་རྩིའི་རྒྱུན་མི་འཆད་པར་ནི་རུ་ཧ་གཅིག་པུ་བསྟེན་པར་མི་བྱ་ཞིང་། འཇམ་རྩི་འབའ་ཞིག་རྒྱུན་མི་འཆད་པར་ཧ་ཅང་དྲགས་པར་མི་བྱ་ཞིང་། བསྟེན་པར་མི་བྱ་སྟེ། གང་གི་ཕྱིར་འཇམ་རྩི་རྒྱུན་དུ་བསྟེན་དྲགས་པས་ནི། ནད་གློངས་པས་ཁམས་འཁྲུགས་པར་འགྱུར་བ་དང་། དེ་

བཞིན་དུ་མེའི་དྲོད་འཇོམས་པས་ཕོ་བའི་མེ་དྲོད་ཀྱིས་ཟས་འཇུ་མི་ནུས་པར་འགྱུར་རོ། །དེ་བཞིན་དུ་ནི་རུ་ཧ་བསྟེན་དྲགས་པས་རླུང་ནད་སྐྱེད་པར་བྱེད་དོ། །རླུང་གི་ནད་ལྡང་བའི་འཇིགས་པ་ཡོད་དོ་ཞེས་བྱ་བའི་དོན་ནོ། །དེ་བས་ན་བཀྲུ་སྨན་དྲག་པོ་མས་གཏོང་བར་བྱ་བའི་སྐྱེས་བུ་ལ་ནི། འཇམ་རྩི་གསུམ་

གྱི་སྦྱོར་བ་མས་གཏོང་བར་བྱ་ལ། གང་འཇམ་རྩི་བྱ་བ་དེ་ལ་ནི་བཀྲུ་སྨན་དྲག་པོ་གཏང་བར་བྱ་དགོས་ཏེ། ནད་གློངས་པ་དང་མེ་དྲོད་འཇོམས་པ་དེས་བསལ་བར་བྱ་བའི་ཕྱིར་རོ། །དེ་ལྟར་ན་རིགས་པ་འདིའི་རིམ་པས་སྣུམ་གྱི་མས་གཏང་བ་བྱས་པ་དང་། དེའི་འོག་ཏུ་ནི་རུ་ཧ་བྱ་ལ། དེ་

ལྟ་བུའི་སྦྱང་བ་བྱས་ནས། མས་གཏོང་བའི་ལས་དེས་ནད་གཞི་གསུམ་གྱི་ཉེས་པ་སེལ་བར་འགྱུར་རོ། །སྣུམ་གྱི་ཚད་ནི་ཆུང་ངུ་ཡི། །ཚད་དང་དེ་ནི་མཉམ་བྱས་པའི། །སྣུམ་ཚད་འཇམ་རྩིའི་ཚད་དུ་བཤད། །དེ་ནི་བྱིས་རྒན་ལམ་དང་ཁུར། །བུད་མེད་རྩོལ་ཞེན་པས་དུ་བ་དང་། །རླུང་

เล่ม ๒๐๐ · หน้า 230b

ནད་ཀྱིས་གཞོམ་མེ་དྲོད་ཆུང་། །རྒྱལ་པོ་ཕྱུག་པོ་ལ་བདེ་བ། །ཡིན་པས་རྟག་ཏུ་བསྟེན་པར་བྱ། །ནད་འཇོམས་ཡང་བ་མེད་པ་དང་། །སྟོབས་སྐྱེད་བཤང་བ་བདེ་བར་འབྱུང་། །ཞེས་བྱ་བ་ལ། སྣུམ་ལས་ཞུན་མར་འབའ་ཞིག་བཏུང་བའི་ཆུང་ངུ་ཐུན་གཉིས་ཀྱིས་འཇུ་བར་འགྱུར་བའི་མཚན་

ཉིད་ཅན་གྱི་ཚད་དང་མཉམ་པར་བྱས་པའི་སྣུམ་གྱི་ཚད། འཇམ་རྩིའི་ཚད་དུ་བཤད་དེ། དེ་ནི་འཇམ་རྩིའི་ཆུང་ཚད་ཅེས་བྱ་བ་ལ་ཚད་དེ་ནི་བྱིས་པ་དང་རྒན་པོ་ལ་སོགས་པས་དུས་རྟག་ཏུ་རྒྱུན་མི་འཆད་པར་བསྟེན་ཅིང་གོམས་པར་བྱའོ། །དེ་བསྟེན་ཅིང་གོམས་པར་བྱེད་པ་ནི་ནད་མེད་

པར་བྱེད་པ་དང་། བདེ་བ་ཡིན་པས་བྱིས་པ་ལ་སོགས་པ་ལ་ཡང་གཏོང་དུ་རུང་བས་གོམས་པར་སྤྱད་པར་བྱའོ། །དེ་བཞིན་དུ་ནད་འཇོམས་པ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་ཡང་འཇོམས་ཤིང་སེལ་བར་བྱེད་དོ། །དེ་བཞིན་དུ་ཡང་འདི་ནི་ཡང་བ་མེད་པར་བྱེད་པ་དང་། ཁ་ལག་ཆུ་དྲོན་

གྱིས་བཀྲུ་ཞིང་། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་སྔར་བཤད་པའི་འདམ་ག་མི་དགོས་པ་ཡིན་ལ། དེ་ཉིད་ཀྱིས་ན་བྱིས་པ་ལ་སོགས་པ་ལ་བདེ་བའི་བདག་ཉིད་ཅན་ཡིན་ནོ། །དེ་བཞིན་དུ་སྟོབས་སྐྱེད་པར་བྱེད་པ་ཡིན་ཏེ། ནུས་པ་སྐྱེད་པ་ཡིན་ནོ། །དེ་བཞིན་དུ་བཤང་བ་བདེ་བར་འབྱུང་

བར་བྱེད་པ་ཡིན་ནོ། །གང་ཞིག་བཏང་བས་བཤང་བ་བདེ་བླག་ཏུ་འབྱུང་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །མས་གཏོང་བུད་མེད་རོ་སྨད་ཀྱི། །མངལ་དང་མོ་མཚན་ནད་རྣམས་ལ། །བཀྲུས་དྲགས་གཉིས་གསུམ་གྱིས་དག་པར། །མས་གཏོང་གོང་མས་གཏོང་བར་བྱ། །ཞེས་བྱ་བ་ལ།

འདིར་མས་གཏོང་བའི་ལུས་ཀྱི་ཡན་ལག་གི་ཕྱོགས་གཅིག་འབབ་པའི་ཕྱོགས་ནས་གཏང་བ་སྟེ། དེ་ནི་གཅིན་སྲི་བ་ལ་སོགས་པའི་ནད་གང་དག་ཡོད་པའི་སྐྱེས་པ་དང་། བུད་མེད་དང་མ་ནིང་གི་མཚན་ནས་གཏང་བ་གོང་མ་གཏང་བར་བྱའོ། །དེ་དག་ཐམས་ཅད་ཀྱང་ལན་གཉིས་སམ་

ལན་གསུམ་དུ་བཀྲུ་སྨན་དྲག་པོ་མས་གཏོང་བས་དག་ཅིང་སྐྱོན་བསལ་བ་ལ། མས་གཏོང་བ་གོང་མ་གཏང་བར་བྱའོ། །དེ་ཡི་གཅེའུ་ནད་པ་ཡི། །སོར་ཚད་བཅུ་གཉིས་ཚད་དུ་བྱ། །སྣུམ་ཞིང་བ་ལང་མཇུག་མ་འདྲ། །རྩ་བ་དབུས་སུ་གག་པ་གདགས། །རྩེ་མོ་ཡུངས་ཀར་ཤོང་

เล่ม ๒๐๐ · หน้า 231a

བ་ཙམ། །འཇམ་པ་གསེར་ལ་སོགས་ལས་བྱས། །ཀུན་ད་སྲི་ཞིང་སོ་མ་ན། །མེ་ཏོག་རྩེ་མོ་ལྟར་ཟླུམ་ཕྲ། །ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི། འདས་མ་ཐག་པའི་མས་གཏོང་བ་གོང་མ་ལ་སྙེགས་ཏེ། དེའི་གཅེའུ་ནི་ནད་པ་གང་ཡིན་པའི་ཚད་ཀྱིས་གཞལ་ལ། དེ་ཡང་སོར་

བཅུ་གཉིས་སུ་བྱའོ། །དེ་བཞིན་དུ་ཟླུམ་པ་དང་། བ་ལང་གི་མཇུག་མ་ལྟར་རྩེ་མོ་རིམ་གྱིས་ཕྲ་བ་དང་། དེ་བཞིན་དུ་རྩ་བ་དང་། དབུས་ཏེ་བར་དུ་གག་པ་གདགས་པར་བྱ་སྟེ། འདིར་གག་པ་གཅིག་ནི་དབུས་སུ་བྱ། དེ་ཡང་ཚད་ནང་དུ་ནུབ་པའི་ཚད་ལས་ཐལ་བར་གགས་བྱེད་ནུས་པ་ཙམ་ལ།

གཉིས་པ་རྩ་བར་གནས་པར་བྱ་བ་ནི་རྐྱལ་བུ་ལ་གདགས་པ་ལ་སོགས་པ་ཡིན་ནོ། །ཡང་དེ་བཞིན་དུ་དེའི་རྩེ་མོའི་བུ་གའི་ཚད་ཡུངས་ཀར་ཤོང་བ་ཙམ་ལ་བྱའོ། །འཇམ་བག་ནི་རྩུབ་བག་མེད་པའོ། །གསེར་ལ་སོགས་པ་ལས་བྱས་པ་ནི་མས་གཏོང་བ་དག་གི་ཚེ་རྒྱུ་དང་མཚུངས་པར་བྱའོ། །

དེ་བཞིན་དུ་མེ་ཏོག་ཀུན་ད་ལ་སོགས་པའི་རྩེ་མོ་ཁ་མ་ཕྱེ་བ་ལྟར་བྱིན་གྱིས་ཕྲ་ཞིང་ཟླུམ་པའོ། །གང་ལ་མེ་ཏོག་དང་འབྲས་བུ་ཆགས་པའི་དེའི་རྩ་བ་ཕྲ་མོ་སྟེ་དེ་ལ་བྱའོ། །དེ་ཡི་རྐྱལ་བུ་འཇམ་ཞིང་ཡང་། །ཞེས་བྱ་བ་ལ། མས་གཏོང་བ་གོང་མ་དེའི་རྐྱལ་བུ་ནི། ར་སྐྱེས་ལ་སོགས་པའི་

ལྒང་པ་འཇམ་ཞིང་མཉེན་ལ་ཡང་ཞིང་ཆུང་ངུ་གདགས་པར་བྱའོ། །ཚད་སྲང་ཕྱེད་དམ་གང་རིགས་བྱ། །ཞེས་བྱ་བ་ལ། འཇམ་རྩི་གོང་མ་དེའི་ཚད་ནི་སྣུམ་གཏོང་བ་ན་སྲང་ཕྱེད་བྱ་བའམ་གང་རིགས་པར་བྱ་བ་སྟེ། ནད་ལ་སོགས་པའི་ཚད་ལས་དཔགས་ནས་ཇི་ལྟར་འོས་པ་བྱ་བ་སྟེ།

དེས་ན་ནད་ཀྱི་ཚོད་ལས་དཔགས་ཏེ། སྲང་ཕྱེད་པས་ཆུང་བར་ཡང་བྱའོ་ཞེས་བྱ་བའི་དོན་ནོ། །དེ་ནས་ཁྲུས་བྱས་ཟན་ཟོས་ལ། །འཇམ་རྩི་གཏོང་བའི་ཆོ་ག་བྱ། །ཁྲི་སྟེགས་པུས་མཉམ་འཇམ་པ་ལ། །དྲང་ཞིང་བདེ་བར་འདུག་ནས་ནི། །ཕོ་མཚན་བཏེག་ཅིང་དྲང་བར་བྱ། །

སྦུབས་སྦྱང་ཕྱིར་ནི་ཐུར་མ་ནི། །འཇམ་པ་རིམ་གྱིས་གཞུག་པར་བྱ། །དེ་དག་ཕོ་མཚན་དང་འཚམ་པ། །འབྲས་བུའི་མཐར་ཐུག་པར་བཏང་བ། །མི་འདར་འཇམ་རྩི་གཏོང་ལྟར་བྱ། །བཙིར་ཏེ་བཏང་ལ་སྣུམ་རྗེས་བྱ། །འཇམ་རྩིའི་རིམ་པ་བཞིན་དུ་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་

เล่ม ๒๐๐ · หน้า 231b

ཏུ་ལེགས་པར་ཁྲུས་བྱས་ཤིང་ཟན་རན་པར་ཟོས་པའི་སྐྱེས་བུ་དེའི་ཕོ་མཚན་དུ་དང་པོར་ཐུར་མ་ཕྲ་མོ་བཅུག་ལ། དེའི་འོག་ཏུ་གཅེའུ་གཞུག་པར་བྱའོ། །འཇམ་རྩི་གཏོང་བའི་ཆོགས་བྱ་བ་སྟེ། སྔར་བཤད་པའི་མས་གཏོང་བའི་ཆོགས་བྱ་བའོ། །དེ་བཞིན་དུ་ཁྲིའི་སྟེགས་པུས་མོ་དང་

དཔངས་མཉམ་ཞིང་འཇམ་པའི་སྟེང་དུ། དྲང་ཞིང་ལུས་མ་ཡོ་བར་བདེ་བར་འདུག་པ་དེ་བཞིན་དུ་ཕོ་མཚན་དགའ་བས་བཏེག་ཅིང་ལྡང་བར་བྱས་ལ། དྲང་ཞིང་མ་ཡོ་བར་བྱས་ནས་གཅི་བའི་ལམ་གྱི་སྦུབས་དག་པར་བྱ་བའི་ཕྱིར་ཐུར་མ་འཇམ་པོ་རིམ་གྱིས་དལ་བར་གཞུག་པར་བྱའི།

ཅིག་ཅར་གཞུག་པར་མི་བྱའོ། །དེ་ནས་ཐུར་མ་དེས་ཕོ་མཚན་གྱི་སྦུབས་དག་པར་བྱས་པའི་རྗེས་ལ། ཕོ་མཚན་དང་འཚམ་པའི་གཅེའུ་འབྲས་བུའི་མཐར་ཐུག་པའི་བར་དུ་གཏང་བར་བྱ་ལ། དེ་ཡང་ལག་པ་མི་འདར་བར་མཇུག་མར་འཇམ་རྩི་གཏོང་བ་དང་ཚུལ་འདྲ་བར་བྱས་ལ་བཙིར་

བ་དང་། བཏང་བ་དང་སྣུམ་གྱི་རྗེས་ལ་བྱ་བ་དག་ནི། འཇམ་རྩིའི་རིམ་པ་ཇི་ལྟ་བ་བཞིན་དུ་བྱ་བ་འདི་ལ་ཕན་པ་ཡིན་ནོ། །དེ་ཡི་རིམ་པ་འདི་ཡིན་ཏེ། །བཏང་ནས་ལུས་ནི་གན་རྐྱལ་གཞག །རྐུབ་ཙོས་ལག་པས་བརྡབ་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །མས་གཏོང་

ཆོ་ག་འདི་ཡིས་ནི། །གསུམ་མམ་བཞི་ཡི་བར་དུ་གཏང་། །ཞེས་བྱ་བ་ལ། ཇི་སྐད་བཤད་པའི་ཆོ་ག་འདིས་མས་གཏོང་བའི་ཆོ་ག་གོང་མ་ལན་གསུམ་བཞིའི་བར་དུ་གཏང་བར་བྱའོ། །ལྷག་མ་འཇམ་རྩི་ཇི་ལྟ་བར། །འདི་ལ་ཐམས་ཅད་སྦྱར་བར་བྱའོ། །ཞེས་བྱ་བ་ལ། ཆོ་ག་

ཐམས་ཅད་འཇམ་རྩི་དང་འདྲ་བར་བྱ་བ་སྟེ། སྦྱོར་བ་ལེགས་པ་དང་སྦྱོར་བ་མ་ལེགས་པ་དང་། སྦྱོར་བ་དྲགས་པ་དང་། དེ་བཞིན་དུ་དེའི་གནོད་པ་བསལ་བའི་སྨན་ལ་སོགས་པ་གང་དག་ཡིན་པ་འདི་ལ་ཡང་སྦྱར་བར་བྱ་ཞིང་ཤེས་པར་བྱས་ལ་བརྟག་པར་བྱའོ། །བུད་

མེད་ཟླ་མཚན་དུས་སུ་ནི། །མངལ་བྱེ་བ་ལས་ཆགས་པར་འགྱུར། །དེ་ཕྱིར་དེ་ཚེ་གཏང་བར་བྱ། །རབ་ན་དུས་མིན་པར་ཡང་གཏང་། །མོ་མཚན་ཉམས་དང་གཟེར་བ་དང་། །མངལ་ཁྲག་རྟག་ཏུ་འབྱུང་གཏང་བ། །ཞེས་བྱ་བ་ལ། བུད་མེད་ཟླ་མཚན་འཛག་པའི་

เล่ม ๒๐๐ · หน้า 232a

དུས་སུ་འཇམ་རྩི་གོང་མ་གཏང་བར་བྱའོ། །ཟླ་མཚན་དང་པོ་འཛག་པ་ནས་ཞག་བཅུ་གཉིས་ཀྱི་བར་དུ་བུད་མེད་ཀྱི་ཟླ་མཚན་གྱི་དུས་ཡིན་ཏེ། དུས་དེའི་བར་དུ་དེའི་མས་གཏོང་བའི་ལས་བྱའོ། །ཅིའི་ཕྱིར་ཞེ་ན། དུས་དེའི་ཚེ་མས་གཏོང་བ་གོང་མ་ནས་སྣུམ་གཏང་བ་

གང་ཡིན་པ་དེ་མངལ་བྱེ་བས་དེར་ཆགས་པར་འགྱུར་ཞིང་ལེན་པར་འགྱུར་ཏེ། དེའི་ཚེ་བུད་མེད་གྱི་མངལ་གྱི་ཁ་བྱེ་ནས་གནས་པ་ཡིན་ནོ། །དེ་ཇི་ལྟར་དེའི་ཚེ་མངལ་ཆགས་པར་འགྱུར་བ་དེ་བཞིན་དུ་མས་གཏོང་བ་ཡང་དེའི་ཚེ་ཆགས་ཀྱི་གཞན་གྱི་ཚེ་ནི་མ་ཡིན་ནོ། །དེ་ཡང་གཞུང་ལས་དཔེར་

ན་ཉི་མ་ནུབ་གྱུར་ན་དུས་མ་ཡིན་ཏེ། ཟླ་མཚན་རྒྱུ་བའི་དུས་མ་ཡིན་ཡང་མས་གཏོང་བ་གོང་མ་གཏང་བར་བྱའོ། །མོ་མཚན་ཉམས་པར་གྱུར་པ་ལ་སོགས་པ་ལ་ཡང་གཏང་བར་བྱ་སྟེ། མོ་མཚན་ཉམས་པ་ལས་ནི་གནས་དེ་ལས་འཆུགས་ཤིང་ཞིག་པའོ། །དེ་བཞིན་དུ་མངལ་

ན་བ་སྟེ། མངལ་གྱི་ནད་རྣམས་མང་པོ་འབྱུང་བ་དང་། དེ་བཞིན་དུ་མོ་མཚན་གཟེར་ཞིང་ཟུག་པ་དང་། དེ་བཞིན་དུ་མངལ་ནས་རྟག་ཏུ་ཁྲག་འཛག་ཅིང་། ཁ་དོག་སྣ་ཚོགས་པའི་ཁྲག་དུས་རིང་པོར་འཛག་པའི་ནད་ནི། མངལ་ཁྲག་རྟག་ཏུ་འབྱུང་བ་སྟེ། དེ་ལ་ཡང་གཏང་བར་བྱའོ། །

གཅེའུ་སོར་བཅུ་རྩེ་མོ་ཡི། །བུ་ག་མུངྒ་ཤོང་སོར་བཞི། །མངལ་གྱི་གནས་སུ་གཏང་བར་བྱ། །སོར་གཉིས་གཅིན་འབབ་ལམ་དུ་གཏང་། །གཅིན་འགགས་པ་ཡི་ནད་རྣམས་ལ། །བུ་མོ་རྣམས་ལ་སོར་གཅིག་གཏང་། །ཞེས་བྱ་བ་ལ། མངལ་ཆགས་སུ་རུང་བའི་བུད་མེད་ཐམས་

ཅད་དང་། ཆགས་སུ་མི་རུང་བའི་བུ་མོ་གཞོན་ནུའི་མས་གཏོང་བའི་གོང་མའི་གཅེའུ་ཚད་ནི་སྤྱིར་སོར་བཅུ་བྱའོ། །གཅིན་འགགས་པའི་ནད་ཡོད་པའི་བུ་མོ་ཤིན་ཏུ་ཆུང་ངུ་རྣམས་ལ་གཅིན་འབབ་པའི་ལམ་དུ་སོར་གཅིག་གཏང་བར་བྱ་ཞིང་གཞུག་པར་བྱའོ། །འབྲིང་ཚད་སྲང་ནི་

གཅིག་པ་སྟེ། །བུ་མོ་རྣམས་ལ་སྲང་ཕྱེད་ཉིད། །ཅེས་བྱ་བ་ལ། བུད་མེད་རྣམས་ཀྱི་མས་གཏོང་གོང་མའི་འབྲིང་ཚད་ནི་སྲང་ཕྱེད་བྱའོ། །བུ་མོ་རྣམས་ཏེ་བུ་མོ་ཆུང་ངུ་རྣམས་ཀྱི་འབྲིང་ཚད་ནི་སྲང་ཕྱེད་ཉིད་ཡིན་ནོ། །མལ་དུ་གན་རྐྱལ་འདུག་ནས་ནི། །བརླ་ནི་ལེགས་

เล่ม ๒๐๐ · หน้า 232b

པར་བསྐུམ་ནས་སུ། །པུས་མོ་བརྟོད་དེ་ཉིན་ཞག་ནི། །གཅིག་ལ་ལན་གསུམ་ལན་བཞི་བཏང་། །དེ་ལྟར་མས་གཏོང་ཞག་གསུམ་ལ། །སྣུམ་གྱི་ཚད་ནི་བསྐྱེད་པར་བྱ། །དེ་ནས་ཞག་གསུམ་ངལ་བསོ་ནས། །སླར་ཡང་ཞག་གསུམ་གཏོང་བར་བྱ། །ཞེས་བྱ་བ་ལ། བུད་

མེད་དེ་མལ་དུ་གན་རྐྱལ་དུ་བྱས་ཏེ། འདུག་ཅིང་གནས་པ་དང་། དེ་བཞིན་དུ་བརླ་ལེགས་པར་བསྐུམ་པ་དང་། པུས་མོ་ལེགས་པར་བརྟོད་དེ། དེ་ལ་ཉིན་ཞག་གཅིག་ལ་ལན་གསུམ་མམ་ལན་བཞིའི་བར་དུ་མས་གཏོང་བ་གོང་མ་བྱའོ། །དེ་བཞིན་དུ་ཞག་གཉིས་སམ་གསུམ་གྱི་

རིམ་གྱིས་ཅི་རིགས་པར་ཉིན་རེ་ཞིང་སྣུམ་ཆད་བསྐྱེད་པར་བྱའོ། །དེ་ནས་ཞག་གསུམ་ངལ་བསོ་ཞིང་འཕྲོ་བཅད་ལ། སླར་ཡང་ཆོ་ག་འདི་ཉིད་ཀྱིས་ཞག་གསུམ་གཏོང་བར་བྱའོ། །སྐྱུག་སྨན་བྱས་ཟླ་ཕྱེད་བཀྲུ་སྨན། །དེ་ནས་ཟླ་ཕྱེད་ནས་བཀྲུ་དྲག །བཀྲུས་དྲག་འཕྲལ་ལ་འཇམ་

རྩི་གཏང་། །ཁྲུས་བཏང་ཞག་བདུན་ནས་འཇམ་རྩི། །ཞེས་བྱ་བ་ལ། སྔོན་དུ་སྐྱུག་སྨན་བྱས་ནས་ཟླ་བ་ཕྱེད་འདས་པ་དང་། བཀྲུ་སྨན་བྱའོ། །དེ་ནས་བཀྲུ་སྨན་བཏང་བའི་ཟླ་བ་ཕྱེད་ནས་བཀྲུ་སྨན་དྲག་པོ་གཏང་བར་བྱའོ། །བཀྲུ་སྨན་དྲག་པོ་མས་གཏོང་བ་བྱ་སྟེ། འཕྲལ་

དེ་རིང་པོར་མི་ཐོགས་པར་འཇམ་རྩི་བཏང་ངོ་། །བཀྲུ་སྨན་བཏང་ནས་ཞག་བདུན་ལོན་ནས་འཇམ་རྩི་གཏང་བར་བྱ་སྟེ། དེ་ལྟར་ན་བཀྲུ་སྨན་བཏང་བ་དང་། ནི་རུ་ཧ་གཏོང་བའི་བར་དུ་འཇིམ་རྩི་གཏང་ངོ་། །ཞེས་བྱ་བའི་དོན་ནོ། །དཔེར་ན་ལེ་བརྒན་སོགས་བཙོས་པའི། །

གོས་ནི་ཆུ་ལས་ཚོས་ལེན་ལྟར། །དེ་བཞིན་བངས་པར་བྱས་ལུས་ལ། །མས་གཏོང་བས་ནི་ནད་རྣམས་འབྱིན། །ཞེས་བྱ་བ་ལ། དཔེར་ན་ལེ་བརྒན་རྩི་ལ་སོགས་པ་དང་བསྲེས་པའི་ཆུ་ལ་སོགས་དེར་རས་ཚོས་ལེན་པར་བྱེད་ཅིང་ཆུ་འདོར་བར་བྱེད་པ་དེ་བཞིན་དུ་ལུས་སྣུམ་ལ་སོགས་

པས་བངས་པར་བྱས་པ་ལས་མས་གཏོང་བས་ན་ནད་ཀྱི་གནོད་པ་རྣམས་སེལ་ཞིང་འབྱིན་པར་བྱེད་ཅིང་ལུས་གནོད་པ་མེད་པ་ལ་སྦྱོར་བར་བྱེད་དོ། །ལུས་ཀྱི་ཡན་ལག་ནང་གྲོལ་དག་ཏུ་སོང་ནད་དང་། །གནད་དང་ལུས་སྟོད་ཡན་ལག་ཀུན་ཁྱབ་ནས། །གང་ཞིག་

เล่ม ๒๐๐ · หน้า 233a

ཡོད་པ་དེ་ལས་སྐྱེ་བའི་རྒྱུ། །རླུང་མ་གཏོགས་པ་གཞན་དག་ཡོད་མ་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་ནས། པགས་པའི་བར་དང་། དེ་བཞིན་དུ་ལག་ངར་ལ་སོགས་པའི་ལུས་ཀྱི་ཡན་ལག་

ནང་གྲོལ་མ་གཏོགས་པ་ཀུན་ལ་བྱའོ། །དེ་བཞིན་དུ་ནང་གྲོལ་གྱི་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང་སོང་བའི་ནད་དག་དང་། དེ་བཞིན་དུ་གནད་དང་ལུས་ཀྱི་སྟོད་ན་གནས་པའི་ནད་པའི་ཡན་ལག་དངོས་སུ་ན་ལུས་ཀྱི་སྟོད་ཡན་ལག་གི་གནད་ཐམས་ཅད་ལ་ཁྱབ་ཅིང་གནས་

པའི་ནད་གང་དག་ཡོད་པའི་ནད་དེ་རྣམས་སྐྱེ་བའི་རྒྱུའམ། འབྱུང་བའི་རླུང་མ་གཏོགས་པ་གཞན་གང་ཡོད་པ་མ་ཡིན་ཏེ། ནད་ཀྱི་རྒྱུ་གཉིས་པ་མེད་དོ་ཞེས་བྱ་བའི་དོན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྨྲས་པ་ནི། བཤང་དང་བད་ཀན་མཁྲིས་སོགས་ནད་སོགས་པ།

གང་ཕྱིར་འཐོར་ཞིང་སྡུད་པར་བྱེད་པ་ཡིན། །དེ་ནི་རབ་འཕེལ་གྱུར་ལ་ཞི་བྱའི་ཕྱིར། །འཇམ་རྩི་མ་གཏོགས་སྨན་གཞན་གང་ཡང་མེད། །དེ་བས་གསོ་བ་མ་ལུས་ལས་མ་བཏང་། །གསོ་བའི་ཕྱེད་ཡིན་ཞེས་ནི་ལ་ལ་འདོད། །དེ་བཞིན་ནད་རྙིང་གློ་བུར་སྐྱེད་

བྱེད་ལ། །གཏར་ག་ཁྲག་དབྱུང་སྨན་ཉིད་འགྱུར་བ་ཡིན། །རྣམ་པ་དེ་གཉིས་བྱེད་པ་ན། །འཐོར་ཞིང་སྡུད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། བཤང་བ་དང་བད་ཀན་མཁྲིས་པ་ལ་སོགས་པ་གང་ཡིན་པ་དེ་ནི། བཤང་བ་དང་བད་ཀན་མཁྲིས་པ་ལ་སོགས་

ཏེ། སོགས་པ་སྨོས་པ་ནི། ལུས་ཀྱི་ཚད་གཏོགས་པ་དངས་མ་ལ་སོགས་པའོ། །དེ་དག་ཉིད་ཀྱིས་ནི་ལུས་དྲི་མ་ཅན་དུ་བྱེད་པས་ན་ནད་དོ། །དེ་རྣམས་ལ་སོགས་པ་ནི་བཤང་བ་ལ་སོགས་པ་འཕེལ་བར་བྱེད་པ་ཡིན་ཏེ། གང་གི་ཕྱིར་འཐོར་ཞིང་རྒྱས་

པར་བྱེད་ལ། ནད་རྙིང་པའི་ཚིགས་སུ་གནས་པ་ཕན་ཚུན་འཐོར་ཞིང་འབྱེད་པར་བྱེད་པ་དང་། སྡུད་པར་ཡང་བྱེད་དེ། ཕན་ཚུན་འཐོར་ཏེ་གནས་པ་རྣམས་ཕུང་པོ་གཅིག་ཏུ་བྱེད་པའོ། །དེ་ལྟ་བུའི་རླུང་དེ་རབ་ཏུ་འཕེལ་ཞིང་རྣམ་པར་འཁྲུགས་པ་ལྡང་བར་

เล่ม ๒๐๐ · หน้า 233b

གྱུར་པ་ཞི་ཞིང་བསལ་བར་བྱ་བའི་ཕྱིར་དཔྱད་བྱ་ན། འཇམ་རྩི་ལ་སོགས་པ་མས་གཏོང་བ་མ་གཏོགས་པའི་སྨན་གཞན་དག་ཡོད་པ་མ་ཡིན་ནོ། །སྣུམ་དང་དུགས་གཞན་དག་ཡོད་ན་ཡང་ནུས་པ་ཆུང་བ་ཡིན་ནོ། །གང་གི་ཕྱིར་འཇམ་རྩི་ཡོན་ཏན་དེ་ལྟ་བུ་ཡོད་

པ་དེ་བས་ན། རྒྱུ་དེའི་ཕྱིར་གསོ་བ་མ་ལུས་ཤིང་མཐའ་དག་ལས་མས་གཏོང་བ་ནི་གསོ་བའམ་ནད་བཅོས་པའི་ཐབས་ཀྱི་ཕྱེད་ཡིན་ནོ་ཞེས་བཤད་དེ། ཅིའི་ཕྱིར་ཞེ་ན། བཤང་བ་དང་། གཅི་བ་དང་། བད་ཀན་དང་། མཁྲིས་པ་དག་གཏར་ག་བྱ་བའི་ནད་རྣམས་ཀྱང་

རྩ་བ་ནས་འབྱིན་ཏོ། །དེ་བས་ན་དེ་ལས་བརྩམས་ཏེ། ནད་མ་ལུས་པ་དང་རླུང་གི་ནད་རྣམས་ཐམས་ཅད་མས་གཏོང་བས་གསོ་ཞིང་བཅོས་པར་བྱའོ། །ཞེས་བྱ་བའི་དོན་ནོ། །དེའི་ཕྱིར་ཚེའི་རིག་བྱེད་ཤེས་པའི་སྲོག་འཚོ་བའི་སློབ་དཔོན་གཞན་དག་ནི་གསོ་བའི་ཐབས་མ་ལུས་

པ་མས་གཏོང་བར་འདུག་པས་ཁས་འཆེའོ། །ལ་ལ་དག་ནི་མས་གཏོང་བའི་གསོ་བའི་ཕྱིར་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་གཏར་གས་ཁྲག་དབྱུང་བ་ཡང་། ནད་རྙིང་པ་དང་གློ་བུར་བས་བཏབ་པའི་ནད་རྣམས་ལ་གཏར་གས་དབྱུང་བའི་གསོ་བའི་ཕྱེད་དམ།

གསོ་བ་མ་ལུས་པར་གྱུར་པ་ཡིན་ནོ། །ཞེས་ཟེར་རོ། །དེ་བཞིན་དུ་རྙིང་གཞི་གནས་པ་དང་། གློ་བུར་བ་གསར་དུ་བྱུང་བ་དག་ལ་ནི་ནད་རྙིང་གློ་བུར་བ་ཞེས་བྱ་སྟེ། དེ་དག་སྐྱེད་པར་བྱེད་པ་ཡིན་པས་ན་སྐྱེད་བྱེད་དེ། ཁྲག་ལ་བྱ་ལ་དེ་རབ་ཏུ་ཞི་ཞིང་བསལ་བ་ལ་ནི་གཏར་གས་

ཁྲག་དབྱུང་ཞིང་ཁྲག་འདོན་པ་ཉིད་སྨན་དུ་འགྱུར་བ་ཡིན་པས་ན་ཁྲག་ལས་གྱུར་པའི་ནད་ཀྱི་གསོ་བའི་ཕྱེད་དམ། གསོ་བ་རངས་པ་ནི་གཏར་གས་ཁྲག་དབྱུང་བ་ཡིན་ནོ། །ཞེས་བྱ་བ་ནི་སྡུད་པར་བྱེད་པ་སྟེ། མས་གཏོང་བ་འབའ་ཞིག་གསོ་བ་ཡིན་པར་མ་ཟད་དེ། གཏར་གས་ཁྲག་

དབྱུང་བ་ཡང་གསོ་བ་ཕྱེད་དམ། མ་ལུས་པ་ཡིན་ནོ། །ཞེས་བྱ་བའི་དོན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས་ལེའུ་བཅུ་དགུ་པའི་རྣམ་པར་འགྲེལ་པའོ།། །།

เล่ม ๒๐๐ · หน้า 234a

དེ་ནས་སྨན་སྣ་ནས་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །འདི་བརྩམས་པའི་འགྲེལ་པ་འདི་ཡིན་ཏེ། གང་གི་ཕྱིར་སྐྱུག་སྨན་ལ་སོགས་པས་ལུས་ཀྱི་ནང་ན་ཡོད་པའི་ནད་ཇི་ལྟར་སེལ་བར་བྱེད་པ་དེ་བཞིན་དུ་སྣ་ནས་གཏང་བའི་སྨན་ཡང་སྣའི་སྒོ་ནས་བཏང་

བས་ལུས་ཀྱི་ནང་ན་སོང་བའི་ནད་དེ་ཕྱིར་འབྱིན་པར་བྱེད་དེ། དེས་སྐྱུག་སྨན་ལ་སོགས་པ་བཞི་པོ་ནད་ཕྱིར་འབྱིན་པར་བྱེད་པ་ཡིན་པ་དེ་བཞིན་དུ་སྣ་ནས་གཏང་བ་ཞེས་བྱ་བའི་ལྔ་པ་ཡང་དག་པའི་བྱ་བ་བྱེད་པ་ཡིན་ནོ། །ཡང་ན་ལུས་ནི་ཡན་ལག་ཐམས་ཅད་ལ་ཁྱབ་པ་ཡིན་པས་དེ་གསོ་བ་སྔར་བཤད་པ་

ཡིན་ལ། དེ་ནི་ཐུར་མས་བཅོས་པའི་རྒྱུད་ཀྱི་ལེའུ་སྟོན་པ་ཡིན་ལ། དེ་ལས་འདིར་ནི་སྣ་ནས་གཏོང་བར་བྱེད་པའི་སྨན་ཡིན་པས་ན་སྣ་སྨན་ཏེ། སྣ་ནས་སྨན་གཏང་བ་དང་སྣའི་ལས་དང་སྨན་སྣ་ནས་གཏང་བ་ཞེས་བྱ་བའི་མིང་འཐོབ་པ་ཡིན་ནོ། །དེའི་ཆོ་ག་ནི་འདི་ལྟར་བྱའོ་ཞེས་བྱ་བའི་

ཚུལ་ཏེ། དེའི་ལེའུ་བཤད་པར་བྱའོ་ཞེས་བྱ་བའི་དོན་ནོ། །ནམ་ཚོང་ཡན་ཆད་ནད་རྣམས་ལ། །ལྷག་པར་སྣ་ནས་གཏང་བ་ཕན། །སྣ་ནི་གླད་པའི་སྒོ་ཡིན་ཏེ། །དེས་ན་དེ་ནས་ནད་དེ་འཇོམས། །ཞེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་ནད་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་

པ་གང་དག་ཡོད་པའི་ཡུལ་དེ་ཐམས་ཅད་ལ་ལྷག་པའམ་ཁྱད་པར་དུ་སྣ་ནས་གཏང་བ་ཕན་པ་ཡིན་ནོ། །ཡང་དེར་སྐྱུག་སྨན་ལ་སོགས་པའི་ཐབས་མེད་པ་མ་ཡིན་མོད་ཀྱི་ཁྱད་པར་རམ་ལྷག་པར་སྣ་ནས་གཏང་བ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྣ་ནི་གླད་པའམ་མགོ་བོའི་སྒོ་ནས་

འཇུག་པའི་གནས་དེའི་རྒྱུ་དེས་ན་སྣ་ནས་གཏང་བ་ཞེས་པའི་ལམ་དེ་ནས་སྨན་བསྟེན་ཅིང་བཏང་ན། རྣ་བའི་གསང་གི་བར་དུ་ཕྱིན་ནས། གླད་པ་དང་། རྣ་བ་དང་། ལྐོག་མ་ལ་སོགས་པའི་རྩའི་སྒོ་རྣམས་ཁྱབ་པས། ནམ་ཚོད་ཡན་ཆད་ཀྱི་ནད་མ་ལུས་པ་དེ་འཇོམས་ཏེ། མགོར་ཁྱབ་

པའི་ནད་སེལ་བ་ཡིན་ནོ། །དེ་ནི་རྣམ་པ་གསུམ་སྟེ། བཀྲུ་བ་དང་བརྟ་བ་དང་ཞི་བར་བྱེད་པའོ། །དེ་ལས་ཀྱང་བཀྲུ་བ་ནི། །བཀྲུ་སྨན་གླད་པའི་ནད་རྣམས་དང་། བློང་བག་ལྐོག་ནད་མཆི་མ་འཛག །སྐྲང་དང་ཐོར་བུ་སྲིན་རྨེན་བུ། །མཛེ་སྨྱོ་ཆམ་པས་བཏབ་ལ་གཏང་། །ཞེས་བྱ་

เล่ม ๒๐๐ · หน้า 234b

བ་ལ། བཀྲུ་སྨན་སྣ་ནས་བཏང་བ་ནི་གླད་པའི་ནད་ལ་སོགས་པ་ལ་གཏང་བར་བྱའོ། །བཀྲུ་སྨན་ནི་མགོ་བོའི་ནད་བཀྲུ་ཞིང་སྦྱང་བའི་སྨན་ནོ། །བློང་བག་ནི་སེམས་མི་གསལ་བའོ། །མཆི་མ་འཛག་པ་ནི་མིག་ནས་རྫི་བོར་འབྱུང་བ་ལ་སོགས་པའོ། །སྲིན་བུས་སྤྱི་བོ་དང་མཚུལ་བར་ཁྱབ་པའོ། །

ཆམ་པ་ནི་སྣའི་ནད་དོ། །བརྟ་བ་རླུང་ལས་བྱུང་གཟེར་དང་། །གླད་པ་ཕྱེད་ན་སྐད་འགགས་དང་། །སྣ་དང་ཁ་སྐམ་ཚིག་མི་ཐོན། །མིག་དབྱེ་དཔུང་པ་བསྐྱོད་དཀའ་གཏང་། །ཞེས་བྱ་བ་ལ། སྣ་ནས་བཏང་བའི་སྨན་བརྟ་བར་བྱ་བ་གང་ཡིན་པ་ནི། རླུང་ལས་བྱུང་བའི་མགོ་བོའི་གཟེར་ནད་

རྣམས་དང་། དེ་བཞིན་དུ་ཉི་མ་ཕྱེད་ཀྱི་བར་དུ་གླད་པ་ན་བ་དང་། སྐད་འགགས་ཤིང་ཉམས་པ་དང་། དེ་བཞིན་དུ་ཁ་དང་སྣ་སྐམ་པ་དང་། ཚིག་མི་ཐོན་ཞིང་སྐད་བརྡ་སྤྲོད་མི་ནུས་པ་དང་། མིག་དབྱེ་བར་དཀའ་བའི་མིག་ནད་དང་། དེ་བཞིན་དུ་རླུང་གི་ནད་དཔུང་པ་བསྐྱོད་པར་དཀའ་བ་དག་

ལ་བཏང་ཞིང་སྦྱར་བར་བྱའོ། །ཞི་བ་མིག་སྔོན་གདོང་ལྤགས་ནད། །སྐྲ་ཡི་སྐྱོན་མིག་དམར་ལ་གཏང་། །ཞེས་བྱ་བ་ལ། སྣ་ནས་གཏང་བ་ཞི་བར་བྱེད་པ་གང་ཡིན་པ་དེ་ནི། འོག་ནས་རྒྱུད་ཕྱི་མ་ལས་བཤད་པའི་མིག་གི་ནད་སྔོན་པོར་གྱུར་པ་ལ་སོགས་པའི་ནད་ལ་ཡང་གཏང་

བར་བྱའོ། །དང་པོར་རང་སྦྱོར་ཇི་ལྟའི་སྣུམ། །སྨན་གྱི་ལྡེ་གུ་སོགས་བསྐོལ་དང་། །ཤིང་མངར་རྒྱམ་ཚ་ཆང་རྙིང་སོགས། །ཅི་རིགས་པར་ནི་བསྐོལ་ལ་གཏང་། །ཞེས་བྱ་བ་ལ། སྣ་ནས་གཏང་བར་བཤད་པའི་སྨན་དང་པོ་ནི་རང་གི་སྦྱོར་བ་ཇི་ལྟ་བ་གང་དང་འཕྲོད་ཅིང་འཚམ་པའི་

སྣུམ་རྣོན་པོ་ཡུངས་མར་ལ་སོགས་པ་དང་ཅི་རིགས་པར་བསྐོལ་ཞིང་མགོ་བོའི་བཀྲུ་སྨན་རྣམས་དང་ཅི་རིགས་པར་བསྐོལ་བ་དང་། དེ་བཞིན་དུ་སྨན་ཕྱེ་དང་སྨན་ཁུ་ལ་སོགས་པ་མགོ་བོའི་བཀྲུ་སྨན་ལས་འབྲེལ་པ་ལས་ཅི་རིགས་པར་སླ་བ་དང་ཞིབ་པ་དང་། ལྡེ་གུར་བསྲེས་ཤིང་

སྦྱར་བ་དང་། དེ་བཞིན་དུ་ཤིང་མངར་དང་རྒྱམ་ཚྭ་དང་། ཆང་རྙིང་ལ་སོགས་པ་དང་སྦྱར་ཏེ། བསྐོལ་བ་གཏང་བར་བྱའོ། །བརྟ་བ་འུ་སུའི་ཁུ་བ་དང་། །ཤ་ཁུ་ཁྲག་དང་ཐང་ཆུ་སྦྱར། །ཞེས་བྱ་བ་ལ། སྣ་ནས་གཏང་བའི་སྨན་བརྟ་བར་བྱེད་པ་ནི་འུ་སུའི་ཁུ་བ་དེ་བཞིན་དུ་ཤ་ཁུ་དང་ཁྲག་

เล่ม ๒๐๐ · หน้า 235a

དང་དེ་བཞིན་དུ་ཁ་པུ་ར་ཞེས་བྱ་བའི་ཐང་ཆུ་དང་སྦྱར་ལ་གཏང་བར་བྱའོ། །འང་ཞེས་བྱ་བ་སྦྱོར་བའི་སྒྲས་ནི་རང་སྦྱོར་བ་ཇི་ལྟ་བའི་སྣུམ་མངར་བ་དང་། སྣུམ་པའི་སྨན་ལ་བཙོས་པ་བརྟ་བའི་སྨན་སྣ་ནས་གཏང་བ་ལས་སྦྱར་བར་བྱའོ། །ཞེས་བྱ་བའི་དོན་ཏོ། །ཞི་བ་

སྔ་མ་འོ་མ་དང་། །ཆུ་དང་བཅས་པ་སྦྱར་བར་བྱ། །ཞེས་བྱ་བ་ལ། སྣ་ནས་གཏང་བའི་སྨན་ཞི་བ་ནི་སྔ་མ་ཞེས་བྱ་བའི་སྔར་བཤད་པའི་རང་གི་སྦྱོར་བ་ཇི་ལྟ་བའི་སྣུམ་དང་། རང་གི་སྨན་གང་དག་ཡིན་པའི་ཁུ་བ་ལ་སོགས་པ་དང་། དེ་བཞིན་དུ་འོ་མ་དང་ཆུ་དང་བཅས་པ་སྦྱར་བར་བྱའོ། །

ཚད་ཅན་དང་ནི་ཚད་ཕྲན་ཏེ། །འདི་ཡི་སྣུམ་ཚད་རྣམ་པ་གཉིས། །ཞེས་བྱ་བ་ལ། སྣ་ནས་གཏང་བའི་སྨན་གསུམ་པོ་འདི་ལ་སྣུམ་གྱི་སྨན་མར་གཏང་བའི་ཁྱད་པར་གྱི་ཚད་ནི། ཚད་ཀྱི་དབྱེ་བ་ལས་རྣམ་པ་གཉིས་ཏེ། ཚད་ཅན་དང་། ཚད་མེད་དོ། །ལྡེ་གུ་ལ་སོགས་བཙིར་བ་ཡི། །རྣོ་དེ་སྤྱི་བོའི་

བཀྲུ་སྨན་ཡིན། །ཞེས་བྱ་བ་ལ། ལྡེ་གུ་དང་སྨན་བསྐོལ་བའི་ཁུ་བ་ལ་སོགས་པ་སྦྱར་བའི་སྨན་རས་བལ་གྱི་ཡེའུ་ལ་སོགས་པས་གཏོང་བ་དེ་ནི་བཙིར་བ་ཞེས་བྱའོ། །གཞན་དག་ན་རེ་ལྡེ་གུར་བྱས་པའི་སྨན་བཙོས་པ་ལས་ཁུ་བ་བཙིར་ཏེ། འཛག་པར་བྱས་པ་ལས་བྱའོ། །ཞེས་ཟེར་རོ། །བཙིར་

བ་དེ་སྨན་རྣོན་པོའི་ལྡེ་གུ་བསྐོལ་བ་ལ་སོགས་པས་བཏང་བ་ནི་སྤྱི་བོའི་བཀྲུ་སྨན་ཞེས་བྱའོ། །ཕྱེ་མ་བུད་པའི་བཀྲུ་སྨན་ཏེ། །སྦུ་གུ་སོར་དྲུག་ཁ་གཉིས་པ། །ནང་ན་སྨན་དང་བཅས་པ་དག །ཁ་ཡི་དབུགས་ཀྱིས་བུས་ཏེ་གཏང་། །དེས་ནི་མགོ་ནད་མང་པོ་ཡང་། །ཕྱེ་མ་ཡིན་བས་འབྱིན་

པར་བྱེད། །ཅེས་བྱ་བ་ལ། འཁྲུ་བར་འགྱུར་བའི་སྨན་ལས་སྦྱར་བའི་ཕྱེ་མ་ནི་བུད་པར་བྱ་བ་ཡིན་པས་ན་བུད་པའི་བཀྲུ་སྨན་ཞེས་བྱ་སྟེ། ཕྱེ་མ་དེ་ཁའི་རླུང་གིས་བུས་ལ་སྣ་ནས་གཏང་བར་བྱའོ། །གང་གིས་བཏང་ཞེ་ན། སྦུ་གུ་སོར་དྲུག་ཡོད་པ་ཁ་གཉིས་ཡོད་པ་དང་། དེ་བཞིན་དུ་ནང་

ན་སྨན་དང་བཅས་ཤིང་སྨན་ཕྱེ་མ་བླུགས་པ་དེ་ཁའི་དབུགས་ཀྱིས་བུས་ཏེ་གཏང་ངོ་། །བུད་པའི་བཀྲུ་སྨན་དེས་ནི་མགོ་བོའི་བད་ཀན་ལས་བྱུང་བ་མང་པོ་ཡང་ཕྱི་ནས་འབྱིན་ཅིང་། ནང་ནས་ཕྱིར་འདོན་པར་བྱེད་དོ། །མཛུབ་མོའི་ཚིགས་ནི་གཉིས་པའི་བར། །སྨྱུགས་པ་ཕྱིར་ཕྱུང་གྱུར་པ་ལས། །

เล่ม ๒๐๐ · หน้า 235b

ཐིགས་པ་བཅུ་འམ་བརྒྱད་དམ་དྲུག །ཇི་སྲིད་འཛག་པར་གྱུར་པ་དག །སྣ་ནས་གཏོང་ཚད་ཆེ་འབྲིང་ཆུང་། །རིམ་པ་དེ་ཉིད་ཀྱིས་ཤེས་བྱ། །ལྡེ་གུ་ལ་སོགས་ཐིགས་པ་ནི། །གཉིས་ཀྱིས་ཕྲི་སྟེ་གཏང་བར་བྱ། །ཞེས་བྱ་བ་ལ། མཛུབ་མོ་ནི་མཐེ་བོང་ལ་ཉེ་བའི་སོར་མོ་སྟེ། དེའི་ཚིགས་

གཉིས་ཀྱི་བར་དུ། དང་པོ་སྨྱུགས་ཤིང་སྤྱིངས་ལ་ཕྱིར་ཕྱུང་སྟེ། བཏེག་པར་གྱུར་པ་ལས་ཐིགས་པའི་ཚད་ཇི་ཙམ་ཞིག་འབྱུང་བར་འགྱུར་བ་དེ་ལ་ཐིགས་པ་ཞེས་བྱ་ལ། ཐིགས་པ་དེ་ལས་སྣུམ་གྱི་ཚད་ཆེ་ཆུང་དུ་བྱ་བ་ནི་ཐིགས་པ་བཅུ་ནི་ཆེ་ཚད་ཡིན་ལ། ཐིགས་པ་བརྒྱད་

ནི་འབྲིང་ཚད་ལ། ཐིགས་པ་དྲུག་ནི་ཆུང་ཚད་དོ། །ཚད་འདི་དག་ཉིད་ལས་ཆེ་དང་འབྲིང་དང་ཆུང་ངུ་ནི་རིམ་གྱིས་ཐིགས་པ་གཉིས་ཀྱིས་ཆུང་ཞིང་ཕྲ་བའི་ལྡེ་གུ་ལ་སོགས་པའི་སྨན་གྱི་ཁུ་བ་སྣར་བླུགས་པ་ཡིན་པར་ཤེས་པར་བྱའོ། །ཆུ་དང་ཆང་དང་སྦྱར་དུག་མར། །འཐུང་བའམ་

འཐུང་བར་འདོད་པ་དང་། །ཁ་ཟས་འདོད་དང་མགོ་བཀྲུས་དང་། །འཁྲུ་བར་འདོད་དང་གཏར་ག་བྱས། །ཆམ་སར་ཤུགས་འོངས་ཀྱིས་གཟིར་དང་། །བུ་བཙས་ལུང་པ་དབུགས་མི་བདེ། །སྦྱང་བྱས་མས་གཏོང་ཆོ་ག་བྱས། །དེ་བཞིན་དུས་མིན་ཡུལ་རྨུགས་ལ། །སྣ་

སྨན་གཏང་བར་མི་བྱ་སྟེ། །ཚབས་ཆེའི་ནད་སོགས་མ་གཏོགས་སོ། །ཞེས་བྱ་བ་ལ། སྨན་སྣ་ནས་བྱར་མི་རུང་བ་ནི་ཆུ་དང་ཆང་དང་དུག་དང་མར་འཐུངས་པ་ནས། མས་གཏོང་བའི་ཆོ་ག་བྱས་པའི་བར་དང་། དེ་བཞིན་དུས་མ་ཡིན་པའི་ཡུལ་རྨུགས་པ་ལ་གཏང་བར་མི་བྱ་སྟེ། དུས་མ་

ཡིན་པའི་ཡུལ་རྨུགས་པ་ནི་དབྱར་མ་གཏོགས་པའི་དུས་གཞན་གྱི་ཚེ། ཡུལ་རྨུགས་ཤིང་རླུང་དང་གྲང་ལྷགས་དང་ཆར་འབབ་པར་འཁྲིགས་པའི་ཉིན་མོ་ནི་དུས་མིན་ཡུལ་རྨུགས་ཞེས་བྱའོ། །ཅི་དེ་དག་གི་ཚེ་རྣམ་པ་ཐམས་ཅད་དུ་གཏང་བར་མི་བྱའམ་ཞེས་རྟོགས་ན། དེའི་ཕྱིར་

སྨྲས་པ་ནི། ཚབས་ཆེན་ནད་སོགས་མ་གཏོགས་སོ། །ཞེས་བྱ་བ་ཡིན་ནོ། །དེ་གསོ་བར་བྱེད་པའི་ནད་ཚབས་པོ་ཆེ་མ་གཏོགས་ཏེ། ནད་ཚབས་ཆེ་བའི་ཚེ་ན་ནི་ཆུ་དང་ཆང་དང་དུག་དང་མར་ལ་སོགས་པ་འཐུངས་སུ་ཟིན་ཀྱང་གཏང་བར་བྱའོ། །ཞེས་བྱ་བར་སྦྱར་རོ། །དེས་ན་དུས་

เล่ม ๒๐๐ · หน้า 236a

གང་གི་ཚེ་སྣ་ནས་བཏང་བས་སྨིན་པར་བྱ་ཞེ་ན། །དེ་ནས་སྣ་ནས་སྨན་བཏང་བ། །བད་ཀན་ནད་པར་མཁྲིས་ཉིན་ཕྱེད། །རླུང་ཅན་ཕྱི་འཕྲེད་མཚན་མོ་གཏང་། །ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི། བཀྲ་ཤིས་པ་སྟོན་པར་བྱེད་པ་ཡིན་པར་

སྦྱར་རོ། །དེ་ལ་སྣ་སྨན་གཏང་བའི་དུས་ནི་བད་ཀན་ནམ། བད་ཀན་ལས་གྱུར་པའི་ནད་ནི་བད་ཀན་གྱི་དུས་ནང་པར་གྱི་ཚེ་ཉིད་སྣ་ནས་གཏང་བའི་སྨན་གཏང་བར་བྱའོ། །མཁྲིས་པ་འཁྲུགས་སམ་དེ་ལས་བྱུང་བའི་ནད་རྣམས་ལ་མཁྲིས་པའི་དུས་ཉི་མ་ཕྱེད་ཀྱི་ཚེ་གཏང་བར་བྱའོ། །རླུང་

གི་ནད་དམ། དེ་ལས་བྱུང་བའི་ནད་རྣམས་ལ་རླུང་ལྡང་བའི་དུས་ཕྱི་འཕྲེད་དེ། ཕྱི་དྲོ་དང་མཚན་མོའི་དུས་སུ་སྨན་སྣ་ནས་གཏང་བར་བྱའོ། །ནད་མེད་པ་ལ་སྟོན་ཀ་དང་། །དཔྱིད་ཀྱི་ཚེ་ན་སྔ་དྲོ་གཏང་། །དགུན་ནི་ཕྱེད་དུས་སོ་གའི་ཚེ། །ཕྱི་འཕྲེད་དབྱར་ནི་ཉི་དྲོན་བཅས། །

ཞེས་བྱ་བ་ལ། ནད་མེད་ཅིང་ཐ་མལ་པར་གནས་པ་ལ་ནི་སྟོན་ཀ་དང་དཔྱིད་ཀའི་ཚེ་སྔ་དྲོ་སྟེ། ཉི་མའི་སྔ་དྲོའི་ཆ་ལ་གཏང་བར་བྱའོ། །ནད་མེད་པར་གནས་པ་ལ་དགུན་གྱི་ཚེ་སྟེ། དགུན་སྟོད་དང་། དགུན་སྨད་གྲང་བའི་དུས་སུ་ནི། ཉི་མ་ཕྱེད་ལ་སྨན་སྣ་ནས་གཏང་བར་

བྱའོ། །དེ་བཞིན་དུ་སོ་གའི་ཚེ་ནི་ཕྱི་འཕྲེད་དེ་ཕྱི་དྲོའི་དུས་སུ་ནི་སྨན་སྣ་ནས་གཏང་བར་བྱའོ། །དེ་བཞིན་དུ་དབྱར་གྱི་ཉི་མ་དྲོན་པོ་དང་བཅས་པའི་སྐབས་སུ་ནད་མེད་པ་ལ་སྣ་ནས་གཏང་བར་བྱའོ། །གླད་པ་རླུང་ནད་ཀྱིས་ཐེབས་དང་། །སྐྱིགས་བུས་བཏབ་དང་མགོ་འདར་

དང་། །གཉེའུ་རེངས་སྐད་ནི་འགགས་པ་ལ། །ཉིན་རེ་ནང་པར་དགོངས་ཀ་གཏང་། །ཞེས་བྱ་བ་ལ། གླད་པར་རླུང་ནད་ཞུགས་ཤིང་མགོ་བོ་རླུང་གི་ནད་ཀྱིས་ཐེབས་པ་དང་། དེ་བཞིན་དུ་མགོ་འདར་ཞིང་འདར་བ་ཞེས་བྱ་བའི་རླུང་གི་མགོ་ནད་དང་། གཉེའུ་རེངས་ཤིང་

འགྱུར་མི་ཤེས་པ་དང་། སྐད་འགགས་ཤིང་སྐད་གདངས་ཉམས་པ་ལ། ཉིན་རེ་ཞིང་ནང་པར་དགོངས་ཀ་སྟེ། སྔ་དྲོ་དང་ཕྱི་དྲོ་སྣ་ནས་སྨན་གཏང་བར་བྱའོ། །གཞན་ལ་ཉིན་རེས་བར་བཅད་ལ། །ཉི་མ་བདུན་དུ་དེ་སྤྱད་བྱ། །ཞེས་བྱ་བ་ལ། གླད་པ་གང་ནད་ཀྱིས་ཐེབས་པ་དང་།

เล่ม ๒๐๐ · หน้า 236b

སྐད་འགགས་ཤིང་སྐད་ལ་སོགས་པའི་ནད་མ་གཏོགས་པ་གཞན་དག་ལ་ནི། ཉིན་རེ་ཞིང་སྣ་ནས་གཏང་བའི་སྨན་མི་བྱའོ། གཞན་དུ་ན་ཉིན་རེ་རེས་བར་བཅད་པ་སྟེ། ཉི་མ་རེ་རེས་བར་བཅད་ཅིང་ཐག་ཆོད་པར་བྱས་ལ། སྨན་གཏང་བར་བྱ་སྟེ། ཚུལ་འདི་ལྟ་བུས་སྣ་ནས་གཏང་

བའི་སྨན་ཞག་བདུན་གྱི་བར་དུ་གཏང་བར་བྱ་ཞིང་སྤྱད་པར་བྱའོ། །རྟག་ཏུ་བྱ་བའི་ལས་བྱས་ནས། །དང་པོར་མགོ་སྣུམ་བསྐུ་དུགས་བྱས། །རླུང་མེད་མལ་དུ་གནས་ནས་ནི། །ནམ་ཚོང་ཡན་ཆད་དུགས་ཀྱང་བྱ། །དེ་ནས་གན་རྐྱལ་ལུས་དྲང་བརྐྱང་། །རྐང་པ་ལག་པ་ལེགས་

བརྐྱང་ལ། །རྐང་པ་ཅུང་ཟད་བསྟོད་ནས་སུ། །མགོ་བོ་ཡིད་ཙམ་སྨད་པར་བྱ། །སྣ་བུག་གཅིག་ནི་རབ་བཀག་ལ། །རིམ་གྱིས་ཡོངས་སུ་བླུགས་བྱ་བ། །སྨན་ནི་ཆུ་དྲོན་གྱིས་བསྲོས་ལ། །སྦུ་གུའམ་རས་བལ་གྱིས་བླུགས་བྱ། །ཞེས་བྱ་བ་ལ། དེ་ནས་སྣ་ནས་གཏང་བ་ལ་འོས་

པའི་སྐྱེས་བུས། རྟག་ཏུ་བྱ་བ་ལ་སོགས་བཤང་བ་དང་གཅི་བ་དང་པོར་བྱས་ལ། ཡང་དང་པོར་མགོ་བོ་སྣུམ་གྱིས་བསྐུས་ལ། དེའི་འོག་ཏུ་མགོ་བོའི་དུགས་རན་པ་ཙམ་བྱས་པ་དང་། དེ་བཞིན་དུ་རླུང་མེད་པའི་གནས་སུ་མལ་བཏིང་བ་ལ་གནས་ཤིང་འདུག་ནས། ནམ་ཚོང་ཡན་

ཆད་དུགས་ཀྱང་བྱས་ལ། དེ་ནས་དེའི་འོག་ཏུ་གན་རྐྱལ་དུ་འདུག་སྟེ། ལུས་དྲང་ཞིང་མ་ཡོ་བར་བརྐྱང་ལ། རྐང་པ་དང་ལག་པ་ཡང་ལེགས་པར་བརྐྱང་བར་གྱུར་པ་དང་། སྣ་ནས་སྨན་གཏང་བར་བྱའོ། །ཡང་དེ་བཞིན་དུ་དེའི་རྐང་པ་ཅུང་ཟད་བསྟོད་དེ། གང་གི་རྐང་

པ་མཐོ་བར་གྱུར་པ་དེ་ལྟ་བུར་ཁྲི་ལ་སོགས་པ་བཅའ་བར་བྱའོ། །དེ་ཉིད་ཀྱིས་ན་མགོ་བོ་ཡང་ཡིད་ཙམ་སྨད་པར་གྱུར་པ་དང་། སྣ་ཁུང་གཅིག་བཀག་ཅིང་བཅད་ལ། སྣ་ཁུང་གཉིས་པ་གདངས་ཤིང་ཕྱེ་སྟེ། གནས་པ་ལ་སྣ་ནས་གཏང་བའི་སྨན་བླུགས་པར་བྱའོ། །དེ་བཞིན་དུ་སྣ་ཁུང་

གཉིས་པར་ཡང་རིམ་གྱིས་སྣ་སྨན་སྦུ་གུ་མཆུ་ཅན་ནམ། སྲིན་བལ་གྱི་ཡེའུས་བླུགས་པར་བྱའོ། །བླུགས་ནས་རྐང་མཐིལ་ཕྲག་པ་དང་། །ལག་པ་རྣ་བ་ལ་སོགས་མཉེ། །རིམ་གྱིས་བརྔུབས་ལ་གློ་གཉིས་སུ། །མཆིལ་མདོར་བ་དེ་ནས་ནི། །སྨན་ནི་ཟད་པར་གྱུར་གྱི་བར། །

เล่ม ๒๐๐ · หน้า 237a

ལན་གཉིས་ལན་གསུམ་སྣར་བཏང་སྤྱད། །ཅེས་བྱ་བ་ལ། དེར་སྨན་བླུགས་པ་དང་། རྐང་མཐིལ་དང་ཕྲག་པ་དང་། ལག་པ་དང་རྣ་བ་ལ་མཉེ་བར་བྱ་ཞིང་། དེ་ནས་དེའི་འོག་ཏུ་རིམ་གྱིས་བརྔུབས་ལ། གློ་གཡས་གཡོན་གཉིས་སུ་

མཆིལ་མ་དོར་བར་བྱའོ། །དེ་ནས་སྣ་གཡས་ནས་བཅུག་པའི་སྨན་བརྔུབས་པའི་མཆིལ་མ་གཡོན་ལོགས་སུ་དོར་བར་བྱ་ལ། གཡོན་གྱི་ནི་གཡས་སུའོ། །དེ་ལྟར་འདིས་སྨན་སྣ་ནས་གཏང་བ་ལ་ལན་གཉིས་ལན་གསུམ་དུ་སྤྱད་པར་བྱའོ། །གལ་ཏེ་བརྒྱལ་གྱུར་

བསིལ་བའི་ཆུས། །མགོ་བོ་མ་གཏོགས་གཏོར་བར་བྱ། །ཞེས་བྱ་བ་ལ། སྨན་སྣ་ནས་གཏོང་བ་ན། གལ་ཏེ་བརྒྱལ་ཞིང་མི་དྲན་པར་གྱུར་ཏེ། སྨན་གྱི་སྟོབས་མ་གོམས་པས་བརྒྱལ་བར་གྱུར་ཏེ། མགོ་བོ་མ་གཏོགས་པར་གཞན་དུ་ཆུ་བསིལ་བས་ཀྱང་གཏོར་བར་བྱའོ། །

བཀྲུ་སྨན་འོག་ཏུ་སྣུམ་དག་ནི། །ནད་སོགས་ཚུལ་ལས་དཔགས་ཏེ་གཏང་། །ཞེས་བྱ་བ་ལ། སྣ་སྨན་བཏང་བའི་བཀྲུ་སྨན་བྱས་པའི་འོག་ཏུ། སྣ་ནས་གཏང་བ་སྣུམ་པ་གཏང་བར་བྱའི། རྩུབ་པ་ནི་མ་ཡིན་ལ། དེ་ཡང་ནད་ལ་སོགས་པའི་ཚུལ་ལས་དཔགས་ཤིང་

ཤེས་པར་བྱས་ལ། དེ་དང་རྗེས་སུ་མཐུན་པའི་སྨན་ཏིལ་མར་ལ་སོགས་པ་གང་ཡང་རུང་བ་གཏང་བར་བྱའོ། །སྣ་སྨན་བཏང་མཐར་གན་རྐྱལ་དུ། །གྲངས་བརྒྱར་དེ་ལ་བསྡད་པར་བྱ། །དུད་པས་བརྔུབས་ལ་ཆུ་དྲོན་འཇམ། །གྲེ་བ་མཚུལ་པ་དག་ཕྱིར་བྱ། །ཞེས་བྱ་བ་ལ།

སྐྱེས་བུ་སྣ་ནས་སྨན་བྱས་ཤིང་བཏང་ཟིན་ནས། མཐར་གན་རྐྱལ་དུ་གྲངས་བརྒྱ་རྫོགས་ཀྱི་བར་དུ་བསྡད་པར་བྱའོ། །དེའི་འོག་ཏུ་ཕན་པར་བྱེད་ཅིང་རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པའི་དུད་པ་བརྔུབས་ལ། ཆུ་ཅུང་ཟད་དྲོ་བ་འཇམ་པོ་མཁུར་བར་བཅང་བ་གྲེ་བ་དང་མཚུལ་པ་

དག་པའི་ཕྱིར་རོ། །སྣུམ་བཏང་ལེགས་གྱུར་དབུགས་བདེ་རྒྱུ། །གཉིད་ལོག་སད་དེ་དབང་པོ་གསལ། །ཞེས་བྱ་བ་ལ། དེ་ལ་སྤྱིར་སྣུམ་བཏང་བ་ལེགས་པར་གྱུར་ན་དབུགས་བདེ་བར་འབྱིན་པ་སྔོན་དུ་འགྲོ་བས་དབུགས་རྒྱུ་བ་དང་། དེ་བཞིན་དུ་བདེ་བར་གཉིད་ལོག་ཅིང་བདེ་

เล่ม ๒๐๐ · หน้า 237b

བར་སད་པ་དང་། དབང་པོ་རྣམས་བདེ་ཞིང་རྣམ་པར་གསལ་བར་འགྱུར་རོ། །ཉེས་པས་མགོ་རྩུབ་མི་འགྱུར་སྐམ། །སྣ་དང་ཁ་སྐམ་ཀླད་སྟོང་སྙམ། །ཞེས་བྱ་བ་ལ། སྣུམ་གྱི་སྣ་སྨན་ཉེས་པས་མགོ་རྩུབ་ཅིང་མི་འགྱུར་བར་ཧར་ཧར་པོར་འདུག་པར་འགྱུར་བ་དང་།

སྐམ་པ་དང་། དེ་བཞིན་དུ་སྣ་དང་ཁ་སྐམ་པར་འགྱུར་བ་དང་། ཀླད་པ་སྟོང་པ་སྙམ་སེམས་པར་འགྱུར་རོ། །སྣུམ་དྲགས་གཡན་དང་ལྕི་བ་ཉིད། །མཆིལ་མང་ཆམ་འདེབས་ཡི་ག་འཆུས། །ཞེས་བྱ་བ་ལ། སྤྱི་བོར་སྣ་ནས་སྣུམ་བཏང་དྲགས་པར་གྱུར་ན། ཤིན་ཏུ་གཡའ་བར་

འགྱུར་བ་དང་། མགོ་ལྕི་བ་ཉིད་དང་། མཆིལ་མ་དང་སྣབས་མང་བ་དང་། ཆམ་པས་འདེབས་ཤིང་ཡི་ག་འཆུས་པར་འགྱུར་རོ། །ལེགས་བཀྲུས་མིག་གསལ་ཡང་བ་དང་། །ཁ་དང་སྐད་ནི་དག་པར་འགྱུར། །འཁྲུས་ཉེས་ནད་ནི་འཕེལ་བར་འགྱུར། །བཀྲུས་དྲགས་

ཁོང་ནི་རྨྱ་བར་འགྱུར། །ཞེས་བྱ་བ་ལ། མགོ་བོའི་བཀྲུ་སྨན་ལེགས་ཤིང་སྦྱོར་བ་ཕྱིན་ཅི་མ་ལོག་པར་གྱུར་ན། མིག་གསལ་ཞིང་ཡང་བ་དང་། ཁ་དང་སྐད་གདངས་དག་ཅིང་གསལ་བར་འགྱུར་རོ། །མགོ་དེའི་བཀྲུ་སྨན་ཉེས་ཤིང་མ་ལེགས་པར་གྱུར་ན། ནད་ཀྱི་

དཀྱེལ་འཕེལ་ཞིང་སླར་སོགས་པར་འགྱུར་རོ། །མགོ་བོའི་ཁྲུས་ཤིན་ཏུ་དྲགས་པར་གྱུར་ན། ཁོང་རྨྱ་ཞིང་ཉམ་ཆུང་བར་འགྱུར་རོ། །ཚད་ཆུང་གློ་རྡོལ་རིད་པ་དང་། །བྱིས་པ་རྒན་པོ་སྐྱིད་པར་གནས། །དུས་མིན་ཆར་འབབ་པར་ཡང་གཏང་། །ཞེས་བྱ་བ་ལ། སྣ་ནས་

གཏང་བའི་སྨན་ཚད་ཆུང་ངུ་ནི། གློ་རྡོལ་བ་ལ་སོགས་པ་ལ་ཡང་གཏང་བར་བྱ་ལ། དེ་བཞིན་དུ་དུས་མ་ཡིན་པར་ཡུལ་རྨུགས་པ་ལ་ཡང་གཏང་དུ་རུང་ངོ་། །དེ་ལ་གློ་རྡོལ་བ་ནི་གློ་ནས་ཁྲག་བྱུང་བའམ། བྲང་གི་ཤ་ཟད་པའོ། །རིད་པ་ནི་མི་རོ་སྐམ་པོ་ལྟར་སྐེམ་པའོ། །བྱིས་པ་ནི་ལོ་

བཅུ་དྲུག་མན་ཆད་དོ། །རྒན་པོ་ནི་བདུན་ཅུ་ཡན་ཆད་ལོན་པའོ། །སྐྱིད་པར་གནས་པ་ནི་རྟག་ཏུ་བདེ་ཞིང་གཞོན་ཤ་ཅན་དུ་གནས་པའོ། །དེ་ནི་ཆམ་པས་དྲག་བཏབ་དང་། །ཆང་འཐུངས་རྣ་བ་འོན་པ་དང་། །གླད་རྒྱས་སྲིན་བུ་ཞུགས་པ་དང་། །ནད་བསྡུས་ཕྱིར་ནི་མ་ཕྱུང་ལ། ཚད་ཆུང་བ་

เล่ม ๒๐๐ · หน้า 238a

ནི་གཏང་མི་བྱ། །ཞེས་བྱ་བ་ལ། སྣ་ནས་གཏང་བའི་སྨན་ཚད་ཆུང་ངུ་དེ་ནི་ཆམ་པ་དྲག་པོས་བཏབ་པ་དང་། དེ་བཞིན་དུ་ཆང་འཐུངས་པ་སྟེ། གང་གིས་དུས་དེ་ཉིད་ཀྱི་ཚེ་འཐུངས་པ་དང་། དེ་བཞིན་དུ་རྣ་བ་འོན་ཞིང་སྒྲ་འཛིན་པ་ལ་ཞེན་པ་དང་། དེ་བཞིན་དུ་གླད་

རྒྱས་ལ་སྲིན་བུ་ཞུགས་པ་དང་། དེ་བཞིན་དུ་ནད་མང་པོ་ཁོང་དུ་བསྡུས་པའམ། སྤྱིར་ནད་མང་བར་གྱུར་པ་དང་། ནད་བསྡུས་ནས་ཕྱིར་མ་བྱུང་བར་གྱུར་པ་ལ་ཡང་གཏང་བར་མི་བྱ་སྟེ། གང་གི་ཕྱིར་ཚད་ཆེན་པོ་ནས་ཆུང་བ་ནི་དམན་པ་ཉིད་ཡིན་པའི་ཕྱིར་ནུས་པ་ཆུང་བ་ཡིན་ནོ། །

ཉིན་མཚན་ཟས་ཟོས་སློན་གཉིད་ཉལ། །མཐའ་དང་བུད་མེད་ལ་མངལ་དུབ། །མགོ་བསྐུས་མཁུར་བཀང་དབོ་བའི་རྗེས། །བཤང་གཅི་མིག་སྨན་བཏང་རྗེས་དང་། །སོ་ཤིང་གི་རྗེས་དགོད་པ་ཡི། །རྗེས་ལ་ཐིགས་པ་གཉིས་པ་གཏང་། །ལྔ་ཡིས་དབང་པོའི་བུ་ག་

དག །གསུམ་གྱིས་རིམ་བཞིན་ངལ་བ་སེལ། །ལྔ་བོས་མིག་ནི་གསལ་བར་བྱེད། །སོ་བརྟན་རླུང་ནད་ཞི་བར་འགྱུར། །ཞེས་བྱ་བ་ལ། ཚད་ཆུང་ངུ་བཏང་བའི་དུས་ནི་བཅྭ་ལྔ་པ་འདི་དག་སྟེ། མཚན་མོ་ཟས་ཟོས་པའི་རྗེས་ལ་སོགས་པ་ལ་གཏང་བར་བྱ་ལ། ཚད་ཆུང་

ངུ་འདི་ནི་ཐིགས་པ་གཉིས་ཏེ། ལན་གཉིས་ཐིགས་པའི་ཚད་ཡིན་ལ། དེ་ཡང་དང་པོའི་ལྔའི་མཐའ་མར་བཏང་ན་བུ་ག་རྣམས་སྦྱངས་ཤིང་དག་པར་བྱེད་དེ། དེ་ཡང་མཚན་མོའི་མཐའ་དང་། ཟས་ཟོས་པའི་མཐའ་དང་། སློན་པའི་མཐའ་དང་། ཉིན་པར་ཉལ་བའི་

མཐར་བཏང་ན་དབང་པོའི་བུ་ག་རྣམས་གསལ་ཞིང་དག་པར་འགྱུར་རོ། །གསུམ་གྱིས་རིམ་བཞིན་ངལ་བ་སེལ། །ཞེས་བྱ་བ་ལ་ནི། བུད་མེད་ཀྱིས་དུབ་པའི་མཐའ་དང་ལམ་གྱིས་དུབ་པའི་མཐའ་དང་། ངལ་ཆད་པའི་མཐའ་སྟེ། མཐའ་གསུམ་པོར་བཏང་ན་ངལ་བ་དེ་གསུམ་

སེལ་བར་འགྱུར་རོ། །ལྔ་བཏང་མིག་ནི་གསལ་བར་འགྱུར། །ཞེས་བྱ་བ་ལ། མགོ་བཀྲུས་པའི་རྗེས་དང་། མཁུར་བ་བཀང་ནས་ཕོ་བའི་རྗེས་དང་། བཤང་བ་བཏང་བའི་རྗེས་དང་། གཅི་བ་བཏང་བའི་རྗེས་དང་། མིག་སྨན་བཏང་བའི་རྗེས་ལ་བཏང་ན་མིག་གསལ་ཞིང་

เล่ม ๒๐๐ · หน้า 238b

སྟོབས་དང་ལྡན་པར་འགྱུར་རོ། །སོ་ཤིང་ཟོས་པའི་རྗེས་ལ་བཏང་ན་སོ་བརྟན་པར་འགྱུར་རོ། །དགོད་པའི་རྗེས་ལ་ཐིགས་པ་གཉིས་བཏང་ན་རླུང་ཞི་བར་འགྱུར་རོ། །སྣ་སྨན་ལོ་བདུན་མ་ལོན་དང་། །བརྒྱད་ཅུ་འདས་ལ་གཏང་མི་བྱ། །བཅོ་བརྒྱད་མ་ལོན་དུད་མི་བདུག །

མཁུར་བཀང་ལྔ་མ་ལོན་ལ་མིན། །ལོ་བཅུ་མ་ལོན་སྦྱང་མི་གཏང་། །བདུན་ཅུ་འདས་ལའང་མི་བྱའོ། །སྐྱེས་ནས་རྒས་པའི་བར་དུ་ནི། །ཚད་ཆུང་མས་གཏོང་ལྟ་བུར་བསྔགས། །དེ་ནི་རྟག་ཏུ་བསྟེན་གྱུར་ན། །ཚད་ཆེ་བ་ལྟར་ཡོན་ཏན་སྐྱེད། །འདི་ལ་བདམ་པ་གང་ཡང་མེད། །

གནོད་ལས་ཚད་ཆེན་ལྟར་འཇིགས་མེད། །ཅེས་བྱ་བ་ལ། སྨན་སྣ་ནས་གཏང་བ་ནི། བྱིས་པ་ལོ་བདུན་མ་ལོན་པ་དང་། ལོ་བརྒྱད་ཅུ་ཡན་ཆད་འདས་པའི་ནད་པ་ལ་གཏང་བར་མི་བྱའོ། །བཅོ་བརྒྱད་མ་ལོན་དུད་མི་བདུག །ཅེས་བྱ་བ་ནི། མི་ལོ་བཅོ་བརྒྱད་མ་ལོན་པ་མན་ཆད་

ནི་དུད་པས་བདུག་པའི་སྨན་གཏང་བར་མི་བྱའོ། །དེ་བཞིན་དུ་མཁུར་བ་བཀང་ནས་དབོ་བའི་སྨན་ཡང་ལོ་ལྔ་མ་ལོན་པ་མན་ཆད་ལ་གཏང་བར་མི་བྱའོ། །དེ་བཞིན་དུ་ལོ་བཅུ་མ་ལོན་པ་ལ་བཀྲུ་སྨན་གྱིས་སྦྱང་བ་མི་བྱའོ། །དེ་བཞིན་དུ་ལོ་བདུན་ཅུ་ཡན་ཆད་འདས་པའི་ན་ཚོད་

དང་ལྡན་པ་ལ་སྦྱང་བ་མི་བྱའོ། །དགག་པ་འདི་བཀྲུ་སྨན་བཏང་བའི་སྐབས་ཡིན་པར་ཤེས་པར་བྱའོ། །སྐྱུག་སྨན་ནི་མ་ཡིན་ཏེ་བྱིས་པ་ནི་ཕལ་ཆེར་འོ་མ་དང་མར་ཟ་བས་བད་ཀན་ལས་བྱུང་བའི་ནད་ཡོད་པས་ན་ནད་ཐམས་ཅད་བཀྲུ་སྨན་བསྔགས་པ་མ་ཡིན་ནོ་ཞེས་བཤད་པའི་

ཕྱིར་རོ། །ཡང་ཚད་རབ་ཏུ་ཆུང་བ་ཐིགས་པ་གཉིས་པ་ནི་འདི་ནི་སྐྱེས་ནས་ཞེས་བྱ་བ་བྱིས་པ་ལོ་གཅིག་མ་ལོན་པ་ནས། འཆི་བ་ནས་རྒས་པའི་མཐར་ཐུག་པའི་བར་ལ་ཚད་ཆུང་ངུ་བསྟེན་པ་བསྔགས་པ་ཡིན་ཏེ། དེ་ཡང་ཇི་ལྟར་མས་གཏོང་བ་སྐྱེས་ནས་རྒས་པའི་བར་དུ་གཏང་དུ་

རུང་ཞིང་བསྔགས་པ་ཡིན་པ་དང་འདྲ་བར་ཚད་ཆུང་ངུ་འདི་བསྔགས་པ་ཡིན་ནོ། །ཚད་ཆུང་ངུ་དེ་རྟག་ཏུ་བསྟེན་ཅིང་རྒྱུན་དུ་གོམས་པར་བྱས་ན། ཐུན་ཚད་ཆེ་བ་དང་འདྲ་བར་ཡོན་ཏན་སྐྱེད་པར་བྱེད་པ་ཡིན་ཏེ། དེ་བས་ན་སྐྱེས་ནས་རྒས་ཀྱི་བར་དུ་བསྔགས་པ་ཡིན་ནོ། །སྣ་ནས་གཏང་

เล่ม ๒๐๐ · หน้า 239a

བའི་སྨན་ཆུང་ངུ་འདི་ལ་ནི་སྔར་གྱི་ཚད་དུ་བསྟན་པའི་ཆེ་འབྲིང་ཆུང་གསུམ་ལྟར་བདམ་པ་ཡོད་པ་མ་ཡིན་ཏེ། སྣུམ་གྱི་ཆོ་གའི་སྐབས་ནས་བཤད་པའི་ཆོ་ག་ལྟ་བུ་བསྟེན་ཅིང་བསྲུང་མི་དགོས་སོ། །ཡང་ཚད་ཆེན་པོ་བཏང་བ་ལས་གནོད་པ་འབྱུང་བའི་འཇིགས་

པ་ཡོད་པ་ལྟར་འདི་ལྟར་འདི་ལ་དེ་ལྟ་བུའི་གནོད་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྣ་སྨན་དོན་དུ་ཏིལ་མར་ཉིད། །རྟག་ཏུ་བསྟེན་པ་བསྔགས་པ་ཡིན། །མགོ་ནི་བད་ཀན་གནས་ཡིན་ཕྱིར། །སྣུམ་གཞན་བདེར་གནས་ལ་མི་བསྔགས། །ཞེས་བྱ་བ་ལ། བདེ་བར་ནད་མེད་པར་གནས་པའི་སྐབས་

སུ་སྣ་ནས་གཏང་བའི་སྨན་གྱི་དོན་དུ་ཏིལ་མར་ཉིད་བསྔགས་པ་ཡིན་གྱི། མར་ལ་སོགས་པའི་སྣུམ་གཞན་རྟག་ཏུ་བསྟེན་པ་བསྔགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མགོ་བོ་ནི་བད་ཀན་གྱི་གནས་ཡིན་པའི་ཕྱིར་སྣུམ་གཞན་མི་བསྔགས་ཀྱི་ཏིལ་མར་ནི་བད་ཀན་སེལ་བ་ཡིན་

བས། དེའི་ཕྱིར་སྣུམ་གཞན་མར་ལ་སོགས་པ་ནད་མེད་པའི་སྐབས་སུ་གཏང་བ་བསྔགས་པ་མ་ཡིན་ནོ། །མྱུར་བྱེད་རིང་ཞིག་བྱེད་པ་དང་། །ཡོན་ཏན་ཆེ་དང་ཆུང་བྱེད་པའི། །ཁྱད་པར་ཚད་ཆེན་ཚད་ཆུང་དང་། །གལ་ཏེ་མེད་པར་གྱུར་ན་ནི། །གང་ཞིག་སྤང་བཅས་གནོད་བཅས་

པའི། །ཚད་ཆེན་དག་ནི་སུ་ཞིག་སྟོན། །སྣུམ་དངས་བཏུང་བ་རྟག་བཤད་དུ། །སྤྱིལ་བུ་རླུང་དང་ཚད་པར་གནས། །འཇམ་རྩི་ཚད་ཅན་མས་གཏོང་ཚད། །དེ་དང་འདྲ་བར་རྣམ་པར་བསྟན། །ཞེས་བྱ་བ་ལ། འདི་ནི་ཡན་ལག་བརྒྱད་པ་བསྡུས་པ་ལས་གཞུང་རྩོམ་པར་བྱེད་པས་

བཤད་པ། འདིར་ལ་ལ་ཞིག་གིས་བཅུག་པ་ཡིན་མོད་ཀྱི། འོན་ཀྱང་འདིར་བཤད་པར་བྱ་སྟེ། གལ་ཏེ་ཚད་ཆེ་བ་སྔར་རྣམ་པ་གསུམ་དུ་བསྟེན་པ་དང་། ཚད་ཆུང་ངུ་ཐིགས་པ་གཉིས་པ་དེ་དག་ལ་ཁྱད་པར་མེད་པར་གྱུར་ན། སྤང་བར་བྱ་ཞིང་ཉེས་དམིགས་དང་བཅས་པའི་ཚད་

ཆེན་པོས་ནད་པ་གསོ་བར་གླེན་པ་སུ་ཞིག་བྱེད་དེ། ཚད་ཆུང་འདིས་ཆོག་མོད། །དེས་ན་འདི་གཉིས་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཡོད་ཅེ་ན། དེའི་ཕྱིར་མྱུར་བྱེད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། ཚད་ཆེ་བ་དང་ཆུང་བ་གཉིས་ནི། གཉིས་པ་ཁྱད་པར་གྲངས་ཇི་ལྟ་བ་བཞིན་དུ་

เล่ม ๒๐๐ · หน้า 239b

མྱུར་དུ་བྱེད་པ་དང་། རིང་ཞིག་ན་བྱེད་པ་དང་། ཡོན་ཏན་ཆེ་བ་དང་། ཆུང་བར་བྱེད་པའི་ཁྱད་པར་མཆོག་སྟེ་ཐ་མ་དག་ཡོད་པ་མ་ཡིན་ཏེ། དེ་ཡང་ཆེ་ཚད་གསུམ་པོ་ནི་སྣུམ་གྱི་ལས་ལ་སོགས་པ་མྱུར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ཉིད་ཡོན་ཏན་ཤས་ཆེ་བར་བྱེད་པ་ཡིན། དེ་

བཞིན་དུ་ཆུང་ཞིང་དམན་པར་ཡང་བྱེད་པ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཡོད་པ་ལ་བརྟེན་ནས། ཚད་ཆེན་པོར་བཤད་པ་གསུམ་པ་ནི་སྤང་བ་དང་བཅས་ཤིང་གནོད་པ་དང་བཅས་སུ་ཟིན་ཀྱང་། ཚད་ཆེན་པོ་དག་བྱ་བ་ཁོ་ན་སྟོན་པ་ཡིན་ཏེ། དེ་བཞིན་དུ་སྐབས་

ཀྱིས་གཞན་དག་ཀྱང་བཤད་པ་ཡིན་ཏེ། སྣུམ་དངས་མ་བཏུང་བ་ནི་སྤང་བར་བྱ་བ་དང་བཅས་ཤིང་། མི་མཐུན་པའི་སྐབས་གནོད་པའི་སྐབས་སྤང་བ་མེད་པ་མ་ཡིན་ཡང་། འོན་ཀྱང་ཞུན་མར་ལ་སོགས་པའི་སྣུམ་དངས་མ་བསྟེན་པར་བཤད་པ་ནི་མྱུར་དུ་བྱེད་པ་དང་། ཡོན་

ཏན་ཆེ་བའི་ཕྱིར་རོ། །དེ་བཞིན་དུ་སྤྱིལ་བུར་གནས་ནས་བཅུད་ཀྱིས་ལེན་ཉེ་བར་བསྟེན་པ་དང་། དེ་བཞིན་དུ་རླུང་དང་། ཚད་པར་གནས་ནས་རླུང་དང་ཉི་ཚན་གྱི་ཆོ་གས་བཅུད་ཀྱིས་ལེན་བསྟེན་པར་བྱེད་པ་དེ་གཉིས་ལ་ཁྱད་པར་མེད་པར་གྱུར་ན་སྤྱིལ་བུར་གནས་པའི་ཆོ་ག་སྤང་བ་དང་།

གནོད་པ་དང་བཅས་པ་སུ་ཞིག་སྟོན་པར་བྱེད་ན། གང་གི་ཕྱིར་སྤྱིལ་བུ་ལ་གནས་པ་ནི་མྱུར་བར་བྱེད་པ་དང་། ཡོན་ཏན་ཆེ་བ་ཡིན་ལ། རླུང་དང་ཚད་པར་གནས་པ་ནི་རིང་ཞིག་ན་བྱེད་པ་དང་། ཡོན་ཏན་ཆུང་བ་ཡིན་ཏེ། ཚད་འདི་གཉིས་ཀྱི་ཁྱད་པར་ཡང་དེ་དང་འདྲའོ། །དེ་བཞིན་

དུ་འཇམ་རྩེ་མས་གཏོང་བའི་ཚད་ཀྱང་དེ་དང་འདྲ་བར་བཤད་པ་ཡིན་ཏེ། དེས་ན་འཇམ་རྩི་མས་གཏོང་བ་ནི་མྱུར་དུ་བྱེད་པ་དང་། ཡོན་ཏན་ཆེ་བ་ཡིན་ལ། འཇམ་རྩི་ཚད་ཤིན་ཏུ་ཆུང་བའི་མས་གཏོང་བ་ནི་རིང་ཞིག་ན་བྱེད་པ་དང་། ཡོན་ཏན་ཆུང་བ་ཡིན་ན། དེ་བས་ན་ཁྱད་པར་འདི་

གཉིས་ལ་བརྟེན་ནས་འཇམ་རྩི་ཚད་དང་ལྡན་པ་དག་ནི་སྤང་བར་བྱ་བ་དང་། གནོད་པ་དང་བཅས་སུ་ཟིན་ཀྱང་བཤད་པ་ཡིན་གྱི། མས་གཏོང་བ་ཆུང་ངུ་ཆུང་ངུས་བྱེད་པ་གཅིག་བུ་མ་བཤད་དེ། འདི་གཉིས་ནི་འབྲས་བུ་ཁྱད་པར་ཡོད་པ་ཡིན་ནོ། །ཛ་ལ་སྒྲོན་ཤིང་ཛི་བན་ཏི། །

เล่ม ๒๐๐ · หน้า 240a

གླ་སྒང་ཤིང་ཚ་པུ་ཤེལ་ཙི། །གོ་བི་ཙནྡན་སྐྱེར་པའི་རྩ། །ཤིང་མངར་གླ་བ་ཨ་ཀ་རུ། །ཉེའུ་ཤིང་བིལ་བ་པུཎྜ་རཱི། །ཨུཏྤལ་མུ་ར་པརྞི་གཉིས། །བྲི་ཧ་ཏི་གཉིས་བྱི་དང་ག །གནྡྷ་བྷ་དྲ་སུག་སྨེལ་དང་། །ཧ་རེ་ཎུ་ཀ་པདྨ་ཡི། །གེ་སར་དང་ནི་བ་ལ་སྟེ། །

སྨན་ནི་འདི་རྣམས་ཆ་སྙོམས་ལ། །ཆར་པའི་ཆུས་ནི་བསྐོལ་བར་བྱ། །ཏིལ་མར་ལས་ནི་སྨན་གྱི་ཁུ། །བཅུ་འགྱུར་ལྷག་བྱས་དེ་ལས་ནི། །ཏིལ་མར་ཆུ་དང་བསྐོལ་བྱ་བ། །ལན་བཅུ་ཉིད་ནི་བསྐོལ་ནས་ནི། །ཚོས་པ་ཡི་ནི་བཅུ་ཆ་ལ། །དེ་མཉམ་ར་ཡི་འོ་མ་བླུགས། །སྣར་

བཏང་ཏིལ་མར་ཡོན་ཏན་ཆེ། །ཐིགས་ཕྲན་ཞེས་བྱ་འདི་བསྟེན་བྱ། །ཞེས་བྱ་བ་ལ། ཛ་ལ་ཞེས་བྱ་བ་ནི་རྩྭ་སྨན་པ་ལ་ཀའོ། །ཛི་བན་ཏི་ནི་གྲགས་པར་ཟད་དོ། །གོ་བི་ནི་ཤི་རི་བའོ། །གླ་བ་ནི་བ་རི་པེ་ལའོ། །ཉེའུ་ཤིང་ནི་ཤ་ཏ་པ་རིའོ། །པུཎྜ་རཱི་ནི་པྲ་པུཎྜ་རཱི་ཀའོ། །ཨུཏྤ་

ལ་ནི་ཨུཏྤལ་སྔོན་པོའོ། །མུ་ར་ནི་གན་ད་མུ་རའོ། །པརྞི་གཉིས་ནི་ས་ལ་པརྞི་དང་། ཀྲྀཥྞ་པརྞིའོ། །བྲི་ཧ་ཏི་གཉིས་ནི་བྲི་ཧ་ཏི་དང་། ཀཎྜ་ཀ་རིའོ། །ཧ་རེ་ཎུ་ཀ་ནི་རེ་ཎུ་ཀའོ། །པདྨའི་གེ་སར་ནི་པདྨའི་སྙིང་པོའི་གེ་སར་རོ། །བ་ལ་ནི་གྲགས་པར་ཟད་དོ། །སྨན་འདི་རྣམས་ལེགས་

པར་ཆ་སྙོམས་ལ། དེའི་བརྒྱད་འགྱུར་གྱི་ཆར་པའི་ཆུ་དང་བསྐོལ་བ་ཇི་སྲིད་ཏིལ་མར་གྱི་བཅུ་འགྱུར་ལུས་པར་འགྱུར་གྱི་བར་དུ་བསྐོལ་བར་བྱའོ། །དེ་ལྟར་སྨན་གྱི་ཁུ་བ་ཏིལ་མར་གྱི་བཅུ་འགྱུར་ལུས་པར་བྱས་ལ། དེའི་འོག་ཏུ་བསྐོལ་བའི་ཆུ་ཏིལ་མར་གྱི་བཅུ་འགྱུར་ཡོད་པ་ལ། དེ་

ལ་ཏིལ་མར་ཆ་གཅིག་དང་། ལན་བཅུའི་བར་དུ་བསྐོལ་བར་བྱའོ། ལྷག་པའམ་མ་ཚང་བ་མ་ཡིན་ནོ། །འདི་ཉིད་ཅེས་བྱ་བ་ངེས་པར་གཟུང་བ་སྨོས་པ་ཡིན་ནོ། །དེ་ལ་ཏིལ་མར་ཆོས་པའི་ཚད་ནི་ཅི་ནས་སྨན་བསྐོལ་བའི་ཆུ་དེ་བཅུ་ཆ་རེ་རེ་དང་སོ་སོར་བསྐོལ་བས་རྫོགས་ཀྱི་བར་དུ་བསྐོལ་ནས།

ཏིལ་མར་དེ་ཚོས་པར་གྱུར་པ་དེ་ལྟར་བྱའོ། །ཚོས་པ་བཅུ་ཆ་དེ་དང་མཉམ་པའི་རའི་འོ་མ་བླུགས་པར་བྱ་སྟེ། གང་དང་མཉམ་ཞེ་ན། ཏིལ་མར་དང་བསྐོལ་བའི་ཆུ་དང་མཉམ་པར་བྱའོ། །དེ་ཡང་འདི་སྐད་སྟོན་པ་ཡིན་ཏེ། ཛ་ལ་དང་སྒྲོན་ཤིང་ལ་སོགས་པའི་སྨན་ཆ་མཉམ་སྲང་སུམ་

เล่ม ๒๐๐ · หน้า 240b

ཅུ་རྩ་གཉིས་པ་ཕྲག་བརྒྱ་སྟེ། སུམ་སྟོང་ཉིས་བརྒྱ་བསྐོལ་ལ་བསྐོལ་བའི་སྨན་ཁུ་ལྷག་མ་སྲང་སུམ་ཅུ་ཉི་ཤུ་ལུས་པར་བྱས་ཏེ། དེའི་བཅུ་ཆ་སྨན་ཁུ་སྲང་སུམ་ཅུ་རྩ་གཉིས་དང་། ཏིལ་མར་སྲང་སུམ་ཅུ་རྩ་གཉིས་བསྐོལ་བར་བྱའོ། །དེ་བཞིན་དུ་བསྐོལ་བ་བཅུ་པོའི་སྐབས་སུ་

ཏིལ་མར་དང་མར་དང་མཉམ་པའི་རའི་འོ་མ་སྲང་སུམ་ཅུ་རྩ་གཉིས་གཞུག་པར་བྱའོ། །སྣ་ནས་གཏང་བའི་ཏིལ་མར་འདི་ནི་ཡོན་ཏན་ཆེ་ཞིང་བསྟེན་པར་བྱ་བ་ཡིན་པར་དྲང་སྲོང་རྣམས་ཀྱིས་བཤད་ལ། འདིའི་མིང་ནི་ཐིགས་ཕྲན་ཞེས་བྱ་སྟེ། མགོ་བོའི་ཆའི་རྩ་ཕྲན་རྣམས་སུ་ཐིགས་པ་

ཕྲ་མོས་ནང་དུ་འཇུག་པར་ནུས་པའི་ཕྱིར། ཏིལ་མར་འདི་ལ་ཐིགས་ཕྲན་གྱི་ཏིལ་མར་ཞེས་དོན་དང་ལྡན་པའི་མིང་བཏགས་པ་ཡིན་ནོ། །སྣ་ནས་གཏང་བའི་སྨན་བསྟེན་པས། །ཕྲག་པ་མགྲིན་པ་དཔུང་མགོ་ནི། །མཁྲེགས་ཤིང་མཐོ་ལ་པགས་མདོག་གསལ། །དབང་བརྟན་སྐྲ་དཀར་

མེད་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བསྟན་པའི་སྣ་ནས་གཏང་བའི་སྨན་བསྟེན་ཅིང་གོམས་པར་བྱས་པས་ནི། སྐྱེས་བུ་དེ་ཕྲག་པ་དང་། མགྲིན་པ་དང་དཔུང་མགོ་མཐོ་ཞིང་སྲ་ལ་མཁྲེགས་པར་འགྱུར་བ་དང་། པགས་པའི་མདོག་གསལ་ཞིང་དངས་པར་འགྱུར་བ་དང་།

དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་བརྟན་ཞིང་ཡུལ་འཛིན་པར་ནུས་པ་དང་། སྐྲ་དཀར་མེད་ཅིང་རྒས་སྲ་བ་ཉིད་དུ་འགྱུར་བ་ཁོ་ན་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་

དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ཉི་ཤུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་གྱི་དུད་པ་གཏང་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་ནི་འདི་ཡིན་ཏེ། སྔར་བཤད་པའི་སྨན་སྣ་ནས་གཏང་བའི་རྗེས་ལ།

དུད་པ་བརྔུབས་ཏེ། མཁུར་བ་བཀང་ནས་དབོ་བར་བྱའོ། །ཞེས་སྔར་བཤད་པས་ན། དུད་པ་དེའི་ཆོ་ག་འདི་དང་འདི་ལྟར་བྱའོ་ཞེས་བྱ་བའི་ཚུལ་གྱིས་ལེའུ་བཤད་པ་ཡིན་ནོ། །ནམ་ཚོང་ཡན་ཆད་བད་རླུང་ལས། །བྱུང་བའི་ནད་རྣམས་མི་སྐྱེ་དང་། །སྐྱེས་པ་རྣམས་ནི་

เล่ม ๒๐๐ · หน้า 241a

བསལ་བའི་ཕྱིར། །མཁས་པས་རྟག་ཏུ་དུད་པ་བརྔུབ། །ཅེས་བྱ་བ་ལ། ནམ་ཚོང་ཡན་ཆད་ཀྱི་བད་ཀན་ལས་བྱུང་བའི་ནད་དང་། རླུང་ལས་བྱུང་བའི་ནད་དང་། དེ་བཞིན་དུ་བད་ཀན་དང་རླུང་ལས་བྱུང་བའི་ནད་རྣམས་མི་འབྱུང་བའི་ཕྱིར་དང་། དེ་བཞིན་

དུ་སྐྱེས་ཤིང་བྱུང་བ་རྣམས་བསལ་ཞིང་གཞོམ་བར་བྱ་བའི་ཕྱིར་སྐྱེས་བུ་མཁས་པ་བདག་ལ་ཕན་པར་འདོད་པས་རྟག་པར་དུས་ཐམས་ཅད་དུ་དུད་པའི་སྨན་བརྔུབ་ཅིང་བཏུང་བར་བྱའོ། །དེ་ནི་འཇམ་དང་བར་མ་རྣོ། །རླུང་དང་བད་རླུང་བད་ཀན་ལ། །ཞེས་བྱ་བ་ལ། དུད་པ་དེ་ནི་འཇམ་

པ་དང་བར་མ་དང་། རྣོ་བའི་དབྱེ་བས་རྣམ་པ་གསུམ་ཡོད་དོ། །དེ་ལས་འཇམ་ཞིང་སྣུམ་པ་ནི། བད་ཀན་ཅུང་ཟད་དང་ལྡན་པའི་རླུང་ནད་ལ་གཏང་བར་བྱའོ། །བར་པ་ནི་རླུང་དང་བད་ཀན་འདྲེས་པའི་ཆ་མཉམ་པ་ལ་གཏང་བར་བྱའོ། །རྣོན་པོ་ནི་བད་ཀན་ལ་གཏང་བར་བྱའོ། །དེ་

ལ་འཇམ་པ་ནི་བརྟས་པར་བྱེད་པ་དང་། སྣུམ་པ་དང་། འཇམ་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །བར་མ་ནི་ཞི་བར་བྱེད་པ་དང་། སྦྱོར་བ་ཅན་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །རྣོ་བ་ནི་སྦྱོར་བ་དང་བཀྲུ་བ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །གཏང་ངོ་མཁྲིས་ཁྲག་གིས་ཉེན་དང་། །

ཁྲུས་བཏང་དམུ་རྫིང་ཟ་ཁུ་དང་། །རབ་རིབ་སྦོས་དང་སྟོད་རླུང་ནད། །ལྐོག་ནད་མས་གཏོང་བྱས་པ་དང་། །ཉ་དང་ཆང་དང་འོ་མ་ཞོ། །སྦྲང་རྩི་མར་དང་དུག་འཐུངས་སོགས། །མགོ་ནད་སྐྱ་རྦབ་ནད་ཅན་ནི། །མཚན་གཉིད་མ་ལོག་ལ་མི་གཏང་། །ཞེས་བྱ་བ་ལ། དུད་པ་དེ་ནི་

མཁྲིས་པ་དང་ཁྲག་གི་ནད་ཀྱིས་ཉེན་པ་དང་། བཀྲུ་སྨན་བཏང་བ་ལ་སོགས་པ་ལ་གཏང་བར་མི་བྱའོ། །སྟོད་ཀྱི་རླུང་ནད་ནི་རོ་སྟོད་ཀྱི་རླུང་ནད་དོ། །ལྐོག་ནད་ནི་ལྐོག་མ་འགགས་པ་ལ་སོགས་པའོ། །ཉ་དང་ཆང་འཐུངས་པ་ལ་སོགས་པ་མཚན་མོ་གཉིད་ཀྱིས་མ་ལོག་པ་ལ་དུ་བའི་

སྨན་གཏང་བར་མི་བྱའོ། །གལ་ཏེ་དུད་པ་ཆེར་བརྔུབས་ན། །ཁྲག་དང་མཁྲིས་འཕེལ་འོན་ལོང་དང་། །སྐོམ་དང་བརྒྱལ་དང་རྨོངས་པར་བྱེད། །དེར་ནི་བསིལ་བའི་ཆོ་ག་ཕན། །ཞེས་བྱ་བ་ལ། དུད་པ་གསུམ་པོ་དུས་མ་ཡིན་པར་བརྔུབས་པ་དང་། བཀག་པའི་གནས་

เล่ม ๒๐๐ · หน้า 241b

ལ་བརྔུབས་པ་དང་། སྦྱོར་བ་ནོངས་པས་བརྔུབས་པ་དང་། །ཆེར་བརྔུབས་ཤིང་ལྷག་པར་བརྔུབས་པ་ནི། ཁྲག་དང་མཁྲིས་པ་འཕེལ་བར་འགྱུར་བ་དང་། དེ་བཞིན་དུ་འོན་བ་སྟེ་རྣ་བའི་དབང་པོ་ལ་གནོད་པར་འགྱུར་བ་དང་། མིག་ལོང་ཞིང་མཐོང་བ་ཉམས་པ་དང་། སྐོམ་

པ་དང་། དེ་བཞིན་དུ་བརྒྱལ་ཞིང་འབོག་པ་དང་། རྨོངས་ཤིང་མྱོས་པར་བྱེད་དོ། །ཁྲག་དང་མཁྲིས་པ་འཕེལ་བ་ལ་སོགས་པ་དེར་ནི་བསིལ་བའི་ཆོ་ག་སྟེ། སྨན་ཁ་ནས་བཏང་བ་དང་། མིག་བསྐུ་བ་དང་། མིག་སྨན་དང་། ཆུས་གཏོར་བ་དང་། ཟས་དང་སྐོམ་

པའི་ཆོ་ག་ཐམས་ཅད་བསིལ་བར་བྱས་པས་ཕན་ནོ། །བཀྲེས་སྦྲིད་གླལ་དང་བཤང་གཅི་བསལ། །བུད་མེད་བསྟེན་དང་གཏར་ག་བཏབ། །དགོད་དང་སོ་ཤིང་བཅས་པ་ཡི། །མཐར་ནི་དུད་པ་འཇམ་པོ་གཏང་། །ཞེས་བྱ་བ་ལ་སོགས་པ་བརྒྱད་ཀྱི་མཐར། དུད་པ་འཇམ་

པོ་རྔུབ་ཅིང་གཏང་བར་བྱའོ། །དུས་འདི་དག་ནས་མཚན་ཟས་ཟོས། །སྣ་སྨན་རྗེས་ལ་བར་མ་བརྔུབ། །ཅེས་བྱ་བ་ལ། དུས་བརྒྱད་པོ་འདི་དག་ཉིད་ཀྱི་ཚེ་དང་མཚན་མོའི་མཐའ་དང་ཟས་ཟོས་པའི་མཐའ་དང་། སྣ་སྨན་བཏང་བའི་རྗེས་ལ་དུད་པ་བར་མ་བརྔུབ་ཏུ་རུང་སྟེ། དུད་པ་

འཇམ་པོ་གཏང་བའི་དུས་བརྒྱད་དང་མཚན་མོའི་མཐའ་ལ་སོགས་པར་དུ་བ་བརྔུབ་པར་བྱའོ། །གཉིད་ལོག་སྣ་སྨན་མིག་སྨན་ཁྲུས། །སློན་པའི་རྗེས་ལ་རྣོན་པོས་བཀྲུ། །ཞེས་བྱ་བ་ལ། གཉིད་ལོག་པ་ལ་སོགས་པའི་རྗེས་ལ་སྨན་རྣོན་པོས་མགོ་བོ་བཀྲུས་པའི་དུད་པ་བརྔུབ་པར་

བྱའོ། །མས་གཏོང་གཅེའུ་འདྲར་བྱས་པ་ཡི། །དུད་གཅེའུ་སྦུབས་གསུམ་དྲང་པོར་བྱ། །རྩ་བ་མཐེབ་ཤོང་རྩེ་མོ་ནི། །རྒྱ་ཤུག་ཤོང་བའི་ཚད་དུ་བྱ། །ཞེས་བྱ་བ་ལ། དུ་བ་བརྔུབ་བའི་གཅེའུ་ནི། མས་གཏོང་བའི་གཅེའུའི་རྒྱུ་དང་འདྲ་བར་བྱ་ལ། དེ་བཞིན་དུ་སྦུབས་

གསུམ་པོ་སྟེ། ནང་གི་ཁོང་སྦུབས་དང་ཁ་གསུམ་པར་བྱ་བ་དང་། དྲང་ཞིང་ཡ་ཡོ་མེད་པར་བྱ་བ་དང་། དེ་བཞིན་དུ་རྩ་བའི་སྦོམ་མཐེ་བོ་ཤོང་བ་ཙམ་བྱ་བ་དང་། རྩེ་མོའི་བུ་ག་རྒྱ་ཤུག་གི་འབྲས་བུ་ཤོང་བར་བྱའོ། །དེ་ཡི་ཚད་ནི་རྔུབ་བྱེད་པའི། །སོར་ནི་ཉི་ཤུ་སུམ་ཅུ་གཉིས། །

เล่ม ๒๐๐ · หน้า 242a

བཞི་བཅུ་རྣོ་དང་བར་མ་དང་། །འཇམ་པོ་ལ་ནི་རིམ་བཞིན་བྱ། །ཞེས་བྱ་བ་ལ། རྣོན་པོ་ལ་སོགས་པའི་དུ་བ་གསུམ་ལ། དེའི་གཅེའུའི་ཚད་ནི་རིམ་པ་བཞིན། དུ་བ་རྣོན་པོ་གཏོང་བ་ལ་རྔུབ་པར་བྱེད་པའི་ནད་པའི་སོར་ཉི་ཤུ་རྩ་བཞི་བྱའོ། །བར་མ་ལ་སོགས་

སུམ་ཅུ་རྩ་གཉིས་སོ། །འཇམ་པོ་ལ་ནི་རིམ་བཞིན་བྱ། དེ་ལྟར་གཅེའུ་རིང་པོས་ནི་ཐག་རིང་པོ་ནས་འཇུག་པའི་གཅེའུའི་སྦུབས་ནས། ཕྲ་མོ་རིམ་གྱིས་གཞུག་པས་ཁྱབ་ཅིང་བདེ་བར་བྱེད་པར་འགྱུར་རོ། །དྲང་པོར་འདུག་ཅིང་དེ་ལ་སེམས། །ཁ་གདངས་ནས་ནི་ལན་

གསུམ་བརྔུབ། །སྣ་ཁུང་རེ་རེ་བཀག་ནས་ནི། །སྣར་ནི་དུད་པ་བརྔུབ་པར་བྱ། །ཞེས་བྱ་བ་ལ། དུད་པ་གཏོང་བའི་ཚེ་དྲང་པོར་འདུག་ཅིང་། མ་ཡོ་བར་གནས་པར་བྱ་བ་དང་། དེ་བཞིན་དུ་དེ་ལ་སེམས་པ་སྟེ། དུད་པ་བརྔུབ་པ་ལ་སོགས་པ་ལ་མ་ཡེངས་པ་དང་། དེ་བཞིན་

དུ་ཁ་གདངས་ཤིང་མཆུ་དང་སོ་ཕྱེ་ནས་དུ་བ་ལན་གསུམ་བརྔུབ་ཅིང་བཏང་ལ། སྣ་ཁུང་ཡ་གཅིག་བཀག་ནས་སྣ་ཁུང་གཅིག་ནས་དུད་པ་བརྔུབ་པའོ། །དེ་བཞིན་དུ་སྣ་ཁུང་གཉིས་རེ་རེ་ནས་བཀག་ཅིང་ལན་གསུམ་བརྔུབ་པར་བྱའོ། །མགོ་དང་སྣར་གཏོགས་ནད་བསྐྱོད་པ། །

དང་པོར་སྣ་ནས་བརྔུབ་པར་བྱ། །བསྐྱོད་པའི་དོན་དུ་ཁ་ནས་བརྔུབ། །གྲེ་བར་གཏོགས་པ་དེ་ལས་བཟློག །ཅེས་བྱ་བ་ལ། མགོ་དང་སྣར་གཏོགས་པའི་ནད་བསྐྱོད་ཅིང་བསྡུས་ལ། རང་ཉིད་བསྐྱོད་པའི་ནད་ལ་ནི། དང་པོར་ཏེ་ཐོག་མར་སྣ་ནས་བརྔུབས་ལ། ཕྱིས་ཁ་

ནས་བརྔུབ་པར་བྱའོ། །གྲེ་བའི་ནད་ལ་ནི་དེ་ལས་བཟློག་པའི་ཚུལ་གྱིས་བརྔུབ་པར་བྱ་སྟེ། གྲེ་བའི་ནད་བསྐྱོད་ཅིང་གློངས་པ་ལ་ནི་དང་པོར་ཁ་ནས་དུད་པ་བརྔུབས་ལ། ཕྱིས་སྣ་ནས་བརྔུབ་པར་བྱའོ། །གྲེ་བའི་ནད་མ་བསྐྱོད་ཅིང་མ་བསྡུས་པ་ནི། དེ་བསྐྱོད་པར་བྱ་བའི་ཕྱིར་དང་པོ་སྣ་ནས་

དུད་པ་བརྔུབས་ལ། ཕྱིས་ཁ་ནས་བརྔུབ་པར་བྱའོ། །དུ་བ་ཁ་ཉིད་ནས་སློན་གྱི། །སྣར་སློན་མིག་ལ་གནོད་པར་བྱེད། །ཅེས་བྱ་བ་ལ། སྣ་ནས་བརྔུབ་པའི་དུད་པ་དང་། ཁ་ནས་བརྔུབ་པའི་དུད་པ་ནི་གཉི་ག་ཡང་ཁ་ཉིད་ནས་སློན་ཕྱིར་གདོན་པར་བྱའི་མིག་ལ་འཇིགས་པ་ཡོད་པའི་ཕྱིར་སྣ་

เล่ม ๒๐๐ · หน้า 242b

ནས་སློན་པར་མི་བྱའོ། །དུད་པ་བརྔུབ་དང་འབྱིན་པ་ཡིས། །ལན་ནི་གསུམ་གསུམ་བརྔུབ་པར་བྱ། །ཞེས་བྱ་བ་ལ། དུ་བ་བརྔུབ་པ་ནི་ལན་གསུམ་གསུམ་བརྔུབ་པ་དང་། འབྱིན་པའི་ཚུལ་གྱིས་བརྔུབ་པར་བྱའོ། །འཇམ་པོ་ཉིན་གཅིག་ལན་ཅིག་གཏང་། །བར་མ་ལན་གཉིས་སྦྱོར་བ་ནི། །

ལན་གསུམ་ལན་བཞི་གཏང་བར་བྱ། །ཞེས་བྱ་བ་ལ། དུ་བ་འཇམ་པོ་ནི་ཉི་མ་རངས་པ་ལ་རང་གི་གཏང་བར་བྱ་བའི་ནད་རྣམས་ལ་ལན་ཅིག་གཏང་བར་བྱའོ། །དེ་བཞིན་དུ་སྦྱོར་བའི་དུད་བ་རྣོན་པོ་ནི་ཉིན་གཅིག་ལ་རང་གི་གཏང་བར་བྱ་བའི་ནད་རྣམས་ལ་ལན་གསུམ་མམ་བཞི་གཏང་བར་

བྱའོ། །དེར་སྨན་གུ་གུལ་ཨ་ཀ་རུ། །གླ་སྒྲང་རྡོ་དྲེག་སྠོ་ནེ་ཡ། །སྤང་སྤོས་ཨུ་ཤིར་བ་ལ་ཀ །ཤིང་ཚ་ཀོ་ན་ཏི་ཤིང་མངར་དང་། །བིལ་རྐང་ཨེ་ལ་བ་ལུ་ཀ །པོག་དཀར་ཤི་རི་པེ་སྟ་ཀ །བྱ་མ་ཀ་གླ་བ་སྦྲ་ཚིལ། །པོག་ནག་གུར་གུམ་མ་ཤ་དང་། །ཀུན་ཏུ་རུ་དང་ནས་དང་

ཏིལ། །སྣུམ་བཅས་འབྲས་བུ་སྙིང་པོ་དང་། །ཚིལ་དང་རྐང་དང་ཞག་དང་མར། །ཞེས་བྱ་བ་ལ། དེ་ལ་སྨན་གྱི་དུ་བ་གསུམ་པོ་དེ་དག་གི་ནང་ནས་དུ་བ་འཇམ་པོའི་སྨན་འཕྲོད་ནི། གུ་གུལ་ནས་མར་གྱི་བར་ཡིན་ནོ། །རྡོ་དྲེག་ནི་ཤེལ་ལ་ཡང་སྟེ། ཕ་བོང་གི་དྲག་པའོ། །ཡང་ན་

བྲག་ཞུན་ལ་བྱའོ། །སྠོ་ནེ་ཡ་ནི་ཏེ་ལ་པ་ཏོ་ཀའོ། །སྤང་སྤོས་ནི་ན་ལ་ཀའོ། །ཀོན་ཏི་ནི་ཏ་རེ་ནུ་ཀའོ། །བིལ་བའི་རྐང་ནི་བིལ་བའི་ནང་ངོ་། །ཨེ་ལ་བ་ལུ་ཀ་ནི་ཧི་རི་བ་ལུ་ཀའོ། །ཤི་རི་བེེ་ཙུསྟ་ཀ་ནི་ཤི་རི་བེེ་སྟ་ཀ་སྟེ། ཐང་ཤིང་གི་ཐང་ཆུའོ། །པོག་དཀར་པོ་ནི་སརྫ་ར་སའོ། །

བྱ་མ་ཀ་ནི་ད་བ་དྷག་དྷའོ། །གླ་བ་ནི་མན་བྱ་མའོ། །པོག་ནག་པོ་ནི་ས་ལ་ཀིའོ། །མ་ཤ་ནི་མོན་སྲན་གྲེའུའོ། །སྣུམ་དང་བཅས་པའི་འབྲས་བུ་ནི་སྟར་གའི་འབྲས་བུ་ལ་སོགས་པའོ། །དེ་བཞིན་དུ་སྙིང་པོ་ནི་ཤིང་སཱ་ལ་དང་། ཨ་ཀ་རུ་དང་། ཐང་ཤིང་དང་། ཤིང་ཤ་པ་ལ་

སོགས་པའི་སྙིང་པོའི་ཁུ་བའི་སྣུམ་མོ། །ཡང་དེ་བཞིན་དུ་ཚིལ་དང་རྐང་དང་ཞག་དང་མར་དང་སྦྱར་བ་ལས་དུད་པའི་སྨན་བྱའོ། །ཞི་བ་པོག་ནག་རྒྱ་སྐྱེགས་དང་། །རྒུན་འབྲུམ་པདྨ་ཨུཏྤ་ལ། །ནྱ་གྲོ་དྷ་དང་ཨ་ཤྭདྠ། །ཨུ་དུམྦཱར་བླག་ཤ་དང་། །སེང་ཕྲོམ་ཤུན་པ་ཀ་ར་དང་། །

เล่ม ๒๐๐ · หน้า 243a

ཤིང་མངར་ཀླུ་ཤིང་ཤུག་པ་བཙོད། །དྲི་ལས་རྒྱ་སྤོས་རུ་རྟ་བསྐོལ། །ཞེས་བྱ་བ་ལ། ཞི་བར་བྱེད་པའི་དུ་བའི་སྨན་ནི་པོག་ནག་པོ་དང་། རྒྱ་སྐྱེགས་ལ་སོགས་པ་ལ་བྱ་སྟེ། ནྱ་གྲོ་དྷ་ལ་སོགས་པ་ཤིང་ལྔའི་ཤུན་ལྤགས་ལས་སྦྱར་རོ། །ཀླུ་ཤིང་གི་ཤུན་

ལྤགས་ནི་ནཱ་ག་གེ་སར་གྱི་ཤིང་གི་ཤུན་པའོ། །ཤུག་པ་ནི་ཧེ་མ་པདྨ་ཁའོ། །བཙོད་ནི་མན་ཛི་ཏའོ། །དྲིའི་རྫས་རྣམས་ལས་རྒྱ་སྤོས་དང་། རུ་རྟ་བསྐོལ་བ་མ་གཏོགས་པར་བྱས་པའི་དྲིའི་རྫས་ཐམས་ཅད་དོ། །རྣོན་པོ་ཛོ་ཏི་སྨ་ཏི་དང་། །སྐྱེར་པ་དང་ནི་རྩ་བ་བཅུ། །ལྡོང་རོས་

བ་བླ་རྒྱ་སྐྱེགས་དང་། །གི་རི་གར་དཀར་འབྲས་བུ་གསུམ། །དྲི་ཡི་སྨན་ལ་རོ་རྣོ་བའི། །མགོ་བོའི་བཀྲུ་སྨན་སྡེ་ཚན་ནོ། །ཞེས་བྱ་བ་ལ། དུ་བའི་སྨན་རྣོན་པོ་ལ། ཛོ་ཏི་ལ་སོགས་པའི་སྨན་རྣམས་ཡིན་ཏེ། ཛོ་ཏི་སྨ་ཏི་ནི་གྲང་གུ་ནི་ཀའོ། །རྩ་བ་བཅུ་ནི་རྩ་བ་ལྔ་པ་ཆེ་ཆུང་

གཉིས་སོ། །དྲིའི་སྨན་རོ་རྣོ་བ་ནི་རུ་རྟ་ལ་སོགས་པའི་དྲི་རྣོ་བའི་རྫས་སོ། །མགོ་བོའི་བཀྲུ་སྨན་གྱི་སྡེ་ནི་ཨུ་ཤི་ར་དང་། ཨ་པ་མརྒ་དང་། ཚ་བ་གསུམ་ལ་སོགས་པའི་སྨན་སྔར་སྨན་གྱི་སྡེ་ཚན་དུ་བཤད་པའོ། །དེ་དག་ཞག་གཅིག་ཆུར་སྦངས་ལ། །དུ་བའི་སྨན་རྣམས་བཏགས་

ནས་ནི། །ཐུར་མ་སོར་ནི་བཅུ་གཉིས་ལ། །ལན་ལྔའི་བར་དུ་བྱུག་པར་བྱ། །གདར་བུ་མཐེ་བོ་ཙམ་སྦོམ་ལ། །ནས་ཀྱི་དབྱིབས་དང་འདྲ་བར་བྱ། །ཞེས་བྱ་བ་ལ། སྨན་དེ་དག་སྦྱར་བ་ནི། དེ་དག་ཉིད་ཞག་གཅིག་ཆུར་བཅུག་སྟེ་སྦངས་ལ། དུ་བའི་སྨན་རྣམས་ཆུ་ཐགས་

སུ་ལེགས་པར་བཏགས་ལ་འདམ་བུ་ལ་སོགས་པའི་ཐུར་མ་སོར་བཅུ་གཉིས་པ་ལ་ཞོ་གཉིས་གཉིས་ཙམ་གྱི་ལྡེ་གུས་ལན་ལྔའི་བར་དུ་བྱུག་པར་བྱ་སྟེ། དེ་ཡང་གྲིབ་མ་ལ་སྐམ་ཞིང་ལན་ལྔའི་བར་དུ་བྱུགས་ལ། གདར་བུ་དེ་སྦོམ་མཐེ་བོ་ཙམ་དུ་གྱུར་གྱི་བར་དུ་བསྣན་ཅིང་། དེ་

བཞིན་དུ་ནས་ཀྱི་དབྱིབས་དང་འདྲ་བར་གྱུར་པར་བྱའོ། །གྲིབ་མར་སྐམ་ཞིང་ཁོང་སྟོང་མེད། །སྣུམ་གྱིས་ཇི་བཞིན་བསྐུས་བྱས་ལ། །བརྔུབ་ཕྱིར་མེ་ཡིས་བསྲེགས་ནས་ནི། །དུ་བའི་གཅེའུ་དང་སྦྱར་བྱ། །ཞེས་བྱ་བ་ལ། གདར་བུ་དེ་ལྟར་གྲིབ་མ་ལ་བསྐམས་པ་སྟེ་ཁོང་

เล่ม ๒๐๐ · หน้า 243b

སྟོང་མེད་པར་བྱས་ལ། སྣུམ་གང་ཇི་ལྟར་འཕྲོད་པ་མར་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བསྐུས་ལ། དུད་པ་བརྔུབ་པའི་ཕྱིར་མེས་བསྲེགས་ལ། དུ་བའི་གཅེའུའི་སྦུ་གུ་དང་སྦྱར་བར་བྱའོ། །ཁམ་ཕོར་ཁ་སྦྱར་བུ་གར་ནི། །གཅེའུ་སོར་བཅུའམ་སོར་བརྒྱད་པ། །

བཅུག་ནས་ཁ་ནས་དུད་པ་ནི། །ལུད་པ་ཅན་གྱིས་བརྔུབ་པར་བྱ། །ཞེས་བྱ་བ་ལ། ཁམ་ཕོར་སྦྱར་མ་ནི། ཁམ་ཕོར་གཉིས་ཁ་སྦྱར་བ་སྟེ། དེ་ལ་བུ་ག་དེར་འོད་མ་ལ་སོགས་པའི་གཅེའུ་སོར་བརྒྱད་པའམ། སོར་བཅུ་པ་བཅུག་ལ་ལུད་པ་ཅན་གྱི་སྐྱེས་བུས་བརྔུབ་པར་

བྱའོ། །འདི་སྐད་སྟོན་ཏེ། ལུད་པ་འཇོམས་པར་བྱེད་པའི་སྨན་གྱི་ཕྱེ་མའམ། རི་ལུ་མེ་མདག་དུ་བ་མེད་པ་རྒྱུན་རིང་བ་འབར་བཞིན་པ་ལྟ་བུར་ཁམ་ཕོར་ལེགས་པར་བཞག་པ་བཀང་ལ། ཁམ་ཕོར་གཉིས་པ་ཞབས་སུ་བུ་ག་ཟླུམ་པོ་བཏོད་པས་བཀབ་ལ། དེར་གཅེའུ་

བཙུགས་ཏེ། ཁ་ཉིད་དུ་དུ་བ་བརྔུབ་པར་བྱ་ལ། དེ་བྲང་དུ་ཕྱིན་པ་དང་། ཁ་ནས་སླར་བཏོན་ཅིང་སློན་པར་བྱའོ། །དུ་བ་ཞི་ན་ཡང་། སྨན་བཅུག་ཅིང་བརྡུངས་ལ། ནད་དེ་བྱང་བ་ལ་ལུས་ཡང་བར་འགྱུར་གྱི་བར་དུ་གཏང་ངོ་། །དུད་པ་བརྔུབས་ལ་ལུད་པ་དབུགས་མི་བདེ། །

སྐད་འགགས་རྣག་དང་དྲི་མི་ཞིམ་གདོང་སྐྱ། །སྐྲ་སྐྱོན་རྣ་མིག་འཛག་གཡའ་རྨོངས་བག་དང་། །སྙོམ་དང་སྐྱིགས་བུ་ཆམ་པའི་ནད་མི་འབྱུང་། །ཞེས་བྱ་བ་ལ། སྐྱེས་བུ་དུད་པ་བརྔུབ་པའི་ཆོ་ག་ལ་བརྟེན་པར་བྱེད་པ་ལ། ལུད་པ་དང་དབུགས་མི་བདེ་བ་ལ་སོགས་པའི་ནད་རྣམས་

འབྱུང་བར་མི་འགྱུར་རོ། །རྣག་ནི་སྣ་ནས་འཛག་པའོ། །དྲི་མི་ཞིམ་པ་ནི་ཁ་ནས་སོ། །སྐྱ་བ་ནི་གདོང་སྐྱ་ཞིང་ཁྱེ་མ་ཆགས་པའོ། །སྐྲའི་སྐྱོན་ནི་སྤྱི་ཐེར་དང་། མདོག་འགྱུར་བ་ལ་སོགས་པའོ། །འཛག་པ་ནི་གསུམ་ཆར་དང་སྦྱར་བར་བྱ་སྟེ། རྣ་བ་ནས་འཛག་པ་དང་།

མིག་ནས་འཛག་པ་དང་། ཁ་ནས་འཛག་པའོ། །སྙོམ་པ་ནི་གཉིད་ཀྱིས་མྱོས་པ་ལྟར་ཡུལ་འཛིན་མི་ནུས་པའོ། །གཞན་དག་ནི་གྲགས་པར་ཟད་དོ། །ནད་དེ་དག་འབྱུང་བར་མི་འགྱུར་བའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་

เล่ม ๒๐๐ · หน้า 244a

དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་གྱི་ཁུ་བས་མཁུར་བ་དགང་བ་ལ་སོགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །

ཞེས་བྱ་བ་ལ། འདི་བརྩམས་པའི་དགོས་པ་ནི་སྣ་ནས་བཏང་བའི་རྗེས་ལ། ཐོག་མར་དུད་པ་བརྔུབ་པར་བྱ་ལ། དེའི་འོག་ཏུ་ཆུ་དྲོན་གྱིས་མཁུར་བ་བཀང་བར་བྱའོ་ཞེས་བཤད་པ་ཡིན་པས་ན། དེ་གཉིས་ཀྱི་འོག་ཏུ་འདི་བརྩམས་པ་ཡིན་ནོ། །སྨན་གྱི་ཁུ་བས་མཁུར་བ་

བཀང་བ་ནི་ཁ་བཀང་བ་སྟེ། དེ་ལ་སོགས་པ་གང་ཡིན་པ་ནི། མཁུར་བ་བཀང་བ་ལ་སོགས་པ་ཞེས་སྨན་མུར་བ་དང་། གདོང་བཀྲུ་བ་དང་། སྤྱི་བོར་སྣུམ་གྱིས་བྱུག་པ་དང་། རྣ་བ་བཀང་བ་བསྡུའོ། །དེ་རྣམས་ཀྱི་ཆོ་ག་ནི་འདི་ལྟར་བྱའོ་ཞེས་བྱ་བའི་ཚུལ་ཏེ། དེ་ལ་

ལེའུ་བཤད་པར་བྱའོ་ཞེས་པའོ། །མཁུར་བཀང་རྣམ་པ་བཞི་ཡིན་ཏེ། །སྣུམ་དང་ཞི་བྱེད་སྦྱོང་རྨ་འཚོ་བ། །ཅེས་བྱ་བ་ལ། སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནི་རྣམ་པ་བཞི་ཡིན་ཏེ། སྣུམ་ཞིང་འཇམ་པ་དང་། ཞི་བར་བྱེད་པ་དང་། སྦྱོང་ཞིང་འཁྲུ་བར་

བྱེད་པ་དང་། རྨ་འཚོབ་པར་བྱེད་པའོ། །དེ་དག་གི་མིང་ནི་རྣམ་གྲངས་གཞན་དུ་ན་འཇོམས་པར་བྱེད་པ་དང་། རྩེ་འཇིལ་བར་བྱེད་པ་དང་། དག་ཅིང་གསལ་བར་བྱེད་པ་དང་། འབྱོར་པར་བྱེད་པ་ཞེས་བྱའོ། །དེ་ལས་གསུམ་ནི་རླུང་ལ་སོགས། །གསུམ་གཏང་ཐ་

མ་རྨ་ལ་ཕན། །ཞེས་བྱ་བ་ལ། མཁུར་བ་བཀང་བ་བཞིན་ནང་ནས་དང་པོའི་མཁུར་བ་བཀང་བ་གསུམ་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ལ་རིམ་བཞིན་དུ་གཏང་བར་བྱ་སྟེ། སྣུམ་གྱི་སྨན་གྱི་ཁུ་བས་མཁུར་བ་བཀང་བ་ནི། རླུང་ལ་གཏང་བར་བྱའོ། །ཞི་བར་བྱེད་པའི་སྨན་

གྱི་ཁུ་བ་ནི་མཁྲིས་པ་ལ་གཏང་བར་བྱའོ། །སྦྱོང་བར་བྱེད་པའི་སྨན་གྱི་ཁུ་བ་ནི་བད་ཀན་ལ་གཏང་བར་བྱའོ། །ཐ་མའི་སྨན་ཁུས་ཁ་བཀང་ལ། རྨ་འཚོ་བ་ཞེས་བྱ་བའི་རྨ་ལ་ཕན་པ་ཡིན་ཏེ། ཁའི་ནང་ན་གནས་པའི་རྨའི་ནད་སེལ་བར་བྱེད་དོ། །འདིར་སྨན་མངར་སྐྱུར་ལན་ཚྭ་དང་། །

เล่ม ๒๐๐ · หน้า 244b

ཚ་དང་སྣུམ་ནི་བསྐོལ་བ་ཡིན། །ཞི་བྱེད་ཁ་བསྐ་མངར་སྨན་བསྐོལ། །སྦྱང་བ་ཁ་དང་ཚ་དང་སྐྱུར། །རྨ་འཚོ་བྱེད་པ་ཁ་བ་དང་། །བསྐ་བའི་སྨན་ནི་བསྐོལ་བར་བྱ། །ཞེས་བྱ་བ་ལ། འདིར་མཁུར་བ་བཀང་བ་ནི། སྨན་མངར་བ་དང་། སྐྱུར་བ་དང་། ལན་ཚ་དང་། ཚ་

བ་རྣམས་སྣུམ་དང་བསྐོལ་ཞིང་བཙོས་པའོ། །ཞི་བར་བྱེད་པའི་མཁུར་བ་བཀང་བ་ནི་སྨན་ཁ་བ་དང་། བསྐ་བ་དང་། མངར་བ་བསྐོལ་བའི་ཁུ་བའམ་ལྡེ་གུ་གཏང་བར་བྱའོ། །སྦྱོང་བའི་མཁུར་བ་བཀང་བ་ནི། སྨན་ཁ་བ་དང་། ཚ་བ་དང་སྐྱུར་བ་བསྐོལ་བའམ། ལྡེ་གུ་

གཏང་བར་བྱའོ། །རྨ་འཚོ་བའི་མཁུར་བ་བཀང་བ་ནི་སྨན་ཁ་བ་དང་བསྐ་བ་རྣམས་བསྐོལ་བའམ། ལྡེ་གུས་བྱའོ། །དེ་ལ་སྣུམ་དང་འོ་མ་དང་། །སྦྲང་རྩི་ཆུ་དང་ཚྭ་དང་ཆང་། །བ་གཅིན་འབྲུ་ཡི་ཁུ་བ་རྣམས། །སྨན་ནི་ཇི་ལྟ་ཇི་ལྟ་དང་། །ལྡེ་གུར་བྱས་པའམ་བསྐོལ་བ་ནི། །

ཇི་ཙམ་བཟོད་པ་རྣམ་པར་སྦྱར། །ཞེས་བྱ་བ་ལ། འདི་དག་ནི་སྨན་ཁུས་མཁུར་བ་བཀང་བ་སྤྱིའི་ཆོ་ག་ཡིན་ཏེ། དེ་ལས་ཀྱང་སྣུམ་ཞེས་བྱ་བ་ཤ་ཁུ་དང་ཏིལ་གྱི་ལྡེ་གུའི་ཆུ་དང་འོ་མ་ནི་སྣུམ་གྱིས་མཁུར་བ་བཀང་བ་ཡིན་ནོ། །སྦྲང་རྩི་དང་ཆུ་དང་འོ་མ་དང་མར་ནི་ཞི་བར་

བྱེད་པའི་མཁུར་བ་བཀང་བ་ཡིན་ནོ། །ཚྭ་དང་ཆང་དང་འབྲུའི་ཁུ་བ་སྐྱུར་པོ་ནི། སྦྱོང་བའི་མཁུར་བ་བཀང་བ་ཡིན་ནོ། །སྦྲང་རྩིའི་ཆུ་དང་འོ་མ་ནི་རྨ་འཚོབ་བའི་མཁུར་བ་བཀང་བ་ཡིན་ནོ། །ཇི་ལྟ་ཇི་ལྟ་བ་ཞེས་བྱ་བ་ནི། སྔར་བཤད་པའི་སྨན་གྱི་ལྡེ་གུ་དང་སྦྱར་

བའམ། ཡང་ན་བསྐོལ་བའམ། ཅི་ཙམ་བཟོད་པ་རྣམ་པར་སྦྱར་བར་བྱ་སྟེ། དེ་ལ་རླུང་ལ་ནི་དྲོན་པོའོ། །མཁྲིས་པ་ལ་ནི་གྲང་མོའོ། །བད་ཀན་ལ་ནི་རབ་ཏུ་ཚ་བའོ། །སོ་བརྩེ་སོ་ནི་འགུལ་བ་དང་། །རླུང་ལས་གྱུར་པའི་ཁ་ནད་ལ། །དྲོ་འཇམ་ཙམ་མམ་

བསིལ་བ་ཡི། །ཏིལ་ཆུས་མཁུར་བ་བཀང་བ་ཕན། །ཞེས་བྱ་བ་ལ། ཏིལ་གྱི་ལྡེ་གུ་དང་བསྲེས་པའི་ཆུ་ནི་ཏིལ་གྱི་ལྡེ་གུའི་ཆུ་སྟེ། དེ་དྲོ་འཇམ་ཙམ་མམ་བསིལ་བས་མཁུར་བ་བཀང་བ་ནི། སོ་བརྩེ་བ་དང་སོ་འགུལ་བའི་ནད་འོག་ནས་བཤད་པ་དག་དང་། ཁའི་

เล่ม ๒๐๐ · หน้า 245a

ནད་རླུང་ལས་གྱུར་ཅིང་རླུང་ཤས་ཆེ་བ་ལ་ཕན་པ་ཡིན་ནོ། །རྟག་ཏུ་མཁུར་བ་བཀང་སྟེ་འཇོག །ཏིལ་མར་དག་གམ་ཤ་ཁུ་བསྔགས། །ཞེས་བྱ་བ་ལ། འདི་ནི་བསྡུས་པ་ལས་བྱུང་བ་ཡིན་ཏེ། རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུ་ནད་མེད་པར་

གནས་པའི་སྐབས་སུ་མཁུར་བ་བཀང་སྟེ་འཇོག་པའི་སྨན་དུ་ཏིལ་མར་ཤ་ཁུ་བསྔགས་ཤིང་ཕན་པ་ཡིན་ནོ། །ཁ་དྲོད་ཆེ་ཚ་ཚོས་པ་དང་། །འཕྲལ་དུ་རྨ་ནི་བྱུང་བ་དང་། །དུག་དང་ཐལ་སྨན་མེས་ཚིག་ལ། །ཞུན་མར་དག་གམ་འོ་མས་དགང་། །ཞེས་བྱ་བ་ལ། ཁའི་ནད་

སྨིན་ཅིང་ཚོས་པ་ལ་དྲོད་ཆེ་ཞིང་ཚ་བ་དང་ལྡན་པ་དང་། དེ་བཞིན་དུ་ཁའི་རྨ་འཕྲལ་དུ་བྱུང་ཞིང་གློ་བུར་གྱིས་ཐེབས་པ་དང་། དེ་བཞིན་དུ་ཁར་དུག་གིས་ཕོག་པ་དང་། དེ་བཞིན་དུ་ཐལ་སྨན་རྣོན་པོ་དང་། མེ་དེ་དག་གིས་ཚིག་པར་གྱུར་པ་ལ། ཞུན་མར་རམ་འོ་མས་མཁུར་བ་

བཀང་ལ་གཞག་པར་བྱའོ། །སྦྲང་རྩི་མཁུར་བཀང་བྱས་པས་ནི། །ཁ་ཡི་དྲི་མ་སྦྱོང་བྱེད་ཅིང་། །ཁ་ཡི་རྨ་ནི་འཚོ་བ་བྱེད་ཡིན། །ཁ་ཚ་སྐོམ་དད་རབ་ཞི་བྱེད། །ཅེས་བྱ་བ་ལ། སྦྲང་རྩིས་མཁུར་བ་བཀང་བས་ནི། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་པ་དང་། དེ་བཞིན་

དུ་ཁའི་ནང་གི་རྨ་འཚོབ་པར་བྱེད་ཅིང་འབྱོར་བར་བྱེད་པ་དང་། དེ་བཞིན་དུ་ཁ་ཚ་བ་དང་སྐོམ་དད་རབ་ཏུ་ཞི་བར་བྱེད་པའོ། །རོ་མི་ཚོར་དང་དྲི་མ་ཆེ། །ཁ་མནམ་འབྲས་རྩབས་བཀང་བས་སེལ། །ཞེས་བྱ་བ་ལ། འབྲས་ཀྱི་རྩབ་མོ་ནི་འབྲས་བུ་རང་སྐྱུར་ཀན་ཛི་ཞེས་བྱ་བ་སྟེ།

དེས་ཁ་བཀང་བ་འཇོག་པས་དྲི་མི་ཞིམ་པ་མནམ་པ་དང་། དྲི་མ་དང་ལྗན་ལྗིན་གྱིས་གོས་པ་དང་། རོ་མི་ཚོར་ཞིང་མི་གསལ་བ་སེལ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཅུང་ཟད་ཚ་བཅས་བསིལ། །ཁ་སྐམས་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། འབྲས་བུའི་

རང་རྩབས་དེ་ཉིད་ཅུང་ཟད་ཚ་དང་བཅས་ཤིང་བསིལ་བ་ཁ་སྐམས་པ་སེལ་བའི་དམ་པའམ་མཆོག་ཡིན་ནོ། །ཐལ་སྨན་རྣོན་ཁུས་མཁུར་བཀང་བ། །བད་ཀན་སོགས་པ་མྱུར་དུ་སེལ། །ཞེས་བྱ་བ་ལ། ཐལ་སྨན་རྣོན་པོའི་ཆུ་ནི་ཐལ་སྨན་རྣོན་པོ་སྦངས་པའི་དངས་མ་སྟེ། །

เล่ม ๒๐๐ · หน้า 245b

དེས་ཁ་བཀང་ནས་འཇོག་པས་ནི། བད་ཀན་སོགས་ཤིང་སྡུད་པ་མྱུར་ཞིང་རིངས་པར་སེལ་བར་བྱེད་དོ། །ཆུ་ཚན་དྲོ་འཇམ་མཁུར་བཀང་བས། །ཁ་ནི་ཡང་ཞིང་བདེ་བར་བྱེད། །ཅེས་བྱ་བ་ལ། ཆུ་ཚན་དྲོ་འཇམ་རན་པ་ཙམ་གྱིས་མཁུར་བ་བཀང་བ་འཇོག་པས་ནི།

ཁ་ཡང་ཞིང་བདེ་བར་བྱེད་དེ། རླུང་དང་བད་ཀན་སེལ་ཞིང་སྦྱོར་བར་བྱེད་དོ་ཞེས་བྱ་བའི་དོན་ནོ། །རླུང་མེད་ཉི་ཚན་བཅས་པར་ནི། །ཕྲག་པ་མཇིང་པར་དུགས་བྱས་མཉེ། །མཁུར་བ་བཀང་ནས་གདོང་པ་ནི། །ཅུང་ཟད་བཏེག་སྟེ་ཇི་སྲིད་ན། །བད་ཀན་གྱིས་ནི་ཁ་གང་

བའང་། །སྣ་མིག་འཛག་པའི་བར་དུ་གཞག །ཅེས་བྱ་བ་ལ། མཁུར་བ་བཀང་བ་གཏང་བ་ན། རླུང་མེད་ཅིང་སེར་བུས་མ་ཕོག་པ་ཉི་ཚན་ནམ་མེ་དང་བཅས་པའི་གནས་སུ་འདུག་ལ། ཕྲག་པ་དང་མཇིང་པ་མཉེས་ཤིང་དུགས་བྱས་ལ། མཁུར་བ་བཀང་ནས་གདོང་

པ་ཅུང་ཟད་བཏེག་སྟེ། ཇི་སྲིད་ཅིག་ན་བད་ཀན་གྱི་མཆིལ་སྣབས་ཀྱིས་གང་བར་གྱུར་པའམ། སྣ་ནས་སྣབས་འཛག་པར་གྱུར་གྱི་བར་དུ་གཞག་པར་བྱ་སྟེ། དོན་དེ་ནི་ཇི་སྲིད་མཁུར་བ་བཀང་བ་ལེགས་པའི་མཚན་མ་དུ་བ་བརྔུབས་པ་དང་འདྲ་བ་འབྱུང་བར་གྱུར་གྱི་བར་དུ་ལན་

ལྔའམ་བདུན་གྱི་བར་བྱའོ། །དེའི་མཚན་ཉིད་ནི་བསྡུས་པ་ལས་རང་གི་དོན་གྱི་བྱ་བ་བྱེད་པ་དང་། མི་བྱེད་པ་ལས་ཤེས་པར་བྱ་བ་སྟོན་ཏོ། །རོ་མི་ཚོར་བ་དང་། ཡི་ག་འཆུས་པ་དང་། མཆིལ་སྣབས་མང་བ་དང་། ཁར་ཆགས་པ་ལས་ནི་སྦྱོར་བ་ཉེས་པར་བྱའོ། །ཁ་

སྐམ་པ་དང་ཁའི་ནང་ཚོས་ཤིང་སྨིན་པ་དང་། རྨྱ་བ་དང་། ཡི་ག་འཆུས་པ་དང་། སྙིང་འཛག་པ་དང་། སྐད་གདངས་ཉམས་པ་ལས་ནི་མཁུར་བའི་སྦྱོར་བ་དྲགས་པར་བྱའོ། །ཞེས་བཤད་དོ། །དེ་རྣམས་ཀྱི་གསོ་བ་ཡང་རང་རང་གི་ཇི་ལྟ་བ་བཞིན་དུ་བྱའོ། །ཁ་

བཀང་མི་སྦོ་བཞག་མཁུར་བཀང་། །གཞན་དུ་ཁར་བརྔུབ་པར་འགྱུར་རོ། །ཞེས་བྱ་བ་ལ། ཁའི་ནང་སྣུམ་དང་འོ་མ་བསྐོལ་བ་ལ་སོགས་པས་ཡོངས་སུ་བཀང་ནས་གཡས་གཡོན་དུ་མི་སྦོ་བར་བཞག་པ་དེ་ནི་མཁུར་བ་བཀང་བ་ཞེས་བྱ་ལ། གཞན་དུ་ཁར་བརྔུབ་

เล่ม ๒๐๐ · หน้า 246a

པ་ཞེས་བྱ་སྟེ། སྨན་བསྐོལ་བས་ཁ་ཅུང་ཟད་མ་གང་བར་བཀང་ལ། མཁུར་བ་དང་ལྐོག་མ་སྤོ་ཞིང་དཀྲུགས་པ་ནི། ཁར་བརྔུབ་པའམ་འགྲམ་པ་སྤོ་བའི་ཁྱད་པར་ཡིན་ནོ། །ཁར་བརྔུབས་པ་ཡིས་ཁྱད་པར་གསོ་བ་ནི། །གཉེའུ་རེངས་

མགོ་མིག་རྣ་ནད་ཁ་ནད་དང་། །མཆིལ་མང་གྲེ་ནད་སྙིང་ག་སྲ་བ་དང་། །སྙིང་འཕར་སྙོམ་དང་ཆམ་པ་ཡི་ག་འཆུས། །ཞེས་བྱ་བ་ལ། མཁུར་བ་བཀང་བའི་དབྱེ་བ་ཁར་བརྔུབ་པ་ཞེའམ། མཁུར་བ་སྤོ་བ་ཞེས་བྱ་བས་ཁྱད་པར་དུ་གསོ་ཞིང་དཔྱད་དུ་བྱ་བའི་ནད་ནི་གཉེའུ་རེངས་ལ།

སོགས་པ་ཡིན་ཏེ། དེས་དེ་གསོ་བར་ནུས་པ་ཡིན་ནོ། །དེ་ལ་གཉེའུ་རེངས་ནི་ནད་ཀྱིས་ཚིགས་ཆུ་བ་གཉིས་རེངས་པ་ལ་བྱའོ། །གཞན་དག་ནི་གོ་བར་ཟད་དོ། །མྱུར་བའམ་གཞིབས་པའི་ཆོ་ག་ནི། །མཁུར་བཀང་བཤད་པའི་སྨན་རྣམས་ཀྱི། །ལྡེ་གུ་སྨན་ཁུ་

ཕྱེ་མ་སྟེ། །ཁར་མུར་བྱ་བ་རྣམ་གསུམ་ཡིན། །དེ་ནི་བད་ཀན་ནད་ལ་གཏང་། །ཞེས་བྱ་བ་ལ། མུར་བར་བྱ་བ་ནི་གསུམ་སྟེ། ལྡེ་གུ་དང་སྨན་ཁུ་དང་ཕྱེ་མའོ། །དེ་ལ་ལྡེ་གུ་ནི་སྨན་རློན་པ་བཏགས་པའི་ཞིབ་མོ་བྱས་པ་ལ་བྱའོ། །སྨན་ཁུ་ནི་ལྡེ་གུའི་སྨན་རློན་

པ་དེ་དག་རྩོམ་པ་དང་ལྡེ་གུ་སྐ་མོ་བྱས་པ་བལྡག་པར་བྱ་བ་ལྟ་བུའི་ཁུ་བའི་སྦྱོར་བ་ལ་བྱའོ། །ཕྱེ་མ་ནི་སྐམ་པོ་ཉིད་བཏགས་པའོ། །དེ་གསུམ་ཆར་ཡང་བད་ཀན་གྱི་ནད་མཆིལ་མ་མང་བ་དང་། སྐྱུག་ལྡང་བྱེད་པ་དང་། ལྐོག་མའི་ནད་ལ་སོགས་པ་ལ་ཅི་རིགས་

པར་གཏང་བར་བྱའོ། །གང་གིས་ཤེས་ཤེ་ན་མཁུར་བ་བཀང་བ་བཤད་པའི་སྨན་ལས་དེ་དག་སྦྱར་བར་བྱའོ། །གདོང་བསྐུས་གསུམ་སྟེ་ནད་སེལ་དང་། །དུག་སེལ་ཁ་དོག་བཟང་བྱེད་པའོ། །ཞེས་བྱ་བ་ལ། གདོང་བསྐུ་བ་ནི་རྣམ་པ་གསུམ་སྟེ། ནད་སེལ་ཞེས་

བྱ་བ་རླུང་དང་མཁྲིས་པ་དང་། བད་ཀན་གྱི་ནད་འཇོམས་པར་བྱེད་པ་དང་། དུག་སེལ་བ་ཞེས་བྱ་བ་དུག་འཇོམས་པ་དང་ཁ་དོག་བཟང་བར་བྱེད་པ་སྟེ། མདོག་མཛེས་པར་བྱེད་པའོ། །དེ་དྲོད་བད་ཀན་རླུང་ལ་བསྔགས། །ལྷག་མ་ལ་ནི་རབ་བསིལ་བ། །ཞེས་བྱ་བ་ལ།

เล่ม ๒๐๐ · หน้า 246b

གདོང་བསྐུ་བ་དེ་ལ་དྲོ་བའི་རླུང་དང་བད་ཀན་གྱི་ནད་ལ་བསྔགས་པ་ཡིན་ནོ། །རླུང་དང་བད་ཀན་ཞེས་སྨོས་པ་ནི། སྤྱི་དང་ཁྱད་པར་དག་ཡིན་པར་ཤེས་པར་བྱ་སྟེ། དེས་ན་རླུང་དང་བད་ཀན་སོ་སོ་ལ་ཡང་དྲོ་བར་བྱ་ལ། རླུང་དང་བད་ཀན་འདྲེས་པ་ལ་ཡང་དྲོ་བ་ཉིད་བྱའོ། །དེ་ལས་

ལྷག་མ་མཁྲིས་པ་སེལ་བ་དང་། དུག་སེལ་བ་དང་། ཁ་དོག་བཟང་བར་བྱེད་པ་གསུམ་ལ་ནི། གདོང་བསྐུ་བ་ཤིན་ཏུ་བསིལ་བ་བསྔགས་པ་ཡིན་ནོ། །དེ་ཡི་ཚད་དཔངས་སོར་བཞི་ཆ། །སུམ་ཆ་ཕྱེད་དེ་རྣམ་པ་གསུམ། །ཞེས་བྱ་བ་ལ། གདོང་བསྐུ་བ་དེའི་ཚད་ནི་རྣམ་

པ་གསུམ་སྟེ། དཔངས་སུ་སོར་གྱི་བཞི་ཆ་དང་། སུམ་ཆ་དང་། ཕྱེད་དོ། །དེ་ལྟར་ན་དཔངས་སམ་མཐུག་སོར་བཞི་ཆའི་ཆུང་ཚད་དོ། །དཔངས་སུ་སོར་གྱི་སུམ་ཆ་ནི་གདོང་བསྐུ་བའི་འབྲིང་ཚད་དོ། །དཔངས་སུ་སོར་གྱི་ཕྱེད་ནི་གདོང་བསྐུ་བའི་ཆེ་ཚད་དོ། །མ་བསྐམས་བར་དུ་

དེ་གཞག་གི། །བསྐམས་ན་པགས་པ་ལ་གནོད་འགྱུར། །ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཇི་སྲིད་མ་བསྐམས་ཀྱི་བར་དུ་གཞག་པར་བྱའི། བསྐམས་ནས་ནི་བཏང་སྙོམས་སུ་མི་གཞག་སྟེ། གང་གི་ཕྱིར་དེ་བསྐམས་ན་པགས་པ་ལ་གནོད་ཅིང་མ་རུང་བར་བྱེད་དོ། །

དེ་ནི་སྦངས་ནས་བཀྲུ་བར་བྱ། །དེ་ཡི་རྗེས་ལ་བསྐུ་བྱུག་བྱ། །ཞེས་བྱ་བ་ལ། གདོང་བསྐུས་པ་དེ་བསྐམས་མ་ཐག་སྦངས་ལ་བཀྲུ་ཞིང་ཕྱི་བར་བྱའོ། །དེའི་རྗེས་ལ་ནི་མར་ལ་སོགས་པས་བསྐུས་ལ་དྲིལ་བར་བྱའོ། །ཉིན་པར་གཉིད་ལོག་མང་སྨྲ་ཁྲོ། །མེ་ཚན་ཉི་ཚན་མྱ་

ངན་སྤང་། །ཞེས་བྱ་བ་ལ། གདོང་བསྐུ་བ་བྱས་ནས་ཉིན་པར་གཉིད་ལོག་པ་དང་། ཁ་དོན་ལ་སོགས་པ་མང་དུ་སྨྲ་བ་དང་། མེ་ཚན་དང་ཉི་ཚན་གྱིས་གདུངས་པ་དང་། ཁྲོས་ཤིང་འཁྲུགས་པ་དང་། མྱ་ངན་དང་ཡིད་མི་བདེ་བར་གྱུར་པ་སྤང་ཞིང་དོར་བར་བྱའོ། །

དེ་ནི་ཆམ་པ་སྣ་སྨན་གཏང་། །མ་ཞུ་འགྲམ་འཐམས་ཡི་ག་འཆུས། །མཚན་གཉིད་མ་ལོག་ལ་མི་གཏང་། །ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ཆམ་པས་བཏབ་པ་དང་། སྣ་སྨན་བཏང་བ་དང་། ཟས་མ་ཞུ་བ་དང་། འགྲམ་པ་འཐམས་པའི་རླུང་ནད་དང་། མཚན་

เล่ม ๒๐๐ · หน้า 247a

མོ་གཉིད་ཀྱིས་མ་ལོག་པ་དག་ལ་གཏང་དུ་མི་རུང་ངོ་། །དེ་ནི་ལེགས་པར་སྤྱད་པ་ཡིས། །དུས་མིན་སྐྲ་དཀར་པོ་ཁབས་དང་། །གཉེར་མ་རབ་རིབ་མིག་སྔོ་སེལ། །ཞེས་བྱ་བ་ལ། གདོང་བསྐུ་བ་དེ་ལེགས་པར་སྤྱད་ཅིང་། ཕྱིན་ཅི་མ་

ལོག་པར་བཏང་བས་དུས་མ་ཡིན་པའི་སྐྲ་དཀར་བྱུང་བ་ལ་སོགས་པ་འཇོམས་ཤིང་སེལ་བར་བྱེད་དོ། །དུས་མ་ཡིན་པའི་སྐྲ་དཀར་ནི་ན་ཚོང་ཡོད་བཞིན་དུ་སྐྲ་དཀར་བྱུང་བའོ། །རྒྱ་ཤུག་སྙིང་པོ་བ་ཤའི་རྩ། །སེང་ཕྲོམ་ཡུངས་ཀར་དཀར་པོ་རྣམས། །སིང་ཧིའི་

རྩ་བ་ཏིལ་ནག་དང་། །སྐྱེར་པའི་ཤུན་པ་རྨེའུ་རྣམས། །འཇག་རྩ་ཙནྡན་ཨུར་ཤིར། །ཤིང་ཤ་ཤ་ཏ་པུཥྤ་འབྲས། །ཀུ་མུ་ད་ཨུཏྤལ་ཀ་ལ་ཧ། །དཱུར་བ་ཤིང་མངར་ཙནྡན་རྣམས། །ཀ་ལི་ཡ་ཀ་ཨུ་ཤིར་ཏི། །སྤང་སྤོས་རྒྱ་སྤོས་ཤུག་པ་རྣམས། །ད་ལིས་

ཀུན་དྲ་པུཎྜ་རཱི། །ཤིང་མངར་རྒྱ་སྤོས་ཨ་ཀ་རུ། །དེ་ལྟར་ཚིགས་བཅད་ཕྱེད་ཀྱིས་བཤད། །བསྐུ་བ་དགུན་སྟོད་སོགས་དྲུག་སྦྱར། །ཞེས་བྱ་བ་ལ། དེ་ལྟར་རྒྱ་ཤུག་གི་སྙིང་པོ་ལ་སོགས་པ་བཤད་མ་ཐག་པའི་རྣམ་པས་ཚིགས་བཅད་ཕྱེད་ཀྱིས་བཤད་པའི་

སྨན་གྱིས་གདོང་བསྐུ་བ་དགུན་སྟོད་ལ་སོགས་པའི་དུས་དྲུག་པོ་སྟེ། དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། སོ་ག་དང་། དབྱར་དང་། སྟོན་ཞེས་བྱ་བའི་དུས་རྣམས་དང་། རིམ་བཞིན་དུ་སྦྱར་བར་བྱའོ། །རྒྱ་ཤུག་གི་སྙིང་པོ་ནི་རྒྱ་ཤུག་བར་དའི་

ཚི་གུའོ། །བ་ཤའི་རྩ་བ་ནི་བ་ཤ་ཀའི་རྩ་བའོ། །སེང་ཕྲོམ་ནི་དྲང་སྲོང་དཀར་པོའོ། །ཡུངས་ཀར་དཀར་པོ་ནི་དངོས་སུ་ཟད་དེ། དེ་རྣམས་ནི་དགུན་སྟོད་ཀྱི་གདོང་བསྐུ་བའི་སྨན་ནོ། །སིང་ཧིའི་རྩ་བ་ནི་བྲི་ཧ་ཏིའི་རྩ་བའོ། །ཏིལ་ནི་ནག་པོ་ལས་བྱའི་དཀར་པོ་

ལས་མི་བྱའོ། །སྐྱེར་པའི་ཤུན་པ་དང་རྨེའུ་ནི་སྦུན་པ་མེད་པའི་ནས་སོ། །གཞན་དག་ནི་དགུན་སྨད་ཀྱི་གདོང་བསྐུ་བའི་སྨན་ནོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །འབྲས་ནི་འབྲས་སཱ་ལུའོ། །ཨུཏྤལ་ནི་ཨུཏྤལ་སྔོན་པོའོ། །ཀ་ལ་ཧ་རི་ནི་གན་དྷ་སོ་

เล่ม ๒๐๐ · หน้า 247b

མའོ། །ད་ལིས་ནི་ད་ལིས་ཀྱི་ལོ་མའོ། །ཀུན་དྲ་ནི་ཀ་པི་ཁི་ཏ་པ་ཀ་ཚུལ་ལོ། །པུཎྜ་རཱི་ནི་པུཎྜ་རཱི་ཀའོ། །གདོང་བསྐུ་བ་ལ་གོམས་པ་རྣམས། །མཐོང་བ་བརྟན་པར་འགྱུར་བ་དང་། །གདོང་ནི་ཡོངས་སུ་མི་རྙིང་ལ། །འཇམ་ཞིང་པདྨ་འདྲ་བར་འགྱུར། །ཞེས་བྱ་བ་ལ།

གདོང་བསྐུ་ཞིང་བྱུག་པ་ལ་གོམས་ཤིང་རྟག་ཏུ་བསྟེན་པ་རྣམས་ནི་མིག་གིས་མཐོང་ཞིང་བལྟ་བ་བརྟན་ཞིང་མི་ཉམས་པར་འགྱུར་བ་དང་། གདོང་ཡོངས་སུ་མི་རྙིང་ལ་མདངས་ཡལ་བར་མི་འགྱུར་བ་དང་། དེ་བཞིན་དུ་འཇམ་ཞིང་རྩུབ་བག་མེད་པ་དང་། པདྨ་འདྲ་བར་འགྱུར་རོ། །

བསྐུ་དང་བླུགས་དང་རས་བལ་ཅན། །པགས་པས་གཡོགས་དང་རྣམ་པ་བཞི། །དེ་ནི་སྤྱི་བོའི་ཏིལ་མར་ཏེ། །ཕྱི་བཞིན་དུ་ནི་ཡོན་ཏན་ཆེ། །ཞེས་བྱ་བ་ལ། སྤྱི་བོར་ཏིལ་མར་བྱུགས་པ་ལ་སོགས་པ་དབྱེ་བས་རྣམ་པ་བཞི་ཡོད་དོ། །བསྐུ་བ་ནི་གདོང་བསྐུ་ཞིང་

བྱུག་པའོ། །བླུགས་པ་ནི་སྟེང་ནས་བླུགས་པའོ། །རས་བལ་ཅན་ནི་རས་བལ་ཅན་སྲན་ཁུང་ལྟར་ཟླུམ་པོ་ཆུང་ངུ་བྱས་ཏེ། སྤྱི་བོར་གླན་པའོ། །པགས་པས་གཡོགས་པ་ནི་འདི་ཉིད་ཀྱི་འོག་ནས་བཤད་པའོ། །དེ་དག་ནི་སྤྱི་བོའི་ཏིལ་མར་ཞེས་བྱ་སྟེ། ཕྱི་མ་

ཕྱི་མ་བཞིན་དུ་ཡོན་ཏན་ཆེ་བ་ཡིན་ནོ། །དེ་ལ་བསྐུ་བ་ནི་ཡོན་ཏན་ཅན་ཡིན་ནོ། །དེ་བས་ཀྱང་བླུགས་པ་ཡོན་ཏན་ཆེ་བ་ཡིན་ནོ། །དེ་བས་ཀྱང་རས་བལ་ཅན་ཡོན་ཏན་ཆེ་བ་ཡིན་ནོ། །ཐམས་ཅད་ལས་མགོ་བོ་པགས་པས་དཀྲི་བ་ཡོན་ཏན་རབ་མཆོག་ཏུ་ཆེ་བ་ཡིན་ནོ། །

སྤྱི་བོའི་ཏིལ་མར་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ། །དེ་བས་ན་ཞུན་མར་གྱིས་བསྐུས་པ་ཡང་ཕྱི་མ་བཞིན་དུ་ཡོན་ཏན་ཆེ་བར་ཤེས་པར་བྱའོ། །དེ་ལ་བྱུག་པ་རྩུབ་པ་དང་། །གཡའ་དང་དྲི་མ་ཅན་ལ་སྦྱར། །ཞེས་བྱ་བ་ལ། བྱུག་པ་ལ་སོགས་པ་རྣམས་ཀྱི་

ནང་ནས་བྱུག་པ་ནི་ལུས་རྩུབ་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །བླུགས་པ་གློག་པ་གླད་གཟེར་དང་། །ཚ་དང་རྨ་སྨིན་རྣགས་ལ་གཏང་། །ཞེས་བྱ་བ་ལ། སྣུམ་བླུགས་པ་ལ་སོགས་པ་ནི་གློག་པའི་ནད་རྣམས་ལ་སྦྱར་བར་བྱའོ། །རས་བལ་སྣུམ་ཅན་སྐྲ་འབྱི་དང་།

เล่ม ๒๐๐ · หน้า 248a

གཟའ་ཞུགས་མིག་ནི་རེངས་ལ་གཏང་། །ཞེས་བྱ་བ་ལ། རས་བལ་སྣུམ་ཅན་ནི་སྐྲ་འབྱི་བ་ལ་སོགས་པ་དང་། དེ་བཞིན་དུ་མིག་རེངས་པ་སྟེ། མིག་ཧར་ཧར་པོར་འདུག་ཅིང་འཛུམས་མི་ཤེས་པ་ལ་སྦྱར་བར་བྱའོ། །པགས་བཅིངས་མགོ་བོ་ཚོར་

བ་མེད། །ཁ་ཡོ་གཉིད་ནི་ཡར་བ་དང་། །ཁ་དང་སྣ་སྐམ་རབ་རིབ་དང་། །མི་བཟད་མགོ་ནད་དག་ལ་སྦྱར། །ཞེས་བྱ་བ་ལ། པགས་པས་གཡོགས་ནས་བཅིངས་པ་ནི་མགོ་བོ་ཚོར་བ་མེད་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །དེ་ཡི་ཆོ་ག་འདུག་པ་ལ། །ཁྲིའུ་པུས་མཉམ་

འཇམ་པ་ལ། །ལུས་བཀྲུས་བསྐུ་ཞིང་དུགས་བྱས་ལ། །དགོངས་ཀ་བ་འམ་མ་ཧེ་ཡི། །པགས་པ་མགོ་བོ་དང་མཉམ་ལ། །རྒྱར་ནི་སོར་ནི་བཅུ་གཉིས་པ། །རྣ་བའི་མཐར་ཐུག་བར་བཅིང་བ། །དཔྲལ་བ་གོས་ཀྱིས་དཀྲིས་པ་ནི། །གོས་སམ་ལན་བུས་བཅིངས་

བྱས་ལ། །མ་ཤའི་ལྡེ་གུས་བསྐུ་བར་བྱ། །ཞེས་བྱ་བ་ལ། མགོ་བོ་པགས་པས་གཡོགས་ཏེ། བཅིང་བའི་ཆོ་ག་ནི་འདི་ལྟར་བྱ་བ་སྟེ། སྐྱེས་བུ་འདུག་པར་བྱ་བ་ལ། མགོ་པགས་པས་དཀྲི་བར་བྱའོ། །དེ་ཡང་ཇི་ལྟ་བུ་ལ་འདུག་ཅེ་ན། །ཁྲིའུའི་དཔངས་སུ་

པུས་མོ་དང་མཉམ་པ་རྒྱབ་རྟེན་འཇམ་ཞིང་འབོལ་བ་ལ། དང་པོ་ཁྲུས་བྱས་ནས་དེའི་འོག་ཏུ་བསྐུས་ལ་དུགས་བྱས་ནས་དགོངས་ཀ་སྟེ། ཉི་མ་ནུབ་པའི་ཚེ་བ་ལང་ངམ་མ་ཧེའི་པགས་པ་མཐའ་འཁོར་བ་མཉམ་པ། རྒྱར་སོར་བཅུ་གཉིས་པ་རྣ་བའི་མཐར་ཐུག་པར་བཅིངས་ལ།

དེ་ཡང་དཔྲལ་བ་གོས་ཀྱིས་དཀྲིས་ཤིང་ལན་བུས་ཀྱང་བཅིངས་ལ། ཡང་སྲན་མ་ཤའི་ལྡེ་གུས་བསྐུ་ཞིང་བྱུག་པར་བྱའོ། །དེ་ནས་ནད་དམིགས་ཅི་འདྲ་ལ། །སྣུམ་བསྐོལ་བ་ནི་དྲོ་འཇམ་ཙམ། །དེ་ནི་སྤྱི་བོ་མན་ཆད་ནས། །སྐྲ་དྲུང་སོར་གཅིག་ནུབ་ཙམ་བླུགས། །ཁ་

དང་སྣ་མ་ཚུལ་ཕྱིན་པར་གཞག །དེ་ནི་རླུང་སོགས་ནད་རྣམས་ལ། །སྟོང་ཕྲག་བཅུ་དང་བརྒྱད་དྲུག་གཞག །ནད་མེད་པ་ལ་སྟོང་ཕྲག་གཅིག །མར་བསལ་ཕྲག་པ་ལ་སོགས་མཉེ། །དེ་ལྟར་ཞག་བདུན་བླུགས་པར་བྱ། །ཞེས་བྱ་བ་ལ། དེ་ནས་མགོ་བོ་པགས་པས་

เล่ม ๒๐๐ · หน้า 248b

གཡོགས་པའི་འོག་ཏུ་ནད་དམིགས་ཀྱི་རྣམ་པ་ཅི་འདྲ་བ་དང་སྦྱར་ལ། སྣུམ་བཞི་པོ་ལས་ཅི་རིགས་པར་བསྐོལ་བ་དྲོ་འཇམ་སྟེ། ཅུང་ཟད་དྲོ་བ་དེ་ནི་སྤྱི་བོ་མན་ཆད་ནས་སྐྲ་དྲུང་གི་བར་དུ་སོར་གཅིག་ཙམ་ནུབ་པའི་ཚད་ཙམ་གྱི་བར་དུ་བླུགས་པར་བྱའོ། །ཡང་སྣུམ་དེ་བཞག་པའི་ཚད་ནི།

ཁའི་ནད་དང་སྣའི་མཚུལ་པར་ཕྱིན་ཅིང་གཤེར་འཛག་པའི་བར་དུ་གཞག་པར་བྱའོ། །ཡང་སྣུམ་དེ་རླུང་ལས་གྱུར་པའི་ནད་རྣམས་ལ་སེ་གོལ་བསྐོར་ཞིང་གཏོགས་པའི་ཚད་སྟོང་ཕྲག་བཅུ་སྟེ། ཁྲིའི་བར་དུ་གཞག་པར་བྱའོ། །མཁྲིས་པ་ལས་གྱུར་པ་ལ་ནི་བརྒྱད་སྟོང་གི་བར་

དུ་གཞག་པར་བྱའོ། །བད་ཀན་གྱི་ནད་ལ་ནི་དྲུག་སྟོང་གི་བར་དུ་གཞག་པར་བྱའོ། །ནད་མེད་ཅིང་ཐ་མལ་པར་གནས་པ་ལ་ནི་སྟོང་ཕྲག་གཅིག་གི་བར་དུ་གཞག་པར་བྱའོ། །དེ་ནས་དེའི་འོག་ཏུ་མར་ཟགས་སུ་བཅུག་ལ། ཕྲག་པ་ལ་སོགས་པ་མཉེ་བར་བྱ་སྟེ། ཕྲག་པ་དང་

མགོ་བོ་དང་གཉའ་བ་དང་ལྟག་པ་དང་། དཔྲལ་བ་ལ་སོགས་པ་དལ་བུས་མཉེ་བར་བྱའོ། །དེ་ལྟར་སྣུམ་གྱི་དམ་པ་སྟེ་ཞག་བདུན་གྱི་བར་དུ་བླུགས་པར་བྱའོ། །རྣ་བར་བཀང་བར་བླུགས་ཏེ་གཞག །རྣ་བའི་རྩ་བ་མཉེ་བར་བྱ། །ནད་རྩེ་ཞིལ་ཀྱི་བར་བྱ་ཞིང་། །རྣ་བ་སེ་

གོལ་བརྒྱ་པར་གཞག །ཅེས་བྱ་བ་ལ། རྣ་བ་ན་བར་གྱུར་པ་ལ་ནི་སྣུམ་རྣ་བ་གང་བར་བླུགས་ལ་བཞག་ནས། རྣ་བའི་རྩ་བ་མཉེ་བར་བྱ་སྟེ། དེ་ཡང་སེ་གོལ་གྲངས་བརྒྱའི་བར་དུ་གཞག་པར་བྱ་ཞིང་། ནད་དེ་རྩེ་ཞིལ་གྱི་བར་དུ་རྣ་བ་བཀང་བའི་སྣུམ་བྱའོ། །པུས་མོ་

གཡས་པའི་ལྷ་ང་ནི། །ལག་རྩེས་བསྐོར་བའི་བར་དག་དང་། །མིག་འབྱེད་འཛུམས་དང་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད། །ཅེས་བྱ་བ་ལ། གྲངས་སུ་གཟུང་བའི་ཚད་ནི། པུས་མོ་གཡས་པའི་ལྷ་ང་ལག་པའི་སོར་མོའི་རྩེ་མོས་ཀུན་ནས་བསྐོར་

བའི་བར་དང་། དེ་བཞིན་དུ་མིག་གཉིས་འབྱེད་པ་དང་འཛུམས་པའི་དུས་དང་མཉམ་པའི་དུས་ཀྱི་ཡུན་ནི། གྲངས་ཀྱི་ཚད་ཡིན་པར་མཁས་པ་རྣམས་ཀྱིས་བཤད་དོ། །སྤྱི་བོར་ཏིལ་མར་སྦྱར་བ་བསྐུས་པས་ནི། །སྐྲ་དཀར་དམར་སེར་སྐྲ་འབྱི་གཟའ་ཞུགས་དང་། །

เล่ม ๒๐๐ · หน้า 249a

མགོ་བོའི་རླུང་ནད་སེལ་ཞིང་དབང་པོ་གསལ། །སྐད་གདངས་འགྲམ་པ་མགོ་བོའི་སྟོབས་སྐྱེད་བྱེད། །ཅེས་བྱ་བ་ལ། ཏིལ་མར་སྤྱི་བོར་བླུགས་ཤིང་བསྐུས་པས་ནི། སྐྲ་དཀར་བ་དང་། སྐྲ་དམར་སེར་དུ་

འདུག་པ་དང་། སྐྲ་འབྱི་བ་དང་། གཟའ་ཞུགས་ཤིང་སྐྲ་ཁ་གྱེས་པ་དང་། མགོ་བོའི་རླུང་གི་ནད་སེལ་ཞིང་འཇོམས་པར་འགྱུར་རོ། །དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་རྣམས་གསལ་ཞིང་རང་གི་ཡུལ་འཛིན་པར་ནུས་པ་དང་། དེ་བཞིན་དུ་སྐད་

གདངས་དང་། འགྲམ་པ་དང་། མགོ་བོའི་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་

ལས། ལེའུ་ཉི་ཤུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་གྱི་ཐིགས་པ་མིག་ཏུ་བླུགས་པ་དང་། སྨན་གྱིས་མིག་བསྐུ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་

འགྲེལ་པ་ནི་འདི་ཡིན་ཏེ། །གང་གི་ཕྱིར་བཤད་མ་ཐག་པའི་སྤྱི་བོའི་ཏིལ་མར་གྱིས་ནི་དབང་པོ་རྣམས་གསལ་བར་བྱེད་པར་བཤད་ལ། དབང་པོ་ཐམས་ཅད་ཀྱི་ནང་ནས་དབང་པོའི་གཙོ་བོ་ནི་མིག་ཡིན་པས། དེའི་ཕྱིར་དེ་བསྲུང་བའི་དོན་དུ་དེའི་འོག་ཏུ་ལེའུ་འདི་བརྩམས་པ་

ཡིན་ནོ། །མིག་གི་སྨན་གྱི་ཐིགས་པ་གང་ཞིག་བླུགས་པས་མིག་གི་སྐྱོན་ཀུན་འཛག་པར་འགྱུར་བས། མིག་གི་སྨན་གྱི་ཐིགས་པ་མིག་ལ་བསྐུ་བ་ཞེས་བྱ་བ་སྟེ། དེའི་འོག་ཏུ་ཆོ་ག་ནི་འདི་ལྟར་བྱའོ། །ཞེས་པའི་ལས་ཀྱི་ཚུལ་ཏེ། ཆོ་ག་དེ་བཤད་པར་བྱའོ། །མིག་ནད་

དག་ནི་ཐམས་ཅད་ལ། །དང་པོར་སྨན་ཐིགས་བླུགས་པས་ནི། །ཟུག་ན་གཡའ་དྲུད་མཆི་མ་འཛག །མིག་ཚ་མིག་དམར་རྣམས་ལ་ཕན། །ཞེས་བྱ་བ་ལ། །མིག་གི་ནད་མ་ལུས་པ་ཐམས་ཅད་ལ། དང་པོ་ཐོག་མ་ཁོ་ནར་མིག་སྨན་ཐིགས་པ་ལ་སོགས་

เล่ม ๒๐๐ · หน้า 249b

པ་བླུགས་ནས། མཆི་མ་འཛག་ཅིང་ཁྲུས་བྱ་བ་ཕན་ནོ། །དེ་ཡང་མིག་རྡོལ་ལ་ཐུག་པ་ལྟར་ན་བ་དང་། ཟུག་ཅིང་ན་བ་ལ་སོགས་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཟུག་པ་ནི་རྒྱུན་དུ་གཟེར་ཞིང་ན་བའོ། །ན་བ་ནི་སྣ་ཚོགས་པའི་ཚུལ་གྱིས་ན་བའོ། །

གཡའ་བ་ནི་མིག་ཤས་ཆེར་གཡའ་བའོ། །དྲུད་པ་ནི་མིག་མཆུ་གཉིས་ཕན་ཚུན་རེག་པ་ན་མིག་ལ་དྲུད་པ་སྙམ་བྱེད་ཅིང་ན་བའོ། །མཆི་མ་འཛག་པ་ནི་རྒྱུན་དུ་མིག་ཆུ་འཛག་པའོ། །ཚ་བ་ནི་ཚ་འུར་འུར་བོར་བྱེད་པའོ། །མིག་དམར་བ་ནི་མིག་དམར་པོ་སླེ་སླེ་བོར་

འདུག་པ་སྟེ། འདི་རྣམས་ལ་མིག་བཀྲུ་བའི་སྨན་བླུགས་པས་ཕན་པ་ཡིན་ནོ། །རླུང་ལ་དྲོན་པོ་བད་དྲོ་འཇམ། །ཁྲག་མཁྲིས་ལ་ནི་དེ་བསིལ་བསྔགས། །ཞེས་བྱ་བ་ལ། མིག་སྨན་གྱི་ཐིགས་པ་དེ་རླུང་གི་ནད་ལ་དྲོན་པོ་སྟེ། དྲོ་བའི་བག་ཏུ་བྱས་པ་ཕན་ནོ། །

བད་ཀན་གྱི་ནད་ལ་ནི་དྲོ་འཇམ་སྟེ། ཅུང་ཟད་དྲོ་བ་ཕན་པ་ཡིན་ནོ། །ཁྲག་དང་མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི། སྨན་གྱི་ཐིགས་པ་བསིལ་བ་ཕན་པ་ཡིན་ནོ། །རླུང་མེད་གནས་སུ་འདུག་ནས་ནི། །ལག་པ་གཡོན་པས་མིག་ཕྱེ་ལ། །ཉ་ཕྱིས་ནང་སྦྱར་རས་

བལ་ནི། །བསྙད་པའི་ཐིགས་པ་བླུགས་བྱ་བ། །སོར་གཉིས་ཙམ་དཔངས་ལས་མིག་གྲྭ། །ཐིགས་པ་བཅུ་འམ་བཅུ་གཉིས་བླུགས། །ཞེས་བྱ་བ་ལ། སྐྱེས་བུས་རླུང་མེད་པའི་གནས་སུ་འདུག་ནས་སྨན་པའི་ལག་པ་གཡོན་པས་དེའི་མིག་ལེགས་པར་ཕྱེ་ལ་

ལག་པ་གཡས་པ་ཉ་ཕྱིས་ཀྱི་ནང་དུ་སྨན་སྦྱར་བ་རས་བལ་ཡེའུ་བསྙད་པས། ཅུང་ཟད་འཕྱང་བར་བྱས་ལ་ཐིགས་པ་བླུགས་པར་བྱ་བ་ནི་སོར་གཉིས་ཙམ་གྱི་དཔངས་ལས་མིག་གྲྭ་སྣ་དང་། ཉེ་བའི་མིག་གི་ཟུར་ནས་ཐིགས་པ་བཅུའམ་བཅུ་གཉིས་བླུགས་པར་བྱ་སྟེ། དེ་

ལས་རྣམ་པ་གཞན་དུ་བྱས་ན་མིག་དམར་བ་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །དེ་ནས་གོས་འཇམ་དག་གིས་ཕྱི། །རླུང་དང་བད་ཀན་ཅན་དག་ལ། །གོས་འཇམ་གཞན་ནི་ཆུ་དྲོན་ལ། །སྦངས་པས་དུགས་ནི་འཇམ་པོ་བྱ། །ཞེས་བྱ་བ་ལ། དེ་ལྟར་

เล่ม ๒๐๐ · หน้า 250a

མིག་ཏུ་བླུགས་པའི་རྗེས་ལ། གོས་འཇམ་ཞིང་རེག་ན་བདེ་བས་མིག་ཕྱི་ཞིང་སྦྱང་བར་བྱའོ། དེའི་འོག་ཏུ་གོས་འཇམ་པོས་ཕྱི་བ་ལས་གཞན་པ་དག་ཆུ་དྲོན་ལ་སྦངས་པས་མིག་འཇམ་ཙམ་དུ་དུགས་བྱའོ། །དེ་ཡང་ཆུ་དང་བད་ཀན་དག་ལ་ཞེས་བྱ་བ་

རླུང་ནད་དང་བད་ཀན་གྱི་ནད་ཡོད་པ་ལ་དུགས་བྱའོ། །མཁྲིས་པའམ་ཁྲག་ཅན་ལ་ནི། དེ་ལྟར་དུགས་བྱར་མི་རུང་སྟེ། དེ་གཉིས་ལ་ནི་སྦྱང་ཞིང་ཕྱི་བ་ཙམ་བྱའོ། །དུགས་མི་བྱའོ། །མིག་སྨན་བླུགས་པ་རབ་ཚ་རྣོས། །ན་ཞིང་མིག་དམར་རྟུལ་བར་འགྱུར། །ཤིན་ཏུ་

གྲང་བས་ཟུག་པ་དང་། །འཛུམས་མི་ཤེས་དང་ན་བར་འགྱུར། །དྲགས་པས་མིག་མཆུ་དམར་དང་དྲུད། །རྩུབ་ཅིང་མིག་ནི་འབྱེད་དཀར་འགྱུར། །ཤིན་ཏུ་ཆུང་བས་ནད་དཀྱེལ་སྐྱེད། །མ་ཕོ་བས་ནི་ཐུ་བར་བྱེད། །ཅེས་བྱ་བ་ལ། མིག་ཏུ་སྨན་གྱི་ཐིགས་པ་

བླུགས་པ་རབ་ཏུ་ཚ་བ་དང་། རྣོན་པོས་བླུགས་པས་ནི་ན་ཞིང་ཟུག་པར་འགྱུར་བ་དང་། མིག་དམར་བར་འགྱུར་བ་དང་། མིག་རྟུལ་ཞིང་མི་གསལ་བར་འགྱུར་རོ། །གལ་ཏེ་མིག་ཏུ་བླུགས་པའི་སྨན་ཤིན་ཏུ་བསིལ་ཞིང་གྲང་བ་བླུགས་ན། མིག་གི་ནད་རབ་ཏུ་ཟུག་

ཅིང་རྡོལ་ལ་ཐུག་པ་སྙམ་པ་འབྱུང་བར་འགྱུར་བ་དང་། འཛུམས་མི་ཤེས་ཤིང་རེངས་བག་ཧར་ཧར་པོར་གནས་པ་དང་། ན་བ་སྟེ་རྒྱུན་མི་འཆད་པར་ཟུག་ཅིང་ན་བར་འགྱུར་རོ། །མིག་སྨན་གྱི་ཐིགས་པ་མང་པོར་བླུགས་ཏེ་དྲགས་པས་ནི་མིག་མཆུ་དམར་ཞིང་འབྱར་

བག་དང་། རྙོག་མ་ཅན་གྱི་མདོག་ཅན་དུ་བྱེད་དོ། །དེ་བཞིན་དུ་མིག་མཆུ་ཕན་ཚུན་དུ་དྲུད་པ་དང་། དེ་བཞིན་དུ་མིག་ཤིན་ཏུ་དབྱེ་དཀའ་བར་འགྱུར་རོ། །མིག་སྨན་བླུགས་པ་ཤིན་ཏུ་ཆུང་ཞིང་ཆུང་ངུ་མ་ཕྱིན་པས་ནི། ནད་ཀྱི་དཀྱེལ་སྐྱེད་ཅིང་འཕེལ་བར་འགྱུར་

གྱི། ནད་དེ་ཞི་བར་བྱེད་མི་ནུས་སོ། །མིག་གི་སྨན་མ་བཙགས་ཤིང་གོས་ཀྱི་ཚགས་ལས་མ་གཏོན་པའམ། མིག་ཏུ་བླུགས་པ་སླར་མ་ཕོ་བས་ནི། སླར་ཐུ་བར་བྱེད་ཅིང་མཆི་མ་འཛག་པ་དང་། མིག་ཟུག་པ་དང་། མིག་རྙོག་པ་ཅན་དུ་འགྱུར་རོ། །བསྐུས་

เล่ม ๒๐๐ · หน้า 250b

ལགས་ནད་རྩ་སྣ་སུལ་དང་། །ཁ་ཡི་སྦུབས་སུ་སྨན་གྱིས་ཁྱབ། །སྤྱི་བོར་གཏོགས་པའི་ནད་ཀྱི་ནི། །དྲི་མ་དཔྱིས་ནི་འབྱིན་པར་བྱེད། །ཅེས་བྱ་བ་ལ། མིག་ཏུ་བླུགས་པའི་སྨན་ལེགས་པར་བླུགས་ན། ནད་ཀྱི་རྩ་རྣམས་དང་། སྣའི་སུལ་རྣམས་དང་།

ཁའི་སྦུབས་ན་ཡོད་པའི་རྩ་རྣམས་སུ་ཁྱབ་ཅིང་ཕྱིན་པར་འགྱུར་བས། སྤྱི་བོར་གཏོགས་ཤིང་མགོ་ཁྱབ་པར་བྱེད་པ་དྲི་མ་སྟེ། ནད་རྣམས་སེལ་ཞིང་འབྱིན་པར་བྱེད་དོ། །བཟློག་པར་ནུས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ལུས་སྦྱང་མིག་སྨན་བསྐུ། །མིག་ཙམ་ལ་

ནི་གནས་གྱུར་པ། །ཅུང་ཟད་སྐྲངས་དང་ཤིན་ཏུ་གཡའ། །རྔུ་མ་ཆགས་པས་སྨིན་ཤེས་ཤིང་། །ཅུང་ཟད་དྲུད་དམར་མཆི་མ་འཛག །མིག་རྔུ་སྟུག་ལ་གཏང་བར་བྱ། །བད་ཀན་དང་ནི་ཁྲག་མཁྲིས་དང་། །མཆོག་ཏུ་རླུང་གིས་གཟིར་ལ་བསྐུ། །ཞེས་བྱ་བ་ལ།

དེ་ནས་མིག་སྨན་གྱི་ཐིགས་པ་བླུགས་པའི་འོག་ཏུ་ལུས་སྦྱངས་ཤིང་སྐྱུག་སྨན་ལ་སོགས་པས་ནད་བསལ་ནས། མིག་སྨན་གྱིས་བསྐུ་བ་ནི་མིག་ཙམ་བརྟེན་ཅིང་གནས་པར་གྱུར་པའི་ནད་གང་ཡིན་པ་དེ་སྨིན་ཅིང་ཅུང་ཟད་རྙིང་པར་གྱུར་པའི་མཚན་མ་འབྱུང་བའི་མིག་

སྨན་བསྐུ་བར་བྱའོ། །སྨིན་པ་དེ་ཅུང་ཟད་སྐྲངས་པ་དང་། དེ་བཞིན་དུ་ཤིན་ཏུ་གཡའ་བ་དང་། མིག་གི་རྔུ་མ་ཆགས་པར་གྱུར་པ་ལས་སྨིན་པ་ཡིན་པར་ཤེས་ཤིང་རྟོགས་པ་དང་། དེ་བཞིན་དུ་ཅུང་ཟད་དྲུད་པ་སྙམ་པ་དང་། དམར་བ་དང་མཆི་མ་འཛག་པ་སྟེ།

མིག་གང་ཤས་ཆུང་བར་དྲུད་པ་སྙམ་བྱེད་ཅིང་མཆི་མ་འཛག་པ་དང་། མིག་རྔུ་སྟུག་ཅིང་ཆེ་བ་ཆགས་པ་ལ་མིག་བསྐུ་ཞིང་བྱུག་པར་བྱའོ། །ཡང་དེ་བཞིན་དུ་བད་ཀན་དང་ཁྲག་དང་། མཁྲིས་པས་ཉེན་ཅིང་གནོད་པའི་མིག་ནད་ལ་གཏང་བར་བྱའོ། །དེ་བཞིན་དུ་མཆོག་

གམ་ཁྱད་པར་དུ་ནི་རླུང་ནད་ཀྱིས་ཉེན་པ་དག་ལ་མིག་སྨན་བསྐུ་ཞིང་བྱུག་པ་གཏང་བར་བྱའོ། །མིག་སྨན་ཕྱི་དང་རྨ་གསོ་དང་། །གསལ་བར་མཐོང་སྟེ་རྣམ་པ་གསུམ། །ཞེས་བྱ་བ་ལ། བསྐུ་ཞིང་བྱུག་པའི་མིག་སྨན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་ཕྱི་ཞིང་

เล่ม ๒๐๐ · หน้า 251a

བསལ་བའོ། །གཉིས་པ་ནི་རྨ་འཚོབ་ཅིང་གསོ་བའོ། །གསུམ་པ་ནི་མིག་གསལ་བར་བྱེད་པའོ། །དེ་ཡང་ཕྱི་བ་ནི་ལིང་ཏོག་ལ་སོགས་པའི་མིག་ནད་ཀྱི་རིགས་མིག་གི་མཚོན་སྤྱད་ཀྱིས་ཕྱི་ཞིང་བདར་བ་ལྟར་བྱེད་པས་ན་ཕྱི་བའོ། །ཡང་ན་

མིག་སྨན་ཤིན་ཏུ་རྣོ་བས་ནད་ཀྱི་ཁམས་འབྲུ་ཞིང་འབྱིན་པས་ན་བསལ་བ་ཞེས་བྱ་བའོ། །རྨ་གསོ་བ་ནི་གང་གིས་འཚོབ་ཅིང་འབྱོར་བར་བྱེད་པས་ན་རྨ་གསོ་བའོ། །གསལ་བར་མཐོང་བ་ནི་གསལ་ཞིང་དྲི་མ་མེད་པར་མཐོང་བར་བྱེད་དོ། །དེ་ལ་བྱི་བའི་མིག་སྨན་ནི། །

བསྐ་དང་སྐྱུར་དང་ཚ་དང་ཁ། །རྨ་གསོ་སྨན་ནི་ཁ་བ་སྟེ། །གསལ་སྨན་མངར་དང་བསིལ་བ་ཡིན། །ཞེས་བྱ་བ་ལ། མིག་སྨན་དེ་རྣམས་ཀྱི་ནང་ནས། ཕྱི་བའི་མིག་སྨན་ནི་བསྐ་བ་ལ་སོགས་པའི་རོ་བཞི་ལས་སྦྱར་བའི་མིག་སྨན་ནི། ལིང་ཏོག་དང་སྤྲིན་གྱིས་

གཡོགས་པ་ལ་སྦྱར་རོ། །རྨ་གསོ་བའི་མིག་སྨན་ནི་རོ་ཁ་བ་དག་ལས་སྦྱར་ཏེ། དེ་ནི་མཆི་མ་ལ་སོགས་པ་ལ་གཏང་ངོ་། །མིག་གསལ་བའི་སྨན་ནི་རོ་མངར་བ་དང་བསིལ་བ་ཡིན་ཏེ། དེ་ནི་མིག་སྣད་པ་དང་ནད་མེད་པར་གནས་པའི་སྐབས་སུ་གཏང་བར་བྱའོ། །

ཐུར་མ་སོར་བཅུའི་དབུས་ཕྲ་ལ། །རྩེ་མོ་སྲི་ཤིང་ཁ་འབུས་འདྲ། །ཕྱི་བའི་ཐུར་མ་ཟངས་ཀྱི་བསྔགས། །རྨ་གསོ་ལྕགས་ནག་བྱས་སོར་ཙམ། །བཟང་པོ་གསལ་བར་བྱེད་པ་ནི། །གསེར་དང་དངུལ་ལས་བྱས་པ་བསྔགས། །ཞེས་བྱ་བ་ལ། མིག་སྨན་བསྐུ་

བའི་ཐུར་མ་ནི། སྲིད་སོར་མོ་བཅུའི་ཚད་ལ་དབུས་ཀྱི་ཕྱོགས་ཕྲ་བ། རྩེ་མོ་གཉིས་སྲི་ཤིང་གི་མེ་ཏོག་ཁ་འབུས་པ་འདྲ་བར་ཅུང་ཟད་སྦོམ་ཞིང་། ཐུར་མ་དེ་ཕྱི་བའི་དཔྱད་དུ་ནི་ཟངས་མ་ལས་བྱས་པ་བསྔགས་སོ། །རྨ་གསོ་བའི་ཐུར་མ་ནི་ལྕགས་ནག་པོ་ལས་བྱས་པ།

མཛུབ་སོར་ཙམ་གྱི་སྲིད་ཡོད་པ་བཟང་ཞིང་བསྔགས་སོ། །གསལ་བར་བྱེད་པའི་མིག་སྨན་བསྐུ་བའི་ཐུར་མ་ནི་གསེར་དང་། དངུལ་ལས་བྱས་པ་བཟང་བ་ཡིན་ནོ། །གདར་བུ་ཁུ་བ་ཕྱེ་མས་ཏེ། །མིག་སྨན་རྣམ་གསུམ་ཉིད་དུ་བརྟག །དེ་ནི་མིག་ནད་ལྕི་འབྲིང་

เล่ม ๒๐๐ · หน้า 251b

དང་། །ཡང་བ་ལ་ནི་རིམ་བཞིན་སྦྱར། །ཞེས་བྱ་བ་ལ། མིག་སྨན་སྦྱར་བའི་ཐབས་ནི་རྣམ་པ་གསུམ་ཁོ་ན་སྟེ། གདར་བུ་དང་ཁུ་བ་དང་ཕྱེ་མའོ། །དེ་ལ་གཤེར་གྱིས་སྦྲུས་ཤིང་བཏགས་ནས། རེང་བུར་བྱས་པ་ནི་གདར་བུ་ཞེས་བྱ་བའི་སྒྲར་

བརྗོད་དེ། །ཁུ་བ་ནི་སྨན་ཁུ་བསྐོལ་བ་ལས་སྐན་ཏེར་གྱུར་པ་ལས་བྱས་པའོ། །སྨན་སྐམ་པོར་བཏགས་པའི་མིག་སྨན་ནི་ཕྱེ་མའོ་ཞེས་བྱའོ། །མིག་སྨན་དེ་དག་ཀྱང་སྔ་མ་བཞིན་དུ་སྟོབས་ཆེ་བ་ཡིན་ཏེ། དེ་བས་ན་ནད་ཤིན་ཏུ་སྟོབས་དང་ལྡན་པ་ལ་ནི་རེང་

བུ་གཏང་བར་བྱའོ། །མིག་ནད་ཚབས་འབྲིང་ཙམ་ལ་ནི་ཁུ་བ་གཏང་བར་བྱའོ། །མིག་ནད་ཡང་ཞིང་སྟོབས་དང་ལྡན་པ་ལ་ནི་ཕྱེ་མ་གཏང་བར་བྱའོ། །དེ་ལྟར་རིམ་བཞིན་དུ་སྦྱར་བར་བྱའོ། །མཚན་མོ་ཉལ་དང་ཉི་མའི་གུང་། །ཟོས་འཐུངས་ཉི་མ་ཚ་བ་

ཡིས། །མིག་གི་ནད་ནི་འཕེལ་བ་དང་། །དཀྱེལ་ནི་སྐྱེ་དང་འཁྲུགས་པར་འགྱུར། །དེ་བས་དེ་ཞི་ཕྱིར་ན་དགོངས། །ཉི་མ་སྤྲིན་བྲལ་དུས་སུ་བསྐུ། །ཞེས་བྱ་བ་ལ། མཚན་མོ་ཉལ་བས་ནད་འཕེལ་ཞིང་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་ཉི་མའི་གུང་ལ་

ཟས་ཟོས་ཤིང་སྐོམ་འཐུངས་པས་དཀྱེལ་སྐྱེ་ཞིང་གྱེན་དུ་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཉི་མ་གུང་ལ་ཡང་། ཉི་མ་ཚ་བའི་ཟེར་གྱིས་མིག་ནད་མྱུར་དུ་འཁྲུགས་ཤིང་གཡོ་བར་འགྱུར་ཏེ། དེ་བས་ན་དེ་ཞི་བར་བྱ་བའི་ཕྱིར་ཏེ། དེ་ནུབ་མོའི་ནད་ཀྱི་སྐྱོན་ཞི་

བར་བྱ་བའི་ཕྱིར། ནང་པར་གཏང་བར་བྱ་ལ། དེ་བཞིན་དུ་ཉི་མ་གུང་གི་སྐྱོན་ཟོས་པ་དང་། འཐུངས་པ་དང་། ཉི་མ་ཚ་བས་དཀྱེལ་སྐྱེ་ཞིང་གནོད་པ་དང་འཁྲུགས་པར་འགྱུར་བའི་ཉེས་པ་སྤང་བའི་ཕྱིར་དགོངས་ཀ་བསྐུའོ། །ཡང་ན་ཕྱི་འཕྲེད་ཀྱི་དུས་སྤྲིན་དང་

བྲལ་ཞིང་ཡུལ་རྨུས་པ་མེད་པའི་སྐབས་སུ་བསྐུའོ། །གཞན་དག་སྨྲ་བ་ཉིན་པར་ནི། །མིག་སྨན་རྣོན་པོ་གཏང་མི་བྱ། །བཀྲུས་པས་ཉམ་ཆུང་གྱུར་པའི་མིག །ཉི་མར་བལྟས་ན་གནོད་པར་འགྱུར། །ཞེས་བྱ་བ་ལ། ཡང་སློབ་དཔོན་གཞན་དག་འདི་སྐད་ཟེར་ཏེ།

เล่ม ๒๐๐ · หน้า 252a

ཉིན་པར་གྱི་དུས་སུ་མིག་སྨན་རྣོན་པོ་བཏང་ཞིང་བསྐུ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། མིག་སྨན་རྣོན་པོས་བསྐུས་པས་བཀྲུས་ཤིང་འཛག་པར་བྱས་པས། ཉམ་ཆུང་ཞིང་སྟོབས་ཞན་པའི་མིག་གིས་ཉི་མར་བལྟས་ན་གནོད་པར་འགྱུར་ཞིང་ཉམ་

ཆུང་བར་འགྱུར་རོ། །མཚན་མོ་གཉིད་ནི་ལོག་པ་དང་། །ཟླ་དུས་ཡིན་པས་བརྟས་འགྱུར་ཏེ། །མིག་ནི་མེ་ཡི་རང་བཞིན་པས། །བསིལ་བས་གནོད་མེད་བརྟན་པར་འགྱུར། །ཞེས་བྱ་བ་ལ། ཡང་སློབ་དཔོན་དེ་ནི་མཚན་མོའི་དུས་སུ་མིག་སྨན་རྣོན་པོ་

གཏང་བར་བྱའོ། །ཞེས་ཟེར་ཏེ། ཅིའི་ཕྱིར་ཞེ་ན། མཚན་མོ་གཉིད་ཀྱིས་ལོག་ཅིང་ཉལ་བ་ནི། ཟླ་བའི་རང་བཞིན་ཡིན་པ་དང་། དུས་ཀྱང་ཟླ་བའི་དུས་ཡིན་པས་བརྟས་ཤིང་ཚིམ་པར་འགྱུར་བ་ཉིད་ཀྱིས། མིག་ནི་མེའི་རང་བཞིན་བསིལ་བས་བརྟན་

པར་འགྱུར་ཞིང་སྟོབས་རྙེད་པར་འགྱུར་རོ། །མིག་ནད་བད་ཀན་ཤས་ཆེ་བའམ། །ཕྱི་ཞིང་བསལ་བར་བྱ་བ་ལ། །རབ་ཚ་མིན་པའི་ཉིན་པར་ཡང་། །མིག་སྨན་རྣོན་པོ་བླུགས་པར་འདོད། །ཅེས་བྱ་བ་ལ། གལ་ཏེ་བད་ཀན་གྱི་མིག་ནད་ཤིན་ཏུ་ཤས་

ཆེ་ཞིང་བདོ་བ་དང་། དེ་བཞིན་དུ་ཕྱི་ཞིང་བསལ་བར་བྱ་བའི་མིག་གཟེར་རམ་ལིང་ཏོག་ལ་སོགས་པ་ཉིན་མོ་ཡང་དེས་གསོ་བར་བྱ་བའི་ནད་ལ་མིག་སྨན་གཏང་དུ་རུང་ལ། དེ་ཡང་ཉི་མ་ཤིན་ཏུ་མི་ཚ་བ་ལ། མིག་སྨན་རྣོན་པོ་དག་ཀྱང་བླུགས་སུ་རུང་བར་འདོད་ཅིང་ཁས་ལེན་

པ་ཡིན་ནོ། །དྲིས་པ་མིག་ནི་མེའི་རང་བཞིན་ཡིན་ལ། མིག་སྨན་རྣོན་པོ་ཡང་མེའི་རང་བཞིན་ཅན་ཡིན་པས། ཉི་མ་ཚ་བ་དང་ཆོས་མཐུན་པ་ཡིན་ན། འདི་ལ་འགལ་བ་ཅི་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། ལྕགས་ནི་རྡོ་ལས་འབྱུང་བ་ཡིན། །རྣོ་བ་དེ་ཉིད་ལས་

བྱུང་ཡང་། །དེ་ཉིད་ཀྱིས་ནི་གནོད་བྱེད་ནུས། །མིག་གི་རང་བཞིན་དེ་དང་འདྲ། །ཞེས་བྱ་བ་ཡིན་ཏེ། ཇི་ལྟར་ལྕགས་རྣམས་ནི་རྡོའི་ཁམས་རྣམས་ལས་བྱུང་ཞིང་སྐྱེས་པ་ཡིན་ལ། གང་ཡང་ལྕགས་དེ་ཉིད་རྣོ་བ་ཉིད་ཀྱང་རྡོ་དེ་ཉིད་ལས་བྱུང་བ་ཡིན་མོད་ཀྱི། གང་

เล่ม ๒๐๐ · หน้า 252b

ལྕགས་དེའི་རྣོ་བ་ཉིད་ལ་གནོད་ཅིང་འཇིག་པར་བྱེད་པའམ། ཡང་ན་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་བྱེད་པ་ནི་རྡོ་དེ་ཉིད་ལས་བྱུང་ཞིང་གཞན་ལས་མ་ཡིན་ནོ། །དེ་བཞིན་དུ་མིག་གི་མཐོང་བའི་རང་བཞིན་དུ་མེའི་ཁམས་ལས་བྱུང་ལ། དེ་ཉིད་ཀྱིས་ན་རྣོ་བའི་

ཕྱིར་དེ་ཉིད་ཀྱིས་གནོད་པར་བྱེད་དེ། ཅུང་ཟད་ཙམ་མཐོང་བའམ། རྣམ་པ་ཐམས་ཅད་དུ་མི་མཐོང་བར་འགྱུར་རོ། །དགུན་ཚེ་མཚན་མོ་མིག་སྨན་ནི། །རྣོན་པོ་ཕན་པ་མ་ཡིན་ཏེ། །འཛག་མི་འགྱུར་བས་མིག་རེངས་དང་། །གཡའ་དང་མི་གསལ་ལ་སོགས་

སྐྱེད། །ཅེས་བྱ་བ་ལ། དགུན་གྱི་ཚེ། མཚན་མོ་ཡང་མིག་སྨན་ཤིན་ཏུ་རྣོ་བ་ཕན་ཞིང་བདེ་བར་བྱེད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དུས་དེའི་ཚེ་མིག་སྨན་རྣོན་པོ་བཏང་ཡང་གྲང་བའི་ཉེས་པས་མིག་ལས་མཆི་མ་ལ་སོགས་པའི་ནད་འབྱིན་ཅིང་འཛག་པར་བྱེད་མི་ནུས་ཏེ།

སླར་ཞིང་མིག་སྨན་དེས་མིག་རེངས་ཤིང་ཧར་བག་ཏུ་འདུག་པ་དང་། གཡའ་བ་དང་། མིག་མི་གསལ་བ་ལ་སོགས་པ་སྐྱེད་པར་འགྱུར་རོ། །སོགས་པའི་སྒྲས་ནི་སྐྲང་བ་དང་། མིག་རྡུལ་ཆགས་པ་དང་། མིག་དམར་བ་ལ་སོགས་པ་སྐྱེད་པར་འགྱུར་རོ། །མིག་

སྨན་མི་གཏང་འཇིགས་དང་སློན། །ཁྲུས་བཏང་ཟས་ཟོས་ཤུགས་ཀྱིས་ཉེན། ཁྲོས་དང་རིམས་བཏབ་མིག་ཕྱིར་བྱུང་། །གླད་ནད་མྱ་ངན་གཉིད་མ་ལོག །ཉི་མ་མ་མཐོང་མགོ་བཀྲུས་དང་། །ཆང་འཐུངས་དུ་བ་བརྔུབས་པ་དང་། །ཁ་ཟས་མ་

ཞུ་ཉི་ཚན་གདུངས། །ཉིན་ཉལ་སྐོམ་པ་ལ་མི་གཏང་། ཞེས་བྱ་བ་ལ། སྐྱེས་བུ་འཇིགས་ཤིང་སྔངས་པར་གྱུར་པ་ལ། མིག་སྨན་གཏང་དུ་མི་རུང་ངོ་། །དེ་བཞིན་དུ་སློན་ཞིང་སྐྱུག་པ་དང་། བཀྲུ་སྨན་བཏང་ཟིན་པ་དང་། ཟས་ཟོས་ཤིང་འགྲངས་མ་ཐག་དང་།

བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས་ཀྱིས་ཉེན་པ་དང་། ཁྲོ་ཞིང་རྔམ་པ་དང་། རིམས་ཀྱིས་བཏབ་པ་དང་། མིག་ཕྱིར་བྱུང་ཞིང་གློ་བ་དང་། གླད་ནད་ཀྱིས་གཟེར་བ་དང་། མྱ་ངན་དང་བཅས་པ་དང་། མཚན་མོ་གཉིད་མ་ལོག་པ་དང་། མགོ་བཀྲུས་ཤིང་

เล่ม ๒๐๐ · หน้า 253a

གཤེར་བ་དང་། དེ་བཞིན་དུ་ཆུ་འཐུངས་ཤིང་དུ་བ་བརྔུབས་པ་དང་། དེ་བཞིན་ཁ་ཟས་མ་ཞུ་བ་དང་། ཉི་ཚན་གྱིས་གདུངས་པ་དང་། ཉིན་པར་ཉལ་ཞིང་གཉིད་ལོག་པ་དང་། སྐོམ་གྱིས་ཉེན་པ་ལ་མི་གཏང་ངོ་ཞེས་མི་གཏང་བ་

ཀུན་ལ་སྦྱར་བར་བྱའོ། །མིག་སྨན་རབ་རྣོ་འཇམ་དང་ཉུང་། །མང་སླ་སྐ་དང་རྩུབ་པ་དང་། །ཤིན་ཏུ་བསིལ་དང་ཚ་བ་ཡི། །མིག་སྨན་བསྐུ་བར་མི་བྱའོ། །ཞེས་བྱ་བ་ལ། རབ་ཏུ་རྣོ་བ་ནི་རོ་ཚ་བ་དང་། སྐྱུར་བ་དང་། ལན་ཚྭ་ལས་སྦྱར་བར་མི་བྱའོ། །དེ་

བཞིན་དུ་རབ་ཏུ་འཇམ་པ་ནི་རོ་མངར་བ་ཉི་ཚེ་ལས་བྱས་པའོ། །ཉུང་བ་ཆུང་ཆེས་པའོ། །མང་བ་ནི་ཆེས་དྲགས་པའོ། །དེ་བཞིན་དུ་ཤིན་ཏུ་སླ་བ་དང་། ཤིན་ཏུ་སྐ་བ་དང་། ཤིན་ཏུ་རྩུབ་ཅིང་རེག་ན་མི་བདེ་བ་དང་། དེ་བཞིན་དུ་ཤིན་ཏུ་བསིལ་བ་དང་། ཤིན་ཏུ་ཚ་

བའི་མིག་སྨན་བཏང་ཞིང་སྦྱར་བར་མི་བྱའོ། །དེས་ན་མིག་ནི་མ་ཕྱེ་བར། །དལ་གྱིས་ནང་དུ་ཁྱབ་པར་བྱ། །ཞེས་བྱ་བ་ལ། དེས་ན་དེའི་འོག་ཏུ་མིག་སྨན་ནང་དུ་ཞུགས་ཤིང་ཁྱབ་པར་བྱ་བའི་ཕྱིར། མིག་གི་འབྲས་བུ་དལ་གྱིས་བསྐྱོད་ཅིང་བསྒུལ་ལ། སྨན་གྱིས་

ཁྱབ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། མ་ཕྱེ་བར་ཞེས་བྱ་སྟེ། མིག་མ་དབྱེ་བར་མིག་འབྲས་ནད་དུ་བསྒུལ་བར་བྱའོ། །མིག་སྨན་བྱུགས་ནས་མིག་མཆུ་ནི། །ཅུང་ཟད་བསྐྱོད་ལ་མིག་སྨན་ནི། །རྣོན་པོས་མྱུར་དུ་ཁྱབ་འགྱུར་བས། །དབྱེ་དང་འཛུམས་པར་

མི་བྱའོ། །མིག་མཆུ་གཉིས་ནི་བསྡམ་པ་དང་། །བཀྲུ་བ་དག་ནི་མི་བྱའོ། །ཞེས་བྱ་བ་ལ། མིག་སྨན་མིག་ཏུ་བཅུག་གམ། བྱུགས་ནས་མིག་གི་མཆུ་ཅུང་ཟད་ཙམ་དལ་བུས་བསྐྱོད་པར་གྱུར་ན། མིག་སྨན་རྣོན་པོས་མྱུར་དུ་ཁྱབ་པར་གྱུར་བས་འཕྲལ་

དུ་དེའི་མོད་ལ་མིག་སྨན་བཅུག་མ་ཐག་མིག་དབྱེ་བ་དང་བཙུམས་པར་མི་བྱའོ། །དེ་བཞིན་དུ་དེའི་མོད་ལ་མིག་སྨན་གཉིས་བསྡམ་ཞིང་བཙིར་བར་ཡང་མི་བྱ་ལ། འཕྲལ་དུ་མིག་བཀྲུ་བར་ཡང་མི་བྱའོ། །གང་ཚེ་མིག་སྨན་གྱིས་བསྐུས་པའི། །སྨན་གྱི་རྩོལ་བ་

เล่ม ๒๐๐ · หน้า 253b

ཞི་གྱུར་ན། །ནད་ཀྱི་དམིགས་དང་མཐུན་པ་ཡི། །ཆུ་ཡིས་དེ་ཚེ་བཀྲུ་བར་བྱ། །ཞེས་བྱ་བ་ལ། གང་གི་ཚེ་མིག་གི་སྨན་བསྐུས་པའམ་བྱུགས་པའི་རྗེས་ལ། སྨན་གྱི་ནུས་པའི་མཐུ་རྩོམ་པ་ཞི་བར་གྱུར་ལ། ཚ་བ་ལ་སོགས་པ་མེད་པར་གྱུར་ཅིང་། དེ་ཉིད་ཀྱིས་ན་

བདེ་བར་གྱུར་བ་དེའི་ཚེ། ནད་ཀྱི་དམིགས་དང་མཐུན་པའི་ཆུ་བསིལ་བ་དང་། དྲོ་བ་དང་། བར་མའི་རང་བཞིན་ཅན་ལ་སོགས་པས་ཅི་བདེར་བཀྲུ་བར་བྱའོ། །དེ་ནས་གོས་འཇམ་བཅས་པ་ཡི། །མཐེ་བོ་དང་ནི་མཛུབ་མོ་གཉིས། །མིག་ནི་ཅི་རན་ཕྱེ་སྟེ་ཕྱི། །གཡོན་

པས་གཡས་པ་ཕྱི་བར་བྱ། །གཞན་དུ་མིག་སྨན་བླུགས་པ་ཡིས། །མིག་མཆུ་ཁྱབ་པས་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། དེ་ནས་དེ་ལྟར་བཀྲུས་པའི་རྗེས་ལ་གཡས་པའི་མཐེབ་མོས་གོས་འཇམ་པོ་དང་བཅས། མིག་གཡོན་པའི་མིག་མཆུ་གོང་མ་བཟུང་ལ་

ཅི་རན་ཙམ་དུ་ཕྱི་ཞིང་བསལ་བར་བྱའོ། །གཡོན་པའི་མཐེ་བོ་གོང་དང་བཅས་པས་ནི། གཡས་པའི་མིག་མཆུ་གོང་མ་བཟུང་ནས་ཕྱི་བར་བྱའོ། །དེ་ལས་གཞན་དུ་མིག་སྨན་བླུགས་པའི་རྗེས་ལ་སྦྱང་ཞིང་ཕྱི་བ་མ་བྱས་ན་མིག་སྨན་བླུགས་པས་ནད་ཀྱིས་མིག་མཆུར་

ཁྱབ་ཅིང་ཕྱིན་པས། ནད་ཀྱི་གནོད་པ་སྐྱེད་པར་འགྱུར་རོ། །དེ་བས་ན་མིག་སྨན་བཏང་བའི་རྗེས་ལ། མིག་མཆུ་བཀྲུ་བ་དང་ཕྱི་བར་བྱའོ། །སྨན་གྱིས་གཡའ་བའམ་རྟུལ་གྱུར་ན། །རྣོན་པོའི་དུད་པ་བརྔུབ་པར་བྱ། །ཞེས་བྱ་བ་ལ། མིག་སྨན་

བཅུག་ནས་མིག་གཡའ་བའམ་རྟུལ་བར་གྱུར་ན། མིག་སྨན་རྣོན་པོའི་དུ་བ་བརྔུབ་པར་བྱའོ། །མིག་སྨན་རྣོན་པོས་ཚ་གྱུར་ན། །སླར་འཆོས་མིག་སྨན་བསིལ་བྱེད་གཞུག །ཅེས་བྱ་བ་ལ། མིག་སྨན་རྣོན་པོ་བྱུགས་པས་མིག་རབ་ཏུ་ཚ་བར་གྱུར་ན། ཚ་

བ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསིལ་ཞིང་གྲང་བའི་ཕྱེ་མའི་མིག་སྨན་གཞུག་པར་བྱའོ། །མིག་སྨན་དེ་ནི་སླར་འཆོས་ཤིང་བསལ་བར་བྱེད་པས་ན། མིག་སྨན་སླར་འཆོས་པ་ཞེས་བྱ་བའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རྣམ་པར་འགྲེལ་པ། ཚིག་

เล่ม ๒๐๐ · หน้า 254a

གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་ངེས་པར་སྦྱར་བ་ལས། ལེའུ་ཉི་ཤུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་མིག་བརྟ་བའི་ཆོ་ག་དང་། མིག་སྨན་གྱི་ཐུར་མ་བསྲེག་ཅིང་བཙོས་པའི་ཁུ་བ་མིག་ཏུ་

བླུགས་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་བརྩམས་པའི་འགྲེལ་པ་ནི་འདི་ཡིན་ཏེ། མིག་སྨན་རྣོན་པོས་ཚ་བར་གྱུར་ན་སླར་འཆོས་པའི་མིག་སྨན་གྱི་ཕྱེ་མ་བསིལ་བ་གཞུག་པར་བྱའོ། །ཞེས་བཤད་པས་མིག་བརྟ་ཞིང་ཚིམ་པར་བྱ་བ་ཡང་ཕལ་ཆེར་

དེ་དང་འདྲ་བར་འདིར་བཤད་པ་ཡིན་ནོ། །དེ་ལ་མིག་བརྟ་བ་དང་། བསྲེག་ཅིང་བཙོ་བའི་ཆོ་ག་གཞུང་གང་དུ་སྟོན་པར་བྱེད་པའི་ལེའུ་བཤད་ཅིང་བསྟན་པར་བྱའོ་ཞེས་བྱའོ། །མིག་འཛུམས་མི་ཤེས་རེངས་བག་དང་། །སྐམ་དང་རྩུབ་དང་སྣད་པ་དང་། །རླུང་མཁྲིས་

ནད་གྱུར་ཞུམ་བག་དང་། །རྫི་མ་བྱི་ཞིང་གཡོགས་པར་མཐོང་། །དབྱེ་དཀའ་རྩ་ནི་བརྩེ་བ་དང་། །མིག་ནི་བརྩེ་འགྱུར་མི་མཐོང་དང་། །དམར་ཞིང་མཆི་འཛག་གླད་ཕྱེད་ན། །རླུང་ནད་ཀུན་འགྲོ་ལིང་ཏོག་ཅན། །མིག་ནད་རྩེ་ཞིལ་མཆི་མ་འཛག །ན་ཞིང་དམར་ལ་

མིག་རྔུ་ཆགས། །ཐུན་མོང་དུས་སུ་ནང་པར་རམ། །དགོངས་ཀ་གན་རྐྱལ་ཉལ་ནས་ནི། །ལུས་དང་མགོ་སྦྱང་རླུང་མེད་པའི། །གནས་སུ་བརྟ་བའི་སྨན་གཏང་ངོ་། །ཞེས་བྱ་བ་ལ། མིག་ན་ཞིང་འཛུམས་མི་ཤེས་པ་དག་ལ་མིག་བརྟ་བའི་སྨན་བླུགས་པར་བྱའོ། །

རེངས་བག་ནི་བསྐྱོད་ཅིང་འགུལ་མི་ཤེས་པའོ། །སྐམ་པ་ནི་ཡོངས་སུ་བསྐམས་པའོ། །རྩུབ་པ་ནི་སྣུམ་པའི་མདངས་ཀྱི་ཡོན་ཏན་དང་བྲལ་བའོ། །སྣང་བ་ནི་འབྲས་བུ་མངོན་པར་སྣང་བའོ། །རླུང་དང་མཁྲིས་པའི་ནད་ནི་དེ་གཉིས་ལས་གྱུར་པའི་ནད་ཀྱིས་ཉེན་

པའོ། །ཞུམ་བག་ནི་རླུང་གི་དབང་གིས་མིག་ཡོན་པོར་གྱུར་པའོ། །རྫི་མ་བྱི་བ་ནི་མིག་གོང་གི་རྫི་མ་རྣམས་ནད་ཀྱིས་བྱི་བར་གྱུར་པ་དང་། དེ་བཞིན་དུ་གཡོགས་པར་མཐོང་བ་ནི། སྤྲིན་གྱིས་གཡོགས་པ་དང་འདྲ་བར་མི་གསལ་བར་མཐོང་བའམ། ཡང་ན་སྔོན་དམར་

เล่ม ๒๐๐ · หน้า 254b

དུ་མར་མཐོང་བ་སྟེ། དེ་ལ་བརྟ་བའི་སྨན་གཏང་བར་བྱའོ། །དེ་བཞིན་དབྱེ་དཀའ་བ་ལ་སོགས་པས་ཉེན་ཅིང་ན་བ་ལ་སོགས་པ་མིག་ནད་རྣམས་དང་ཡང་མིག་ནད་ལ་སོགས་པ་རྩེ་ཞིལ་ཞིང་ཅུང་ཟད་བྲི་བ་དང་། ཡང་དུས་གང་ཐུན་མོང་དུ་གྱུར་ཅིང་། གྲང་དྲོ་རན་པ་དང་།

དཔྱིད་དང་སྟོན་གྱི་དུས་དེའི་ཚེ་ན་ཡང་ནང་པར་ཏ་ནམ་ལངས་པ་དང་། དགོངས་ཀ་སྟེ་ཉི་མ་ནུབ་པའི་དུས་སུ་སྐྱེས་བུ་གན་རྐྱལ་དུ་ཉལ་ནས་སྔར་ལུས་དང་མགོ་བོ་སྦྱངས་ཤིང་བཀྲུ་སྨན་བཏང་ཞིང་སྦྱར་བ་ལ། རླུང་མེད་པའི་གནས་སུ་བརྟ་བའི་མིག །སྨན་གཏང་བར་བྱའོ། །

ནས་སམ་མ་ཤའི་རྗེན་ཟན་གྱིས། །མིག་སྦུབས་མཐའ་སྐོར་མཉམ་པ་ནི། །དཔངས་སུ་སོར་གཉིས་བརྟན་བྱས་ལ། །ནད་དམིགས་ཇི་བཞིན་སྨན་བསྐོལ་བ། །ཞུན་མར་ཆུ་ཚན་ལ་བསྲོས་ཏེ། །མིག་ནི་བཙུམས་པར་བླུགས་པར་བྱ། །ཞེས་བྱ་བ་ལ། ནས་

ཀྱི་རྗེན་ཕྱེ་སྦྲུས་པ་ལས། སྨན་མི་འཕོ་བའི་རྟེན་བྱས་ལ། ཞུན་མར་མིག་ཏུ་བླུགས་པར་བྱའོ། །བསྐོར་བ་དེ་ཡང་མིག་སྦུབས་ཀྱི་ཕྱི་རོལ་ནས་བསྐོར་བར་བྱས། དེ་ཡང་མཉམ་ཞིང་སྙོམས་པར་བྱའི། མི་མཉམ་པར་ནི་མི་བྱ་བ་དང་། དཔངས་ཀྱི་ཚད་སོར་

གཉིས་སུ་བྱ་བ་དང་། དེ་བཞིན་དུ་བརྟན་པ་སྟེ་གས་མེད་པར་བྱས་ལ། དེའི་འོག་ཏུ་བསྐོར་བ་དེར་ནད་དམིགས་ཇི་བཞིན་ཞེས་བྱ་བ་རླུང་ལ་སོགས་པའི་ནད་གང་ལས་གྱུར་པ་སེལ་བའི་སྨན་དང་བསྐོལ་ཞིང་བཙོས་པའི་ཞུན་མར་ཆུ་ཚ་བ་ལ་བསྲོས་ཤིང་བཞུས་ཏེ་དྲོ་གྲང་རན་

པར་བྱས་པའི་ཞུན་མར་དེ་མིག་བཙུམས་པར་བླུགས་པར་བྱའོ། །མཚན་མོ་མི་མཐོང་རླུང་རབ་རིབ། །དབྱེ་དཀའ་སོགས་ལ་ཚིལ་ཞུན་བླུགས། །རྫི་མའི་རྩེ་ནུབ་པར་བཀང་ལ། །དེ་ནས་བསྐྱོད་ཅིང་དབྱེ་བ་ནི། །དེ་ནི་དལ་གྱིས་བྱེད་དུ་གཞུག །ཚད་བགྲང་བྱ་བ།

ཞེས་བྱ་བ་ལ། མཚན་མོ་མི་མཐོང་བ་ལ་སོགས་པའི་མིག་ནད་ཀྱིས་བཏབ་པ་ལ་རང་རང་གི་སྨན་གང་ཡིན་པ་དང་། བཙོས་པའི་ཚུལ་གྱི་ཞུན་མར་སྔ་མ་ལྟར་བསྲོ་བ་བླུགས་པར་བྱའོ། །དེ་ལ་རྫི་མའི་རྩེ་མོ་ནུབ་པར་གྱུར་ཀྱི་བར་དང་། སྨིན་མའི་སྤུར་ཕྱིན་གྱི་བར་དུ་དགང་

เล่ม ๒๐๐ · หน้า 255a

བར་བྱའོ། །དེ་ནས་བླུགས་ཟིན་པའི་རྗེས་ལ། མིག་བསྐྱོད་ཅིང་དབྱེ་བ་སྐྱེས་བུ་དེ་དལ་གྱིས་བགས་ཀྱིས་བྱེད་དུ་གཞུག་ལ། དེའི་གྲངས་ཀྱི་ཚད་བགྲང་ཞིང་གཟུང་བར་བྱའོ། །དེ་ལ་ནི། མིག་མཆུ་མིག་འགྲམ་དཀར་ནག་ནད། །གྲངས་

བརྒྱ་སུམ་བརྒྱ་ལྔ་བརྒྱ་དང་། །བརྒྱ་ཕྲག་བདུན་དང་བརྒྱད་རིམ་བཞིན། །དཀྲུགས་དང་རླུང་ལ་གྲངས་སྟོང་སྟེ། །མཁྲིས་པ་ནད་མེད་ལ་དྲུག་བརྒྱ། །བད་ཀན་ལ་ནི་ལྔ་བརྒྱ་གཞག །ཅེས་བྱ་བ་ལ། དེ་ལ་གྲངས་བགྲང་བའི་ཚུལ་ནི། མིག་མཆུའི་ནད་ལ་གྲངས་

བརྒྱའི་ཚད་ཀྱི་བར་དུ་གཞག་པར་བྱའོ། །མིག་འགྲམ་གྱི་ནད་ལ་ནི་གྲངས་སུམ་བརྒྱའི་བར་དུ་གཞག་གོ །མིག་གི་འབྲས་བུ་དཀར་པོའི་ཆ་ལ་ནད་ཡོད་པ་ལ་ནི་གྲངས་བདུན་བརྒྱའི་བར་དུ་གཞག་པར་བྱའོ། །ནག་པོ་མཐོང་བའི་ཆ་ལ་ནད་ཡོད་པ་ལ་གྲངས་བརྒྱད་བརྒྱའི་བར་

དུ་གཞག་པར་བྱ། དེ་བཞིན་དུ་མིག་དཀྲུགས་པ་སྙམ་སེམས་པ་དང་རླུང་གི་ནད་ལ་ནི་གྲངས་སྟོང་གི་བར་དུ་གཞག་གོ །མཁྲིས་པའི་ནད་དང་ནད་མེད་ཅིང་ཐ་མལ་པར་གནས་པའི་སྐབས་སུ་བཏང་བ་ལ་ནི་གྲངས་དྲུག་བརྒྱའི་བར་དུ་གཞག་པར་བྱའོ། །བད་ཀན་གྱི་ནད་

ལ་ནི་གྲངས་ལྔ་བརྒྱའི་བར་དུ་གཞག་པར་བྱའོ། །དེ་ནས་མིག་འགྲམ་འཛག་སྒོ་བྱ། །སྨན་མར་སྣོད་དུ་གཟགས་པར་བྱ། །དུད་པ་བརྔུབས་ནས་ནམ་མཁའ་དང་། །གཟུགས་འཚེར་བ་ནི་ལྟ་མི་བྱ། །ཞེས་བྱ་བ་ལ། གྲངས་བགྲང་བ་རྫོགས་པ་དེའི་རྗེས་ལ་བརྟ་

བའི་སྣུམ་བླུགས་པ་གང་ཡིན་པ་དེ། དབོ་ཞིང་གཟགས་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན་མིག་འགྲམ་རྣ་བ་དང་ཉེ་བའི་ཕྱོགས་སུ་མིག་ཟུར་གྱི་འཛག་པའི་སྒོའི་བུ་ག་བྱས་ལ་སྨན་མར་སྣོད་བཟེད་པར་བྱའོ། །དེས་ན་དེའི་འོག་ཏུ་སྣུམ་གྱིས་གློངས་པའི་བད་ཀན་ཞི་བར་བྱ་

བའི་ཕྱིར་དུ་བ་བརྔུབ་པར་བྱའོ། །དེ་ནས་དེའི་མོད་ལ་ནམ་མཁའ་ལ་མི་ལྟ་བ་དང་། མེ་དང་ཉི་མ་ལ་སོགས་པ་གཟུགས་འཚེར་བ་ལ་བལྟ་བར་མི་བྱའོ། །དེ་ལྟར་རླུང་ལ་ཉིན་རེ་བྱ། །མཁྲིས་པར་ཉིན་རེའི་བར་དུ་གཅོད། །བད་ཀན་བདེར་གནས་གཉིས་པར་བཅད། །

เล่ม ๒๐๐ · หน้า 255b

ཚིམ་པར་འགྱུར་གྱི་བར་དུ་གཏང་། །ཞེས་བྱ་བ་ལ། དེ་ལྟར་བཤད་པ་རྣམས་རླུང་གི་ནད་དང་ལྡན་པ་ལ་ནི་ཉིན་རེ་ལ་བཏང་ལ། ཚིམ་པར་འགྱུར་གྱི་བར་དུ་མི་གཅད་པར་བྱའོ། །མཁྲིས་པ་ལས་གྱུར་པའི་མིག་ནད་ལ་ནི། ཚུལ་འདི་ཉིད་ཀྱིས་ཉི་མ་གཅིག་གི་བར་དུ་བཅད་ཅིང་ཉིན་རེས་

ཆོད་པར་བྱས་ལ་གཏང་ངོ་། །བད་ཀན་དང་བདེ་བར་གནས་པའི་སྐབས་སུ་ནི་ཉི་མ་གཉིས་གཉིས་ཀྱི་བར་དུ་བཅད་ཅིང་གཏང་སྟེ། ཚིམ་པར་འགྱུར་གྱི་བར་དུ་གཏང་། །ཞེས་པ་ནི་ཐམས་ཅད་ལ་གཏང་ངོ་། །ཚིམ་པས་གསལ་བར་མཐོང་ནུས་ཤིང་། །བདེ་ཞིང་མིག་ཡང་དྲི་

མ་མེད། །མ་ཚིམ་པ་ལས་གོ་བཟློག་ཡིན། །ཚིམ་དྲགས་བད་ཀན་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། མིག་ལེགས་པར་ཚིམ་ཞིང་བརྟས་པར་གྱུར་ན་དངོས་པོ་གསལ་བར་མཐོང་བར་ནུས་པ་དང་། དེ་བཞིན་དུ་བདེ་ཞིང་ནད་མེད་པ་དང་། ཡང་བག་དང་ལེགས་པར་

བརྟས་པར་བྱས་པས་མིག་རང་བཞིན་གྱིས་དྲི་མ་མེད་ཅིང་དག་ལ། རབ་རིབ་ལ་སོགས་པའི་ཉེས་པ་དང་བྲལ་བར་འགྱུར། གལ་ཏེ་ཡང་ཚིམ་པར་མ་གྱུར་ན། བཤད་མ་ཐག་པའི་ལེགས་པར་ཚིམ་པའི་མཚན་ཉིད་ལ་སོགས་པ་བསལ་བར་མི་ནུས་པས་ན་དྲི་མ་དང་བཅས་པའི་བར་

དུ་འགྱུར་རོ། །ཚིམ་དྲགས་ཤིང་བརྟས་པར་བྱས་དྲགས་ན། བད་ཀན་ལས་བྱུང་བའི་ནད་རྣམས་བསྐྱེད་ཅིང་འབྱུང་བར་འགྱུར་རོ། །དེ་ནི་ལུས་ཀྱི་སྣུམ་འཐུངས་ལྟར། །མི་གསལ་མཐོང་བ་ཉམ་ཆུང་འགྱུར། །དེ་བས་བརྟ་བའི་རྗེས་ལ་ནི། །མཐོང་བའི་

སྟོབས་ནི་སྐྱེད་བྱེད་པ། །སྔར་བཤད་པ་ཡི་མིག་ནད་ལ། །ཕུར་མ་བཙོས་པ་སྦྱར་བར་བྱ། །ཞེས་བྱ་བ་ལ། ཚིམ་པར་བྱས་པའི་མིག་ནི་མཐོང་བའི་སྟོབས་ཞན་པར་འགྱུར་ཏེ། དཔེར་ན་ལུས་ཀྱི་ཁོང་དུ་སྣུམ་འཐུངས་པ་ན། ཉམ་ཆུང་ཞིང་ཅུང་ཟད་བརྒྱལ། སྟོབས་ཆུང་

བ་དང་འདྲ་བར་མིག་སྨན་འཐུངས་པས་ཀྱང་སྟོབས་ཆུང་ཞིང་མི་གསལ་བར་འགྱུར་རོ། །དེ་བས་ན་མིག་བརྟ་ཚིམ་པར་བྱས་པའི་རྗེས་ལ་མཐོང་བའི་སྟོབས་གསལ་བར་བྱེད་པ་དང་། སྐྱེད་པར་ནུས་པའི་མིག་སྨན་ཕུར་མ་བཙོས་པའི་ཁུ་བ་མིག་གཉིས་སུ་བླུགས་པར་བྱ་ཞིང་

เล่ม ๒๐๐ · หน้า 256a

སྦྱར་བར་བྱའོ། །དེ་ཡང་སྔར་བཤད་པའི་མིག་ནད་མིག་དབྱེ་བར་དཀའ་བ་ལ་སོགས་པ་ལ་ཕུར་མ་བཙོས་པའི་ཁུ་བ་གཏང་བར་བྱའོ། །དེ་ནི་རླུང་ལ་སྣུམ་ཅན་ཏེ། །བད་ཀན་བཅས་ཏེ་ཕྱི་བ་ཕན། །མཐོང་ཉམས་རླུང་དང་མཁྲིས་བཅས་

དང་། །ཁྲག་མཁྲིས་བདེར་གནས་ལ་གསལ་བྱེད། །ཅེས་བྱ་བ་ལ། མིག་སྨན་བཙོས་པའི་ཁུ་བ་དེ་ནི་རླུང་ལས་གྱུར་པའི་མིག་ནད་ལ་སྣུམ་ཅན་གཏང་བར་བྱའོ། །དེ་བཞིན་དུ་བད་ཀན་དང་བཅས་པའི་རླུང་ལ་ནི་ཕྱི་བའི་མིག་སྨན་ཕན་པ་ཡིན་ནོ། །མཐོང་བ་

ཉམས་ཤིང་མིག་མི་གསལ་བ་དང་། རླུང་དང་མཁྲིས་པར་བཅས་པ་དང་། ཁྲག་དང་མཁྲིས་པའི་ནད་དང་། བདེ་བར་གནས་ཤིང་ནད་མེད་པའི་སྐབས་ལ་ནི་གསལ་བར་བྱེད་པའི་མིག་སྨན་གྱི་ཕུར་མ་བཙོས་པའི་ཐིགས་པ་མིག་ཏུ་བླུགས་པར་བྱའོ། །ཁུང་གནས་མཐུས་

ཚོལ་རླན་ཅན་གྱི། །ཚིལ་དང་རྐང་དང་ཞག་ཤ་རློན། །འོ་མ་དག་དང་བཏགས་པ་དང་། །འཚོ་བྱེད་དག་དང་སྦྱར་བའི་སྣུམ། །ཞེས་བྱ་བ་ལ། ཁུང་ན་གནས་པ་ནི་ས་ལ་བརྟེན་ཅིང་ཕུག་ན་གནས་པ་སྟེ། སྲམ་དང་ཕྱི་བ་ལ་སོགས་པའོ། །མཐུས་ཚོལ་

བ་ནི་བྱ་རྒོད་དང་། ཁྲ་ལ་སོགས་པའོ། །རླན་ཅན་ལ་གནས་པ་ནི་ངང་པ་དང་ཆུ་སྐྱར་ལ་སོགས་པ་སྟེ། དེ་རྣམས་ཀྱི་ཚིལ་དང་། དེ་བཞིན་དུ་རྐང་དང་ཞག་དང་། དེ་བཞིན་དུ་ཤ་རློན་པ་རྣམས་འོ་མ་དང་ལྷན་ཅིག་ཏུ་བཏགས་པ་དང་། དེ་བཞིན་དུ་སྨན་འཚོ་བྱེད་

ལ་སོགས་པ་དག་འོ་མ་དང་བཏགས་ཤིང་སྦྱར་བའི་སྣུམ་གྱི་ཁུ་བ་རྣམས་མིག་ཏུ་བླུགས་པའི་སྨན་ཁུའི་ཐིགས་པའི་དོན་དུ་བརྟག་པར་བྱའོ། །རི་དགས་བྱ་ཡི་མཆེར་པ་ཤ །མུ་ཏིག་ལྕགས་ཟངས་རྒྱམ་ཚ་དུང་། །རྒྱ་མཚོའི་ལྦུ་བ་ལིག་བུ་མིག །བ་བླ་ཞོ་ག་ཆུར་

སྦྱར་བྱ། །ཞེས་བྱ་བ་ལ། རི་དགས་ནི་ཤ་བཀྲ་ལ་སོགས་པའོ། །བྱ་ནི་ལ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆེར་པ་དང་། ཤ་རློན་པ་དང་། དེ་བཞིན་དུ་མུ་ཏིག་དང་། ལྕགས་ཀྱི་ཕྱེ་མ་དང་། ཟངས་ཀྱི་ཕྱེ་མ་དང་། རྒྱམ་ཚ་དང་། ལྕེ་མྱང་ཚ་དང་། དུང་

เล่ม ๒๐๐ · หน้า 256b

དང་། ལིག་བུ་མིག་སྟེ། སོ་ཏན་ཛ་ན་དང་། རྒྱ་མཚོའི་ལྦུ་བ་དང་། བ་བླ་སྟེ། འདི་རྣམས་ཞོ་ག་ཆུ་དང་བཏགས་ལ་བླུགས་པའི་མིག་སྨན་ཕྱི་ཞིང་བསལ་བའི་དོན་དུ་བརྟག་པར་བྱའོ། །རི་དགས་བྱ་ཡི་མཆེར་པ་རྐང་། །ལྟོ་ཚིལ་རྒྱུ་མ་སྙིང་དང་ཤ། །མངར་བག་

མར་བཅས་ནུ་ཞོར་སྦྱར། །བཏགས་པ་གསལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། རི་དགས་དང་བྱ་ནི་སྔར་བཤད་པར་ཟད་དེ། དེ་རྣམས་ཀྱི་མཆེར་པ་ལ་སོགས་པ་དང་། དེ་བཞིན་དུ་སྨན་མངར་བག་འཚོ་བྱེད་ལ་སོགས་པ་དང་བཅས་པ་རྣམས་ནུ་ཞོ་ཞེས་བྱ་བ་བུད་མེད་ཀྱི་

ནུ་ཞོ་དང་སྦྱར་ཞིང་བཏགས་པའི་སྨན་གྱི་ཕུར་མ་བཙོས་པའི་ཁུ་བ་ནི་མིག་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ནོ། །ཤ་དང་སྨན་གྱི་ལྡེ་གུ་ནི། །གོང་བུ་སྲང་གཅིག་སོ་སོར་བྱས། །ཨེ་རཎ་ནྱ་གྲོ་དྷ་པདྨའི། །ལོ་མ་སྣུམ་པོས་རིམ་བཞིན་དུ། །དཀྲིས་ལ་འཇིམ་པས་བྱུགས་ནས་ནི། །

ད་བ་དགོན་པའི་ལྕི་བའི་མེ། །འབར་བར་ཡོངས་སུ་བསྲེག་པར་བྱ། །ཚོས་ནས་དེ་ཡི་ཁུ་བ་བཙིར། །མིག་ཏུ་བརྟ་བའི་སྨན་ལྟར་བླུགས། །ཞེས་བྱ་བ་ལ། སྔར་བཤད་པའི་ཤ་དང་། སྨན་གྱིས་སོ་སོར་སྲང་རེ་རེ་ཙམ་ཞིག་བྱས་ལ། སྨན་དང་ཤའི་ལྡེ་གུའི་གོང་བུ་

གཅིག་ཏུ་བསྲེས་ཤིང་བསྡུས་པའི་གོང་བུ་ཨེ་རཎྜ་དང་། ནྱ་གྲོ་དྷ་དང་། པདྨའི་ལོ་མས་དཀྲིས་པར་བྱས་ཏེ། དེ་ཡང་སྣུམ་གྱིས་སྣུམ་བཙོས་པའི་ཨེ་རཎྜའི་ལོ་མས་དཀྲི་བར་བྱའོ། །དེ་བཞིན་དུ་ཕྱི་ཞིང་བསལ་བའི་སྨན་གྱི་ཕུར་མ་བཙོ་བ་ནི། ནྱ་གྲོ་དྷའི་འདབ་མས་དཀྲི་

བར་བྱའོ། །དེ་བཞིན་དུ་གསལ་བར་བྱེད་པའི་སྨན་གྱི་ཕུར་མ་ནི་པདྨའི་ལོ་མས་དཀྲི་བར་བྱའོ། །དེ་ལྟར་དཀྲིས་པའི་འོག་ཏུ་འཇིམ་པས་བྱུགས་ཏེ། ཤིང་ད་བ་དང་། དགོན་པའི་ལྕི་བའི་མེ་གང་རྙེད་པ་སྦར་བས་ཇི་སྲིད་དུ་མེ་མདོག་ལྟར་སྣང་གི་བར་དུ་བཙོས་ལ། དེ་

ལྟར་ཚོས་པར་ཤེས་ནས་ཁུ་བ་དེ་བཙིར་ཏེ། མིག་ཏུ་བརྟ་བའི་སྨན་གྱི་ཁུ་བ་བླུགས་པར་བྱ་སྟེ། ཇི་ལྟར་མིག་བརྟ་བའི་སྨན་མིག་ཏུ་ལྡུགས་པ་ན། ནས་དང་མོན་སྲན་གྲེའུའི་རྗེན་ཟན་གྱིས་བསྐོར་ནས་ལྡུགས་པ་དེ་བཞིན་དུ་སྨན་གྱི་ཕུར་མ་བཙོས་ཤིང་བསྲེགས་པའི་ཁུ་བ་བླུགས་

เล่ม ๒๐๐ · หน้า 257a

ནས་མིག་དལ་བུས་བསྐྱོད་པར་བྱའོ། །ཕྱི་དང་སྣུམ་དང་བསལ་བ་ལ། །བརྒྱ་ཕྲག་གཅིག་གཉིས་གསུམ་ཅར་གཞག །དང་པོ་དྲོ་འཇམ་ཕྱི་བསིལ་བླུགས། །དེ་གཉིས་རྗེས་ལ་དུད་པ་བརྔུབ། །དེས་ནི་སྦྱར་བ་བརྟ་དང་མཚུངས། ཞེས་བྱ་བ་ལ།

ཕྱི་བའི་སྨན་གྱི་ཐིགས་པ་མིག་ཏུ་བླུགས་པ་ན། ཚད་ཀྱི་གྲངས་བརྒྱའི་བར་དུ་གཞག་པར་བྱའོ། །སྣུམ་གྱི་ཕུར་མ་བཙོས་པ་ལ་ནི། ཉིས་བརྒྱའི་བར་དུ་གཞག་པར་བྱའོ། །བསལ་བར་བྱ་བའི་སྨན་བཙོས་པའི་ཐིགས་པ་བླུགས་པ་ནི་སུམ་བརྒྱའི་བར་དུ་གཞག་པར་

བྱའོ། །དང་པོ་ཞེས་བྱ་བ་སྔར་བསྟན་པའི་ཕྱི་བ་དང་། སྣུམ་པར་བྱ་བ་གཉིས་ལ་ནི་དྲོ་འཇམ་ཞེས་བྱ་བ། ཅུང་ཟད་ཙམ་དྲོ་བ་མིག་ཏུ་བླུགས་པར་བྱ་སྟེ། ཕྱི་མ་སྟེ་ཐ་མ་བསལ་བར་བྱ་བའི་སྨན་གྱི་ཐིགས་པ་བསིལ་ཞིང་གྲང་བ་བླུགས་པར་བྱའོ། །དེ་གཉིས་ཞེས་བྱ་བ་ཕྱི་

བ་དང་སྣུམ་པར་བྱ་བའི་མིག་སྨན་བཏང་བའི་རྫས་དེ་མཐར་དུད་པ་བརྔུབ་པར་བྱའི་གསུམ་པ་གསལ་བར་བྱེད་པའི་སྨན་བླུགས་པ་ལ་ནི་མ་ཡིན་ནོ། །ཡང་སྨན་གྱི་ཕུར་མ་བཙོས་པའི་ཐིགས་པ་མིག་ཏུ་བླུགས་པ་གསུམ་པོའི་སྐབས་དེར་སྦྱོར་བ་སྟེ། ལེགས་པ་དང་མ་ལེགས་པ་

དང་དྲགས་པའི་སྦྱོར་བ་གསུམ་ནི་བརྟ་བའི་སྦྱོར་བ་བཤད་པ་དང་འདྲ་ཞིང་མཚུངས་སོ། །ཞེས་བྱ་བའི་དོན་དེ་གསལ་བར་མཐོང་བ་ནས་བད་ཀན་གྱི་ནད་དུ་གྱུར་པའི་བར་དུ་གོང་མ་བཞིན་དུ་ཤེས་པར་བྱའོ། །བརྟ་དང་ཕུར་བཙོས་ཐིགས་པ་བླུགས། །སྣ་སྨན་མི་བྱ་ལ་མི་གཏང་།

ཞེས་བྱ་བ་ལ། བརྟ་བ་དང་སྨན་གྱི་ཐིགས་པ་གཉིས་ཀ་ཡང་སྣ་སྨན་གཏང་དུ་མི་རུང་བའི་སྐྱེས་བུ་ལ་གཏང་བར་མི་བྱའོ། །ཇི་སྲིད་དུས་ནི་སྨན་གཏང་བ། །དེ་ཡི་ཉིས་འགྱུར་འཕྲོད་པ་བཟའ། །ཞེས་བྱ་བ་ལ། བརྟ་བ་དང་མིག་སྨན་གྱི་ཐིགས་པ་བླུགས་པ་འདི་གཉིས་

ཀ་དུས་ཇི་ལྟར་ཏེ། ཉིན་ཞག་གི་གྲངས་སུ་སྨན་བཏང་བའི་ཉིན་ཞག་དེ་ཉིས་འགྱུར་གྱི་དུས་ཀྱི་བར་དུ་འཕྲོད་པ་བཟའ་ཞིང་། ཕན་པའི་ཟས་དང་སྤྱོད་ལམ་བསྟེན་པར་བྱའོ། །མེ་ཏོག་ཛཱ་ཏི་མ་ལི་ཀས། །མིག་བཅིངས་མཚན་མོ་གནས་པར་བྱའོ། །ཞེས་བྱ་བ་ལ། མེ་

เล่ม ๒๐๐ · หน้า 257b

ཏོག་ཛཱ་ཏི་ནི་སོ་མ་ནའོ། །མ་ལི་ཀ་ནི་མེ་ཏོག་བརྩེགས་མ་ཅན་ཏེ། མེ་ཏོག་དེས་སྐྱེས་བུའི་མིག་བཅིངས་ཏེ་མཚན་མོ་གནས་པར་བྱའོ། །སྣ་སྨན་མིག་སྨན་བརྟ་བ་ལ་སོགས་པས། །མིག་མཐུ་སྐྱེད་ཕྱིར་ཀུན་ཏུ་འབད་པར་བྱ། །མཐོང་བ་ཉམས་ན་འགྲོ་བ་སྣ་ཚོགས་

པའང་། །མུན་པའི་རང་བཞིན་ཚུལ་གཅིག་ཉིད་དུ་འགྱུར། །ཞེས་བྱ་བ་ལ། ཀུན་ཏུའམ། རྣམ་པ་ཐམས་ཅད་དུ་མིག་གི་མཐུ་སྐྱེད་ཅིང་མིག་བསྲུང་བར་བྱ་བའི་ཕྱིར། འབད་ཅིང་བརྩོན་པར་བྱའོ། །གང་གིས་ཤེ་ན་སྣ་སྨན་ལ་སོགས་པ་སྟེ། སྨན་སྣ་ནས་

གཏང་བ་དང་། མིག་སྨན་བསྐུ་བ་དང་། བརྟ་བ་དང་། སྨན་གྱི་ཕུར་མ་བསྲེགས་པའི་ཁུ་བ་མིག་ཏུ་བླུགས་པ་ལ་སོགས་པས་མཐུ་བསྐྱེད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མཐོང་བ་ཉམས་ཤིང་གསལ་བར་ལྟ་བ་དང་བྲལ་ན། འགྲོ་བ་སྣ་ཚོགས་པ་ཚུལ་

ཐ་དད་པ་འདི་དག་ཀྱང་མུན་པའི་རང་བཞིན་དུ་གྱུར་པས་ཚུལ་གཅིག་པ་ཉིད་དུ་འགྱུར་བ་སྟེ། མུན་ནག་གི་རང་བཞིན་དུ་ཐ་དད་ཅིང་རབ་རིབ་ཀྱི་མུན་པས་ཁེབས་པས་སྣང་བའི་ཚུལ་དང་བྲལ་ཞིང་བྱེ་བྲག་ཏུ་ཤེས་པ་མེད་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་

པའི་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཆ་སྤྱད་ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདི་

བརྩམས་པའི་དགོས་པ་ནི་འདི་ཡིན་ཏེ། སྨན་མས་གཏོང་བ་ནས། མིག་སྨན་གྱི་བར་གྱི་རང་རང་གི་ཆ་སྤྱད་གང་དག་ཡིན་པ་བཤད་ནས། དེའི་འོག་ཏུ་ཟུག་རྔུ་དབྱུང་བ་ལ་སོགས་པའི་ཆ་སྤྱད་སྣ་ཚོགས་པ་གང་དག་དགོས་པ་དེ་བསྟན་པར་བྱ་བའི་ཕྱིར། དེའི་འོག་ཏུ་

འདི་བརྩམས་པ་ཡིན་ལ། དེའི་ཆོ་ག་གང་དག་ཡིན་པ་བསྟན་པ་སྨན་པ་ནི། ཟུག་རྔུ་རྣམ་པ་སྣ་ཚོགས་དང་། །ལུས་ནི་སྣ་ཚོགས་གནོད་བྱེད་པ། །འབྱིན་པའི་ཐབས་སུ་གང་གྱུར་པ། །སྤྱད་ཡིན་དེ་བཞིན་གཞང་འབྲུམ་དང་། །མཚན་པར་རྡོལ་སོགས་ལྟ་བ་དང་། །

เล่ม ๒๐๐ · หน้า 258a

གཙགས་བུ་ཐལ་སྨན་མེ་བཏབ་པའི། །ཡན་ལག་ལྷག་མ་བསྲུང་ཕྱིར་དང་། །མས་གཏོང་ལ་སོགས་སྤྱད་མ་གཏོགས། །བུམ་བུ་ཀུ་བར་དང་ནི། །འཛམ་བུའི་མཆུ་ལ་སོགས་སྤྱད་ཡིན། །ཞེས་བྱ་བ་ལ། སྐྱེས་བུའི་ལུས་ལ་

གནོད་པར་བྱེད་པའི་ཟུག་རྔུ་ནི། མཚོན་གྱི་དུམ་བུ་ནང་དུ་ལུས་པ་རྣམ་པ་སྣ་ཚོགས་ཤིང་དབྱིབས་དང་ལས་དུ་མར་གྱུར་པ་དང་། དེ་བཞིན་དུ་ལུས་ཀྱི་ཕྱོགས་རྣམ་པ་སྣ་ཚོགས་པ་རྣམས་སུ་གནོད་པར་བྱེད་ཅིང་ཁོང་དུ་ཟུག་པས་ལུས་ཀྱི་ཕྱོགས་དུ་མ་དང་། ནད་རྣམ་པ་སྣ་

ཚོགས་སྐྱེས་པས་གནོད་པར་བྱེད་ཅིང་། ཉེ་བར་འཇོམས་པར་བྱེད་པ་རྣམས་འཛིན་ཅིང་ལུས་ཀྱི་ཕྱོགས་ཀྱི་ནང་ན་གནས་པ་རྣམས་འདྲེན་པར་བྱེད་པའི་ཐབས་སུ་གྱུར་པ་གང་ཡིན་པ་དེ་ལ་ནི་ཆ་སྤྱད་ཅེས་བྱ་ལ། དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞང་འབྲུམ་དང་། མཚན་པར་རྡོལ་བ་ལ་སོགས་

པའི་ནད་ཚོལ་ཞིང་རྟོགས་པར་བྱེད་པ་དང་། མཚོན་དུ་དེ་བཞིན་དུ་གཙགས་བུ་དང་། ཐལ་སྨན་རྣོན་པོ་དང་། མེ་བཙའ་གདབ་པར་བྱ་བའི་ནད་དེ་གཞང་འབྲུམ་དང་མཚན་པར་རྡོལ་བའི་ནད་ཀྱིས་ཉེན་པ་བལྟ་བའི་སྤྱད་དང་། གཙགས་བུ་དང་ཐལ་སྨན་རྣོན་པོ་དང་མེ་གདབ་

པར་བྱ་བའི་རིགས་པར་གཏོགས་པ་ཡན་ལག་ལྷག་མ་ནད་ཀྱི་གནོད་པས་ཉེན་པ་དེ་བསྲུང་ཞིང་བསྐྱང་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་མས་གཏོང་བ་ལ་སོགས་པའི་ལས་རྣམས་ཀྱི་སྤྱད་མ་གཏོགས་པ་གནས་སྐབས་གཞན་དག་ཏུ་དགོས་པའི་ཆ་སྤྱད་བུམ་བུ་དང་ཀུ་བ་དང་།

རྔབས་རྭ་དང་། འཛམ་བུའི་མཆུ་འདྲ་བ་ལ་སོགས་པའི་ཆ་སྤྱད་ཀྱི་དངོས་པོ་ཐམས་ཅད་ནི་ཆ་སྤྱད་ཅེས་བྱ་བ་ཡིན་ནོ། །འཛམ་བུའི་མཆུ་ནི་ཐལ་སྨན་འཇུ་བར་བྱེད་པའོ། །སྤྱད་དེ་དག་ནི་འཛིན་ཅིང་སྡུད་པས་ཟུག་རྔུ་ལ་སོགས་པ་གང་གིས་འབྱིན་པར་བྱེད་པ་དེ་ལ་ཆ་སྤྱད་

ཅེས་བྱའོ། །གང་ཕྱིར་ཆ་སྤྱད་ཆོ་ག་བཞིན། །སྣ་ཚོགས་ཚུལ་དུ་བརྡུང་བྱ་བ། །བློ་ཡིས་རྣམ་དཔྱད་བྱ་བ་ནི། །རགས་རིམ་ཙམ་ཞིག་བསྟན་པ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཟུག་རྔུ་འབྱིན་པ་ལ་སོགས་པའི་ཆ་སྤྱད། ལུས་ཀྱི་ཆོ་ག་གང་ཇི་ལྟར་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด