ตัวบทไม่มีชื่อ — ประโยคแรก: གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๔ · หน้า 354b
པར་ལྟ་བའོ། །གང་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགྲ་བཅོམ་པས་གང་བ་སྲོག་དང་ཕྲལ་བ་དེ་བས་ནི། འགའ་ཞིག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལས་མོས་པ་བཟློག་ན། བསོད་ནམས་མ་ཡིན་པའི་ཕུང་པོ་ཆེས་ཆེ་
བར་ང་སྨྲའོ། །ཤཱ་རིའི་བུ་མདོར་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་བྱ་བའི་ཕྱིར་སེམས་འཇུག་པ་དེ་ལ་མྱ་ངན་ལས་འདས་པར་འགྲོ་བ་མེད་ཅིང་དལ་བ་ཕུན་སུམ་ཚོགས་པ་མེད་དོ། །ཆོས་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་སྟེ། གང་ཞེ་ན། ཚར་གཅོད་
པའི་ཚིག་དང་ལྡན་པ་ཡིན། ཆོས་ཟབ་མོ་དང་ལྡན་པ་ཡིན། ཆོས་ཟབ་མོ་ལ་སྦྱོར་བར་བྱེད་པ་ཡིན། དུས་དུས་སུ་གདམས་ངག་གི་ཚིག་དང་ལྡན་པ་ཡིན། དུས་དུས་སུ་ཡལ་བར་འཇོག་པ་ཡིན་ནོ། །མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་མཆོད་
རྟེན་མཆོད་པ་དང་། ཕྱིར་བཅོས་པ་དང་། བྱི་དོར་བྱ་བ་ལྷུར་བླང་བར་བྱ་སྟེ། གང་ཞིག་བྱི་དོར་བྱེད་པ་དེ་ནི་གཟུགས་ཀྱི་སྨོན་ལམ་གྱི་མཆོག་དང་། དལ་བ་ཕུན་སུམ་ཚོགས་པ་དང་། ཡང་དག་པར་བླང་བ་བརྟན་པ་དང་། དེ་བཞིན་གཤེགས་པའི་ལྟ་བའི་སྨོན་ལམ་གྱི་མཆོག་
འཐོབ་པོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ལས། རྣལ་འབྱོར་པ་རྣམ་པར་གྲོལ་བར་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བརྟེན་ཅིང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ནི་བདུད་ཀྱི་ལས་སོ། །
འདུས་མ་བྱས་པ་ལ་རྟོག་ཅིང་འདུས་བྱས་ཀྱི་དགེ་བའི་རྩ་བས་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་འཁོར་བའི་རྒྱུན་གྱིས་ཉོན་མོངས་པ་རྣམས་ལ་སྨོད་པ་ཡང་བདུད་ཀྱི་ལས་སོ། །ནམ་དགེ་སློང་འཇིག་ཚོགས་ལ་ལྟ་བ་ངོ་བོ་ཉིད་ཀྱི་
བགྲོད་པ་གཅིག་པའི་ལས་སུ་བསྒོམས་ཏེ། གཉིས་སུ་མེད་པར་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉིད་གང་ཡིན་པ་དེ་བགྲོད་པ་གཅིག་པའི་ལས་ཀྱི་ངོ་བོ་ཉིད་དུ་མཉམ་པར་ཤེས་ཤིང་མ་རིག་པ་དང་སྲིད་པ་དང་སྲེད་པ་ལས་བྱུང་བ་ཡང་ཚོལ་ལམ་རིག་པ་དང་། སྲེད་
เล่ม ๒๐๔ · หน้า 355a
པ་དང་། སྲིད་པ་ལས་བྱུང་བ་ལ་སོ་སོར་རྟོག་པས་ནམ་རིག་པ་དང་། སྲིད་པ་དང་སྲེད་པའི་ངོ་བོ་ཉིད་ཀྱང་རིག་པ་དང་རྣམ་པར་གྲོལ་བར་ཤེས་ན་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །ཆོས་བཞིས་རྫུ་འཕྲུལ་འཐོབ་སྟེ། ལུས་ཡང་བ་དང་། སེམས་
ཡང་པ་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཁམས་བཞི་ནམ་མཁའི་ཁམས་དང་མཉམ་པ་ཉིད་དུ་བྱིན་གྱིས་རློབ་པའོ། །ཆོས་བཞིས་རྫུས་ཏེ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་པད་མའི་སྟེང་ན་བཞུགས་པ་བྱེད་དུ་
འཇུག་ཅིང་། པད་མ་ལ་སོགས་པས་ལག་པ་བཀང་སྟེ། སྐུ་གཟུགས་དང་མཆོད་རྟེན་ལ་འཐོར་བ་དང་། ཕན་པའི་དངོས་པོ་མང་ཞིང་དགའ་བར་བྱེད་པའི་ངང་ཚུལ་དང་། གཞན་གྱི་སྐྱོན་མི་འཛིན་པ་དང་། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་
བསྔོ་བའོ། །ཆོས་བཞིས་ཤེས་རབ་ཆེན་པོར་འགྱུར་ཏེ། ཆོས་ལ་སེར་སྣ་མི་བྱེད་པ་དང་། མི་མཐུན་པར་འཇུག་པས་འགྱོད་པ་སེལ་བ་དང་། གསོལ་བ་འདེབས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་གདམས་ངག་སྟོན་པ་དང་། སྟོང་པ་ཉིད་བསྒོམ་པ་ལ་མང་དུ་གནས་པའོ། །ཆོས་
བཞིས་སངས་རྒྱས་དང་འཕྲད་པ་འཐོབ་སྟེ། སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་བ་དང་། སྲོག་གི་ཕྱིར་ཡང་སྡིག་པའི་གྲོགས་པོ་མི་བསྟེན་པ་དང་། སྲོག་གི་ཕྱིར་ཡང་ཆོས་སྨྲ་བ་ལ་སྐུར་པ་མི་འདེབས་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམ་པའོ། །
ཆོས་བཞིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འཐོབ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རིན་པོ་ཆེ་སྤར་གྱིས་འཐོར་བ་དང་། འབྲུ་མར་གྱི་དྲི་ཞིམ་པོས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་འཁྲུ་བ་དང་། མཆོད་རྟེན་ལ་སྤོས་དང་མེ་ཏོག་དང་སིལ་སྙན་
ལ་སོགས་པས་མཆོད་པ་དང་། ཡིད་དུ་འོང་བའི་གཡོག་འཁོར་གྱིས་མཁན་པོ་དང་། སློབ་དཔོན་ལ་བསྙེན་བཀུར་བྱས་པས་རིམ་གྲོ་བྱེད་པའོ། །ཆོས་བཞིས་དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་སྟེ། སྟན་རྒྱུ་སྣ་ཚོགས་ཀྱི་སྟན་འདུལ་བ་དང་། གཞན་ལ་བསྟི་སྟང་བྱེད་
เล่ม ๒๐๔ · หน้า 355b
པས་མི་སྐྱོ་བ་དང་། ཆོས་སྨྲ་བ་ལ་འཐབ་མོ་མི་རྒོལ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་འཛིན་དུ་འཇུག་པའོ། །ཆོས་བཞིས་སངས་རྒྱས་ཀྱི་ཞིང་གར་སེམས་བསྐྱེད་པ་དེར་སྐྱེ་སྟེ། གཞན་དག་གིས་ཤེས་པའི་ཁེ་དང་རྙེད་པ་ལ་ཕྲག་དོག་མི་བྱེད་པ་དང་།
ལྷག་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་དག་པ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་སྐྱེད་པ་དང་། ཤེས་ཀྱི་ཁེའི་ཕྱིར་ཚུལ་འཆོས་པ་མེད་དོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ལས། ཤའི་མིག་
གིས་སེམས་ཅན་ཐམས་ཅད་དང་སངས་རྒྱས་ཀྱི་ཞིང་མཐོང་ངོ་། །ལྷའི་མིག་གིས་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་མཐོང་ངོ་། །ཤེས་རབ་ཀྱི་མིག་གིས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་ཤེས་སོ། །ཆོས་ཀྱི་མིག་གིས་སེམས་ཅན་ཡང་དག་པ་
ཇི་ལྟ་བ་བཞིན་མཐོང་ངོ་། །སངས་རྒྱས་ཀྱི་སྤྱན་གྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །མི་དགེ་བའི་གྲོགས་པོ་དང་བརྟེན་པ་ནི་མི་དགེ་བ་ཐམས་ཅད་ཀྱི་སྒོའོ། །དགེ་བའི་བཤེས་གཉེན་དང་བརྟེན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྒོའོ། །བྱང་ཆུབ་
ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས། བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་སུམ་ཅུ་པོ་འདི་དག་གི་ནང་ནས་བརྒྱད་སྟོང་ནི་དམ་པའི་ཆོས་འཛིན་
ཅིང་ཡོངས་སུ་འཛིན་པར་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ལྷག་མ་ནི་དམུ་རྒོད་དམིགས་པར་འཛིན་པ་ལ་མངོན་པར་ཞེན་པ་དམ་པའི་ཆོས་འཛིན་པ་མ་ཡིན་པར་འགྱུར་ཏེ། དེ་དག་ཕྱི་མའི་དུས་ལྔ་བརྒྱ་ཐམ་པའི་ཚེ། ངའི་བྱང་ཆུབ་བསྐལ་པ་
གྲངས་མེད་པ་དུ་མར་བསྒྲུབས་པ་འདི་སྤོང་བར་འགྱུར། འགལ་བར་བྱེད་པར་འགྱུར། མི་སྟོན་པ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་རྣམ་པ་བདུན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བདུན་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་
เล่ม ๒๐๔ · หน้า 356a
ཀྱིས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ན། དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡུག་བསྔལ་སྣ་ཚོགས་ཀྱིས་ཡོངས་སུ་
གཟིར་བའི་སེམས་ཅན་གྱི་ཁམས་མཐོང་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསྟི་སྟང་དུ་བྱས་ཏེ་སྦྱིན་པ་བཟང་པོ་ཡིད་དུ་འོང་བ་བྱིན་ནས། བྱང་ཆུབ་སེམས་དཔའ་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གཞན་
བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་སྐུའི་མཚན་ཉིད་དང་དཔེ་བྱད་བཟང་པོའི་རྒྱན་སྣ་ཚོགས་ཀྱི་ཡོན་ཏན་བསྔགས་པ་རྫོགས་པ་ཐོས་ནས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་
བསྐྱེད་པ་གོང་མ་གསུམ་ནི། སངས་རྒྱས་ཀྱི་བྱང་ཆུབ་སྲུང་བ་ཡིན་ཏེ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷག་མ་བཞི་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དམ་པའི་ཆོས་འཛིན་པ་མ་ཡིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་
ཆོས་ལྔ་དང་ལྡན་ན་ཕྱིར་མི་ལྡོག་པའི་ཆོས་སུ་རིག་པར་བྱ་སྟེ། ལྔ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཕ་རོལ་གྱི་རྙེད་པ་དང་བཀུར་སྟི་ལ་ཕྲག་དོག་མེད་པ་དང་། སྲོག་གི་ཕྱིར་ཡང་དམ་པའི་ཆོས་འཛིན་པའི་དགེ་སློང་གི་བསྔགས་པ་མ་ཡིན་
པ་བརྗོད་པ་དང་། ཤེས་ཀྱི་ཁེ་དང་རྙེད་པ་དང་། བཀུར་སྟི་དང་གྲགས་པ་ལ་མི་ཆགས་པ་དང་། ཆོས་ཟབ་མོ་ལ་མོས་པའོ། །ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམུ་རྒོད་ཡིན་ཏེ། ལྔ་ནི་གཟི་བརྗིད་ཆུང་ཞིང་བཀའ་བློ་མི་བདེ་བ་ཡིན། དམན་པ་
ལ་མོས་ཤིང་ཐམས་ཅད་ལ་དམན་པའི་ཆོས་སྟོན་པ་ཡིན། ཤེས་ཀྱི་ཁེ་དང་རྙེད་པ་དང་བཀུར་སྟི་ལ་ཆགས་ནས་སློང་མོ་སྟེར་བའི་ཁྱིམ་ལ་སེར་སྣ་བྱེད་པ་ཡིན། གཡོ་སྒྱུ་དང་ལྡན་པ་ཡིན། སྟོང་པ་ཉིད་ལ་ངག་གི་ལས་ལྷུར་ལེན་པས་མི་འདྲ་བ་ཡིན་ནོ། །བྱམས་པ་ཕྱི་
เล่ม ๒๐๔ · หน้า 356b
མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་སྒྱིད་ལུག་པར་མི་འགྱུར་ཞིང་། ཡང་དག་པར་བླངས་པ་སྟོན་ལ་བསམ་བ་ཐག་པ་ནས་བྱང་ཆུབ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་སངས་རྒྱས་གྲངས་མེད་པ་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དེ་དག་གིས་ངན་
སོང་དུ་འགྱུར་བའི་ལས་གང་མངོན་པར་འདུས་བྱས་པ་དེ་ཡང་མདོག་ངན་པར་འགྱུར་བ་ཙམ་གྱིས་བྱང་བར་འགྱུར། ནད་མང་བ་ཙམ་དང་། དམན་པའི་རིགས་སུ་སྐྱེས་པ་དང་། དབུལ་པོ་དང་མཐའ་འཁོབ་པ་དང་། ལོག་པར་ལྟ་བའི་རིགས་སུ་སྐྱེས་པ་དང་། སེམས་ཅན་ལ་
མྱ་ངན་མང་བ་དང་། དགེ་བའི་བཤེས་གཉེན་མི་མཐོང་བ་དང་། རྒྱུན་དུ་ཆོས་མཉན་པ་མི་འཐོབ་པ་དང་། བསམ་གཏན་ལ་སེམས་གཡེང་བ་དང་། ཐ་ན་རྨི་ལམ་ན་སྡིག་པ་མཐོང་བ་རྨིས་པས་ཀྱང་ལས་ཀྱི་སྒྲིབ་པ་འབྱང་བར་འགྱུར་རོ། །གང་ཞིག་སྟོང་སེམས་དེ་ནི་རིགས་
མིན་ཏེ། །ཇི་ལྟར་དེ་ཡིས་སྐྱེ་མེད་བརྟགས་ཕྱིར་རོ། །རྣམ་རྟོག་ཐམས་ཅད་བདུད་ཀྱི་ཞུགས་པ་སྟེ། །འགྱུར་མེད་ཆོས་ཀྱི་ཕྱག་རྒྱ་ཞེས་བྱའོ། །སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞི་ཞེས་ཟེར། །བྱང་ཆུབ་སྙིང་པོར་འདུག་ནས་བདེན་ཅིག་ཀྱང་། །གྲུབ་
པར་མ་མཐོང་ཞི་ལྟ་ག་ལ་ཞིག །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས། དེ་བཞིན་གཤེགས་པ་འོད་དཔག་མེད་མྱ་ངན་ལས་འདས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་དམ་པའི་ཆོས་གནས་པར་འགྱུར་རོ། །དམ་པའི་ཆོས་ནུབ་མ་ཐག་པའི་མཚན་
མོ་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ། སྤྱན་རས་གཟིགས་དབང་ཕྱུག་མངོན་པར་འཚང་རྒྱ་སྟེ། འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་རིན་ཆེན་ཀུན་ནས་བསགས་པ་ཞེས་བྱ་བར་འགྱུར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་
དཔའ་མཐུ་ཆེན་ཐོབ་དེར་འཚང་རྒྱ་སྟེ། ཡོན་ཏན་ཤིན་ཏུ་གནས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བུད་མེད་སུས་ཐོས་མ་ཐག་ཏུ་བུད་མེད་ཀྱི་དངོས་པོ་ལས་ཐར་བར་འགྱུར་ཏེ། རྒྱུ་གཉིས་པོ་སེར་སྣ་དང་ཕྲག་དོག་ནི་མ་གཏོགས་སོ། །རབ་ཏུ་ཞི་བ་
เล่ม ๒๐๔ · หน้า 357a
རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལས། བྱང་ཆུབ་སེམས་དཔའ་གང་གིས་སྙིང་རྗེ་དང་ལྡན་པའི་སེམས་བསྐྱེད་ན་དགེ་བའི་རྩ་བ་དེས་གལ་ཏེ་སངས་རྒྱས་མ་བྱུང་བར་འཛམ་བུའི་གླིང་དུ་སྐྱེས་ན་ཡང་སྐྱེས་བུ་དམ་པར་འགྱུར། །ལྷ་རྣམས་ཀྱིས་ཡོངས་སུ་གཟུང་
བར་འགྱུར་ཏེ། ནམ་བག་མེད་པར་གྱུར་པ་དེའི་ཚེ། ཡང་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བསྐུལ་བར་འགྱུར། དེ་ནི་དྲན་པ་ཆུད་མི་ཟ་བར་འགྱུར་རོ། །རྣམ་པར་དག་པའི་ཆོས་ལྔ་ཡང་ཡོངས་སུ་འཛིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་
དང་། མཚན་ཕུན་སུམ་ཚོགས་པ་རྣམ་པར་དག་པ་དང་དགེ་བའི་རྩ་བ་སྦྱངས་པ་རྣམ་པར་དག་པ་དང་། དཀོན་མཆོག་གསུམ་ལ་བརྟེན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་རྣམ་པར་དག་པ་ཡོངས་སུ་འཛིན་ཏོ། །བཀའ་སྩལ་པ།
གང་གིས་འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་སྲོག་གཅོད་དེ་བདོག་པ་ཐམས་ཅད་ཕྲོག་པ་ལས། གང་གིས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐ་ན་བྱོལ་སོང་ལ་ཟན་ཁམ་གཅིག་བྱིན་པའི་བར་ཆད་བྱས་ན་ཆེས་སྡིག་གྲངས་མེད་པར་ཆེའོ། །གང་ཆོས་
ཐམས་ཅད་མི་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །ནམ་དུའང་ལོང་ཐེང་མི་འགྱུར་ཏེ། སྟོན་པ་བླ་ན་མེད་པར་འགྱུར། །བཀའ་སྩལ་པ། འཇམ་དཔལ་ངས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་
བའི་སེམས་ཅིག་བསྐྱེད་པ་ལས། ཁ་ན་མ་ཐོ་བ་ཆེ་བའི་ཆོས་དེ་ལྟ་བུ་གཅིག་ཀྱང་མ་མཐོང་ངོ་། །འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁྲོ་བའམ། བརྙས་པའི་སེམས་བསྐྱེད་པ་སྙེད་པ་སྐལ་བར་སེམས་ཅན་དམྱལ་བ་རྣམས་སུ་གནས་པར་གོ་ཆ་བགོ་
བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྐུར་བ་བཏབ་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལོག་པའི་ལྟུང་བར་བྱེད་མི་ནུས་སོ། །རིན་ཆེན་ཟླ་བས་ཞུས་པ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་རིན་ཆེན་ཟླ་བས་གསོལ་པ། གང་
เล่ม ๒๐๔ · หน้า 357b
གིས་ཕྱོགས་བཅུའི་སངས་རྒྱས་བཅུའི་མཚན་བཟུང་ན་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་བར་འགྱུར་བ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་སོགས་ཀྱི་ལན་དུ་བཀའ་སྩལ་པ། ཤར་ན་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པ་ན་སངས་རྒྱས་མྱ་ངན་མེད་པ་བཞུགས།
ལྷོ་ན་འཇིག་རྟེན་གྱི་ཁམས་དགའ་བ་ན་སངས་རྒྱས་ཙནྡན་དཔལ་བཞུགས། ནུབ་ན་འཇིག་རྟེན་གྱི་ཁམས་བཟང་པོ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས། བྱང་ན་འཇིག་རྟེན་གྱི་ཁམས་འཁྲུགས་མེད་ན་སངས་རྒྱས་ཏོག་གི་དཔལ་བཞུགས། ཤར་ལྷོ་ན་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ན་
སངས་རྒྱས་མྱ་ངན་མེད་པའི་དཔལ་བཞུགས། ལྷོ་ནུབ་ན་འཇིག་རྟེན་གྱི་ཁམས་ཏོག་དང་ལྡན་པ་ན་སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་བཞུགས། ནུབ་བྱང་ན་འཇིག་རྟེན་གྱི་ཁམས་སྒྲ་ལྡན་ན་སངས་རྒྱས་མེ་ཏོག་དཔལ་བཞུགས། བྱང་ཤར་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ན་སངས་རྒྱས་མངོན་པར་ཤེས་པ་
ཆུང་ངུ་དང་ཆེན་པོས་རྣམ་པར་རོལ་པ་བཞུགས་སོ། །འོག་ན་འཇིག་རྟེན་གྱི་ཁམས་ཡངས་པ་དང་ལྡན་པ་ན་སངས་རྒྱས་སྣང་བའི་དཔལ་བཞུགས། སྟེང་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན་སངས་རྒྱས་ནོར་དཔལ་བཞུགས་སོ། །དཀོན་མཆོག་ཏ་ལ་ལའི་གཟུངས་ལས། དད་པ་མེད་པའི་མི་དག་ལ། །
དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །སྡོང་པོ་བཀོད་པ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་བསྐྱེད་
ཀྱང་། བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ། །དཀོན་མཆོག་ཟ་མ་ཏོག་ལས། བྱང་ཆུབ་སེམས་དཔའ་མ་རིག་པའི་སྦུབས་ཀྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཞིང་ཁམས་གསུམ་ལས་མ་བྱུང་ཡང་སངས་རྒྱས་ཀྱི་སྒྲ་ཉིད་དུ་རྣམ་པར་ཐར་པའི་སྒོ་
གསུམ་གྱི་སྒྲ་འབྱིན་ཏོ། །དཔའ་བར་འགྲོ་བའི་མདོ་ལས་གཡོ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཡང་སངས་རྒྱས་ཀྱི་རྒྱུར་གསུངས་ན། དགེ་བ་སྣ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་སྨོས་ཀྱང་ཅི་དགོས། བསྐལ་པ་བཟང་པོའི་མདོ་ལས་དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་བ་ལང་རྫིར་གྱུར་
เล่ม ๒๐๔ · หน้า 358a
པས་སོ་རྩིའི་འདབ་མ་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲགས་པ་ཐག་པར་གྱུར་པས་རས་ཀྱི་ཁ་ཚར་ཕུལ་འོད་འཕྲོ་ཅན་གྲོང་གི་སྤྲང་པོར་གྱུར་པས་རྩའི་མེ་སྒྲོན་ཕུལ། གདུལ་དཀའ་ཤིང་ཐུན་དུ་གྱུར་པས་སོ་ཤིང་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་
སེམས་བསྐྱེད་དོ། །སྤྱོད་པ་དང་མི་ཡང་བྱང་ཆུབ་ཀྱི་སེམས་ནི་བདེ་བ་མཐའ་ཡས་པ་བསྐྱེད་པ་ཡིན་ཏེ། ཅི་མངོན་ཞེ་ན། བྱམས་པའི་རྣམ་པར་ཐར་བ་ལས། རིགས་ཀྱི་བུ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་
འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་
ཐམས་ཅད་རྣམ་པར་བཟློག་གོ། །སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་དཔལ་འབྱུང་གིས་བསྟན་པ་ལྟ་བུ་སྟེ། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ངན་འགྲོར་མི་ལྟུང་ངོ་། །བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་
དོ། །སྤྱོད་པ་ཐམས་ཅད་བརྗེད་ངས་པ་མེད་པར་སྤྱོད་པ་ཡིན་ནོ། །ལས་དང་ཉོན་མོངས་པས་ཐུབ་པར་དཀའ་བ་ཡིན་ནོ། །དགེ་བའི་བཤེས་གཉེན་ནི་བག་མེད་པའི་གནས་ནས་ཟློག་པའོ། །འཁོར་བའི་གྲོང་ནས་འདོར་བའོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་
བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་ཀྱིས་མི་སྐྱོ་བས་ས་ལྟ་བུའི་སེམས་དང་། མི་ཕྱེད་པས་རྡོ་རྗེ་ལྟ་བུ་དང་། ལས་ཐམས་ཅད་ཉམས་སུ་ལེན་པས་བྲན་ལྟ་བུ་དང་། བརྒྱལ་བཅོམ་པས་ཕྱག་དར་བ་ལྟ་བུ་དང་། མི་ཁྲོ་བས་ཁྱི་ལྟ་བུ་དང་། དགེ་བའི་བཤེས་
གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པའི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་ནི་སྨན་པ། རྗེས་སུ་བསྟན་པ་ལ་ནི་སྨན། ནན་ཏན་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །སེང་
เล่ม ๒๐๔ · หน้า 358b
གེས་ཞུས་པ་ལས། སྐྱེ་བ་ཀུན་དུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་དེ་ནི། །འདོར་མི་འགྱུར་ན་མ་ཉལ་ཚེ། །སྨོས་ཅི་འཚལ་བར་གང་གིས་འགྱུར། །བཀའ་སྩལ་པ། གྲོང་དང་གྲོང་ཁྱེར་རྣམས་སུའམ། །གང་དུ་གནས་པའི་ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ན་
སེམས་འདོར་མི་འགྱུར་རོ། །རིན་པོ་ཆེའི་ཕུང་པོ་ལས། མཆོད་རྟེན་ལ་གོས་ཕུལ་བ་གང་ཡིན་པ་དེ་ནི་མཆོད་རྟེན་དེ་ཉིད་དུ་རླུང་དང་ཉི་མ་དང་ཆར་བས་དེངས་ཀྱང་བླའི། མཆོད་རྟེན་ལ་ཕུལ་བའི་གོས་ཟོང་གསེར་དུ་བསྒྱུར་དུ་མི་རུང་སྟེ། མཆོད་རྟེན་ལ་ནི་མཆོད་རྟེན་གྱི་ཟོང་ཅིས་ཀྱང་བྲེལ་ཕོངས་པ་
མེད་པའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་གང་ཟག་གིས་གང་ཟག་ལ་དྲོད་བཟུང་ན་སྨས་པར་འགྱུར་བར་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ཤིན་ཏུ་རྒྱས་པའི་བསྡུས་པའི་མདོ་ལས། གང་ཆོས་སྨྲ་བ་ལ་མི་གུས་པ་དེ་སངས་རྒྱས་མཐོང་བར་མི་འདོད་པ་ཡིན་ནོ། །གང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་
པ་དེ་སངས་རྒྱས་ཡོངས་སུ་གཏོང་བ་ཡིན་ནོ། །བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་གང་ཡིན་པ་དེ་ལ་གཏི་མུག་ཅན་དེ་དག་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་བྱང་ཆུབ་སེམས་
དཔའ་བསླབ་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་པར་སེམས་ན་འདི་སྙམ་དུ་སེམས། ང་ཀ་ཤི་ཀའི་རྒྱལ་པོར་གྱུར་པས་ཕུག་རོན་གྱི་ཕྱིར་ཁྲ་ལ་ཤ་བྱིན་པ་དེ་ཤེས་རབ་འཆལ་བ་ཅན་ཡིན་ནམ། གསོལ་བ། དེ་ནི་མ་
ལགས་སོ། །ངས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་བསྒྲུབས་པ་དེ་དག་གིས་གནོན་པར་གྱུར་ཏམ། དེ་ནི་མ་ལགས་སོ། །མི་གཏི་མུག་ཅན་དེ་དག་འདི་སྐད་དུ་བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ཚུལ་གཅིག་པ་ཡིན་ནོ་ཞེས་ཟེར་ན། དེ་དག་སྤྱོད་པ་ཡོངས་སུ་དག་པ་མ་ཡིན་
ནོ། །དཀོན་མཆོག་བརྩེགས་པའི་མདོ་ལས། ཆོས་བཞིས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྐྱེས་པ་རྣམས་ཟད་པར་འགྱུར་ཏེ། ང་རྒྱལ་གྱིས་འཇིག་རྟེན་རྒྱང་པན་པའི་གསང་ཚིག་ཚོལ་བ་དང་། ཐོས་པ་དང་། བཀུར་སྟི་ལ་ཆགས་པས་ཁྱིམ་པས་ལྟ་བ་དང་། བྱང་ཆུབ་སེམས་དཔའ་ལ་ཁྲོ་ཞིང་སྐུར་
เล่ม ๒๐๔ · หน้า 359a
པ་འདེབས་པ་དང་། མ་ཟིན་ཅིང་མ་ཐོས་པའི་མདོ་སྡེ་སྤོང་བའོ། །ཐམས་ཅད་ཡོད་པར་སྨྲ་བའི་ལུང་ལས། བཀའ་སྩལ་པ། དགེ་སློང་འདིས་མཆོད་རྟེན་ལ་ཕྱག་བྱས་ཏེ་སེམས་དང་བ་ལ་ལྟོས། བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་འདིས་ས་ཇི་ཙམ་ནོན་པའི་འོད་དཔག་ཚད་
བརྒྱད་ཁྲི་བཞི་སྟོང་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་སྤྱོད་པར་འགྱུར་རོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་གསོལ་པ། དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བ་གང་དུ་ཡོངས་སུ་བས་པར་འགྱུར། བཀའ་སྩལ་པ། ཚངས་པ་མཚུངས་པར་སྤྱོད་པས། ཚངས་
པ་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་། རྨས་པ་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། དགེ་བའི་རྩ་བ་ཆེན་པོ་འདི་དག་དེར་ཡོངས་སུ་ཟད་པར་འགྱུར་རོ། །དེ་བས་ན་འགལ་བ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱན། སེམས་དང་བཅས་པའི་ལུས་ཅི་སྨོས། སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་
མདོ་ལས། གང་དག་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཞི་བརྒྱ་འཛིན་པ་དང་། དགེ་སློང་གི་སྡོམ་པ་བསླབ་པའི་གནས་ཉིས་བརྒྱ་ལྔ་བཅུ་དང་། དགེ་སློང་མའི་ལྔ་བརྒྱ་འཛིན་པ་ལས་ཉམས་ཏེ། ངན་འགྲོས་འཇིགས་ན་སྨན་གྱི་བླ་ལ་མཆོད་པ་སྣ་ཚོགས་བྱས་ན་ངན་སོང་
ལས་ཐར་རོ། །འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། དཔེར་ན་མར་མེ་གཅིག་ཁྱིམ་མམ་ཁང་བུར་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་ཡང་སེལ་བ་དེ་བཞིན་དུ། ཐམས་ཅད་མཁྱེན་པའི་སེམས་གཅིག་བསྐྱེད་མ་ཐག་ཏུ་བསྐལ་བ་བརྗོད་དུ་མེད་པར་བསགས་
པའི་ལས་དང་ཉོན་མོངས་པ་སེལ་ཏོ། །ཟླ་བ་སྒྲོན་མའི་མདོ་ལས། སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དང་ནི། །ཚུལ་བཞིན་ཡིད་ཀྱིས་དབེན་སེམས་གང་ཡིན་དང་། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །
འོད་སྲུངས་ཀྱི་ལེའུ་ལས། ཆོས་བཞིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་ཏེ་བཞི་ནི་ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཡིན། ཆོས་ལ་སེར་སྣ་བྱེད་ཅིང་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་ཡིན། ཆོས་འདོད་པའི་གང་ཟག་ལ་ཆོས་ཀྱི་བར་ཆད་བྱེད་དེ་
เล่ม ๒๐๔ · หน้า 359b
འདུན་པ་བཟློག་ཅིང་ཆོས་མི་སྟོན་པ་ཡིན། ང་རྒྱལ་གྱིས་བདག་བསྟོད་གཞན་ལ་སྨོད་པ་ཡིན། ཆོས་བཞིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་ནི། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་ལ་སླུ་བ་དང་། གཞན་འགྱོད་པ་མེད་པ་ལ་ཉེ་བར་སྒྲུབ་པ་དང་། ཐེག་
པ་ཆེན་པོ་ལ་ཞུགས་པའི་གང་ཟག་ལ་བསྔགས་པ་མ་ཡིན་པ་སྨྲ་བ་དང་། གཡོ་དང་སྒྱུས་གཞན་ལ་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་ནོ། །ཆོས་བཞིས་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཞིང་སྐྱེས་མ་ཐག་ཏུ་མངོན་དུ་འགྱུར་ཏེ། བཞི་
ནི། སྲོག་གི་ཕྱིར་ཡང་ཐ་ན་བཞད་གད་དུ་ཡང་བརྫུན་མི་བྱེད་པ་དང་། གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པས་གནས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་ཤིང་དེ་དག་གི་བསྔགས་པ་ཕྱོགས་བཞིར་སྒྲོགས་པ་
དང་། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་སྨིན་པར་བྱེད་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་གོ། །བཞི་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ནོ། །གང་ཞེ་ན། ཆོས་རྣམས་སྟོང་པ་ཉིད་དུ་རྟག་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལའང་
ཡིད་ཆེས་སོ། །བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །དེ་ཡི་བསམ་པ་རྟག་ཏུ་མྱ་ངན་འདས་ལ་གནས། །དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡིན། །ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། །ལས་ཀྱི་རྣམ་པར་
སྨིན་ལ་རེ་བ་མེད། །སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །དེ་བཞིན་དུ་ཐབས་དང་ཤེས་རབ་ཀྱིས་ཟིན་པའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །
དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུང་། །དེ་ནི་རྒྱལ་བའི་ཆོས་ལ་ཕན་པ་བྱེད། །ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བའི་སྟོང་པ་ཡིན་ནོ། །འོད་སྲུངས་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་བའོ་ཞེས་ངས་བཤད་དོ། །བྱང་ཆུབ་
เล่ม ๒๐๔ · หน้า 360a
སེམས་དཔའ་སེམས་དང་པོ་བསྐྱེད་པ་མ་རིག་པའི་སྒོ་ངའི་སྦུབས་ན་འདུག་པ། མ་རིག་པའི་མུན་པ་དང་ལིང་ཏོག་གིས་མིག་ཁེབས་པ་དང་ཡང་འདི་ལྟ་སྟེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་སྒྲ་སྐད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །
ལོག་པར་ཞུགས་པའི་འདུ་ཤེས་པ་ལས་འབྱུང་བ་མ་གཏོགས་པས་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་པ་གང་ཡིན་བ་དེ་ནི་རྒྱུ་བ་འདྲི་བ་ལྟ་ཞེ་ན། འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་སོ། །ངན་སོང་བཞི་གང་ཞེ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་
རྗེའི་འཇིག་རྟེན་དང་ལྷ་མ་ཡིན་ནོ། །རྩོད་པ་མེད་པའི་ལྷུར་ལེན་པ་ནི་དགེ་སྦྱོང་གི་ཆོས་སོ། །གང་ཞིག་དེ་བཞིན་གཤེགས་པའི་ཆོས་སྨྲ་བ་ལ་རིམ་གྲོ་བྱེད་པ་དེས་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་མཐོང་ཞིང་ལུས་ཀྱི་དགེ་བ་བཅུ་ནི་ཚོར་བས་ཀུན་དུ་མ་ཟིན་པར་འཆི་བའི་དུས་
མི་བྱེད་པ་དང་། མིག་འཁྲུལ་བར་མི་འགྱུར་བ་དང་། ལག་པ་གཡོབ་པར་མི་བྱེད་པ་དང་། རྐང་པ་འཕྲ་བར་མི་བྱེད་པ་དང་། གཅིན་མི་གཏོར་བ་དང་། ཕྱི་ས་མི་འབྱུང་བ་དང་། དེའི་སྙིང་གར་རྡུལ་མི་འབྱུང་བ་དང་། ཁུ་ཚུར་མི་འཆང་བ་དང་། ནམ་མཁའ་ལ་མི་སྙེགས་པ་དང་། ཇི་ལྟར་
འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ལས། སྦྱིན་པ་རྣམས་ཀྱི་ནང་ན་ནི་འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །རིན་པོ་ཆེ་བདུན་ནི། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤེལ་དང་། སྦུག་དང་། མུ་ཏིག་
དམར་པོའོ། །རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ལས། གང་ཟག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཁོང་ཁྲོ་བའི་སེམས་བསྐྱེད་པ་དག་གིས་ནི་སངས་རྒྱས་ཡོངས་སུ་གཏང་བ་ཡིན་ཏེ། ཇི་སྙེད་ཀྱི་ཁོང་ཁྲོ་བའི་སེམས་བསྐྱེད་པ་དེ། དེ་སྙེད་ཀྱི་བསྐལ་བར་
སེམས་ཅན་དམྱལ་བར་གོ་བགོ་དགོས་སོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་སེམས་བསྐྱེད་པས། བྱང་ཆུབ་སེམས་དཔའ་ངན་སོང་དུ་འགྲོ་བར་ལོག་པར་ལྟུང་བར་འགྱུར་བའི་ཆོས་དེ་ལྟ་བུ་གཞན་ནི་ངས་མ་མཐོང་ངོ་། །མ་ཕམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་
เล่ม ๒๐๔ · หน้า 360b
པ་དྲུག་སྒྲུབ་པ་འདི་ནི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་མི་བླུན་པོ་དག་འདི་སྐད་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་བྱང་ཆུབ་སེམས་དཔའ་བསླབ་པར་བྱའོ་ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སུན་འབྱིན་ཏོ། །འདི་ཇི་སྙམ་དུ་སེམས། ཀ་ཤིའི་རྒྱལ་པོ་གང་ཡིན་པ་དེས་མགོ་
བྱིན་པ་དེ་འཆལ་བའི་ཤེས་རབ་ཅན་ཡིན་ནམ། གསོལ་པ་མ་ལགས་སོ། །དེ་བཞིན་གཤེགས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་ཆོས་སྤོང་བའོ། །འདི་ནི་བྱང་ཆུབ་སེམས་དཔའི་ཆེད་དུ། འདི་ནི་ཉན་ཐོས་ཀྱི། འདི་ནི་རང་སངས་རྒྱས་ཀྱི་
ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ། །ང་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་རྣམས་ཀྱི་སྤོབས་པ་ཐམས་ཅད་དེ་བཞིན་གཤེགས་པའི་མཐུ་ལས་བྱུང་བར་སྨོན་ལམ་བཏབ་པ་ཡིན་ན། མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་དེ་ལ་
སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་ལ་སྐྱོན་འདོགས་པར་སེམས་སོ། །ཆོས་ཀྱི་རྣམ་གྲངས་འདི་མ་བཟུང་མ་བཀླགས་པར་སྨྲ་ན་ཆོས་ཀྱིས་ཕོངས་པར་འགྱུར་བ་ལས། མ་སྨྲས་པར་ཐར་པ་ཤིན་ཏུ་དཀའོ། །ཆོས་བཞི་དང་ལྡན་ན་མ་སྨྲས་པར་
འགྱུར་ཏེ། སེམས་ཅན་ལ་ཁོང་ཁྲོ་བ་མེད་པ་དང་། ཆོས་སྨྲ་བ་རྣམས་དང་འགལ་བར་མི་བྱེད་པ་དང་། ཕ་རོལ་མི་སྤོང་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ལ་གུས་པའོ། །སྤྲིན་ཆེན་པོ་ལས། བྲམ་ཟེ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་པོ་ཆེན་པོ་བྱང་ཆུབ་སེམས་
དཔའི་འཁོར་གྱིས་བསྐོར་བ་ལ་བཟོད་པར་གསོལ་ཅིག །གང་ལ་ལ་ལྷ་སྦྱིན་གྱི་ཡོན་ཏན་མི་ཤེས་པ་དེ་དག་ནི་སངས་རྒྱས་བྱུང་བའི་ཕྱེད་ཐོབ་པ་ཙམ་དུ་ཟད་པ་ཡིན་པར་རིག་པར་བྱའོ། །བྲམ་ཟེ་ཆེན་པོ་ལྷས་བྱིན་གྱི་ཡོན་ཏན་གྱི་ཆེ་བ་ལ་ལྟོས། དེ་བཞིན་གཤེགས་པའི་ཡུལ་དང་འདྲ་བར་སྐྱེས་བུ་ཆེན་པོ་ཡིན་པར་བལྟ་སྟེ། འདུལ་བའི་
དབང་གིས་དེ་བཞིན་གཤེགས་པ་གང་དང་གང་ན་སྣང་བ་དེར། སྐྱེས་བུ་ཆེན་པོ་འདི་ཡང་ཕྱི་བཞིན་འབྲང་ཞིང་སྣང་ངོ་། །བྱང་ཆུབ་སེམས་དཔའི་དྲུག་སྡེ་རྣམས་ཀྱིས་བསྐོར་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་དེ་མངོན་པར་ཤེས་པ་རྣམས་ཀྱིས་
เล่ม ๒๐๔ · หน้า 361a
སེམས་ཅན་དམྱལ་བ་ན་རྩེ་བར་བྱེད་དེ་འདི་ནི་བྱང་ཆུབ་སེམས་དཔའི་ཡུལ་ཡིན་ནོ། །ལྷ་སྦྱིན་ནི་སེམས་ཅན་དམྱལ་བར་འགྲོ་བ་ཡང་མ་ཡིན་ནོ། །ལྷ་མོ་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜ་ནྱི་འདས་པའི་འོག་ཏུ་ལོ་བརྒྱ་ཉི་ཤུ་ལོན་པ་ན་མཽ་རྒྱའི་རིགས་ཞེས་བྱ་བ་བྱེད་ཀྱི་
འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་བར་འགྱུར་ཏེ། སྐྱེས་ནས་ཡང་ཕྱེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གསོལ་པ། དེའི་མིང་ཇི་སྐད་ཅེས་བགྱི། ལྷ་མོ་དགེ་བསྙེན་གྱི་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བར་འགྱུར་རོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་
འགྱུར་ཏེ། །སེམས་ཅན་རྣམས་ནི་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །སྤྲིན་ཆེན་པོ་འདི་ཡང་ལོ་བཞི་བཅུའི་བར་དུ་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་ཏེ། རྒྱས་པར་ཡང་འགྱུར་རོ། །དམ་པའི་ཆོས་ཡོངས་སུ་ཉམས་པའི་དུས་ན། འོད་སྲུངས་ཆེན་པོ་དང་འདྲ་བའི་
དགེ་སློང་དུ་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་ཏེ། བསླབ་པའི་གཞི་བཅས་པའི་བསྔགས་པ་བརྗོད་པར་འགྱུར་རོ། །ལྷའི་བུ་མང་པོ་དག་གིས་གསོལ་པ། ཡུན་ཇི་སྲིད་ཅིག་ན་འོད་སྲུངས་ཆེན་པོ་དང་འདྲ་བའི་དགེ་སློང་འབྱུང་བར་འགྱུར་རོ། །གང་དུ་ནི་སྐྱེ། དེའི་མིང་ནི་ཇི་སྐད་ཅེས་
བགྱི་བར་གཟུང་བར་འཚལ། བཀའ་སྩལ་པ། ང་འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན། ལྷོ་ཕྱོགས་ཀྱི་རྒྱུད་དུ་མཁར་གྱི་རྒྱལ་པོ་བདེ་སྤྱོད་ཅེས་བྱ་བ་འབྱུང་བར་འགྱུར་ཏེ། དེའི་ཚེ་ལོ་བརྒྱད་ཅུ་ན། དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པའི་དུས་ལ་བབ་པ་དེའི་ཚེ་
ངའི་ཉན་ཐོས་འབྱུང་བར་འགྱུར་ཏེ། ཆོས་ཀྱང་འཛིན་པར་འགྱུར། ཐེག་པ་ཆེན་པོ་ཡང་གཞན་ལ་རྒྱས་པར་འཆད་པར་འགྱུར་རོ། །གང་གི་ཕྱིར་དགེ་སློང་དེས་ནི་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་ཐད་དུ་ཤཱཀྱ་ཐུབ་པའི་བསྟན་པ་བཟུང་བའི་ཕྱིར་སྨོན་ལམ་བཏབ་སྟེ། བརྩོན་འགྲུས་
ཆེན་པོའི་གྲུ་དེ་ནི་དེ་ལྟར་ལིཙྪ་བཱི་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བ་འདི་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པ་དང་མི་མཐུན་པའི་དགེ་སློང་དུ་འགྱུར་བར་རིག་པར་བྱའོ། །གཞན་ཡང་། ངའི་ཉན་ཐོས་དེ་བཞིན་གཤེགས་པ་དང་མི་མཐུན་པའི་དགེ་སློང་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་མངོན་པར་
เล่ม ๒๐๔ · หน้า 361b
བསྒྲགས་ནས་འཆི་བའི་དུས་བྱེད་པར་འགྱུར་བའི་ཆེ་བ་ཉིད་ལ་ལྟོས། །དེའི་ཚེ་ངའི་དམ་པའི་ཆོས་ཀྱི་ཚོགས་ནུབ་པར་འགྱུར་རོ། །དེ་ནི་འདི་ནས་འཆི་འཕོས་ནས་སངས་རྒྱས་སུ་འགྱུར་ཏེ། བསྐལ་པ་བཟང་པོ་འདི་འདས་ནས། བསྐལ་པ་དྲུག་ཅུ་རྩ་གཉིས་སུ་སངས་རྒྱས་མི་འབྱུང་སྟེ།
རང་སངས་རྒྱས་བྱེ་བ་ཕྲག་དྲུག་འབུམ་འབྱུང་ངོ་། །བསྐལ་པ་དེ་དག་འདས་ནས་སངས་རྒྱས་བདུན་འབྱུང་བར་འགྱུར་རོ། །བདུན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། འཇིག་རྟེན་གྱི་ཁམས་འདི་མངོན་པར་དང་བཞེས་བྱ་བར་འགྱུར་ཏེ། དེར་འདི་དེ་བཞིན་གཤེགས་པ་ཡེ་
ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་དེ་ཁོ་ན་དང་། རྟག་པ་དང་། བདག་དང་། སེམས་ཅན་དུ་འདུ་ཤེས་པ་ཡང་དག་པར་མཐོང་བ་ནི། ཤིན་ཏུ་ཡང་དག་པའི་ལྟ་བ་ཅན་ཞེས་ང་སྨྲའོ། །གསོལ་བ། ཅི་ལས་དགོངས་
ཏེ་འཇིག་རྟེན་པའི་འདུ་ཤེས་བརྫུན་པ་རྣམས་རྫོགས་པར་བཤད་ཅིང་། དེ་སྐད་བཀའ་སྩལ་པ་དེ་ཁོ་ན་དང་རྟག་པ་དང་བདག་དང་སེམས་ཅན་དུ་འདུ་ཤེས་པ་ཞེས་བྱ་བ་ནི་ཐར་པའི་ཚིག་བླ་དགས་སོ། །དེ་བཞིན་གཤེགས་པ་རྟག་པ་དང་ཐེར་ཟུག་དང་བརྟན་པ་ཞེས་བྱ་བ་དམ་
པའི་ཆོས་ནུབ་པར་མི་འགྱུར་བའི་ཚིག་བླ་དགས་སོ། །སེམས་ཅན་བསོད་ནམས་ཆུང་ངུ་དག་ནི་ཐར་པ་ལ་ཟད་པའི་འདུ་ཤེས་བསྐྱེད་ཅིང་། དེ་བཞིན་གཤེགས་པ་བཞུགས་བཞིན་ཡོངས་སུ་མྱ་ངན་ལས་འདས་པར་སེམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་
ལྷག་པ་ཡང་དག་པར་མཐོང་བར་འདོད་པས་ནི། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རྟག་པ་དང་བདག་དང་སེམས་ཅན་དུ་འདུ་ཤེས་བསྐྱེད་པར་བྱ་ཞིང་ཐར་པའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ནི་མ་འོངས་པའི་སེམས་ཅན་བྱེ་བ་སྙེད་དག་ལུང་
སྟོན་པར་སྤྲིན་ཆེན་པོའི་མདོ་ཚེག་བར་བརྒྱད་པར་སྦྱར་བའི་ལེའུ་འབུམ་པ་ལས་ལུང་བསྟན་པའི་རྒྱུད་ཡིན་ནོ། །སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ལས་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། མི་ཤེས་པ་ལས་འདུས་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་རྟོགས་པ་དང་། ཡེ་ཤེས་
เล่ม ๒๐๔ · หน้า 362a
མཐོང་བ་ལས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་འབྱུང་བར་རྟོགས་ནས། སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས་འདུས་བྱས་དང་འདུས་མ་བྱས་པའི་ཆོས་རྣམས་ལ་ཡང་དག་པར་འཇུག་པར་བྱ་ཞིང་ཡོངས་སུ་སྦྱང་བར་བྱའོ། །གང་དག་དེ་བཞིན་གཤེགས་པ་ལ་ཆོས་
ཉིད་དུ་རྟོགས་ན་ཡང་དེ་དག་གིས་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་ནི་སེམས་ཙམ་སྟེ་སེམས་དང་མཚུངས་པར་ལྡན་པ་མ་ཡིན་ནོ། །ངས་སེམས་
ཅན་ཆོས་ཟབ་མོ་ལ་སྤྱོད་པ་མ་བྱས་པ་རྣམས་རྨོངས་པར་གྱུར་ན་མི་རུང་ཞེས་དེ་བཞིན་གཤེགས་པ་རྨོངས་ཕན་ཆད་ཡོད་པ་མེད་དོ་ཞེས་རྣམ་གྲངས་ཀྱིས་བསྟན་པར་བྱ་བ་ཡིན་ཞེས་གསུངས་སོ། །ཆོས་གང་ཞིག་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་དེ་ནི་ཤི་ཕན་ཆད་པའམ་
མེད་པ་ཞེས་བྱ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཡང་སྐྱེ་བ་ཡང་མེད་འགག་པ་ཡང་མེད་དོ། །ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའོ་ཞེས་བྱ་བ་ཇི་ལྟར་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་ཞེ་ན། ཇི་ལྟར་ནམ་མཁའ་གང་དུ་ཡང་མ་གཏོགས་པ་དེ་ལྟར་ཆོས་ཐམས་
ཅད་ཀྱང་གང་དུ་མ་གཏོགས་པའོ། །དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་མ་ཆགས་མ་ཐོགས་པས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རྣམ་པ་དུ་མ་མ་ལུས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ལུས་ངན་པོ་ཡི་བུ་ཐུ་བོ། །
གནོད་སྦྱིན་ཡང་དག་ཤེས་ཞེས་བྱ། །རྩོད་མེད་ཁྲོ་བ་མེད་གནས་ཏེ། །ཕ་དང་བཅས་ཏེ་རྟག་ཏུ་ནི། །ཆོས་འདི་དག་ལ་དགའ་བ་གང་། །དེ་ལ་སྲུང་བ་བྱེད་པར་འགྱུར། །ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཤེས་རབ་ཀྱི་མུན་
པ་དང་བྲལ་བ་ཡིན་ཏེ། བཞི་ནི་ཐོས་པས་ངོམས་པ་མེད་ཅིང་། ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཤེས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དང་། ཚུལ་གཅིག་
เล่ม ๒๐๔ · หน้า 362b
ལ་འཇུག་པས་ཚུལ་ཐམས་ཅད་ཀྱི་འཇུག་པ་ལ་འཇུག་གོ། །ཆོས་བཞི་དང་ལྡན་ན་འཇིག་རྟེན་གྱི་ཚུལ་ལ་རྟོག་པ་རྣམས་ཡིན་ཏེ། བཞི་ནི་བྲེ་མོ་གཏམ་བྱེད་པ་རྣམས་ལ་ཆོས་སྟོན་པ་དང་། སྐྱེ་བོ་ཕལ་པོ་ཆེ་འདུས་པ་འཆིབ་རྗེས་སུ་དྲན་པ་དང་། གཏོང་བ་ཆེན་པོ་ལ་རྗེས་
སུ་ཡི་རང་ཞིང་བྱང་ཆུབ་ཏུ་བསྔོ་བ་དང་། འདུ་འཛི་ཐམས་ཅད་ལས་དབེན་པར་གཞོལ་བའོ། །ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱིས་གསུངས་བ་བཞིན་སྨྲ་བ་ཡིན་ཏེ། བཞི་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཐོས་བ་དམ་པ་སྙིང་པོར་བྱེད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་
དུ་བྱེད་པ་དང་། རང་བཞིན་གྱིས་བདག་མེད་པ་ལ་འཇུག་པའོ། །ཆོས་བཞི་དང་ལྡན་ན་ལས་ཀྱི་བྱ་བ་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ་ཡིན་ཏེ། བཞི་ནི་ལོངས་སྤྱོད་ཆེན་པོའི་རྒྱུ་སྦྱིན་པ་མི་སྤོང་བ་དང་། མཐོ་རིས་ཀྱི་རྒྱུ་ཚུལ་ཁྲིམས་མི་སྤོང་བ་དང་ཤེས་རབ་ཆེན་པོའི་རྒྱུ་ཐོས་པ་མི་སྤོང་བ་དང་། བྲལ་བའི་རྒྱུ་
སྒོམ་པ་མི་སྤོང་བའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པ་ཉིད་ཡིན་པར་ཡང་ཤེས་པར་བྱེད་ལ་སེམས་རྣམ་པར་གཡེང་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཕྱི་མའི་མཐའི་མུར་ཐུག་གི་བར་དུ་སྤྱོད་པར་བྱེད་ཀྱང་བསམ་གཏན་ལ་གནས་པ་
ལས་གཡོ་བར་མ་གྱུར་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་བསམ་གཏན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཡུལ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་ཡིན་པར་ལྟ་ཞིང་། སངས་རྒྱས་ཀྱི་ཡུལ་ཡང་མེད་པར་ལྟ་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་དབང་
པོ་བསྲུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཉན་པར་བྱེད་ཅིང་ཐོས་པའི་དོན་ཡང་རྟོགས་པར་བྱེད་ལ། ཇི་ལྟར་ཐོས་པ་ཡང་འཛིན་ཅིང་ཇི་ལྟར་གཟུང་བ་ཡང་གཞན་ལ་སྟོན་པར་བྱེད་ན་མང་དུ་ཐོས་པ་ཡིན་ནོ། །འཇམ་
དཔལ་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའི་འཇིགས་པ་ནི་འདུས་བྱས་ལས་ཀྱང་འབྱུང་ལ་འདུས་མ་བྱས་ལས་ཀྱང་འབྱུང་སྟེ། འདུས་བྱས་ལས་ནི་ཉོན་མོངས་པའི་འཇིགས་པ་འབྱུང་ལ། འདུས་མ་བྱས་ལས་ནི་ཉོན་མོངས་པ་མེད་པའི་འཇིགས་པ་འབྱུང་ངོ་། །འཇམ་དཔལ་
เล่ม ๒๐๔ · หน้า 363a
ཉོན་མོངས་པ་མེད་པས་འཇིགས་པ་ཅི་ཡོད། ལྷའི་སྐུ་ཁམས་གསུམ་ན་ནི་ཉོན་མོངས་པའི་འཇིགས་པ་ཡོད་ལ། བྱང་ཆུབ་སེམས་དཔའ་དེར་ཉོན་མོངས་པར་མི་བྱེད་ན་ཉན་ཐོས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་མི་གཏོང་བས། སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། ཚུལ་ཁྲིམས་ལས་ཡང་དག་པར་འདའ་བས་ཚུལ་ཁྲིམས་དང་། གནོད་སེམས་ཀྱིས་བཟོད་པ་དང་། ལེ་ལོས་བརྩོན་འགྲུས་དང་། བརྗེད་ངས་པས་བསམ་གཏན་དང་། བེམས་པོ་དང་སེམས་དང་པོ་ལུག་ལྟར་ལྐུགས་
པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ན་དེ་ཙམ་གྱིས་ན་ལམ་ལ་གནས་པ་ཡིན་ནོ། །འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་མི་གཏོང་བ་ཡིན་ཏེ།
སེམས་ཅན་དང་ཆོས་དང་། བྱང་ཆུབ་ཀྱི་ཆོས་དགེ་བའི་ཆོས་ཏེ་བཞི་པོ་དེ་དག་ཡོངས་སུ་མི་གཏོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དོ། །ཚུལ་ཁྲིམས་ལས་ཡང་དག་པར་འདའ་བ་ནི། ཚུལ་ཁྲིམས་ལས་ཡང་དག་པར་འདས་པ་ཡིན་ཏེ། ཏིང་ངེ་འཛིན་དང་
དེ་ལས་འདས་པས་ཤེས་རབ་དང་། དེ་ལས་འདས་པས་རྣམ་པར་གྲོལ་བ་སྟེ། དེ་ལྟ་བུས་ཚུལ་ཁྲིམས་སྒྲུབ་པ་ཡིན་ནོ། །གནོད་སེམས་ལ་ཞུགས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ལྡན་ཞིང་ཐེག་པ་ཆེན་པོ་ལ་ཞུགས་པ་སྟེ། ཐེག་པ་ཆེན་པོ་ལ་ཞུགས་
པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ལེ་ལོའི་ལུས་དང་ངག་དང་སེམས་ཀྱིས་རྟུལ་པར་མི་བྱེད་པ་སྟེ། ཆོས་ལ་ལྟར་བརྩོན་པ་ནི་བརྩོན་འགྲུས་སོ། །རྨི་ལམ་ན་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་དྲན་པ་མེད་པས། བརྗེད་ངས་པ་སྟེ། ས་དེ་ལྟ་བུར་མ་ལྟུང་བ་ཉིད་ཐེག་
པ་ཆེན་པོ་ལ་མཉམ་པར་གཞག་པ་ཡིན་པས་བསམ་གཏན་ནོ། །ཆོས་ཐམས་ཅད་བེམས་པོ་སྟེ། རྩ་བ་ལ་སོགས་པ་དང་གནས་ལུགས་ཇི་ལྟ་བ་དེ་བཞིན་དུ་ཤེས་པ་ནི་ཤེས་རབ་བོ། །གང་ཚེ་སེམས་ནི་ཆགས་མེད་པ། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །
เล่ม ๒๐๔ · หน้า 363b
སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སེམས་བསྐྱེད་པ་ནི་ཐམས་ཅད་ན། །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་། །བྱང་ཆུབ་སེམས་ལས་རབ་བརྟག་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །ཐབས་དང་མི་ལྡན་ཤེས་རབ་ཀྱིས། །མ་བྱུང་འབྱུང་
བར་འགྱུར་བ་མེད། །ཤེས་རབ་མེད་པའི་ཐབས་ཀྱིས་ནི། །མཁས་པ་རབ་ཏུ་ཞི་མི་འགྱུར། །ནད་བཞི་བརྒྱ་རྩ་བཞི་འདི་ལྟ་སྟེ། རླུང་ལས་གྱུར་པ་བརྒྱ་རྩ་གཅིག་དང་། མཁྲིས་པ་ལས་གྱུར་པ་བརྒྱ་རྩ་གཅིག་དང་། བད་ཀན་ལས་གྱུར་པ་བརྒྱ་རྩ་གཅིག་དང་། འདུས་པ་ལས་གྱུར་པ་
བརྒྱ་རྩ་གཅིག་གོ། །ལས་རྣམ་པ་གསུམ་སྟེ། ཚེ་དང་འབྲེལ་པ་དང་། སྲིད་པ་བར་མ་དང་འབྲེལ་པ་དང་། ཚེ་གཞན་དང་འབྲེལ་པའོ། །སྐྱེས་པ་གང་ཞིག་སྐྱེས་པ་ལ་འཇུག་པར་བྱེད་ན། དེ་ལུས་དང་བྲལ་ནས་སེམས་ཅན་དམྱལ་བ་ཉམ་ང་བར་སྐྱེ་བར་འགྱུར་རོ། །ལུག་མོའམ་བོང་
མོ་ལ་འཇུག་པར་བྱེད་ན་སེམས་ཅན་དམྱལ་བ་ཨ་ཙ་ཟེར་དུ་སྐྱེ་བར་འགྱུར་རོ། །སྲིང་མོའམ་གཞན་ཡང་འོས་མ་ཡིན་པ་ལ་འཇུག་ན་སེམས་ཅན་དམྱལ་བ་ཀྱི་ཧུད་ཟེར་དུ་སྐྱེ་བར་འགྱུར་རོ། །དགེ་སློང་མ་ཚུལ་ཁྲིམས་རལ་ཞིང་སྤྱོད་པ་ངན་པ་ལ་འཇུག་ན་སེམས་ཅན་དམྱལ་བ་འཆི་བའི་རྒྱུན་མེད་
ལྟ་བུར་སྐྱེ་བར་འགྱུར་རོ། །གཉིས་རྩོད་པ་ན་རྒྱལ་པོའི་བློན་པོའམ་གཞན་ཡིད་ཆེས་པའི་གནས་སུ་བྱ་བས་ནོར་བླངས་པས་མཛའ་བཤེས་སམ། འདོད་ཆགས་ལ་སོགས་པའི་དབང་གིས་ཞལ་ཆེ་ཡོན་པོར་བཅད་ན། སེམས་ཅན་དམྱལ་བ་ལྕེ་བཅུ་གཅིག་པར་སྐྱེ་བར་འགྱུར་རོ། །སྡུག་བསྔལ་
བ་དང་། ནད་བུ་ཅན་དང་ལྟོགས་པ་དང་མགོན་མེད་པ་དང་། བཀྲེན་པ་དག་ལ་ནོར་རྫས་སྦྱིན་པར་ཁས་བླངས་པ་ལས་མ་བྱིན་ཞིང་བཟའ་བ་དང་བཏུང་བ་ཁས་བླངས་པ་ལས་མ་བྱིན་ན། སེམས་ཅན་དམྱལ་བ་ཀུན་དགའ་ལ་རེ་བ་མེད་པར་སྐྱེ་བར་འགྱུར་རོ། །དོན་མེད་ཆོས་ལ་དགའ་བ་ནི། །བུད་
མེད་གཡོ་དང་ཕྲག་དོག་མང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་པ། །སྐྱེས་པ་རྣམས་ཀྱི་མདུན་ན་གནས། །དེའི་ཚིག་ཤིན་ཏུ་མི་བརྟན་ཏེ། །རྟག་ཏུ་འདོད་ཆགས་སྐྱེ་ལ་མཁས། །དེ་ཡི་སྙིང་ནི་གཞན་སེམས་ལ། །གཞན་གྱི་ཚུལ་གྱིས་སྤྲོ་བར་བྱེད། །དང་པོ་མཉེན་ཞིང་སྲུན་བྱེད་ལ། །
เล่ม ๒๐๔ · หน้า 364a
ཕྱི་ནས་སེམས་ནི་རྡོ་རྗེ་འདྲ། །སེམས་ནི་ཡང་ཞིང་ཕན་པ་མེད། །བཀུར་སྟི་དག་ནི་དྲན་མེད་བྱེད། །ལེགས་པ་བརྒྱ་ནི་ཆུད་གསན་ལ། །མ་ལེགས་གཅིག་པུ་དྲན་པར་བྱེད། །སྡིག་པའི་ས་གཞི་བུད་མེད་ཡིན། །སྙིང་ནི་གློག་གི་ངོ་བོ་བཞིན། །སྐྱེས་པ་ཆགས་པའི་
སེམས་ཡོད་ན། །འཇིགས་པའི་རྒྱུ་ནི་བུད་མེད་ཡིན། །འཇིག་རྟེན་འདི་དང་ཕ་རོལ་དུ། །འཇིགས་བྱེད་ནང་ན་བུད་མེད་འཇིགས། །གལ་ཏེ་བདེ་བའི་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤངས་པ་ནི། །འཇིག་རྟེན་འདི་དང་ཕ་རོལ་བདེ། །གང་ཞིག་
དབུལ་བ་སྤོང་འདོད་ཅིང་། །གང་ཞིག་བདག་ནི་འབྱོར་འདོད་དང་། །གང་ཞིག་མྱ་ངན་འདས་འགྲོ་འདོད། །མི་དེས་བུད་མེད་སྤོང་བར་བྱེད། །ཇི་ལྟར་བྲམ་ཟེ་སྨྲ་བ་ལས། །བུད་མེད་གཞོན་ནུ་འདོད་ལངས་ལ། །བག་མར་མ་བླངས་ན་མི་སྲོག་གཅད་པ་དང་འདྲ་བར་འགྱུར་ཟེར་ཞེས་པ་ལྟ་
བུའོ། །མཚམས་མེད་པ་ལྔ་ཆར་བྱས་ན་ལུས་དཔག་ཚད་ལྔ་པར་གྱུར་བ་ནས། གཅིག་བྱས་ན་གཅིག་གི་བར་དུ་འགྱུར་རོ། །མནར་མེད་པ་དེ་དག་ཁ་ཅིག་ནི་འཆི་བའི་དུས་ཀྱི་ཚེ་རང་གི་ལུས་ཉིད་ལས་མནར་མེད་པའི་མེ་འབྱུང་བར་འགྱུར། ཁ་ཅིག་ནི་འཆི་བའི་དུས་བྱས་ནས་སྲིད་པ་པར་མར་
སྐྱེས་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བ་མནར་མེད་པར་འགྱུར་རོ། །བསླབ་པའི་གཞི་གཅིག་གམ་གཉིས་སམ་གསུམ་མམ། བཞིའམ་ལྔའམ་གཞན་བླངས་པ་དང་། བུ་སྲིང་ངམ་བུ་སྲིང་དང་འདྲ་བའམ། གྲོགས་ཀྱི་ཆུང་མ་འོས་པ་མ་ཡིན་པ་དག་ལ་སླུ་བར་བྱེད་ན། སེམས་
ཅན་དམྱལ་བ་ཨ་ལ་ལ་ཞེས་ཟེར་བར་སྐྱེ་བར་འགྱུར་རོ། །ཡི་དགས་ཀྱི་རིགས་ནི་མདོར་བསྡུས་ན་སུམ་ཅུ་རྩ་དྲུག་ཡོད་དོ། །འདི་ལྟ་སྟེ། ལྟོ་གུག་དང་། ཁ་ཁབ་མིག་ལྟར་ཕྲ་བ་དང་། བཤང་བ་ཟབ་དང་། དྲི་ཟབ་དང་། སྤོས་ཟབ་དང་། ཆུ་འཐུང་བ་དང་། མཆིལ་མ་ཟ་བ་དང་། ཕྲེང་
བ་ཟ་བ་དང་། ཤ་ཟ་བ་དང་། ཁྲག་ཟབ་དང་། དུད་པ་ཟ་བ་དང་། དྲག་ཤུལ་སྤྱོད་པ་དང་། གླགས་ལྟ་བ་དང་མཐུ་བོ་ཆེ་དང་། མི་ལ་གླགས་ལྟ་བ་དང་མཚན་མོ་ལུས་འབར་བ་དང་། འདོད་པའི་གཟུགས་ཅན་དང་། གཤིན་རྗེའི་དབྱུག་པ་དང་། ཚངས་པའི་སྲིན་པོ་དང་། མི་གཙང་བ་ཟ་བ་དང་། བདུད་ཀྱི་སྡེ་
เล่ม ๒๐๔ · หน้า 364b
དང་། ཡུལ་དགོན་དུ་ཆུ་དཀོན་པ་སྲོག་ཆགས་དང་འབྲེལ་ཅིང་སྤྱོད་པ་འཚོ་བ་དེ་ལ་ལྟོས་པ་དེ་བཅད་ན་སེམས་ཅན་དམྱལ་བར་བྱ་ཛ་བ་བྷ་སྒྲ་འབྱིན་དུ་སྐྱེའོ། །ཀླན་ཀ་བཙལ་བའི་ཕྱིར་མཁས་པ་ལས་ཆོས་མཉན་ནས། ཆོས་འདུལ་བ་དེ་ལ་མི་འཇུག་མི་སྙན་པས་སུན་འབྱིན་ན་སེམས་ཅན་
དམྱལ་བ་མེས་སྲེག་ཏུ་སྐྱེའོ། །གནོད་སེམས་སྙིང་ལ་ཡོད་པ་ནི། །ཀུན་གྱིས་བསྲུང་བར་མི་ནུས་ཏེ། །བཤེས་གྲོགས་གཉེན་གྱི་མིས་མ་ཡིན། །ཆོས་དང་དོན་གྱི་ཚོགས་ཀྱིས་མིན། །འཁྲུགས་མེད་མི་ཟད་ནོར་ཡིན་ཏེ། །སྐྱེ་བོ་ཀུན་གྱི་རྗེ་བོར་ཆེ། །བདེན་པ་མཐོ་རིས་
སྐས་ཡིན་ཏེ། །དེ་ཉིད་མྱ་ངན་འདས་པའི་སྒོ། །མོས་པའི་རྫུ་འཕྲུལ་དང་ལྡན་པ་ནི་ཇི་ལྟར་མོས་པ་དེ་ལྟར་འགྲོ་བ་ཡིན་ཏེ། གལ་ཏེ་སའི་ཁམས་སུ་མོས་ན་ནམ་མཁའ་ཡང་སའི་ཁམས་སུ་མཐོང་ནས་འགྲོ་བར་འགྱུར་རོ། །རིན་ཆུང་དུས་ཉོས་ནས་ཆེན་པོར་
འཚེ་བ་དང་ཕྲག་དོག་དང་། སེར་སྣས་ཉམས་པ་ནི་ཡི་དགས་ཚངས་པའི་སྲིན་པོར་སྐྱེ་སྟེ། མི་བྲམ་ཟེའི་གཟུགས་ཀྱིས་རྒྱུ་བ་ཡིན་ནོ། །ཡུན་རིངས་ངན་འགྲོར་བཅོམ་པ་ཡི། །དགེ་བའི་བག་ཆགས་དགའ་བྱེད་དེ། །མེ་ཏོག་ཉམས་ཀྱང་ཏིལ་དག་ལ། །བག་ཆགས་སྣང་
པ་ཇི་བཞིན་ནོ། །དེ་དག་གིས་ལས་ངན་པ་བྱས་པ་དེས་རྒྱ་མཚོ་ཡང་ཐམས་ཅད་དུ་སྐམས་ཤིང་རི་དང་ནགས་ཚལ་དང་རྒྱ་མཚོར་བཅས་པ་དེ་ཡང་འབར་བར་མཐོང་ངོ་། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷས་
བཙས་གཉིད་ཀྱིས་ལོག་པའི་རྨི་ལམ་དུ་ཚིགས་སུ་བཅད་པ་གཉིས་ཐོས་ནས། དེའི་མཚན་མོ་འདས་ནས་གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དེའི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚིགས་སུ་བཅད་པ་འདི་
དག་སྨྲས་སོ། །གཟུགས་ལ་བརྐམ་དང་སྒྲ་ལ་བརྟེན་པ་དང་། །དྲི་དང་རོ་དང་རེག་ལ་གནས་པ་དང་། །འདོད་ལ་བརྐམ་དང་བདེ་ལ་དགའ་བ་ཡིས། །བྱང་ཆུབ་མཆོག་འདི་རྟོགས་པར་མི་ནུས་སོ། །ཡང་དེ་ཉིད་ལས་བྱུང་བ། བྱང་ཆུབ་སེམས་ནི་བདག་གི་རྨི་ལམ་ཐོས། །ཆོས་རྣམས་བདག་
เล่ม ๒๐๔ · หน้า 365a
ནི་བྱང་ཆུབ་མཆོག་ལ་ཞུགས། །དེ་བཞིན་གཤེགས་པ་གསང་བ་བསྟན་པ་ལས་བྱུང་བའི། ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་འགེངས་ཤིང་། སེམས་ཅན་ཐམས་ཅད་ཀྱི་
བསམ་པ་ཡང་དག་པར་ཚིམ་པར་མཛད་ཀྱང་། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་འདི་སྙམ་དུ། མདོའི་སྡེ་ལ་སོགས་པ་གསལ་བར་འཆད་ཅིང་སྟོན་ཀྱང་། འདི་ལྟར་ཡང་དག་པར་བསྒྲགས་པར་མཛད་དོ་སྙམ་དུ་མི་དགོངས་སོ། །དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་འཁོར་
འདུས་པ་དགེ་སློང་ལ་སོགས་པ་དེ་དག་གི་དབང་པོའི་རིམ་པ་དང་། དེ་དག་ཅི་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོས་པས་དགོངས་པར་འགྱུར་བ་དེ་འདྲ་བའི་ཆོས་ཀྱི་སྦྱིན་པ་ཐོབ་པ་དེ། དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་བར་ཤེས་ཀྱང་། ཆོས་བསྟན་པ་དེ་ནི་ཕན་ཚུན་ངེས་པའི་ཚིག་ཐ་དད་
པ་ལ། གནོད་པ་མེད་པར་ཐམས་ཅད་ཀྱང་རང་རང་གི་ཆོས་རྣམ་པར་རིག་པར་ཀུན་དུ་ཤེས་ཏེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་གསང་བའོ། །ཡང་དེ་ཉིད་ལས། དེ་བཞིན་གཤེགས་པ་ནི་ཤིན་ཏུ་མཉམ་པར་བཞག་པ་སྟེ། ཡི་གེའི་རྣམ་པར་རྟོག་པ་ཐམས་ཅད་
ཀྱི་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། སེམས་ཅན་ཡི་གེར་ལྷུར་ལེན་པ་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་ལ་ཆོས་སྟོན་ཏོ། །བདག་ཅག་ནི་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེས་སོ་སྙམ་མོ། །ཞི་བའི་བློ་གྲོས་དེ་བཞིན་
གཤེགས་པའི་ཚེམས་དང་། སྒྲོས་དང་། ཞལ་གྱི་རྐན་དང་། ལྗགས་དང་། ཞལ་གྱི་སྒོ་ནས་སྒྲ་འབྱུང་བ་ཡང་མེད་ལ། འབྱུང་བ་ཡང་གྲག་གོ། །ཞི་བའི་བློ་གྲོས་གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་ཕུང་བོས་རབ་ཏུ་ཕྱེ་བ་མ་ཡིན། ཁམས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན།
སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན། ལས་ལས་བྱུང་བ་མ་ཡིན། ཉོན་མོངས་པ་ལས་བྱུང་བ་མ་ཡིན། ཕ་མ་ལས་བྱུང་བ་མ་ཡིན། འབྱུང་བ་ཆེན་པོའི་ནུར་ནུར་པོ་ལས་བྱུང་བ་མ་ཡིན། ཤ་དང་ཁྲག་གི་པགས་པས་གཡོགས་པ་མ་ཡིན། རུས་པ་དང་ཆུ་བའི་འོག་རིས་འབྲེལ་
เล่ม ๒๐๔ · หน้า 365b
བ་མ་ཡིན། དབུགས་ཕྱི་ནང་དུ་རྒྱུ་བ་མ་ཡིན། སྲོག་དང་འབྲེལ་བ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མེད་པ་སྟེ། ཆོས་ཀྱི་སྐུ་དང་གཟུགས་དང་མཚན་མ་མེད་པའི་སྐུ་དང་། སྤྲོས་པ་མེད་ཅིང་རྒྱུ་བ་མེད་པའི་རྒྱུ་ཡིན་ཡང་། གཟུགས་དང་མཚན་མ་གཙོ་བོར་བྱེད་
པའི་སེམས་ཅན་སྐུ་བསྟན་པས་འདུལ་བའི་སེམས་ཅན་རྣམས་ཀྱི་མིག་ལ་སྣང་བར་འགྱུར་རོ། །གཟུགས་ལས་དབེན་པ་ཆོས་ཀྱི་མཚན་ཉིད་གཙོ་བོར་བྱེད་པའི་སེམས་ཅན་རྣམས་ལ་ནི་ལྷའི་མིག་གིས་ཀྱང་ཐམས་ཅད་དུ་བལྟར་སྣང་བར་མི་འགྱུར་རོ། །འདུལ་བ་གཞི་ལས། བུདྡྷ་
འོད་སྲུངས་ཀྱི་རིང་ལ་རྒྱལ་པོ་ཀྲྀ་ཀྲི་བྱུང་སྟེ། བུདྡྷས་ཀྱང་དེར་སྨོན་ལམ་བཏབ་ནས་དགའ་ལྡན་དུ་སྐྱེས་སོ། །ཀྲྀ་ཀཱིའི་རྒྱུད་ཀྱིས་གྲོང་ཁྱེར་པོ་ཏ་ལར་རྒྱལ་པོའི་རབས་བརྒྱ་རྩ་གཅིག་བྱས་སོ། །དེ་དག་གི་ཐ་མར་རྒྱལ་པོ་ཀརྞ་ཞེས་བྱ་བ་སྟེ། དེ་ལས་བུ་གཽ་ཏམ་དང་། བྷ་རདྷྭ་ཛ་ཞེས་བྱ་བ་གཉིས་
ཡོད་པ་ལས། བྷར་དྷྭ་ཛ་ནི་རྒྱལ་པོ་བྱེད་དོ། །གཽ་ཏ་མ་ནི་ཕ་མ་ལ་གསོལ་ནས། དྲང་སྲོང་ནག་སྦྱིན་ལས་རབ་ཏུ་བྱུང་སྟེ། དྲང་སྲོང་གི་གནས་དགོན་པ་མ་བཅས་ཏེ། གྲོང་པོ་ཏ་ལ་དང་ཉེ་བ་ཞིག་ན་སྤྱིལ་བུ་ན་འདུག་པ་ལས། བཟང་མོ་གཟུགས་ཀྱིས་འཚོ་བ་མི་གཡོན་ཆེན། མྲི་ན་པ་ཞེས་བྱ་བ་དང་མཐུན་
ཏེ་ཉལ་བར་བྱས་པ་ལས་གཞན་ཞིག་དང་ཁྲི་བའི་གཏམ་ཐོས་ནས། བཟང་མོ་མྲི་ན་པ་བསད་པ་དང་། བཟང་མོའི་གཡོག་གིས་ཁུས་བཏབ་སྟེ། མི་ཀུན་གྱིས་བསྙགས་པ་དང་། མྲི་ན་ལས་རལ་གྲི་ཁྲག་ཅན་དྲང་སྲོང་གཽ་ཏ་མའི་སྤྱིལ་པོའི་སྒོར་བཞག་ནས་བྲོས་སོ། །མི་ཀུན་གྱིས་རལ་གྲི་
མཐོང་བ་དང་། རབ་ཏུ་བྱུང་བ་མི་གསོད་ཅེས་དེ་ཁྲིད་བ་དང་། རྒྱལ་པོ་བྷ་ར་དྷྭ་ཛས་མ་བརྟགས་པར་གསལ་ཤིང་ལ་བཙུགས་སོ། །དེ་ནས་དྲང་སྲོང་ནག་པོས་དེ་མཐོང་ནས་དྲིས་ཏེ་གཏམ་བྱས་ནས། གཽ་ཏ་མས་བདག་གར་སྐྱེ་ཞེས་བྱས་པ་དང་། དེ་ན་རེ་བྲམ་ཟེ་དག་ན་རེ་རིགས་རྒྱུད་མེད་པ་
ལ་འགྲོ་བ་མེད་དོ་ཞེ་ན། བུ་ལྟ་ཡོད་དམ་མེད་དེས་སྨྲས་པ་མེད་དོ། །དེ་ནས་དྲང་སྲོང་གིས་བྱིན་གྱིས་བརླབས་ཏེ། ཆར་པ་དང་རླུང་བསིལ་བ་དག་གིས་ལུས་ལ་ཕོག་པར་བྱས་ནས་སྔོན་གྱི་འདོད་པ་ལ་སྤྱོད་པ་དྲན་པར་གྱིས་ཤིག་ཅེས་པ་དང་། ཁུ་བ་དང་ཁྲག་འདྲེས་པའི་ཐིགས་པ་གཉིས་ཟགས་
เล่ม ๒๐๔ · หน้า 366a
པ་ལས་སྒོ་ང་གཉིས་བྱུང་སྟེ། ཉི་མས་སྨིན་པར་རྒྱས་པ་དང་། དེ་བརྡོལ་ནས་བུ་གཉིས་བྱུང་སྟེ་བུ་རམ་གྱི་ཚལ་གྱིར་བ་ཞིག་ཏུ་དོང་ངོ་། །ཕ་ནི་ཤིའོ། །དེ་ནས་དྲང་སྲོང་གིས་དེ་གཉིས་བླངས་ནས་གསོས་ཏ། ཉི་མས་སྨིན་པར་བྱས་པ་དང་། བུ་རམ་
གྱི་ཚལ་ན་གནས་པ་དང་། གཽ་ཏ་མའི་བུ་ལ་མིང་གསུམ་དུ་གྲགས་པར་བཏགས་སོ། །དེ་ནས་བྷ་ར་དྷྭ་ཛ་རབས་ཆད་དེ། ཤི་ནས་བློན་པོས་ཕོ་བོ་གཽ་ཏ་མ་རབ་ཏུ་བྱུང་བ་རྒྱལ་པོར་གཞུག་གོ་ཞེས་ནས་དྲང་སྲོང་ནག་པོ་ལ་རྨས་བ་ལས་བསད་པར་གྱུར་ཏོ། །བུ་གཉིས་དེ་ནི་འདུག་པ་ལས་ཕུ་བོ་རྒྱལ་པོར་
བཅུག་པ་ལས་རབས་ཆད་དོ། །ནུ་བོ་བཅུག་སྟེ་བུ་རམ་ཤིང་པ་ཞེས་བྱ་བར་གྲགས་སོ། །དེའི་འཕེལ་རྒྱུད་ལས་གྲོང་ཁྱེར་པོ་ཏ་ལའི་རྒྱལ་པོ་བརྒྱ་རྩ་གཅིག་གོ། །དེ་དག་གི་ཐ་མ་བུ་རམ་ཤིང་པ་རྒྱལ་པོ་འཕགས་སྐྱེས་པོའོ། །དེ་ལ་བུ་བཞི་སྟེ། ཏ་ལ་ལ་གར་ནི་དང་། ཀ་ར་ཀར་ནི་དང་། ཧ་སྟི་ནི་
ཡངས་པ་དང་། ནུ་བོ་རོ་ཀའོ། །དེ་ནས་འཕགས་སྐྱེས་པོའི་ཆུང་མ་ཤི་བས་རྒྱལ་པོ་གཞན་ཞིག་གི་བུ་མོ་བླངས་པ་ལས། རྒྱལ་པོ་དེས་རང་གི་ཚ་བོ་ཞིག་ཡོད་ན། རྒྱལ་ཚབ་ཏུ་གཞུག་པར་དམ་བཅས་ནས་བྱིན་ནོ། །ཕྱིས་བུ་ཞིག་བྱུང་བ་དང་། རྒྱལ་ཚབ་ཏུ་མ་བཅུག་པ་དང་། རྒྱལ་པོ་དེ་
ཡང་དག་གམ་ཞེས་བསྡིགས་སོ། །དེ་ནས་འཕགས་སྐྱེས་པོ་བྲེད་ནས། ཇི་ལྟར་བྱ་ཞེས་པ་དང་བློན་པོས་བུ་གཞན་སྐྲོད་ལ་དེ་ཆུག་ཅེས་སོ། །དེ་ནས་རྒྱལ་པོ་དང་བློན་པོས་ཐབས་བྱས་ནས་བུ་ཀུན་བསྐྲད་པ་དང་། དེ་དག་ལ་ཀུན་དགའ་བས། སྲིང་མོ་ཡན་ཆད་ཞག་བདུན་
གྱི་བར་དུ་གྲོང་ཏ་ལ་ལའི་སྒོ་ནས་འདྲུལ་མ་ཆད་པར་དོད་པ་དང་། ཕྱིས་སྒོ་བཅད་དེ་ལྷག་མ་མ་བ་ཀྱེའོ། །དེ་དག་གངས་རི་དང་ཉེ་བ་ཆུ་བོ་བྷ་གོ་ར་ཐིའི་དྲུང་ན་དྲང་སྲོང་སེར་སྐྱའི་གནས་ཀྱི་ཉེ་འཁོར་དུ་དོང་ནས་སྤྱིལ་པོ་བྱས་ཏེ་རི་དགས་བཤོར་ཞིང་འཁོད་དོ། །དེ་ནས་འདོད་
ཆགས་ཀྱིས་གདུངས་ནས་ཀུན་སེར་པོ་བསེང་བསེང་བོར་སོང་ནས། དྲང་སྲོང་གིས་ཁྱོད་རྒྱལ་རིགས་རྒྱལ་ཐབས་ལས་ཉམས་པས་གཡས་ཁྱིམ་གྱི་སྲིང་མོ་འཚོ་ཞིང་ཆོས་སོ། །དེ་ནས་མི་འཕེལ་ནས་ཀུན་ཆོས་དྲང་སྲོང་ལ་མནོས་ནས། གསེར་གྱི་རིལ་བའི་ཆུས་ས་ཁོར་བྲིས་ཏེ། གྲོང་ཁྱེར་བརྩིགས་
เล่ม ๒๐๔ · หน้า 366b
ནས་དེར་བཞག་གོ། །གྲོང་ཁྱེར་གྱི་བཞི་དྲང་སྲོང་སེར་སྐྱས་བྲེས་པས། སེར་སྐྱའི་གྲོང་ཁྱེར་རོ། །དེ་ནས་འཕགས་སྐྱེས་ཀྱིས་དེ་དག་གིས་ནུས་ཕོང་བར་ཐོས་ནས་ཤཱཀྱར་བཏགས་སོ། །དེ་ནས་འཕགས་སྐྱེས་པོ་ཤི་ནས་རྒྱལ་ཚབ་དང་བུ་བསྐྲད་པ་ཡན་ཆད། རིའི་རྒྱལ་པོར་
མཐར་གྱིས་བཅུག་པ་ལས་གཞན་ནི་ཀུན་རབས་ཆད་དོ། །ནུ་པུར་ཀོ་ལ་བུ་ལ་ཀ་ཞེས་བྱ་བ་ཞིག་ཡོད་པའི་འཕེལ་རྒྱུད་ཀྱིས། སེར་སྐྱའི་གྲོང་ཁྱེར་གྱི་རྒྱལ་པོ་སྟོང་ལྔ་བཅུ་རྩ་ལྔར་བྱས་སོ། །དེ་དག་གི་ཐ་མ་གཞུ་བརྟེན་ལ་བུ་གཉིས་ཏེ། སེང་གེ་མན་ཀལ་
དང་། སེང་གེའི་སྒྲའོ། །སེང་གེའི་མན་ཀལ་ལ་བུ་བཞི་སྟེ། ཟས་གཙང་མ་དང་། ཟས་དཀར་པོ་དང་། དྲོ་ནོ་ད་ན་དང་། བདུད་རྩི་ཟས་སོ། །བུ་མོ་ནི་གཙང་མ་དང་། དཀར་མོ་དང་། བྲེ་མོ་དང་། བདུད་རྩི་མའོ། །ཟས་གཙང་མ་ལ་བུ་གཉིས་ཏེ།
དོན་གྲུབ་དང་དགའ་བོའོ། །ཟས་དཀར་པོ་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཏི་ཤྱ་དང་། བྱི་ཀའོ། །དྲོ་ནོ་དན་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་མིང་ཆེན་དང་མ་འགགས་པའོ། །བདུད་རྩི་ཟས་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷས་བྱིན་ནོ། །གཙང་མའི་བུ་ནི་རབ་ཏུ་ཚོར་བའོ། །
དཀར་མོའི་བུ་ནི་པ་ཏྲ་མ་ལིའོ། །དྲོ་ནོའི་བུ་ནི་ཏ་ལིའོ། །བདུད་རྩི་མའི་བུ་ནི་ཤེ་བ་ལའོ། །བུདྡྷེའི་སྲས་ནི་རཱཧུ་ལའོ། །བུདྡྷའི་ཡུམ་སྒྱུ་འཕྲུལ་ཆེན་མོའོ། །ཡུམ་ཡར་མོ་སྒྱུ་མ་སྟེ། གཉི་ག་རྒྱལ་པོ་གཉི་ཚད་ཀྱི་བུ་མོའོ། །ཡུམ་ནི་གཅེན་ནོ། །བྱང་ཆུབ་སེམས་དཔའ་
དགའ་ལྡན་གྱི་གནས་ནས་གཤེགས་པ་ཆོས་ཉིད་ཀྱིས་གཟིགས་པ་ལྔ་ལ་གཟིགས་ཏེ། རིགས་དང་ཡུལ་དང་རུས་དང་དུས་དང་བུད་མེད་དོ། །རིགས་ནི་རྒྱལ་རིགས་དང་བྲམ་ཟེ་གང་ལ་བཙན་པར་འཛིན་པ་ལ་གཟིགས་ཏེ། དེར་སྐྱེ་བ་མ་བླངས་ན་འཇིག་རྟེན་ལ་ཕན་པ་དང་།
སེམས་ཅན་གྱི་དོན་དུ་མི་འགྱུར་ཏེ། གཞན་ཡང་དེ་དང་འདྲའོ། །ཡུལ་ནི་གང་ན་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་སློང་མོ་བ་མང་བ་འགྲོ་བ་ཡང་རབས་མང་ཞིང་མཐའ་འཁོབ་ཀྱི་སྐྱེ་བོ་མེད་པའོ། །དུས་ནི་སྐྱེ་བོའི་ཚེ་ལོ་བརྒྱད་ཁྲི་ལས་ཡར་འདས་ན་ཡང་སྐྱོ་བ་ཆུང་ཞིང་བླུན། །བརྒྱ་
เล่ม ๒๐๔ · หน้า 367a
ལས་མར་འགྲིབས་ན་ཡང་སྙིགས་མ་ལྔ་ཤས་ཆེ། རུས་དང་བུད་མེད་ནི་ཤཱཀྱ་དང་སྒྱུ་མ་ཆེན་པོ་ལྟ་བུ་གོ་རིམས་བཞིན་མང་པོས་བཀུར་བ་ཚུན་ཚན་ཆེ་བ་དང་། བདུན་རྒྱུད་ཚུན་ཚན་ལ་སྐྱོན་མེད་ཅིང་མཛངས་དགེ་ལ། བྱང་ཆུབ་སེམས་དཔའ་ཡང་
མངལ་ན་ཟླ་བ་བཅུར་འཛིན་ནུས་པའོ། །སྟོན་པ་དྲུག་འོད་སྲུངས་རྫོགས་བྱེད་ལ་སོགས་པ་རྗེས་སུ་སྟོན་པ་དྲུག་བྲམ་ཟེ་ཀུ་ཏ་ཏིལ་དོ་ལ་སོགས་པ་དྲུག་མ་རིག་པའི་བུ་ཨུ་ཏྲ་ཀ་ལ་སོགས་པ། བུདྡྷ་ལྷུམས་སུ་ཞུགས་ཚུན་ཆད་དོན་ཀུན་གྲུབ་པའི་ཕྱིར་དོན་ཀུན་གྲུབ།
ཤཱཀྱའི་སྤྱི་ལྷ་སྦྱིན་ཤཱཀྱ་སྤེལ་བ་ལ་ཕྱག་འཚལ་དུ་ཁྲིད་པ་ལས། དེས་ཕྱི་རོལ་དུ་བསུ་སྟེ། ཕྱག་བྱས་པས་ལྷའི་ཡང་ལྷ། ལྷ་ལ་ཕྱག་འཚལ་དུ་ཆས་པའི་ཚེ། གྲོང་ཁྱེར་དེ་ན་གནས་པའི་ཤཱཀྱ་མཐོང་ཟུར་ཅན་མི་སྲུན་པ་ཀུན་ཐུབ་པ་བཞིན་འཁོད་པས་ན་ཤཱཀྱ་ཐུབ་པའོ། །
བདུན་མཐོ་བ་ཕྱག་གཉིས་དཔུང་མགོ་གཉིས་ལྷག་པའོ། །རིན་པོ་ཆེ་བདུན་ལས་འཁོར་ལ་ནི་གསེར་ལས་བྱས་པ་ལྟེ་བ་ཟླུམ་པོ་རྩིབས་སྟོང་པའོ། །ནོར་བུ་ནི་བེེ་ཌཱུརྱ་དགོས་འདོད་འབྱུང་བའོ། །བ་ལང་ནི་ཐལ་ཀར་རོ། །རྟ་ནི་མགྲིན་སྔོན་ནོ། །བུད་མེད་ནི་རེག་ན་བདེ་བའོ། །བློན་པོ་ནི་གསེར་
ལ་སོགས་པ་ནོར་འབུལ་བའོ། །དམག་དཔོན་ནི། དམག་ཐབས་ལ་མཁས་པའོ། །ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་བལྟམས་ནས། །ཞག་བདུན་ན་ཡུམ་དུས་ལས་འདས་སོ། །བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་ན་ཁབ་
ནས་བྱུང་སྟེ། ལོ་དྲུག་དཀའ་བ་སྤྱད་ནས་བདུད་རྩི་ཆུད་པར་འགྱུར་བར་དྲང་སྲོང་མི་དཀར་བས་ཚོར། དྲང་སྲོང་མི་དཀར་བ་རི་གིས་སྐིན་ངི་ལ་གནས་ཏེ། ཤི་ཁར་སློབ་མ་ལ། བདུད་རྩི་ཚོལ་དུ་བཏང་ནས་ཕྱུང་བ་ཀ་ཏྱ་ཡ་ཆེན་པོ་ཡིན།
ཇི་ལྟར་ལམ་བརྒྱགས་ཉུང་བ་དག། །ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པའོ། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་བརྒྱགས་གང་བདོག་པ། །ལམ་ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་
เล่ม ๒๐๔ · หน้า 367b
བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ། །རྒྱུ་ལྔས་སྲོག་གཅོད་པ་བྱས་ཀྱང་ཁ་ན་མ་ཐོ་བས་གོས་པར་མི་འགྱུར་ཏེ། འདི་ལྟ་སྟེ། ལམ་དུ་འགྲོ་བར་ཞུགས་པའི་མི་ཤེས་པས་སྲོག་ཆགས་ཕྲ་མོ་དང་། གྲོག་སྦུར་ལ་སོགས་པ་སྲོག་དང་བྲལ་བར་བྱེད་པ་དང་། གཞན་ལ་མཚོན་ཆས་གཟས་
པ་ལས་བསམ་པ་དང་མི་ལྡན་པར་གཞན་ལ་ཕོག་སྟེ། དེ་སྲོག་དང་བྲལ་བ་དང་། ནད་པ་ལ་སྨན་པས་ཕན་པར་འདོད་པས་ཉེས་པར་མ་མཐོང་སྟེ། སྨན་བྱིན་པ་ལས་དེས་ཤི་བ་དང་། དེ་བཞིན་དུ་མས་བུ་འདུལ་བར་བྱ་བའི་ཕྱིར་བརྡེག་པ་ལས་དེ་སྲོག་དང་བྲལ་བ་དང་། མེ་སྦར་བའི་ནང་དུ་སྲོག་ཆགས་
མི་འདོད་བཞིན་ལྷུང་བ་སྟེ། རྒྱུ་རྣམ་པ་དེ་ལྔས་སྲོག་བཅད་བར་གྱུར་ཀྱང་། ཁ་ན་མ་ཐོ་བས་གོས་པར་མི་འགྱུར་རོ། །མ་བྱིན་པར་ལེན་པའི་སྡོམ་བ་མ་བླངས་པར་མ་བྱིན་པར་ལེན་པ་འདི་ནི་རྣམ་པར་སྨིན་པ་ཆུང་བ་ཡིན་ནོ། །གླང་པོ་ཆེ་བདུན་ལེགས་པར་གནས་པ་ནི་རྐང་ལག་བཞི་དང་མཇུག་མ་
ལེགས་པ་དང་། རླིག་པ་མདོམས་ཀྱི་ནང་ན་འདུག་པ་དང་། སྣ་ལེགས་པར་གནས་པའོ། །རལ་གྲི་ཉེ་བའི་རིན་པོ་ཆེ་ནི། ཡུལ་འཁོར་གཞན་དུ་རལ་གྲི་རང་སོང་སྟེ་མི་འདེབས་པར་མཐོང་བ་ཙམ་གྱིས་ཐམས་ཅད་རྒྱལ་པོའི་བཀའ་ཉན་པའོ། །པགས་པ་ནི་རྒྱ་མཚོའི་ཀླུའི་པགས་པ་ཡིན་ཏེ། ཞེང་
དཔག་ཚད་ལྔ་ཆུར་དཔག་ཚད་བཅུ་སྟེ། ཀླུ་རྣམས་ཀྱིས་རྒྱལ་པོ་ལ་འབུལ། གྲང་ན་དྲོ་བར་བྱེད། དྲོ་ན་བསིལ་བར་བྱེད། བུད་མེད་མི་སྡུག་པ་མཐོང་བར་མི་བྱེད་དོ། །མལ་ཆ་ནི་མདོར་ན་དེར་ཉལ་ན་སེམས་ལས་སུ་རུང་བར་འགྱུར་རོ། །ཚལ་ནི་རྒྱལ་པོ་དེར་ཞུགས་པ་ན་ལྷའི་བྱ་བ་ལ་སོགས་པ་འདུ་བའོ།
ཁྱིམ་ནི་གྲང་དྲོ་རན་ཐུན་ཚོད་གང་ལ་དགེ་བ་བྱ་བ་དེའི་དུས་སུ་སད་པར་འགྱུར་རོ། །གོས་ནི་མེ་ལ་སོགས་པས་མི་རྫི་དུ་བ་མེད་པའོ། །ལྷམ་ནི་ཆུ་ལ་ཡང་མི་འབྱིང་དལ་གྱིས་འགྲོ་ན་ཡང་དཔག་ཚད་བརྒྱར་ཕྱིན་པའོ། །གཉེན་པ་དག་ལ་དགའ་མེད་ཅིང་། །མཁས་པ་དག་ལ་ལྟ་འདོད་ལ། །ཁྱིམ་གྱི་སྐྱོན་
ལས་ངེས་འབྱུང་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གླུ་དང་ག་ར་ལ་མི་ལྟ་ཞིང་། །ཉེས་ཚོགས་རྣམས་ལ་ཆགས་མེད་པ། །གང་དག་དུར་ཁོང་དགའ་བྱེད་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དེ་ལ་མི་དགེ་བའི་ལས་ཀྱིས་ནི་སེམས་ཅན་དམྱལ་བ་རྣམས་སུའོ། །དགེ་བས་ནི་ལྷ་རྣམས་སུའོ། །འདྲེན་
เล่ม ๒๐๔ · หน้า 368a
མས་ནི་མི་རྣམས་སུ་སྐྱེའོ། །རྒྱལ་པོའི་ཆད་པས་ཉན་པ་དང་། བླ་མ་དང་ཕ་མ་དང་། འཕགས་པའི་ནད་པ་ལྟོགས་པ་དག་གི་དོན་དུ་མ་བྱིན་པར་ལེན་པ་ན་འབྲས་བུ་ཆུང་བ་ཡིན། དཀོན་མཆོག་གསུམ་ལས་མ་བྱིན་པར་བླངས་པ་དེ་དག་ལས་ཀྱང་། སངས་རྒྱས་དང་
ཆོས་ཀྱི་ནི་རིས་མཐུན་པར་སླར་ཕུལ་ན་དག་པར་འགྱུར་ལ། དགེ་འདུན་གྱིས་བརྐུས་པ་ནི་ཚོར་བ་མ་མྱོང་བ་དག་པར་འགྱུར་བ་མེད་དོ། །མ་བྱིན་པར་ལེན་པའི་སྡོམ་པ་མ་བླངས་པས་མ་བྱིན་པར་བླངས་པ་འདི་ནི་རྣམ་པར་སྨིན་པ་ཆུང་བ་ཡིན་ནོ། །དེ་ཡི་ལས་ནི་རྣམ་གསུམ་གྱིས། །གནས་སྐབས་
དག་ཏུ་འཚོ་བྱེད་ཅིང་། །རྣམ་པར་སྨིན་པ་བཞི་བཅུ་ཐམ། །དྲག་པོ་དག་ཏུ་གཡོས་པར་འགྱུར། །དོན་མེད་གཞི་ནི་ཆང་ཡིན་ནོ། །སེམས་ཅན་དམྱལ་བའི་བཞད་གད་པ། །དབང་པོ་ཐམས་ཅད་རྣམ་ཉམས་ཤིང་། །དོན་མེད་པ་ཡི་རྒྱུར་གྱུར་ཏོ། །ཚིག་ལ་ཤིན་ཏུ་དགའ་བ་དང་། །ཆགས་པ་
དང་ནི་འཇིག་པ་དང་། །ངག་གི་སྐྱོན་དང་རློམ་པ་དང་། །ཚིག་རྩུབ་བཞི་ནི་དེ་བཞིན་ནོ། །ཆང་གིས་ཀུན་དུ་གཡེངས་པའི་ཡིད། །བྱ་དང་མི་བྱ་མི་ཤེས་པ། །མི་དེ་ཕྱུགས་དང་མཚུངས་པ་ཡིན། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཆང་གིས་གཡེངས་པའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་
མཚུངས། །གང་ཞིག་རྟག་ཏུ་གསོན་འདོད་པས། །རྟག་པར་ཆང་ནི་རྣམ་པར་སྤོངས། །ཆང་ནི་ཉེས་པ་ཀུན་གྱི་གཞི། །རྟག་པར་དོན་ཀུན་མེད་པར་བྱེད། །ངན་སོང་ཀུན་གྱི་ཐེམ་སྐས་ཏེ། །མུན་ནག་གནས་ནི་ཆེན་པོ་ཡིན། །ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དགས་
འཇིག་རྟེན་དང་། །ཆང་གིས་སྐྱོན་གྱིས་བསླུས་པ་ཡིན། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་ན་དུག་ནི་ཆང་། །དེ་བཞིན་དམྱལ་བའི་ནང་ན་དམྱལ། །ནད་ཀྱི་ནང་ན་ནད་མཆོག་ནི། །ཆོས་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང་། །རིན་ཆེན་ཆོས་ནི་ཟད་བྱེད་
ལ། །ཚངས་པར་སྤྱོད་པ་འཇིག་བྱེད་པ། །མི་ཟད་ཆང་ནི་སྐྱེ་གནས་གཅིག །རྒྱལ་པོ་དང་ནི་བསྟན་བཅོས་མཁས། །ཆང་གིས་སྡོང་པར་བྱེད་འགྱུར་ན། །ཐ་མལ་མི་དག་ཆང་འཐུང་བ། བསླུས་པར་འགྱུར་བ་ཅི་ཞིག་སྨོས། །ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟ་རེ་ཡིན།
เล่ม ๒๐๔ · หน้า 368b
ངོ་ཚ་མེད་པར་བྱེད་པའི་མཆོག །སྤོང་བ་དག་ཏུ་ཉེ་བར་བསྟན། །ཆང་གིས་ཕྲོགས་པར་གྱུར་པའི་སེམས། །བྱ་བ་དང་ནི་མི་བྱ་བ། །མི་ཤེས་རྣམ་པར་མི་ཤེས་ཤིང་། །ཐམས་ཅད་མི་ཡིས་མི་ཤེས་སོ། །གང་ཞིག་ཆང་ལ་བརྟེན་བྱེད་པ། །སྐྱེ་བོ་རེས་འགའ་དགའ་བྱེད་ཅིང་། །རེས་འགའ་ཡོངས་
སུ་གདུང་བྱེད་ལ། །རེས་འགའ་སྡིག་པ་བྱེད་ལ་ཡིན། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་བའི་ཆོས་ལ་མེ་ལྟ་བུར། །སྲོག་བྱེད་ཁོ་ན་ཆང་ཡིན་ནོ། །མི་གང་དག་ནི་ཆང་སྤོང་བ། །ཆོས་ཀྱི་ངང་ཚུལ་མཉམ་པར་གཞག །གང་ན་འཆི་བ་མེད་པ་ཡིན། །
གནས་མཆོག་དག་ཏུ་དེ་འགྲོའོ། །ཆང་འཐུང་པ་ཡིས་བསླུས་པ་དག །དེ་ནི་བྱེད་པ་དམན་པ་ཡིན། །མི་བཟོད་སེམས་ཅན་དམྱལ་བར་ལྟུང་། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །འཐུང་བའི་ཚེ་ན་ཆང་ཞིམ་སྟེ། །རྣམ་སྨིན་ཚེ་ན་མཆོག་ཏུ་ཚ། །ཀིམ་པ་ཀ་ནང་ཀིམ་པ་ཀ །ཆང་ཞེས་མཁས་པ་རྣམས་
ཀྱིས་བཤད། །བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མ་རྟོན། །མྱངས་ན་བསིལ་ཡང་རྣམ་སྨིན་ཚ། །ཆང་ནི་དམྱལ་བར་འགྲོ་བར་བྱེད། །སྡིག་པའི་ཆོས་རྣམས་བྱེད་པ་ལ། །སེམས་གཡེང་བ་དག་དགའ་བར་བྱེད། །ཕྱི་ནས་རྣམ་སྨིན་ཚ་བ་རུ། །བློ་ངན་ཡོངས་སུ་གདུང་བར་
འགྱུར། །འདོད་པ་རྣམས་ལ་བློ་མི་གཏད། །འདོད་པ་མཆོག་ཏུ་སླུ་བ་ཡིན། །འཁོར་བའི་འཆིང་བ་དྲག་པོ་སྟེ། །སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ། །གང་ཞིག་འདོད་པ་རྣམས་ལ་དགའ། །དེ་ཡི་སྡུག་བསྔལ་མཐའ་མེད་དོ། །འདོད་པའི་སྤྲུལ་གྱིས་ཟིན་པ་ལ། །བདེ་བ་ནམས་ཀྱང་ག་ལ་
ཡོད། །ཁྱེད་ཅག་འདོད་པ་མི་བཟད་ཅིང་། །དྲག་པོ་སེམས་ཅན་དམྱལ་བར་འོངས། །གནོད་པ་ཤིན་ཏུ་མི་བཟད་ལ། །དོན་མེད་ཅི་ཞིག་ཡོངས་སུ་གདུང་། །གང་ཚེ་འདོད་པས་བསླུས་པ་ཡི། །ཁྱེད་ཅག་གིས་ནི་སྡིག་བྱས་པ། །དེ་ཚེ་ཅི་ཕྱིར་ཁྲོ་མི་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་གདུང་། །
བྱས་པ་བསགས་པ་བརྟན་པ་ཡི། །ལས་དག་གི་ནི་འབྲས་བུ་སྣང་། །སྡིག་པའི་ཚོར་བ་མི་བཟད་པས། །དེ་ལྟ་བས་ན་སྡིག་མི་བྱ། །སྡིག་པ་སྡིག་པའི་རྣམ་སྨིན་ནི། །རྟག་ཏུ་ངན་སོང་རྣམས་སུ་སྨིན། །སྡིག་མི་བྱེད་ལ་སྡིག་མེད་དོ། །དེ་ལྟ་བས་ན་སྡིག་པ་སྤོངས། །སྡིག་པ་ཡོངས་སུ་སྤངས་པ་
เล่ม ๒๐๔ · หน้า 369a
ལ། །སྡིག་པའི་རྣམ་སྨིན་མེད་པ་ཡིན། །སྡིག་པ་རང་གིས་བྱས་པ་གནོད། །གཞན་གྱིས་སྤྱོད་པར་མི་འགྱུར་རོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་རིང་བསྲེལ་གསོ་བ་དང་། མཆོད་རྟེན་རྩིག་པར་འབྱུང་བ་དང་། བཅོམ་
ལྡན་འདས་ཀྱིས་དགའ་བོ་དང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་གནས་ཀྱི་སྟེང་ངམ། མིའི་འཇིག་རྟེན་ན་སེམས་ཅན་གྱིས་ངའི་སྐུ་གདུང་ལག་ཏུ་ཐོབ་སྟེ། མྱ་ངན་དང་དགའ་བ་དང་བཅས་པ་བས་བསྟི་སྟོང་དུ་ཕྱག་འཚལ་ཏེ། དད་པའི་སེམས་ཀྱིས་མཆོད་པ་བྱས་ན་བསོད་ནམས་
ཚད་མེད་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །དགའ་བོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་མཐོང་ན་དེས་ནི་སངས་རྒྱས་མཐོང་ངོ་། །སངས་རྒྱས་མཐོང་བ་དེས་ནི་ཆོས་མཐོང་ངོ་། །ཆོས་མཐོང་བ་དེས་ནི་དགེ་འདུན་མཐོང་ངོ་། །དགེ་འདུན་མཐོང་བ་དེས་ནི་མྱ་ངན་ལས་འདས་པ་མཐོང་
ངོ་། །དགའ་བོ་དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ་བརྟེན་པ་མི་འགྱུར་མི་འཕོ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་གནས་སུ་འགྱུར་བར་རིག་པར་བྱའོ། །དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་བདག་
ཅག་གིས་ཆོ་ག་གང་དང་སྦྱར་ཏེ། དེ་བཞིན་གཤེགས་པའི་སྐུ་ཞུགས་ལ་བཞེན་ན། སྐུ་གདུང་ཐོབ་ཅིང་དད་པས་མཆོད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་ཁྱེད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐབས་སུ་སྲེག་ཤིག་
དགའ་བོས་ཡང་གསོལ་བ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲེག་བའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཤི་ནས་ཞག་བདུན་གྱི་བར་དུ་འཇོག་སྟེ། གདོད་ལྕགས་ཀྱི་སྒྲོམ་གྱི་ནང་དུ་འཛུད་དོ། །སྒྲོམ་དུ་བཅུག་
ནས། འབྲུ་མར་བསུང་ཅན་གྱིས་སྒྲོམ་གྱི་ནང་བཀང་ནས། ཁ་ལེགས་པར་བཅད་དེ་ཡང་ཞག་བདུན་དུ་འཇོག་གོ། །དེ་ནས་སྒྲོམ་ནས་ཕྱུང་སྟེ་སྤོས་ཆུས་བཀྲུའོ། །སྤོས་ཆུས་བཀྲུས་ནས་བདུག་སྤོས་ཀྱིས་མཆོད་ཅིང་གཏམས་ལ། ཤིང་བལ་གྱིས་ལུས་ཀུན་དཀྲིའོ། །ཤིང་བལ་གྱིས་དཀྲིས་པའི་སྟེང་དུ་
เล่ม ๒๐๔ · หน้า 369b
རས་དཀར་པོ་བཟང་པོ་ཡུག་སྟོང་གིས་མཐར་ཆགས་སུ་དཀྲིའོ། །དེ་ལྟར་དཀྲིས་ནས་སྒྲོམ་གྱི་ནང་འབྲུ་མར་བསུང་ཅན་གྱིས་བཀང་སྟེ། རྒྱལ་པོའི་རུས་བུ་ཕྱིར་སྒྲོམ་དུ་བཅུག་ལ་སྒྲོམ་གྱི་ཁ་ལེགས་པར་བཅད་དོ། །ཤིང་བསུང་ཅན་གྱི་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟའི་སྟེང་དུ་དྲངས་ཏེ། ཤིང་རྟའི་ངོས་
བཞི་ཡང་རྒྱན་འཕྱང་ཞིང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀྱང་ཤིང་རྟ་བཀྲའོ། །གྲངས་མེད་པའི་མེ་ཏོག་དང་། བ་དན་དང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་དང་། རྒྱལ་མཚན་དང་སྤོས་བཟང་པོ་སྣ་ཚོགས་དང་ལྷའི་རོལ་མོས་བསྐོར་ཅིང་མཆོད་པ་བྱའོ། །དེ་ནས་ཤིང་བསུང་ཅན་ཕྱིན་རི་མོ་དང་
ལྡན་པ་དང་། མར་བསུང་ཅན་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རུས་བུ་བསྲེག་གོ། །དེ་ལྟར་བསྲེགས་ནས་རིང་བསྲེལ་བསྡུས་ཏེ། གྲོང་ཁྱེར་ཆེན་པོའི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་སྒོ་བཞི་དོད་པར་བྱས་ཏེ། རིང་བསྲེལ་དེའི་ནང་དུ་བཞག་ལ། འཇིག་རྟེན་དུ་བཅས་པ་
ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བས་བལྟར་གཞུག་གོ། །དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཅུང་ཟད་ཅིག་གིས་རྒྱལ་པོའི་ཐབས་ཐོབ་ཀྱང་སྲིད་པ་ལས་རྣམ་པར་མ་གྲོལ་འདོད་པ་ལྔ་དང་བསྟེན་ཏེ། བཙུན་མོ་དང་ཕོ་བྲང་གི་སླས་སུ་བཅས། ངན་པར་ལྟ་བ་དང་། གདུག་
པ་གསུམ་དུ་བཅས། ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་བ་སྤུའི་ཉག་མ་ཙམ་ཡང་མ་སྤངས་པ། ཤི་ནས་འཇིག་རྟེན་དུ་བཅས་པས་དེ་ལྟ་བུའི་ཆོ་ག་བྱེད་ཅིང་མཆོད་རྟེན་བརྩིགས་ནས། ཐམས་ཅད་རྗེས་སུ་ཡི་རང་ཞིང་ལྟ་ན། དགའ་བོ་དེ་བཞིན་གཤེགས་པ་ལ་ཅི་སྨོས་ཏེ།
བསྐལ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་གྲངས་མེད་པ་ནས། བཙུན་མོ་དང་ཕོ་བྲང་གི་སླས་དང་འདོད་པ་ལྔ་ཡོངས་སུ་སྤངས་ཏེ། འཇིག་རྟེན་གྱི་ཆོས་ལ་བ་མོའམ་སེར་བ་ལྟ་བུར་རྟོགས་ནས་བརྩོན་དཀའ་བ་བརྒལ་ཏེ། ཤིན་ཏུ་སྤྱོད་དཀའ་བ་སྤྱད་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་
ཀྱིས་འཇིག་རྟེན་ལས་འདའ་བའི་སྤྱོད་དཀའ་བ་སྤྱད་དེ། ཕྱོགས་བཅུ་ན་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་
เล่ม ๒๐๔ · หน้า 370a
མ་བསྒྲུབས་པ་གང་ཡང་མེད་ལ། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སྙིང་རྗེ་ཆེན་པོ་དང་མི་འཇིགས་པ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། སྟོང་པ་བཅོ་བརྒྱད་དང་། མངོན་པར་ཤེས་པ་དྲུག་དང་། སྤྱན་ལྔ་དང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་
བདུན་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚེ་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སྤྱོད་དཀའ་བ་ཐམས་
ཅད་དང་། དགེ་བ་བསྡུ་བའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་དང་། སྡོམ་པའི་ཁྲིམས་དང་། ཡོན་ཏན་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། རྒྱན་ཐམས་ཅད་དང་། སྨོན་ལམ་ཆེན་པོ་ཐམས་ཅད་དང་། ཐབས་ལ་མཁས་པ་ཐམས་ཅད་དང་། དེ་ལ་སོགས་
ཏེ་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་། ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་སྟེ། མི་དགེ་བ་ཐམས་ཅད་ཡོངས་སུ་བཅད། ཉོན་མོངས་པ་ཐམས་ཅད་ཀྱང་ཡོངས་སུ་བཅད། ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་ཡོངས་སུ་བཅད་དེ།
བདེན་པ་བཞི་དང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཤིན་ཏུ་རྟོགས་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་བཞི་བཏུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་ནས། དེ་ལྟ་བུའི་དམ་པའི་ཆོས་ཐམས་ཅད་ནན་ཏན་བྱས་པས། སངས་རྒྱས་ཐམས་ཅད་ཀྱི་གསུང་
མཐུན་པར་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་པས། མཐུན་པར་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་ཆོས་ཀྱི་སྐུའི་སྤྱི་བོར་དབང་བསྐུར་ཏེ། གདོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བསྒྲགས་སོ། །དེ་བས་ནི་ད་
ལྟར་ལྷ་དང་མི་རྣམས་ཀྱི་སྟོན་པ་སྟེ། ཕྱོགས་བཅུར་རྣམ་པར་སངས་རྒྱས་པ་མཐར་ཕྱིན་པ། བཅོམ་ལྡན་འདས་ཞེས་བྱ་བ་སྟེ་ལྷ་དང་མིའི་ནང་ན་དཔེ་ཟླ་མེད་པ་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་པས། དེ་བཞིན་གཤེགས་པ་ཡང་
เล่ม ๒๐๔ · หน้า 370b
དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། འཇིག་རྟེན་ལ་ཐུགས་བརྩེ་བའི་མཛད་པ་ཀུན་མཛད་
ནས། སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདས་ན། འཇིག་རྟེན་གྱི་ཆོས་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་བྱེད་པར་འགྱུར་བར་བྱའོ། །དགའ་བོ་ང་མྱ་ངན་ལས་འདས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་ཞག་བདུན་གྱི་བར་
དུ་ཞོག་ལ། གདོད་ལྕགས་ཀྱི་སྒྲོམ་བུར་ཆུག་ཅིག །ལྕགས་ཀྱི་སྒྲོམ་བུར་བཅུག་ནས་མར་བསུང་ཅན་གྱིས་ཁོང་ལ། ཁ་ལེགས་པར་ཆོད་ཅིག །སྒྲོམ་ཡང་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་སྤྲས་ཞིང་བརྒྱན་ལ། སྒྲོམ་འཁོར་བར་རིན་པོ་ཆེའི་རྒྱལ་མཚན་དང་། སྤོས་དང་མེ་
ཏོག་གིས་མཆོད་པ་གྱིས་ཤིག །དེ་ལྟ་བུར་ཞག་བདུན་དུ་མཆོད་ནས། སྒྲོམ་ནས་ཕྱུང་ལ་སྤོས་ཆུས་ལེགས་པར་ཁྲུས་ཤིག །དེ་ལྟར་སྤོས་ཆུས་དེ་བཞིན་གཤེགས་པ་སྐུ་ལེགས་པར་བཀྲུས་ནས་ཤིང་བལ་གྱིས་སྐུ་ལེགས་པར་དཀྲི་ཞིང་། དེའི་སྟེང་དུ་རིན་ཐང་མེད་
པའི་རས་དཀར་པོ་ཡུག་སྟོང་གིས་དཀྲི་ཞིང་། དེ་ལྟར་དཀྲིས་ནས་ཕྱིས་ལྕགས་ཀྱི་སྒྲོམ་དུ་ཆུག་ལ། མར་བསུང་ཅན་གྱིས་བཀང་སྟེ། ཁ་ལེགས་པར་ཆོད་ཅིག །དེ་ནས་གོར་ཤི་ཤ་ཙནྡན་དང་། ཨ་ཀ་རུ་དང་། ཤིང་བསུང་ཅན་ཐམས་ཅད་དང་བཅས་སྐུ་རིན་པོ་ཆེ་སྣ་བདུན་གྱི་ཤིང་
རྟའི་སྟེང་དུ་བཞག་སྟེ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་ཏེ་སྲེག་པའི་གནས་སུ་དྲངས་ཤིག །རིན་པོ་ཆེའི་རྒྱལ་མཚན་གྲངས་མེད་པ་དང་། རིན་པོ་ཆེའི་གདུགས་གྲངས་མེད་པ་དང་། རིན་པོ་ཆེའི་གོས་གྲངས་མེད་པ་དང་། གྲངས་མེད་པའི་རོལ་མོ་དང་། གྲངས་མེད་པའི་མེ་ཏོག་དང་།
སྤོས་ཀྱིས་ནམ་མཁའ་ཡང་གང་ཙམ་དུ་མཆོད་པ་གྱིས་ལ་དུགས་ཤིག །ལྷ་དང་མི་དང་འཁོར་ཐམས་ཅད་ཀྱིས་ནི་སྤོས་ཀྱི་ཤིང་ཙནྡན་དང་། ཨ་ཀ་རུ་དང་། མར་བསུང་ཅན་གྱིས་བསྲེགས་ལ་དུས་ཤིག །དེ་ལྟར་བསྲེགས་ནས་ལྷ་དང་མི་དང་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ལ། རིན་པོ་ཆེ་
เล่ม ๒๐๔ · หน้า 371a
སྣ་བདུན་གྱི་བུམ་པར་བཅུག་སྟེ། གྲོང་ཁྱེར་ཆེན་པོའི་ལམ་གྱི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བྱས་ལ་རིང་བསྲེལ་ལ་མཆོད་ན་སེམས་ཅན་དག་བསོད་ནམས་ཆེན་པོ་ཐོབ་ཅིང་། སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་
པར་འགྱུར་རོ། །དགའ་བོ་འཁོར་རྣམ་པ་བཞི་པོས། སངས་རྒྱས་ཀྱི་སྐུ་གདུང་གི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བྱས་ནས། གཞན་ཡང་མཆོད་རྟེན་གསུམ་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་སངས་རྒྱས་ཀྱི་མཆོད་རྟེན་དང་། དགྲ་བཅོམ་པའི་མཆོད་རྟེན་དང་། འཁོར་ལོས་སྒྱུར་
བའི་རྒྱལ་པོའི་མཆོད་རྟེན་ཏེ། འཇིག་རྟེན་དུ་བཅས་པས་སྐྱབས་སུ་འགྲོ་བའི་གནས་ཤེས་པར་བྱ་བའི་ཕྱིར་རོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ན་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ། སྟོབས་བཅུ་དང་། ཐུགས་རྗེ་ཆེན་པོ་དང་།
མི་བསྙེངས་པ་བཅུ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་བདེན་པ་བཞི་དང་རྣམ་པར་ཐར་པའི་སྒོ་གསུམ་དང་། ཚངས་པའི་དབྱངས་རྣམ་པ་བརྒྱད་ཀྱིས་ཁམས་གསུམ་དུ་བསྒྲགས་པ་དང་། ཁ་དོག་རྣམ་པ་ལྔ་དང་ལྡན་པའི་བྱམས་པའི་འོད་ཀྱིས་ལམ་རྒྱུད་དྲུག་སྣང་བ་མཛད་ནས་སེམས་
ཅན་གྱི་བསམ་པ་བཞིན་དུལ་ལ་ནི་འབྲས་བུ་བཞི་དང་། ཐེག་པ་གཉིས་ལ་སྤྱོད་པར་གྱུར། ལ་ལ་ནི་ཟག་པ་མེད་པའི་འདུས་མ་བྱས་པའི་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར། ལ་ལ་ནི་འགོག་པ་མི་སྐྱེ་བའི་བྱང་ཆུབ་ཀྱི་ས་ནོན་པར་གྱུར། ལ་ལ་ནི་ཚད་མེད་པའི་གཟུངས་རྣམས་ཐོབ་པར་
གྱུར། ལ་ལ་ནི་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ་པར་གྱུར། ལ་ལ་ནི་ངན་སོང་གསུམ་ལས་ཐར་བར་གྱུར། ལ་ལ་ནི་མི་ཁོམ་པ་བརྒྱད་དང་བྲལ་བར་གྱུར། ལ་ལ་ནི་ལྷ་དང་མིའི་འཇིག་རྟེན་གསུམ་གྱི་སྡུག་བསྔལ་དང་བྲལ་བར་གྱུར་ཏོ། །དེ་བཞིན་གཤེགས་པའི་བྱམས་པའི་ཤུགས་རྣམ་
པར་དག་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཆོས་ཀྱི་གཞུང་བསམ་གྱིས་མི་ཁྱབ་པས་མྱ་ངན་ལས་འདའ་བའི་བར་དུ། འཇིག་རྟེན་དུ་བཅས་པ་ལྷ་དང་མི་དང་འཁོར་རྣམ་བཞིས་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་ཆེན་པོ་ཐོབ་ཅིང་སོ་
เล่ม ๒๐๔ · หน้า 371b
སོའི་སྐྱེ་བོ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་ཅིང་ཡང་དག་པའི་རྣམ་པར་གྲོལ་བ་ལ་འཇུག་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་མྱ་ངན་ལས་འདས་ན། འཇིག་རྟེན་དུ་བཅས་པ་ལྷ་དང་མི་དང་འཁོར་ཐམས་ཅད་ཀྱིས་སངས་རྒྱས་མཛད་པའི་དྲིན་ཆེན་པོ་དང་བྱམས་པ་ཚད་མ་
མཆིས་པ་རྗེས་སུ་གཟུང་བའི་སླད་དུ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བགྱིད་ཅིང་། རིང་བསྲེལ་ལ་མཆོད་པ་བགྱིད་པ་ནི་འོས་ན། བཅོམ་ལྡན་འདས་མཆོད་རྟེན་རྣམ་པ་གསུམ་པོ་བགྱིས་པས་སེམས་ཅན་རྣམས་ལ་སྨན་པ་ཅི་མཆིས་ན། མཆོད་རྟེན་བགྱིད་ཅིང་མཆོད་པ་བགྱིད། །
བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རང་སངས་རྒྱས་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཤིན་ཏུ་ཟབ་མོ་རྟོགས་ནས། སྲིད་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་ནས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་གྱུར་ཏེ། །དེ་བས་ན་
མཆོད་རྟེན་བྱས་ཏེ། མཆོད་ན་བསོད་ནམས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་འོག་ཏུ་འགྲོ་བ་མང་པོ་འབྲས་བུ་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །དགའ་བོ་དགྲ་བཅོམ་པ་ནི་སྐྱེ་བོའི་ཕྱོགས་ཟད་དེ་སྲིད་པ་ཕྱི་མ་མི་ལེན་ལ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་འཇིག་རྟེན་
གྱི་བསོད་ནམས་ཀྱི་ཞིང་དུ་གྱུར་ཏེ། དེ་བས་ན་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་ཐོབ་པ་ནི་རང་སངས་རྒྱས་ཀྱི་འོག་ཏུ་དེ་མང་སྟེ། དེས་ཀྱང་འགྲོ་བ་རྣམ་པར་གྲོལ་བར་བྱེད་དོ། །དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཁམས་གསུམ་གྱི་ཉོན་མོངས་པ་ལས་རྣམ་པར་
མ་གྲོལ་མོད་ཀྱི། བསོད་ནམས་ཀྱི་ཤུགས་ཀྱིས་གླིང་བཞི་ལ་དབང་སྟེ་དགེ་བ་བཅུའི་ལས་ཀྱིས་སེམས་ཅན་ཇི་སྲིད་བྱེད་པས་སེམས་ཅན་དེ་དག་གིས་བཀུར་སྟིའི་གནས་ཡིན་ཏེ། དེ་བས་ན་འཁོར་རྣམ་བཞིས་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་
རོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་མྱ་ངན་ལས་འདས་ནས། བདག་ཅག་འཁོར་རྣམ་བཞིས་གང་དུ་དེ་བཞིན་གཤེགས་པའི་སྐུ་ཞུགས་ལ་བཞེན་ན། དེ་བཞིན་གཤེགས་པའི་རིང་བསྲེལ་ཐོབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ།
เล่ม ๒๐๔ · หน้า 372a
བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ནས། འཁོར་རྣམ་བཞིས་གལ་ཏེ་རྩྭ་མཆོག་གི་གྲོང་ཁྱེར་གྱི་ནང་དུ་ང་བསྲེགས་ན། གྲོང་ཁྱེར་དེའི་མི་དག་རྒྱལ་པོའི་ལས་ཀྱི་ཆད་པ་དང་། རྩོད་པ་ཚད་མེད་
པ་འབྱུང་སྟེ། ཐམས་ཅད་ཀྱིས་བསོད་ནམས་མཉམ་པར་མི་འཐོབ་བོ། །དགའ་བོ་གལ་ཏེ་འཁོར་རྣམ་བཞིས་གྲོང་ཁྱེར་གྱི་ཕྱི་རོལ་ན་བསྲེགས་ན། འཇིག་རྟེན་དག་བསོད་ནམས་མཉམ་པར་འཐོབ་པོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་
མྱ་ངན་ལས་འདས་ནས་ཞུགས་ལ་བཞེན་པའི་འོག་ཏུ་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེའི་བུམ་པར་སྩལ་ནས། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གང་དུ་བརྩིགས་ན་ཐམས་ཅད་དད་པའི་སེམས་སྐྱེ་ཞིང་མཆོད་པར་འགྱུར་བ་བཅོམ་ལྡན་འདས་
ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ཏེ། བསྲེགས་ནས་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེ་སྣ་བདུན་གྱི་བུམ་པར་ཆུག་ལ་རྩྭ་མཆོག་གི་གྲོང་ཁྱེར་གྱི་ནང་ལམ་གྱི་བཞི་མདོར་རིན་
པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་བང་རིམ་གསུམ་དང་ལྡན་པ་འཕང་ལོ་དང་བཅས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྲས་པ། འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོག་ཏུ་བྱ་བའི་བ་དན་གྱིས་ཤིན་ཏུ་བརྒྱན་པ། ངོས་བཞིའི་པུ་ཤུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་
པ་ཐམས་ཅད་དུ་རྒྱན་གྱིས་རབ་ཏུ་སྤྲས་པ། མཆོད་རྟེན་དེའི་རིམ་པ་གཅིག་ནི་ཡང་ངོས་བཞིར་སྒོ་རེ་རེར་བཏོད་པ། སྐར་ཁུང་ཐད་ཀར་འབར་བའི་ནང་དུ་རིན་པོ་ཆེའི་བུམ་པ་བཅུག་སྟེ། འཁོར་རྣམ་བཞིས་མཆོད་པར་བྱའོ། །དགའ་བོ་རང་སངས་རྒྱས་ཀྱི་མཆོད་རྟེན་ནི་རིམ་པ་
བཅུ་གཅིག་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །དགའ་བོ་དགྲ་བཅོམ་པའི་མཆོད་རྟེན་ནི་རིམ་པ་བཞི་དང་ལྡན་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའོ། །དགའ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཆོད་རྟེན་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ།
เล่ม ๒๐๔ · หน้า 372b
རིམ་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་གྱི་སྲིད་པའི་སྡུག་བསྔལ་ལས་མ་གྲོལ་བའི་ཕྱིར་རོ། །དེའི་ཚེ་མ་འགགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་ཏེ་ཞུགས་ལ་བཞིན་ན། ལྷ་དང་མི་དང་འཁོར་རྣམ་
བཞིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཇི་ལྟར་བགོས་ན་ཐམས་ཅད་ཀྱིས་མཆོད་པར་འགྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་འགགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མྱ་ངན་ལས་འདས་ནས་ལྷ་དང་མི་ལ་སོགས་པས་སངས་རྒྱས་ཀྱི་རིང་བསྲེལ་བསྡུས་ཏེ། ཤིན་ཏུ་མཉམ་
པར་སེམས་ཀྱིས་ཁམས་གསུམ་དང་རྒྱུད་དྲུག་པ་ཐམས་ཅད་ལ་ཡང་བགོས་ཏེ། མཆོད་པ་བྱེད་པར་འགྱུར་བར་བྱའོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་
པའི་རིང་བསྲེལ་གྱི་ཕྱེད་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ཏེ། དེ་བས་ན་ཁྱེད་རིང་བསྲེལ་གྱི་ཕྱེད་འདོད་དོ་ཞེས་མ་ཟེར་
ཅིག །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་སྙོམས་པར་མཛད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་ཕྱུག་ལ་བཀའ་སྩལ་བ། ངས་ཁྱོད་ལ་འགྲམ་པ་གཡས་པའི་ཚེམས་མཆེ་བ་གཅིག་སྦྱིན་གྱིས། ཁྱོད་ཀྱིས་ལྷའི་འཇིག་རྟེན་དུ་མཆོད་རྟེན་
བྱོས་ལ་མཆོད་ཅིག་དང་། ཁྱོད་ཀྱིས་བསོད་ནམས་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། །དེའི་ཚེ་ན་ལྷ་དང་མི་ཐམས་ཅད་ཆོ་ངེས་འདེབས་ཤིང་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་པ་ལ་ལྷ་དང་མི་ལ་སོགས་པ་ཁྱེད་མྱ་ངན་མ་བྱེད་
ཅིག །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ཀྱང་རིང་བསྲེལ་དག་མཆོད་དུ་ཡོད་ལ། གཞན་ཡང་བླ་ན་མེད་པའི་སངས་རྒྱས་དཀོན་མཆོག་མདོ་སྡེ་དང་འདུལ་བ་དང་། ཆོས་མངོན་པ་ཡོད་དོ། །དེ་བས་དཀོན་མཆོག་གསུམ་དང་བདེན་པ་བཞི་རྟག་ཏུ་འཇིག་རྟེན་ན་ཡོད་དོ། །སེམས་
เล่ม ๒๐๔ · หน้า 373a
ཅན་དག་དད་པས་མཆོད་པའི་གནས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིང་བསྲེལ་ལ་མཆོད་པ་སངས་རྒྱས་དཀོན་མཆོག་ཡིན་ནོ། །སངས་རྒྱས་མཐོང་བ་དེས་ནི་ཆོས་ཀྱི་སྐུ་མཐོང་ངོ་། །ཆོས་མཐོང་བ་དེས་ནི་འཕགས་པ་མཐོང་ངོ་། །
འཕགས་པ་མཐོང་བ་དེས་ནི་བདེན་པ་བཞི་མཐོང་ངོ་། །བདེན་པ་བཞི་མཐོང་བ་དེས་ནི་མྱ་ངན་ལས་འདའ་བ་མཐོང་ངོ་། །དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ། གནས་པ་མི་འགྱུར་བ་མི་འཕོ་བ་སྟེ། འཇིག་རྟེན་གྱི་གནས་དང་རྟེན་དུ་འགྱུར་བར་རིག་པར་བྱའོ། །བཅོམ་
ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་སྡུག་བསྔལ་གྱིས་གདུངས་པར་གྱུར་པའི་མྱ་ངན་ཆེན་པོ་མ་བྱེད་ཅིག །ང་ནི་མྱ་ངན་ལས་འདའ་བར་གཤེགས་སུ་ངེས་ཚུལ་ཁྲིམས་སམ། གནས་སམ། རྟག་པའམ། མི་རྟག་པའམ། དཀོན་མཆོག་
གསུམ་མམ། བདེན་པ་བཞིའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལས་ཐེ་ཚོམ་དུ་གྱུར་པ་ཡོད་ན་མྱུར་དུ་དྲིས་ཤིག །འདྲི་བ་འདི་ནི་ཐ་མར་འདྲི་བ་སྟེ། །སངས་རྒྱས་མྱ་ངན་ལས་འདས་ནས་འགྱོད་པ་མེད་པར་བྱའོ་ཞེས་ལན་གསུམ་གྱི་
བར་དུ་བཀའ་སྩལ་ཏོ། །དེའི་ཚེ་འཁོར་རྣམ་བཞི་ལ་སོགས་པ་མྱ་ངན་གྱིས་ཡིད་གདུངས་ཏེ། སྐད་བརྣངས་ནས་ཡི་ཆད་པ་ཙམ་དུ་ཡིད་ལ་གཅགས་ཏེ་མྱ་ངན་གྱིས་བརྒྱལ་ལོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་མཆི་མ་ཕྱིས་ནས་ཅང་མི་སྨྲ་སྟེ་ཞུ་བ་ཡང་མེད་དོ། །དེ་ཅིའི་ཕྱིར་
ཞེ་ན། འཁོར་བཞི་པོ་འདི་དག་ཐམས་ཅད་ནི་ཚུལ་ཁྲིམས་དང་། གནས་དང་། དཀོན་མཆོག་གསུམ་དང་། བདེན་པ་བཞི་མངོན་སུམ་དུ་རྟོགས་ཏེ། ཐེ་ཚོམ་མེད་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་པོ་ལ་ཐེ་ཚོམ་མེད་པར་ཐུགས་ཀྱིས་མཁྱེན་ནས།
ལེགས་སོ་ལེགས་སོ་ཤིན་ཏུ་ལེགས་སོ། །འཁོར་བཞི་པོ་ཁྱེད་དཀོན་མཆོག་གསུམ་དང་། བདེན་པ་བཞི་ཤིན་ཏུ་རྟོགས་ཏེ། ཐེ་ཚོམ་མེད་པ་ནི་ཇི་ལྟར་ཆུ་དང་བས་དྲི་མ་བཀྲུས་པ་དང་འདྲ་སྟེ། ཁྱེད་ཀྱང་བརྩོན་འགྲུས་གྱིས་ཤིག་དང་། མྱུར་དུ་འབྱུང་བའི་ལམ་
เล่ม ๒๐๔ · หน้า 373b
ཐོབ་པར་འགྱུར་གྱིས་བརྒྱས་པ་ཙམ་དུ་མྱ་ངན་མ་བྱེད་ཅིག །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་གསེར་ལྟ་བུའི་ཕྱག་གིས་ན་བཟའ་སྦྱར་མ་བཞག་ནས་གསེར་བཙོ་མའི་ཁ་དོག་ལྟ་བུ་སེང་གེའི་མཐོང་ཀ་དཔལ་བེའུ་ཕྱུང་སྟེ། འཁོར་མང་པོ་
རྣམས་ལ་བསྟན་ནས། ལྷ་དང་མི་དང་འཁོར་མང་པོ་རྣམས་ལ་ངའི་སྐུ་ཁ་དོག་གསེར་བཙོ་མ་ལྟ་བུལ་ལྟོས་ཤིག་ཅེས་བཀའ་སྩལ་ཏོ། །དེའི་ཚེ་འཁོར་རྣམ་བཞི་དང་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་མིག་མི་འཛུམས་པར་བལྟས་པས་རབ་
ཏུ་བདེ་བ་ནི་ཇི་ལྟར་དགེ་སློང་དག་སྡོམ་པ་གསུམ་ལ་རིག་པ་དང་འདྲ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་གསེར་བཙོ་མའི་ཁ་དོག་ལྟ་བུའི་སྐུ་འཁོར་མང་པོ་ལ་བསྟན་ནས་མྱ་ངན་ལས་འདས་པ་ཆེན་པོའི་འོད་ཟེར་ཚད་མེད་དཔག་ཏུ་མེད་པ་ཁྲག་ཁྲིག་བརྒྱ་སྟོང་སྙེད་བཀྱེ་ནས།
ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས། ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་ཏོ། །དེ་ལྟར་འོད་བཀྱེ་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་ཁྱོད་ཀྱི་ཕྱིར་བསྐལ་པ་གྲངས་མེད་པའི་བར་དུ་ཤིན་ཏུ་སྤྱོད་དཀའ་བ་
སྤྱད་དེ། ལུས་ཀྱི་ཡན་ལག་དང་། རྐང་པ་ཡང་གཏུབས་ནས་ཤིན་ཏུ་སྤྱོད་དཀའ་བ་ཐམས་ཅད་སྤྱད་དེ། སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་དབང་གིས་རྙོག་པ་ལྔའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། རྡོ་རྗེ་ལྟ་བུར་མི་
འཇིག་པ་གསེར་བཙོ་མའི་ཁ་དོག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཚད་མེད་པའི་འོད་ཟེར་གྱིས་ཐམས་ཅད་དུ་སྣང་བར་བྱས་པ་ཐོབ་སྟེ། འོད་ཟེར་གྱིས་རེག་གམ། སྐུ་མཐོང་བ་ཙམ་གྱིས་ཀྱང་མ་གྲོལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་
ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་འཇིག་རྟེན་དུ་གཤེགས་པ་ཤིན་ཏུ་དཀའ་བ་ནི་མེ་ཏོག་ཨུ་དུམ་བཱ་ར་དང་འདྲ་སྟེ། ཤིན་ཏུ་མཐོང་བར་དཀའོ། །ཁྱོད་ཀྱིས་ནང་གི་ཐ་མར་ངའི་སྐུ་མཐོང་བ་འདི་ལ་དོན་མེད་པར་མི་བྱའོ། །སྔོན་གྱི་སྨོན་ལམ་གྱི་མཐུས་
เล่ม ๒๐๔ · หน้า 374a
རྙེད་པའི་འཇིག་རྟེན་གྱི་ཁམས་འདིར་གཤེགས་ཏེ། དེ་ནི་གདུལ་བྱའི་དོན་མཛད་ནས་ང་མྱ་ངན་ལས་འདར་ཉེའོ། །ཁྱེད་ལ་སོགས་པ་སེམས་རྩེ་གཅིག་ཏུ་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ཤིན་ཏུ་ལྟོས་ཤིག །ཁྱེད་ཀྱང་ཡོངས་སུ་དག་པའི་ལས་ལ་ནན་ཏན་བྱས་ན། །
འབྲས་བུ་འདི་ཐོབ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་དུ་ཡང་དང་ཡང་ལན་གསུམ་གྱི་བར་དུ་བཀའ་སྩལ་ནས། གསེར་བཙོ་མ་ལྟ་བུའི་སྐུ་འཁོར་མང་པོ་རྣམས་ལ་མངོན་དུ་བསྟན་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་གྱི་གསེར་གྱི་ཁྲི་ལས་བཞེངས་ཏེ་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་
སྲིད་དུ་འཕགས་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེ་ཡ་སི། ཁྱེད་ལ་སོགས་བ་འཁོར་མང་པོ་རྣམས་བསམ་པ་ཤིན་ཏུ་དག་པས། ངའི་སྐུ་ཁ་དོག་གསེར་བཙོ་མ་ལྟ་བུ་ལ་ལྟོས་ཤིག་ཅེས་ལན་བདུན་གྱི་བར་དུ་བཀའ་སྩལ་ཏོ། །དེ་ནས་ནམ་མཁའ་ལས་
བབས་ཏེ། སེང་གེའི་ཁྲི་ལ་བཞུགས་ནས། ཡང་འཁོར་མང་པོ་རྣམས་ལ་ང་ཡོངས་སུ་མྱ་ངན་ལས་འདར་ཉེ་ཡིས་ཁྱེད་ལ་སོགས་པ་བསམ་པ་ཤིན་ཏུ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞེངས་ནས་
ནམ་མཁའ་ལ་ཤིང་ཏ་ལ་གཅིག་སྲིད་དུ་འཕགས་ནས། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེའི་ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག །དེ་བཞིན་དུ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་
ནས་ལན་བདུན་གྱི་བར་དུ་ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། །ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ཏོ། །དཀོན་མཆོག་གི་ཟ་མ་ཏོག་ལས། གང་དག་སེམས་བཤུས་ངོ་ཚ་མེད་ཅིང་ཁྲེལ་མེད་དང་། །གང་དག་
འདི་འདྲའི་ཡོན་ཏན་མེད་ཅིང་བདེན་ཚིག་མེད། །དེ་དག་སྒྲེན་མོ་བས་ཀྱང་སྒྲེན་མོར་འཇིག་རྟེན་རྒྱུ། །སྲོག་ཆགས་ཤི་བ་རྗེས་བླང་སྟེ། །འཚོ་བ་ངན་པ་དེ་ལྟ་མིན། །གཡུལ་ངོར་ཤི་བ་ལེགས་པ་སྟེ། །ཕམ་ནས་གསོན་པ་དེ་ལྟ་མིན། །སྔ་མའི་དཔུང་ལས་མི་རྒྱལ་ཏེ། །དཔའ་བོའི་
เล่ม ๒๐๔ · หน้า 374b
དཔུང་ལས་རྒྱལ་བར་འགྱུར། །ཞེས་འབྱུང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་བ་ལས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་སེམས་ཅན་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། གང་དག་གི་ཆེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སེམས་ཅན་རྣམས་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་
ཡིན་པས་དེའི་ཕྱིར་གང་དག་གི་ཆེད་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའ་བར་
འགྱུར་རོ་ཞེས་འབྱུང་བ་དང་། ཡང་རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཀྱི་འོད་དང་། སྐུ་མདོག་དང་གཟི་བརྗིད་དང་། དཔལ་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་ལྷ་དང་མི་དང་། ལྷ་
མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷ་མ་མེ། ལྷན་ནེ། ལྷང་ངེ་ཞེས་འབྱུང་བ་དང་། ཡང་རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་
เล่ม ๒๐๔ · หน้า 375a
ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དགེ་སློང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་
བསྐོར་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་དགེ་སློང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། །སུས་ཀྱང་འཇིག་རྟེན་དུ་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་འབྱུང་བ་དང་། ཡང་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐོབ་ནས། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་འཐོབ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ངེས་པར་འབྱུང་བར་འགྱུར་རོ་ཞེས་འབྱུང་། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་
เล่ม ๒๐๔ · หน้า 375b
བཤད་པ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་མེད་ཅིང་། རྨོངས་པ་མེད་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་
སུ་མི་གཏོང་བའི་ཕྱིར། འདི་ལྟར་གནས་པ་འདིས་གནས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་མི་གནས་བའི་ཚུལ་གྱིས་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དེ་དང་མ་བྲལ་བར་རིག་པར་བྱའོ། །ཤཱ་རིའི་
བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དེ་ཡིད་ལ་བྱེད་པ་དེ་དང་མ་བྲལ་བར་གནས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱང་བྱང་
ཆུབ་སེམས་དཔའ་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་སེམས་ཅན་ཐམས་ཅད་ནི་ཡིད་ལ་བྱེད་པ་དང་མ་བྲལ་བའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་
ཡང་དག་པའི་ཚིག་བརྗོད་ནས། དོན་དེ་ཉིད་ཡོངས་སུ་བཟུང་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུའི་དམིགས་སུ་ཕེབས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་ཀྱི་
ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར། ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པར་རིག་པར་བྱ་ཞིང་། སེམས་ཅན་མངོན་པར་རྫོགས་བར་འཚང་རྒྱ་བ་མེད་པའི་ཕྱིར།
ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱ་བའི་ཕྱིར་རོ་ཞེས་འབྱུང་། འཕགས་པ་སངས་རྒྱས་ཕལ་པོ་ཆེ་སྡོང་པོ་བརྒྱན་པ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་འབྱུང་བ། སོང་ཤིག་ནོར་བཟངས་དཔལ་གྱི་ཆུ་རྒྱལ་
เล่ม ๒๐๔ · หน้า 376a
དཔུང་ཤིག་ན། །མཁས་པ་རྣམས་ཀྱི་རི་རྒྱལ་གྲུ་འཛིན་མཛེས་པ་ཡོད། །རིན་ཆེན་རྒྱུས་བྱས་ཤིང་དང་ནགས་ཚལ་མེ་ཏོག་མང་། །བཟའ་ཤིང་ར་བའི་རྫིང་དང་ཆུ་བྲན་འབབ་པར་ལྡན། །དྲི་མཆོག་དེ་ལ་བརྟེན་ནས་སྤྱན་རས་
གཟིགས་ཀྱི་དབང་། །འགྲོ་བ་རྣམས་ལ་ཕན་པའི་དོན་དུ་རྣམ་པར་སྤྱོད། །དེ་གན་སོང་དང་ནོར་བཟངས་ཁྱོད་ལ་མགོན་པོ་ཡི། །ཡོན་ཏན་རྒྱ་ཆེན་ཚུལ་འཇུག་བསྟོད་པར་བྱེད། །གཡས་ཕྱོགས་བསྐོར་བ་བྱས་ཏེ་གུས་པར་སྐུར་སྟོན་ནས། །ནོར་བཟངས་ཤིན་ཏུ་དུལ་བ་ལྷོ་
ཕྱོགས་རྒྱུད་དུ་སོང་། །སྤྱན་རས་གཟིགས་དབང་དྲང་སྲོང་སྙིང་རྗེ་རྣམ་སྤྱོད་པ། །རིན་ཆེན་རི་ཡི་སུལ་ན་གནས་པར་དེས་ཀྱང་མཐོང་། །རིན་ཆེན་སྣ་ཚོགས་རྡོ་རྗེའི་རི་ཡི་སྨན་ལྗོངས་ན། །པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྟེན་པ་འདུག །ལྷ་དང་ལྷ་མིན་ཀླུ་དང་
སྲིན་པོ་མིའམ་ཅི། །རྒྱལ་བའི་སྲས་ཀྱིས་བསྐོར་ཞིང་དེ་ལ་ཆོས་ཀྱང་སྟོན། །མཐོང་ནས་ནོར་བཟངས་དགའ་བ་ཚད་མེད་སྐྱེས་པར་འགྱུར། །བསྙེན་ཏེ་ཡོན་ཏན་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ནས། །ཅི་ནས་བཟང་པོའི་སྤྱོད་པ་བདག་གིས་ཐོབ་འགྱུར་བར། །
འཕགས་པ་ཐུགས་རྗེ་བསྐྱེད་དེ་གདམས་ཤིང་བསླབ་པར་གསོལ། །བསོད་ནམས་བརྒྱ་པས་བརྒྱན་པ་དྲི་མེད་ཕྱག་བརྐྱང་སྟེ། །འོད་སྤྲིན་དྲ་བརྒྱ་ཆེན་བཟང་པོ་རབ་འཐོན་ནས། །ནོར་བཟང་སྤྱི་བོར་བཞག་སྟེ་སེམས་ཅན་རྣམ་དག་པ། །སྤྱན་རས་གཟིགས་ཀྱི་
དབང་ཕྱུག་མཁས་པས་ཚིག་འདི་སྨྲས། །སངས་རྒྱས་སྲས་པོ་ང་ནི་རྣམ་ཐར་གཅིག་སྒོ་ཤེས། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེས་སྡུག །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བསྡུ་ཕྱིར་འབྱུང་། །ཀུན་དུ་བདག་ཉིད་རང་ལ་
བྱམས་པ་བཞིན་དུ་རྒྱུ། །འགྲོ་བ་མང་པོ་ཐམས་ཅད་སྡུག་བསྔལ་ཀུན་ལས་སྐྱོབ། །གང་རྣམས་དམ་དུ་བཅིངས་ཤིང་དགྲ་ལག་ཕྱིན་པ་དང་། །ལུས་ལ་གཟིར་ཅིང་དེ་བཞིན་བཙོན་རར་བཙུད་པ་ཡང་། །ང་ཡི་མིང་ཐོས་བཅིངས་ཤིང་བཟུང་བའང་
เล่ม ๒๐๔ · หน้า 376b
ཐར་བར་འགྱུར། །རྒྱལ་པོ་དག་ལ་ཉེས་པའི་གཡོར་བྱས་བསད་སྤངས་པ། །དེ་ཚེ་དེ་དག་ང་ཡི་མིང་ཡང་དྲན་གྱུར་ན། །མདའ་འཕངས་དེ་ཡི་ལུས་ལ་ཕོག་པར་མི་འགྱུར་རོ། །མཚོན་རྣོས་བཏབ་ཀྱང་དེ་དག་མི་འཇུག་རྒལ་བར་འགྱུར། །དབང་པོའི་འཁོར་དུ་
ཕྱིན་དང་གང་རྣམས་རྩོད་འགྱུར་པ། །དགྲ་རྣམས་ཀུན་ལས་རྒྱལ་འགྱུར་གྲགས་པ་ཐོབ་པར་འགྱུར། །གྲགས་དང་གྲོགས་དང་རིགས་དང་ནོར་རྣམས་འཕེལ་བར་འགྱུར། །གང་གིས་ང་ཡི་མིང་ནི་རྗེས་སུ་དྲན་བྱས་པ། །དེ་དག་རྐུན་པོས་འཇིགས་དོགས་
དགྲས་འཇིགས་ནམ་ཕྱིན་ཏེ། །སེང་གེ་དོམ་གཟིག་གཅན་གཟན་གཡག་རྒོད་སྦྲུལ་གང་ཡང་། །དགྲ་རྣམས་ཀུན་ལས་རྒྱལ་ཞིང་འཇིགས་པ་མེད་པར་འགྱུར། །གང་རྣམས་ལ་ལས་ང་ཡི་མིང་ཞིག་དྲན་བྱས་ན། །སྡང་བའི་སེམས་རྒྱུན་ས་ཆེན་ལྟོངས་སུ་
ཐར་གྱུར་ཏམ། །སོལ་དག་ལྕི་མེ་རབ་ཏུ་འབར་གྱུར་ཀྱང་། །གང་བ་ཆུ་ཡི་གཏེར་དུ་འབྱུང་བར་འགྱུར། །ང་ཡི་མིང་ནི་སྐད་འགའ་ཡུད་ཙམ་རྗེས་དྲན་ན། །རྒྱ་མཚོའི་ཆུར་བོར་དེ་ནི་ནང་དུ་འཆི་མི་འགྱུར། །ཆུ་བོས་མི་ཁྱེར་མེ་ཡི་དབུས་སུ་འཚིག་མི་འགྱུར། །
དོན་མེད་ཀུན་དུ་མི་འགྱུར་དོན་རྣམས་གྲུབ་པར་འགྱུར། །ཤིང་སྒྲོག་དབྱིག་བཅིངས་ལྕགས་སྒྲོག་དེ་བཞིན་ལྟུང་རྣམས་དང་། །བརྙས་ཤིང་ཁྱད་བསད་དེ་བཞིན་བྲེད་ཅིང་བསླུས་པ་དང་། །སྤྱོས་ཤིང་བསྡིགས་ཏེ་གཤེ་དང་སྨ་ཕབ་རྣམ་པ་ལས། །ང་
ཡི་མིང་ཙམ་དྲན་པར་བྱས་ན་ཐར་པ་ཐོབ། །གང་རྣམས་ཤར་གཉེར་སྣ་ཚོགས་གླགས་ལྟ་ཇི་སྙེད་དང་། །གང་རྣམས་རྟག་ཏུ་ཞེ་སྡང་མི་སྙན་བརྗོད་པ་རྣམས། །ང་ཡི་མིང་ཐོས་དྲན་བྱས་སྙན་པར་བརྗོད་པར་འགྱུར། །མཐོང་བ་ཙམ་གྱི་མོད་ལ་བྱམས་
པའི་སེམས་ཀྱང་བསྐྱེད། །ང་ཡི་མིང་ཙམ་ལ་ལ་གང་གིས་དྲན་བྱས་ན། །གནོད་པའི་དོན་དུ་རོ་ལངས་སྔགས་དང་བྱེད་པ་ཡི། །དགྲ་རྣམས་རྟག་ཏུ་དེ་ཡིས་ཟིལ་གྱིས་གནོན་པར་འགྱུར། །མ་ལུས་དུག་གིས་དེ་ཡི་ལུས་ལ་མི་ཚུགས་སོ། །ལ་ལ་གང་གིས་ང་ཡི་མིང་
เล่ม ๒๐๔ · หน้า 377a
ཙམ་དྲན་བྱས་ན། །ཀླུ་དབང་སྤྲིན་ཚོགས་མཁའ་ལྡིང་ཤ་ཟ་ཐམས་ཅད་དང་། །གྲུལ་བུམ་སྲིན་པོ་འཚེ་བྱེད་གཏུམ་པའི་སེམས་ལྡན་དང་། །མདངས་འཕྲོག་འཇིགས་བྱེད་རྨི་ལམ་འོང་བཞི་བར་འགྱུར། །ང་ཡི་
མིང་ནི་སྐད་ཅིག་ཡུད་ཙམ་དྲན་བྱས་ཀྱང་། །ཕ་དང་མ་དང་གཉེན་བཤེས་མཛའ་བ་ཀུན་དང་ཡང་། །འབྲལ་བར་མི་འགྱུར་སྡང་དང་འགྲོགས་པར་དེ་བཞིན་མིན། །ནོར་ཟད་མི་འགྱུར་ཕོངས་པའི་དངོས་སུ་མི་འགྱུར་རོ། །ང་ཡི་མིང་ནི་རྗེས་སུ་ལ་
ལས་དྲན་བྱེད་ན། །འདི་ནས་ཤི་འཕོས་མནར་མེད་སེམས་དམྱལ་མི་འགྲོ་སྟེ། །བྱོལ་སོང་སྐྱེ་གནས་ཡི་དགས་མི་ཁོམ་གནས་སུ་མིན། །སེམས་ཅན་དག་པ་ལྷ་དང་མི་ཡི་གནས་སུ་སྐྱེ། །ང་ཡི་མིང་ནི་ལ་ལ་དག་གིས་དྲན་བྱས་ན། །
དམུས་ལོང་ཞར་བ་འོན་པ་ཞ་བོར་མི་འགྱུར་ཏེ། །ཐེང་པོ་ལོང་བར་མི་འགྱུར་གསལ་སྨྲ་བལྟ་སྡུག་འགྱུར། །བསྐལ་བ་བྱེ་བ་མང་པོར་དབང་པོ་ཀུན་ལྡན་འགྱུར། །ལ་ལ་གང་གིས་ངའི་རྗེས་དྲན་ན། །སེམས་ཅན་དག་པ་འདི་ནས་
ཤི་འཕོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་མཐོང་འགྱུར་དེ་དག་ཆོས་ཀྱང་ཐོས་པར་འགྱུར། །འདི་དང་དེ་བཞིན་གཞན་དག་ཐབས་མང་ཇི་སྙེད་ཀྱིས། །འགྲོ་བ་སེམས་
ཅན་ངེས་འདུལ་གཞན་དང་ཟད་ནུས་ཀྱིས། །སངས་རྒྱས་སྲས་པོ་ངས་ནི་རྣམ་ཐར་གཅིག་བསྒོམས་ཏེ། །ཡོན་ཏན་ཅན་གྱི་ཡོན་ཏན་ཐམས་ཅད་ངས་མི་ཤེས། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན། འཕགས་པ་མདོ་
སྡེ་སྣ་ཚོགས་ཀྱི་མདོ་བཏུས། གསུང་རབ་རིན་པོ་ཆེའི་གཏམ་རྒྱུད། འདུས་པ་ཤཱཀྱའི་རབས་རྒྱུད། མཁན་པོ་དཔལ་བརྩེགས་ཀྱིས་མཛད་པ་རྫོགས་སྷོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด