ตัวบทไม่มีชื่อ — ประโยคแรก: གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๔ · หน้า 325a

གཏོང་ངོ་། །སྐྱེད་པར་བྱེད་པའི་བདག་ཉིད་རྒྱུའི་རྒྱུན་ཀྱང་གཏོང་ངོ་། །ཀུན་དགའ་བོ་ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་འཇིག་པའི་ཚེ། ངའི་བསྟན་པ་ལ་དགེ་སློང་དག་ཕལ་ཆེར་ཤམ་ཐབས་དང་བླ་གོས་ལེགས་པར་མ་བགོས་པ་བཏུལ་ཏེ་

བྱོན་པ་ལྷུང་བཟེད་ཆག་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ལག་ན་འཁར་བ་ཐོགས་པ། སྣ་ལེབ་དང་ཞར་བ་དང་། ཐེང་པོ་དང་། ཞ་བོ་དང་། ལུས་ཀྱི་ཤ་ཚུགས་མ་ལེགས་པ་ནད་སྣ་ཚོགས་ཀྱིས་བཏབ་བ་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་དག་

ཕལ་ཆེར་བསྙེན་བཀུར་དང་རྙེད་པ་དང་། བཀུར་སྟི་འདོད་པ་བྱ་བ་སྣ་ཚོགས་ཀྱིས་འབྲེལ་བ། འདུལ་བ་པོར་སོ་སོར་ཐར་པ་དྲལ་བ་ཡིན། ཚེ་འདིར་ལྷུར་ལེན་པ་ཚེ་ཕྱི་མ་ལ་མི་ལྟ་བར་འགྱུར་ཏེ། དེ་དག་ཆོས་ཀྱི་ཕྱིར་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར་ཞར་བ་དང་། ཤ་ཚུགས་མ་ལེགས་

པའི་བར་རབ་ཏུ་འབྱིན་པ་བསྙེན་པར་རྫོགས་པར་བྱེད་པར་འགྱུར་རོ། །དེའི་དེ་ལྟ་བུས་ངའི་བསྟན་པ་བལྟར་མི་རུང་བ་དང་། མཉན་དུ་མི་རུང་བར་འགྱུར་རོ། །ལྷ་རྣམས་ནི་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ནི་དགའ་བ་དང་བཏང་སྙོམས་སུ་འགྱུར་རོ། །ཆོས་གཉིས་

ཀྱིས་ནི་བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བརྩོན་འགྲུས་དང་བག་ཡོད་པའོ། །མདོར་ན་བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བརྩོན་འགྲུས་སོ། །ཤེས་རབ་ཀྱི་ལས་ཡོད་པ་ཐམས་ཅད་ནི་བག་ཡོད་པ་སྟེ།

དེ་བས་ན་ཐབས་དང་ཤེས་རབ་དང་ལྡན་པ་ལ་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་པ་མེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས། དེས་པའི་དོན་གྱི་མདོ་གང་ཞེ་ན། བརྗོད་དུ་མེད་པའི་ཕྱིར་མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཏེ། དེ་ལྟར་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་

ནོ། །ངེས་པའི་དོན་གྱི་མདོ་སྡེ་འདི་དག་ལ་གང་དག་མི་རྟོན་པ་དེ་དག་ནི་དྲང་བ་ཞེས་བྱ་སྟེ། ཅིའི་ཕྱིར་དྲང་བ་ཞེ་བྱ་ན། འདི་ལྟར་ངེས་པའི་དོན་དང་འགལ་བའི་ཆོས་ལ་གནས་པ་ཡིན་ཏེ། དེ་དག་ནི་དྲང་དགོས་པ་ཡིན་ནོ། །གང་གིས་དྲང་ཞེ་ན། སྒྲས་དྲང་ངོ་། །ངེས་པའི་དོན་གྱི་མདོ་སྡེ་

เล่ม ๒๐๔ · หน้า 325b

དག་ལ་རྟོན་པ་ནི་སྒྲས་དྲང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་དག་གིས་དོན་དམ་པ་བརྗོད་དུ་མེད་པ་རྟོགས་ཤིང་། དེ་དག་གིས་དུས་གསུམ་གྱི་ཆོས་ཐམས་ཅད་ལ་ལྷག་ཆད་མེད་པར་ཤེས་པའི་ཕྱིར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ་

རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་རྟོན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ན་མི་རྣམས་ཀྱི་བཟའ་བ་དང་བཏུང་བ་རྣམས་ཀྱང་ཡིད་ལ་བསམས་པ་ཙམ་གྱིས་འབྱུང་ངོ་། །

དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་མོ་པ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། དགེ་བའི་བཤེས་གཉེན་དེ་ཚེ་བརྗེས་ནས་ལོངས་སྤྱོད་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་བསྟེན་པའོ། །ཡང་གསུམ་སྟེ། དུག་གསུམ་དང་

བྲལ་བར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་གཏོང་བ་དང་། སྙིང་རྗེ་བ་དང་། སྦྱིན་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་སོ། །ཁྱིམ་ན་གནས་པ་ནི་གདུང་བ་དང་། བཅིངས་པ་དང་དོན་ཆུང་བ་དང་ངན་སོང་གི་ཐེམ་སྐས་དང་དམ་པའི་ཆོས་རྒུད་པ་དང་། ཟང་ཟིང་དང་བཅས་པ་དང་སྡུག་

བསྔལ་གྱི་གཞིའོ།།རབ་ཏུ་བྱུང་བ་ནི་དེ་དག་ལས་བཟློག་པའོ། །བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི་དགེ་སྦྱོང་གི་སྤྱོད་པ་ལ་མཁས་པར་བྱའོ། །དགེ་སྦྱོང་གི་མི་འདུམ་པ་རྣམས་ཀྱི་སྡུམ་བྱའོ། དམ་པའི་ཆོས་འཇིག་པ་ན་སྲོག་དང་བསྡོས་ཏེ་བསྲུང་བར་བྱའོ། །དགེ་སློང་ན་བ་

མཐོང་ན་རང་གི་ཤ་ཁྲག་གིས་ཀྱང་གསོ་བར་བྱའོ། །ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་ནི་འཕགས་པའི་རིགས་བཞི་ལ་གནས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་དང་མི་འདྲེ་བ་དང་། ཚུལ་འཆོས་པ་མེད་

པར་དགོན་པར་གནས་པའོ། །བྱམས་པ་སེང་གེས་སྨྲས་པ། བཞི་ནི་དགེ་སྦྱོང་ཆོམ་རྐུན་པ་སྟེ། དགེ་སློང་གི་རྟགས་ཁ་དོག་དང་དབྱིབས་ལ་གང་གནས་ཤིང་སྡིག་པའི་ཆོས་སྤྱོད་པ་དང་། ཚུལ་ཁྲིམས་འཆལ་བ་དང་དབེན་པར་སོང་བ་སྟེ། མི་དགེ་བ་རྣམ་པར་རྟོག་པ་དང་འབྲས་

เล่ม ๒๐๔ · หน้า 326a

བུ་མ་ཐོབ་པར་རྙེད་པ་དང་བཀུར་སྟིའི་ཕྱིར་འབྲས་བུ་ཐོབ་པར་ཁས་འཆེ་བ་དང་བདག་བསྟོད་ཅིང་གཞན་སྨོད་པའོ། །དཔེར་ན་དུག་གསོ་བའི་སྔགས་དང་སྨན་ལ་མཁས་པ་གཉིས་ཤིག་ཡོད་པ་དེ་ལས་གཅིག་གིས་མི་མང་པོ་མང་བར་བྱ་བའི་ཕྱིར་དུག་ཟོས་ནས་ལན་ཅིག་ཐབས་དེས་གསོས་སོ། །

ཡང་དེ་ལྟར་བྱ་ཞེས་དུག་ཟོས་པ་ལས་བཅོས་མ་ཁོམ་པར་ཤི་བ་དང་། ཅིག་ཤོས་ན་རེ་ཁོ་བོ་ནི་མི་དག་མི་མང་ཡང་བླའི་དུག་ཀྱང་མི་ཟ་སྨན་ཡང་མི་གཏང་ངོ་ཞེས་ཟེར་ཏེ། བདེ་བླག་ཏུ་འདུག་ནས་ཚེའི་མཐར་ཕྱིན་པ་དང་འདྲ་བར་ཕྱི་མའི་དུས་ན་རབ་ཏུ་བྱུང་བ་ཁ་ཅིག་ནི་ཉེས་པ་བྱས་པ་ལས་

སྤྱོད་ཞེས་ཟེར་བ་དང་། ཁ་ཅིག་སྔ་ནས་སྡོམ་པ་གཉིས་འབྱུང་བ་ཡང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་བཞི་པོ་འདི་ལ་དཔག་ཚད་བརྒྱར་འབྱོལ་བར་བྱ་སྟེ། བཞིན་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། སྡིག་པའི་གྲོགས་པོ་དང་འདུ་འཛི་ལས་འབྱོལ་བར་

བྱ། གནས་གང་ན་བྱང་ཆུབ་སེམས་དཔའི་ཐེག་པ་ཞིག་གནས་ལ། དེ་ལ་ཞེ་སྡང་གི་སེམས་འགའ་ཙམ་སྐྱེ་བར་འགྱུར་བ་ལྟ་ན་ཡང་དཔག་ཚད་བརྒྱར་འབྱོལ་བར་བྱའོ། །བྱམས་པ་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སྤྱོས་སམ་བརྒྱད་དམ་མཚོན་གྱིས་

བཏབ་པས་ནི་བྱང་ཆུབ་སེམས་དཔའ་གཞན་ཞིག་ལ་ཞེ་སྡང་འགའ་བསྐྱེད་པ་དེ་ཉམས་པར་འགྱུར་ཏེ་གལ་ཏེ་ཞེ་སྡང་བསྐྱེད་ན་སེམས་ཇི་སྙེད་ཀྱི་བསྐལ་བར་གོ་བགོས་སོ། །དཔེར་ན་ལྕགས་ནི་ལྕགས་ཀྱིས་ཆོད་ཀྱི་བོང་བའམ་ཤིང་ངམ་རྩྭས་གཅོད་མི་ནུས་པ་ལྟར། བྱང་ཆུབ་སེམས་དཔའ་དགེ་

བའི་རྩ་བ་ཡང་ཟླ་ལ་ཞེ་སྡང་བསྐྱེད་པ་མ་ཡིན་པ་གཞན་གྱིས་ཟད་པར་མི་འགྱུར་རོ། །དེ་བས་ན་སེམས་དང་པོ་བསྐྱེད་པ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །གང་ཞིག་ཁྱིམ་ན་གནས་ནས་ནི། །སྟོང་གསུམ་ཐམས་ཅད་རིན་ཆེན་གྱིས། །རབ་ཏུ་བཀང་སྟེ་འཇིག་རྟེན་གྱི། །མགོན་

ལ་ཡོན་དུ་འབུལ་བྱེད་ན། །མཁས་པ་གང་ཞིག་ཡིད་འབྱུང་ཞིང་། །ཉེས་པ་ཤེས་ནས་ཁྱིམ་སྤངས་ཏེ། །སངས་རྒྱས་རྗེས་སུ་སློབ་བྱེད་ལ། །རབ་ཏུ་འབྱུང་བ་ཚོལ་བྱེད་ཅིང་། །རབ་ཏུ་འབྱུང་བ་བཙལ་ནས་ཀྱང་། །གཡེལ་བ་མེད་པར་འདོད་རྣམས་དང་། །ཁྱིམ་གྱི་གནས་ལ་མི་ལྟ་བར། །

เล่ม ๒๐๔ · หน้า 326b

གོམ་པ་བདུན་ནི་འདོར་བྱེད་ན། །བསོད་ནམས་ཕུང་པོ་དེ་ལ་ནི། །སྔ་མས་རིན་གྱི་ཆར་མི་ཕོད། །དེ་བཞིན་གཤེགས་པ་ཏོག་སྣ་ཚོགས་ཀྱི་ཚེ་འཁོར་ལོས་སྒྱུར་བ་མུ་ཁྱུད་ཀྱིས་སྣ་དྲངས་ནས། གླིང་བཞི་པའི་མི་རིལ་རབ་ཏུ་འབྱུང་བ་དང་། མ་རྨོས་མ་བཏབ་པའི་འབྲས་དང་དཔག་བསམ་གྱི་

ཤིང་ཡང་བྱུང་། གཡོག་ཀྱང་ལྷས་བྱས་སོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་བསྟན་པ་ལས། འཇིག་རྟེན་གྱི་ཁམས་དགའ་བ་བཀོད་པ་ན། མི་རྣམས་ཀྱི་བཟའ་བ་དང་བཏུང་བ་ཡིད་ལ་བསམས་པ་ཙམ་གྱིས་འབྱོར་པར་འགྱུར། སངས་རྒྱས་རྣམས་ནི། ཆོས་

ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པ་ཉིད་ཀྱིས་ཆོས་སྟོན་པར་མཛད་ཀྱི། སྐྱེ་བ་མེད་པ་འགག་པ་མེད་པ་ནས། མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པར་ནི་མི་མཛད་དེ། བཅོམ་ལྡན་འདས་རྣམས་ནི་དེ་ལྟར་ཆོས་སྟོན་པར་མཛད་དོ། །མར་མེ་དབུལ་བ་ལས་དེ་བཞིན་གཤེགས་

པ་ལ་མཆོད་པའི་བསམ་པས་མར་མེ་ཐ་ན་གློག་གི་རྒྱུན་ཙམ་མམ། ཐ་ན་ཐེམ་སྐས་ཀྱི་གཞི་གཅིག་ཙམ་ཡང་སྣང་བར་བྱེད་ན། དེའི་རྣམ་པར་སྨིན་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསམ་པར་མི་ནུས་སོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་ན་འཆི་

བའི་ཚེ་སྣང་བ་བཞི་འཐོབ་སྟེ། གང་ཞེ་ན་མདུན་ན་ཉི་མའི་དཀྱིལ་འཁོར་འཆར་བ་དང་། ཟླ་བ་འཆར་བ་དང་། ལྷའི་འཁོར་གནས་པ་དང་། དེ་བཞིན་གཤེགས་པ་མཐོང་བའོ། །མཆོག་ཏུ་རྙེད་པར་དཀོན་པ་ནི་ལྔ་སྟེ། མིར་སྐྱེ་བ་དང་དེ་བཞིན་གཤེགས་པའི་བསྟན་པ་ལ་

རབ་ཏུ་འབྱུང་བ་དང་། དེ་ལ་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཡོངས་སུ་རྫོགས་པ་དང་། ཟག་པ་ཟད་པའོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ལས། བྱང་ཆུབ་སེམས་དཔའ་ནམ་ཡང་འགོག་པའི་སྙོམ་པར་འཇུག་པ་ལ་མི་འཇུག་སྟེ། འཇུག་པར་དེ་བཞིན་གཤེགས་པས་ཀྱང་

མ་གནང་ངོ་། །བྱང་ཆུབ་སེམས་དཔའ་འགོག་པ་ལ་སྙོམས་པར་འཇུག་པའི་དུས་དང་སྐབས་དེ་ནི་ཕྱིར་འོང་བར་འགྱུར་ཏེ། གང་གི་ཚེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུན་པར་འགྱུར་བ་དེ་ནི་དེའི་དུས་དང་སྐབས་ཡིན་ནོ། །འདུ་ཤེས་དང་ཚོར་བ་ཐམས་ཅད་ལས་བཟླ་བའི་ཕྱིར་དེ་ལ་

เล่ม ๒๐๔ · หน้า 327a

སྙོམས་པར་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་པ་སྐོར་བར་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བརྒྱད་ལ་ནི། སྙོམས་པར་ཡང་འཇུག་པ་འབྱུང་

སེམས་ཅན་གང་དག་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བར་འདོད་པའི་ཕྱིར། བསྐལ་པ་གང་གཱའི་བྱེ་མ་སྙེད་དུ་སེམས་ཅན་རྣམས་སམ། ཉན་ཐོས་སམ་རང་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་ལ། སྦྱིན་པ་དེ་ལ་བྱང་ཆུབ་སེམས་དཔའ་བསམས་ཏེ། རྗེས་སུ་ཡི་རངས་ནས་

དགེ་བའི་རྩ་བ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དང་། ཕྱིར་མི་ལྡོག་པ་རྣམས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བསྔོ་ན། དེ་ལ་བསོད་ནམས་སྔ་མས་དཔེ་དང་ཆར་ཡང་མི་ཕོད་དོ། །མི་ཞིག་ཆོམ་རྐུན་གྱིས་ཡ་ང་བ་ལས། ཕྱིས་དེ་འོངས་པ་ནི་བླའི་བཅོམ་སྟེ་མྱུར་དུ་

འོངས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་རིང་མོ་ཞིག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་བླའི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་བ་ནི་དེ་ལྟ་མ་ཡིན་ནོ། །གང་པོས་གསོལ་པ། མི་ཤེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་ཏེ། སུས་ཀྱང་མ་བསྐྱེད་ལགས་སོ། །རྒྱུ་

ཚོགས་ཤིང་འདུས་པ་ལས་འབྱུང་ལ་རྒྱུ་མ་མཆིས་པར་གྱུར་པས་ནི་འགག་པར་འགྱུར་རོ། །ཆོས་རྣམས་ནི་རང་གི་ངང་གིས་འགགས་པས་ན་སུས་ཀྱང་འགག་པ་མ་མཆིས་སོ། །དངོས་པོ་འདི་དག་སྒྱུ་མ་ལྟ་བུར་མི་ཤེས་པས་དེ་དག་ལས་ཤས་ཆེར་ཞེན་པར་གྱུར་ཏེ། ཡོངས་སུ་མི་

གཏོང་བའི་བློར་འགྱུར། ཡོངས་སུ་མི་གཏོང་བས་སེར་སྣ་འཛིན་ཏོ། །སེར་སྣ་དེས་ཀྱང་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ལ། དངོས་པོ་དེ་དང་འབྲེལ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་ལ་སྙོམས་པར་འཇུག་ཏུ་ནི་གནད་ལ་གནས་པར་

ནི་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བར་དོགས་པས་ཏེ། འདོད་པར་སྐྱེས་ན་མྱུར་དུ་ཐམས་ཅད་མཁྱེན་པར་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། བཀའ་སྩལ་པ། རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་ཡོད་དེ། དེ་ནི་བྱང་ཆུབ་

เล่ม ๒๐๔ · หน้า 327b

སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་རྒྱལ་བའི་དབྱངས་ལས་བླངས་ཏེ་ཐོབ་པའི་མོད་ལ་ཡང་ས་བཅུ་ཐོབ་པར་གྱུར་ལ། སྲོག་ཆགས་སྟོང་ཕྲག་དུ་མས་ཀྱང་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་གཟུངས་མཐུ་ཆེན་པོ་བསྟན་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་འདི་བཀའ་སྩལ་པ། ཏདྱ་ཐཱ། ཛ་ཡ་ཛ་ཡ། ཛ་ཡ་བ་ཧ། ཁ་བ་ཧ། ཧུ་ལུ་ཧུ་ལུ། པདྨ་བྷེ། ཨ་བ་མ་བ་མེ། ས་རཱ་ས་རཱ་ཎེ། དྷི་རི་དྷི་རི། དྷི་རི་དྷི་རི། དེ་བ་ཏཱ་ཨ་

ནུ་པཱ་ལ་ཎ། ཡུཏྟོཏྟཱ་ར་ཎི། པ་ར་ཙ་ཀྲ་ནི་བར་ཎི། པུ་ར་ཡ་བྷ་ག་བཱ་ན། སརྦ་ཨཱ་ཤ་ན། མ་མ་སརྦ་ཀརྨ་ཀྵ་པ་ཡ། བུདྡྷ་ཨ་ཏི་ཤ་ནེ་ཎ་སྭཱཧཱ། རིགས་ཀྱི་བུ་འདི་ནི་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་ཡིན་ཏེ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ནོར་དང་འབྲུ་རྣམ་པར་འཕེལ་བར་བྱེད་པ། ཕ་

རོལ་གྱི་དམག་ཚོགས་ཟློག་པར་བྱེད་པ། མུ་གེའི་གནོད་པ་རབ་ཏུ་ཞི་བར་བྱེད་པ་ཚེ་ནུར་བར་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡབ་ཡུམ་དང་འདྲ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གཟུངས་སྔགས་ཀྱི་

ཚིག་འདི་དག་སྨྲས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མོ་ཨ་མི་ཏ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་བོ་དྷི་སཏྭཱ་ནཱན། ན་མཿསརྦ་མ་ཧརྟེ་ཀེ་བྷྱཿ། ཏདྱ་ཐཱ། ཧུ་ཧུ་ཧེ་ཧེ། མ་ཏི་མ་ཏི། མ་ཧཱ་བཛྲ་མ་ཏི། དྲྀ་ཌྷ་པ་ར་བཛྲ་མ་ཏི། ཏ་ཐཱ་ག་ཏ། ཨ་ནུ་པ་རི་བ་ལེ་ཊི། ས་ར་ས་

ར་ཨ་ཡོ་ཁི། བྷྲྀ་ཀུ་ཊི། བྷྲྀ་ཀུ་ཊི་མུ་ཁི། ཀྲི་པི་ཀྲི་པ་ལུ་ཀེ །ས་ཏྱ་པཱ་ཙ་ན། མ་ནུ་སྨ་ར་བྷ་ག་བཱན། བཛྲ་པཱ་ཎི་སརྦ་ཀརྨ། ཨཱ་པ་ར་ཎི་ཀྵ་བ་ཡ། སརྦ་ཨརྠ་མ་པ་རི་པཱུ་རཱ་ཡ། དེ་ཧི་མེ་བ་རམ། བུདྡྷ་ས་ཏྱེན། བོ་དྷི་སཏྭ་ས་ཏྱེ་ན་སྭཱ་ཧཱ། གང་ལ་ལ་བདག་མཐོང་བར་འཚལ་བ་དང་།

སྟོབས་ཀྱིས་འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཏིང་ངེ་འཛིན་ཐོབ་པ་དང་། ཐོས་པ་འཛིན་པར་འགྱུར་བ་དང་། ཁམས་རྣམ་པར་སྨིན་པར་འགྱུར་བ་དང་། ལུས་མི་སྣང་བར་འགྱུར་བ་དང་། ནམ་མཁའ་ལ་མཆི་བར་འཚལ་བ་དེས་ནི། ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ། ཉིན་

เล่ม ๒๐๔ · หน้า 328a

མཚན་དུ་སྨྱུང་བ་བགྱིས་ལ། གཟུགས་བགྱིད་དུ་སྩལ་ཏེ། རྡོ་རྗེ་འཆང་གི་གཟུགས་འོད་མ་མདའ་རྒྱུའི་མདོག་ཅན་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བའི་ཚུལ་ཅན་སྐུ་གདུང་དང་ལྡན་པར་བགྱིའོ། །དབུས་སུ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་

བཞུགས་པར་བགྱིའོ། །གཡས་ལོགས་སུ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་བ་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་གདུང་དང་བཅས་པ་གཞག་གོ། །གཡས་གཡོན་དག་ཏུ་ནི་རྒྱལ་པོ་ཆེན་པོ་བཞི་མཆོད་པ་བགྱིད་པ་གཞག་གོ། །སྒྲུབ་པ་

པོའི་རིགས་ཀྱི་བུ་དེས་ཀྱང་གཙང་སྦྲ་བགྱི་བ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། དུས་ལྔའི་བར་དུ་ཟས་སུ་ནས་ཀྱི་འོ་ཐུག་འཚལ་ཞིང་། དུས་གསུམ་བཟླས་བརྗོད་བགྱིའོ། །བདུག་པ་ནི་ཨ་ཀ་རུ་དང་། ཙནྡན་དང་། པོག་དང་གུ་གུལ་དབུལ་ལོ། །ལན་སུམ་

འབུམ་གྱི་བར་དུ་བཟླས་བརྗོད་བགྱིས་ཏེ། དེ་ནི་འདི་ལྟར་གཟུགས་བརྙན་བགྱི་བ་ལགས་སོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། དགོན་པའི་གནས་སུ་སྤོས་དང་། བདུག་པ་དང་། མེ་ཏོག་སྣ་ཚོགས་དང་། བ་དན་སྣ་ཚོགས་ཀྱིས་ཀྱང་མཆོད་པར་བགྱིའོ། །དཀར་

བག་གི་ལྷ་བཤོས་ཀྱང་དབུལ་བར་བགྱིའོ། །ཆོས་ཀྱི་རྣམ་པ་འདི་ཡང་ཡི་གེར་འདྲིར་སྩལ་ཞིང་གོས་དང་རྒྱན་དང་ལྷབ་ལྷུབ་དང་། གདུགས་དང་བཞོན་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བགྱིའོ། །དེ་ནས་ཟླ་བ་ཉ་བ་ཚེས་བཅོ་ལྔའི་བར་དུ་སེམས་ཅན་ཐམས་ཅད་ལ་

སྙིང་རྗེའི་སེམས་དང་ལྡན་པ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། དུས་གསུམ་དུ་གོས་བརྗེ་བར་བགྱི་སྟེ། དཀྱིལ་འཁོར་གྲུ་བཞི་པ་བ་ལང་གི་ལྕི་བས་བསྐུས་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པར་བགྱིས་ཏེ། བུམ་པ་གང་བ་བཅུ་དྲུག་དང་། མར་མེ་བཅུ་དྲུག་ཀྱང་གཞག་

པར་བགྱིའོ། །གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་ཀྱིས་ཀྱང་ས་ཕྱོགས་དེ་བརྒྱན་པར་བགྱིའོ། །རོ་སྣ་ཚོགས་སྦྱར་བའི་ལྷ་བཤོས་རྒྱ་ཆེན་པོ་ཕབ་ལ་སྤོས་ཆབ་ཀྱིས་ཕྱོགས་དེར་ཆག་ཆག་བཏབ་ནས། ནམ་སྐུ་གཟུགས་དང་ས་གཞི་འགུལ་བ་དང་། བདག་ཉིད་ཀྱང་དགའ་

เล่ม ๒๐๔ · หน้า 328b

བར་གྱུར་པའི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་ངེས་འདི་ནི་གཅིག་ཏུ་ངེས་པར་འགྲུབ་པར་འགྱུར་རོ་སྙམ་དུ་ཤེས་པར་བགྱིའོ། །དེ་ནས་དེའི་འོག་ཏུ་བདག་གི་རྨི་ལམ་དུ་བསྟན་པར་བགྱི་ཞིང་འབེལ་བའི་གཏམ་བགྱིའོ། །བསམ་པ་ཐམས་ཅད་ཀྱང་རྫོགས་པར་བགྱིའོ། །བུ་གཅིག་པ་

བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། ཆོས་ཀྱི་རྣམ་གྲངས་འདི་ལ་མ་དད་ཅིང་སྤང་བར་བགྱིད་པ་ནི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

སྤྱན་རས་གཟིགས་དབང་ཕྱུག་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི་བ། ཅིའི་སླད་དུ་དེ་སྐད་ཅེས་བགྱི་ལགས། བཀའ་སྩལ་པ། གང་གི་ཕྱིར་འདི་ལྟར་འཇིག་རྟེན་ཐམས་ཅད་ལྟ་བར་བྱེད། རྟོག་པར་བྱེད། ཚིམ་པར་བྱེད། ཡོངས་སུ་སྐྱོང་བར་བྱེད། ཡང་དག་པར་དབུགས་འབྱིན་

པར་བྱེད་ཅིང་། སྙིང་རྗེའི་སེམས་དང་། བདེ་བའི་སེམས་དང་། བྱམས་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་ལ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན། དེའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །ནམ་མཁའ་མཛོད་ལས། བྱང་ཆུབ་སེམས་

དཔའ་བསོད་ནམས་ཀྱིས་བརྒྱན་པས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་འདི་ལྟ་བུའི་མདོ་སྡེ་ཟབ་མོ་དེ་བཞིན་གཤེགས་པས་གསུངས་པ་ངེས་པའི་དོན་བལྟ་དཀའ་བ། སངས་རྒྱས་ཐམས་ཅད་ཀྱིས་བསྟན་ཅིང་བསྔགས་པ་འདི་ཀུན་ཆུབ་

པ་དང་གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་དག་བསོད་ནམས་ཅི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་སངས་རྒྱས་ཀྱིས། བསོད་ནམས་དཔག་ཏུ་མེད་པར་གསུངས། །རྣམ་པར་རིག་པའི་མཚན་ཉིད་པས། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །རྒྱལ་བ་ཆོས་ཀྱི་སྐུས་ནི་

རབ་ཕྱེད་སྐུ་མཉམ་ཡང་། །གཟུགས་མཛེས་ལྡན་ཞིང་གཟུགས་བཟང་སྐུ་ཡང་སྟོན་པར་མཛད། །སེམས་ཅན་རྣམས་ལ་ཕན་པའི་ཐུགས་རྗེ་རབ་བསྐྱེད་ནས། །བསོད་ནམས་བརྒྱ་ཡི་མཚན་གྱི་སྐུ་ཡི་མཆོག་ཀྱང་སྟོན། །ཆོས་འདི་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེས་པ་སྟེ། །

เล่ม ๒๐๔ · หน้า 329a

བྱེད་མེད་ངོ་བོ་ཉིད་མེད་ཀུན་དུ་རྟོག་ལས་སྐྱེས། །བདེ་བར་གཤེགས་པ་དེ་འདྲའི་ཆོས་ཀྱི་ཚུལ་རྣམས་མཁྱེན་ནས་སུ། །བྱང་ཆུབ་མི་འགྱུར་ཞི་བ་བླ་ན་མེད་པ་བརྙེས། །དེ་ལ་རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡེ་

ཤེས་ལ་མཁས་ཤིང་། མཐར་ལྟ་བ་ཐམས་ཅད་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཅི་ཡང་མ་ཡིན་ཏེ། གང་རྐྱེན་ལ་བརྟེན་པ་དེ་དངོས་པོ་མེད་པའོ། །གང་རྐྱེན་ལ་བརྟེན་པ་དེ་

ཡོངས་སུ་མ་གྲུབ་པའོ། །གང་རྐྱེན་ལ་བརྟེན་པ་དེ། བདག་མེད། སེམས་ཅན་མེད། སྲོག་མེད། གསོ་བ་མེད། སྐྱེས་བུ་མེད། གང་ཟག་མེད། ཤེད་ལས་སྐྱེས་པ་མེད། ཤེད་བུ་མེད་དོ། །གང་རྐྱེན་ལ་བརྟེན་པ་དེ་ལ་ཡང་དག་པར་ན་གང་ཡང་སྐྱེས་པ་མེད་དོ། །ཆོས་

གང་རྐྱེན་ལ་བརྟེན་པ་དེ་ལ་སྤྲོས་པ་མེད་པ་སྟེ། དེའི་ཕྱིར་སྤྲོས་པ་མེད་པ་མ་སྤྲོས་པ་ནི། སྐྱེ་བ་ནི་ཡང་ཆོས་ཉིད་སྐྱེ། འགག་པ་ནི་ཡང་ཆོས་ཉིད་འགག །ཅེས་བྱ་སྟེ། དེ་ལ་བདག་གམ། སེམས་ཅན་ནམ། ཤེད་བུའི་བར་གང་ཡང་མེད་དོ། །ཆོས་གང་རྐྱེན་ལས་བྱུང་བ་དེ་དག་

ལ་བདག་པོ་མེད་པའི་ཕྱིར་སྐྱེ་བ་གང་ཡང་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་ནི་རྩྭ་དང་ཤིང་དང་རྩིག་པ་དང་། རྨི་ལམ་དང་མིག་ཡོར་ལྟ་བུ་ཞེས་བྱའོ། །ཇི་ལྟར་ཕྱི་རོལ་གྱི་དངོས་པོ་རྣམས་སྐྱེ་བ་ལ་ཡང་བསྐྱེད་པ་མེད། འགག་པ་ལ་ཡང་འགོག་པར་བྱེད་པ་མེད་པ་དེ་བཞིན་དུ། རྐྱེན་

རྣམས་ཡོད་ན་སྐྱེ་བ་དང་། མ་ཚང་ན་འགག་པར་འགྱུར་བ་མ་གཏོགས་པར་ནང་གི་ཆོས་རྣམས་ཀྱང་སྐྱེ་བ་ལ་བསྐྱེད་པ་མེད། འགག་པ་ལ་འགོག་པར་བྱེད་པ་མེད་དེ། །དེ་ལྟར་ཡེ་ཤེས་ལ་རབ་ཏུ་སྦྱོར་བ་ནི་མཐར་ལྟ་བ་ཐམས་ཅད་རབ་ཏུ་སྤོང་ངོ་། །དེ་ལ་མཐར་ལྟ་བ་གང་ཞེ་ན། མཐའ་ཞེས་

བྱ་བ་ནི་རྟག་པ་དང་ཆད་པ་སྟེ། གང་དེ་ལ་སྐྱེ་བར་ཡང་མི་བྱེད། འཇིག་པར་ཡང་མི་བྱེད་དོ། །གང་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ནི། རྟག་པ་དང་ཆད་པ་མེད་པའོ། །དེ་བས་ན་དག་པ་སྟེ། མཐར་ལྟ་བ་ཐམས་ཅད་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་

เล่ม ๒๐๔ · หน้า 329b

འབྱུང་བ་དང་། འཇུག་པའི་ཡེ་ཤེས་ལ་མཁས་ཤིང་། མཐར་ལྟ་བ་ཐམས་ཅད་དང་འབྲེལ་བ་ཡིན་ནོ། །ཐེག་པ་ཆུང་ངུ་འདོད་པ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་རབ་ཏུ་གཉེར། །བྱང་ཆུབ་སྤྱོད་

མཆོག་ཡིན་པར་སྤྱོད་པར་བགྱི། །འགྲོ་བ་བླ་མེད་སངས་རྒྱས་འགྱུར་བར་བགྱི། །དཔེར་ན་ནམ་མཁའ་ལ་གཉེན་པོ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་ཡང་གཉེན་པོ་མེད་དོ། །གང་དག་གཉེན་པོས་མྱ་ངན་ལས་འདས་པ་ཚོལ་བ་དེ་དག་ནི། སྐྱེ་བ་དང་འཇིག་པར་ལྟ་བ་

ཡིན་ཏེ། ཆོས་འདི་དག་ནི་བསྐྱེད་པར་བྱ་ཞེས་སྐྱེ་བ་དང་འཇིག་པ་ལ་སྤྱོད་པས། དེ་དག་མྱ་ངན་ལས་འདས་པའི་མཉམ་པ་ཉིད་མི་ཤེས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་ཤེས་པར་གྱིས་ཤིག །མ་རྩོད་ཅིག །རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཡོན་ཏན་གྱི་མཆོག་

རྣམས་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་གསུངས་སོ། །དམིགས་པ་དག་ལ་རབ་གནས་པ། །བདུད་ཀྱི་ཕོ་ཉ་བདུད་ཀྱི་ཕྱོགས། །དམ་པའི་ཆོས་ལ་སྐུར་འདེབས་པའི། །དགེ་སློང་དག་ནི་འབྱུང་བར་འགྱུར། །ངང་ཚུལ་ངན་པ་སྡིག་ཆོས་ཅན། །ཁྱིམ་པ་དང་ནི་རྟེན་ཅིང་གནས། །བཀུར་

སྟི་དག་དང་རྙེད་ལ་བརྐམ། །ཚུལ་འདི་ཚོལ་བར་མི་བྱེད་དོ། །འཇིག་རྟེན་རྒྱང་པན་རྣམས་དང་འདྲེ། །བདག་ལ་རབ་ཏུ་སྟོད་བྱེད་ཅིང་། །རབ་ཏུ་ངེས་པ་རྣམས་ལ་སྨོད། །མི་མཁས་ང་རྒྱལ་ཅན་དག་འབྱུང་། །དགོན་པའི་གནས་རི་སྤངས་ནས་སུ། །རྟག་ཏུ་འདུ་འཛི་རྣམས་ལ་དགའ། །འཇིག་

རྟེན་པ་ཡི་གསང་ཚིག་བརྩོན། །འཇིག་ཚོགས་ལ་ནི་རབ་ཏུ་གནས། །མི་མཁས་དེ་དག་དགེ་འདུན་ལ། །ཞལ་ཏ་བྱེད་ལ་རབ་ཏུ་བརྩོན། །མདོ་སྡེ་རྣམས་ཀྱང་ཕན་ཚུན་དུ། །མཐུན་པར་དཔྱོད་པར་མི་བྱེད་དེ། །རང་རང་གིས་ནི་སྨྲ་རྣམས་ལ། །དེ་དག་རྟག་ཏུ་མོས་པར་བྱེད། །དམིགས་པ་

ཡིས་ནི་རབ་ཏུ་འགྱིང་། །ལྟ་བ་ཐ་དད་ཀུན་དུ་གནས། །སྟོང་པ་ཉིད་ཀྱི་ཆོས་ཐོས་ནས། །དེ་དག་གཡང་ས་བཞིན་དུ་སེམས། །འདི་འདྲ་བ་ཡི་དུས་འདི་ན། །དོན་བཅས་ཡི་གེ་ལྡན་པ་ཡིན། །ལེགས་པར་གསུངས་པའི་ཆོས་རྣམས་ནི། །རབ་ཏུ་རྣམ་པར་འཇིག་པར་འགྱུར། །ཆོས་རྣམས་ལ་

เล่ม ๒๐๔ · หน้า 330a

ནི་གནས་པ་ལས། །དེད་ལ་འདྲ་བའི་ཆོས་རྣམས་ནི། །ཇི་ལྟ་བུར་ན་ཡོད་མེད་ཅེས། །གཤེད་མ་དག་ཀྱང་འགྱེད་པར་འགྱུར། བདག་ཅག་མིང་གི་དགེ་སྦྱོང་སྟེ། །དགེ་སྦྱོང་ཡོན་ཏན་མེད་དོ་ཞེས། །ཡང་དག་བསྐུལ་བ་ཐོབ་པ་དང་། །མདོ་སྡེ་འདི་ལ་སྨོན་པར་

འགྱུར། །རྣ་བ་དང་ནི་སྣ་ཆད་རྣམས། །མེ་ལོང་བལྟས་ཀྱང་མི་སྡུག་ཅེས། །ཡང་དག་བསྐུལ་བ་ཐོས་པ་དང་། །དེ་དག་དམ་ཆོས་སྨོན་པར་འགྱུར། །དགེ་སྦྱོང་གང་དག་དམ་པའི་ཆོས། །རབ་ཏུ་འཛིན་པ་འབྱུང་འགྱུར་ཏེ། །དེ་དག་གཞན་དུ་ཚུལ་འཆོས་ཀྱང་། །གང་ཡང་ཆོས་འདི་

མི་ཉན་ཏོ། །རྒྱལ་པོ་རྣམས་ཀྱང་སླུ་བར་བགྱི། །སྐྱེ་བོ་ཕལ་ཆེན་འབྱེད་འགྱུར་ཡང་། །སངས་རྒྱས་ཀྱི་ནི་བྱིན་རླབས་ཀྱིས། །སེམས་ཅན་དེ་དག་ཆོས་ཉན་འགྱུར། །དུས་དེ་ཚེ་ན་བདག་ཅག་རྣམས། །སེམས་ཅན་རྣམས་ལ་ཕན་སླད་དུ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །

དམ་པའི་ཆོས་ནི་གཟུང་བར་བགྱི། །བྱང་ཆུབ་སེམས་དཔའི་ལས་ནི་བཞི་སྟེ། བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པ་དང་། ཕ་རོལ་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ཟིལ་གྱིས་མནན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་

སུ་བཟུང་བའོ། །ལས་བཞི་པོ་དེ་དག་ཀྱང་ལས་གཅིག་གིས་ཡོངས་སུ་བསྡུས་ཏེ། གང་གིས་ཤེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པའོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་རླབས་ཀྱིས་ནམ་མཁའ་ལས་ཆོས་ཟབ་མོ་སྟོན་པའི་

ཚིགས་སུ་བཅད་པ་མང་པོ་ཞིག་གྲག་པ་དང་། བྱང་ཆུབ་སེམས་དཔའ་ངོ་མཚར་དང་ལྡན་པས་ནམ་མཁའ་མཛོད་ལ་སྨྲས་པ། སྒྲ་འདི་དག་ག་ལས་བྱུང་སྙམ་བདག་ངོ་མཚར་དུ་གྱུར་ཏོ། །ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་ཇི་སྙམ་དུ་སེམས། བྲག་ཅའི་

སྒྲ་ག་ལས་བྱུང་། སྨྲས་པ། ཕ་རོལ་གྱི་སྒྲ་གོ་བར་བྱེད་པ་ལས་བྱུང་ངོ་། །སྨྲས་པ། བྲག་ཅ་ལས་ལུས་སམ་སེམས་སམ། གཟུགས་སམ་ཁ་དོག་དང་། དབྱིབས་གང་ཡང་ཡོད་དམ། སྨྲས་པ། མེད་པ་དེ་བཞིན་ཏེ། བྲག་ཅ་མ་གྲུབ་ཀྱང་གོ་བར་བྱེད་པ་དེ་བཞིན་དུ་ནམ་མཁའ་

เล่ม ๒๐๔ · หน้า 330b

མ་གྲུབ་སྟེ། སྒྲ་དང་སྐད་གོ་བར་བྱེད་པར་འགྱུར་རོ། །སྨྲས་པ། སྒྲ་འདི་གོ་བར་བྱེད་པ་སུ། གང་ནས་དབྱངས་འདི་བྱུང་། སྨྲས་པ། ཡེ་ཤེས་ཀྱི་གོ་བར་བྱེད་པ་བསམ་གྱིས་མི་ཁྱབ་སྟེ། ངས་ཡིད་ཀྱི་སེམས་པས་བསམས་ན། བདེ་བར་སྣང་བ་འདི་ལས་བྱུང་ཡང་

སེམས་དེར་འགྲོ་བ་ཡང་མེད། དེ་འདི་ལྟར་འོང་བ་ཡང་མེད་མོད་ཀྱི། སྒྲའི་སྒྲ་བརྙན་ཡང་འབྱུང་ངོ་། །རིགས་ཀྱི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ཙམ་དུ་ཟབ་པ་ལྟོས། གང་རྒྱུ་ལས་འབྲས་བུ་འབྱུང་ཡང་། རྒྱུ་འབྲས་བུ་གྲུ་པར་མི་འཕོ་ལ། རྒྱུ་མེད་པ་ལས་ཀྱང་འབྲས་བུ་འབྱུང་

བ་མ་ཡིན་ནོ། །འདི་ལྟ་སྟེ། རྒྱུ་རྐྱེན་ལས་འབྲས་བུ་འགྲུབ་པའི་ཆོས་འདི་གཉིས་ཀ་ཡང་གཡོ་བ་མེད་ཅིང་བྱེད་པ་མེད་དོ། །གང་དེ་ལྟ་བུའི་འདུ་བ་ཤེས་པ་དེ་དག་ནི་འབྲལ་བ་སྟེ། ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཀྱང་གང་ཀུན་ནས་ཉོན་མོངས་པ་ཤེས་པ་དེ་ཉིད་དེའི་རྣམ་པར་བྱང་བ་

ཞེས་གསུངས་སོ། །གཙུག་ན་རིན་པོ་ཆེས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་བརྒྱད་དེ་གང་ཞེ་ན། ཟང་ཟིང་མེད་པའི་སེམས་ཀྱིས་ཚུལ་མི་འཆོས་པ་དང་། ཡོངས་སུ་འཛིན་པ་ཐམས་ཅད་འདོར་བས་ཁ་གསག་

མེད་པ་དང་། རང་བཞིན་གྱིས་ཆོག་ཤེས་པས་གཞོགས་སློང་མི་བྱེད་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པས་འཕགས་པའི་རིགས་ཡང་དག་པར་འཛིན་པ་ཡོངས་སུ་རྫོགས་པ་དང་། དགོན་པ་ལ་གནས་པ་རྗེས་སུ་མི་གཏོང་བས་ལུས་ལ་མི་ལྟ་བ་

དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་སྲོག་ལ་མི་ལྟ་བ་དང་། འདུ་འཛི་སྤོང་བས་གཅིག་པུར་དགའ་བ་དང་། ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་པས་ཆོས་ཀྱི་དཔའ་བ་མོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་འགྲོ་བར་གསུངས་

ཏེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །མཚན་མ་ཐམས་ཅད་དང་། དམིགས་པ་ཐམས་ཅད་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོང་བས་དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་ཤེས་རབ་ཡོངས་སུ་དག་པ་གཉིས་ཏེ། གང་ཞེ་ན། ཆགས་པ་མེད་

เล่ม ๒๐๔ · หน้า 331a

པའི་མཚན་ཉིད་ཡོངས་སུ་དག་པ་དང་། ཐོགས་པ་མེད་པའི་མཚན་ཉིད་ཡོངས་སུ་དག་པའོ། །བཀའ་སྩལ་པ། རིག་ས་ཀྱི་བུ་མངོན་པར་ཤེས་པ་རྣམས་ཞེས་བྱ་བ་ནི། ཟག་པ་མེད་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བྱང་ཆུབ་སེམས་དཔའ་ནི་མངོན་པར་

ཤེས་པ་ལྔ་པོ་འདི་དག་གིས། རྣམ་པར་རོལ་ཅིང་ཟག་པ་མེད་པའི་ཡེ་ཤེས་ལ་ཡང་རབ་ཏུ་གནས་སོ། །བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ནུས་ཏེ། བཞི་ནི་མི་སྐྱོ་བ་དང་། བདག་བདེ་བ་ལ་མི་ཆགས་པ་དང་། དུས་དང་དུས་

མ་ཡིན་པར་བསྐུལ་བ་དང་། བསམ་པ་ཡོངས་སུ་ཤེས་པའོ། །ཡང་བཞི་སྟེ། བཀའ་བློ་བདེ་བ་དང་། སྙན་པར་སྨྲ་བ་དང་། ངང་ཚུལ་མཉེན་པ་དང་། བཞིན་འཛུམ་ཞིང་ཁྲོ་གཉེར་མེད་པའོ། །བྱང་ཆུབ་སེམས་དཔའ་ལུས་དྲན་པ་ཉེ་བར་གཞག་པ་བཞི་ནི། རྣམ་པ་གཉིས་དང་

ལྡན་པའི་དྲན་པ་ཉེ་བར་གཞག་པའོ། །གཉིས་ནི་མི་སྡུག་པ་དང་། སྡུག་པར་སོ་སོར་རྟོག་པའོ། །དེ་ལ་མི་སྡུག་པ་ནི་ཀྱེ་མ་ལུས་འདི་མི་གཙང་བས་གང་བ། ཡུན་ཐུང་བ། བྱིས་པ་འདྲིད་པའོ་སྙམ་མོ། །སྡུག་པ་ནི་ལུས་འདིས་དེ་བཞིན་གཤེགས་པའི་སྐུ། ཆོས་ཀྱི་སྐུ།

བསོད་ནམས་ཀྱི་སྐུ། ཡེ་ཤེས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཤིགས་པའི་སྐུ། ཟག་པ་མེད་པའི་སྐུ་གཟུགས་མཐོང་ན། སེམས་ཅན་ཐམས་ཅད་ཚིམ་པར་འགྱུར་བ་ཐོབ་པར་བྱའོ་སྙམ་མོ། །ཡང་རྣམ་པ་གཉིས་ཏེ། མི་རྟག་པ་དང་། རྟག་པའི་རྣམ་པར་རོ། །དེ་ལ་མི་རྟག་པའི་

རྣམ་པར་ནི། ཀྱེ་མ་ལུས་འདི་མི་རྟག་པ། འཇིག་པའི་ཆོས་ཅན་ཡིན་པས། ལུས་ཀྱི་ཕྱིར་ཡ་ང་བས་མི་འཚེའོ། །རྟག་པ་ནི་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་དགེ་བའི་རྩ་བ་ཐམས་ཅད། དཀོན་མཆོག་གསུམ་གྱི་གདུད་མི་འཆད་པ་དང་། སེམས་ཅན་ཐམས་ཅད་ཡོངས་

སུ་བསྐྱབ་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པས། ཕྱིན་ཅི་ལོག་བཞི་སྤོང་སྟེ། ལུས་ཀྱི་གཙང་བ་སྤོང་། ཚོར་བས་བདེ་བ། སེམས་ཀྱིས་རྟག་པ། ཆོས་ཀྱིས་བདག་ཏུ་ཕྱིན་ཅི་ལོག་པ་སྤོང་བའོ། །

เล่ม ๒๐๔ · หน้า 331b

གསེར་འོད་དམ་པ་ལས། སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱི་རིང་བསྲེལ་གཞག་པ་མཛད། །སྐབས་གཞན་དག་ཏུ་མྱ་ངན་ལས་འདས་པ་དང་། རིང་བསྲེལ་འཇིག་རྟེན་དུ་བཞག་

པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཐབས་མཁས་པ་སྟེ། སེམས་ཅན་རྣམས་ཀྱིས་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་དགེ་བའི་རྩ་བའི་མཐུ་ཡིན་པར་བལྟ་བར་བྱའོ། །དེ་ལ་གང་ཞིག་མཆོད་པ་དང་རིམ་གྲོ་བྱེད་པ་

དེ་ནི་མ་འོངས་པའི་དུས་ན། མི་ཁོམ་པ་བརྒྱད་ཡོངས་སུ་སྤངས་ཏེ། དེ་བཞིན་གཤེགས་པ་རྣམས་དང་ཕྲད་ཅིང་དགེ་བའི་བཤེས་གཉེན་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་མི་སྟོར་བ་དང་། བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་དང་། འཁོར་བ་ལས་མྱུར་

དུ་འདའ་ཞིང་འཁོར་བའི་འཆིང་བས་གླགས་པར་མི་འགྱུར་བའི་སྤྱོད་པ་དམ་པ་འདི་ཡིན་པས་ཁྱེད་ཀྱིས་ནན་ཏན་དུ་སྒྲུབ་ཅིང་གཡེལ་བ་མེད་པར་བྱའོ། །དེ་ཁོ་ན་ཉིད་དང་། ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ནི། ཆོས་ཀྱི་སྐུ་ཞེས་བྱའོ། །སྐུ་སྔ་མ་གཉིས་

ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ། སྐུ་དེ་ཉིད་ཀྱི་གཞི་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་རྟོག་པའི་ཡེ་ཤེས་ལས་གུད་ན། སངས་རྒྱས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་རྣམ་པར་

རྟོག་པའི་སེམས་ལ་བརྟེན་ནས། ཉོན་མོངས་པ་དང་ལས་དང་འབྲས་བུ་རྣམ་པ་མང་པོ་སྟོན་པ་བཞིན་དུ། ཆོས་ཀྱི་ཆོས་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས། ཐེག་པ་གསུམ་གྱི་ཆོས་རྣམས་སྣ་ཚོགས་སྟོན་ཏོ། །དཔེར་ན་ཉི་མ་དང་ཟླ་བ་

ལ་ཡང་རྟོག་པ་མེད། ཆུ་དང་མེ་ལོང་ལ་ཡང་རྟོག་པ་མེད། སྣང་བ་ལ་ཡང་རྟོག་པ་མེད་མོད་ཀྱི། གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་ངོ་། །དེ་བཞིན་དུ་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། སྨོན་ལམ་

เล่ม ๒๐๔ · หน้า 332a

གྱི་དབང་གིས་སེམས་ཅན་སྐལ་བ་ཅན་དག་ལ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཡང་ཉི་ཟླའི་གཟུགས་བརྙན་བཞིན་དུ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་ངོ་། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཚད་མེད་གྲངས་མེད་པའི་ཆུ་དང་

མེ་ལོང་དག་ནི་སྣང་བ་ལ་བརྟེན་ནས་སྟོང་པའི་གཟུགས་བརྙན་མཚན་ཉིད་ཐ་དད་པ་དག་སྣང་ངོ་། །སྟོང་པ་ཞེས་བྱ་བ་ནི་མཚན་ཉིད་མེད་པའོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་ནི་འཁོར་རྣམས་ལ་ཆོས་ཀྱི་སྐུའི་གཟུགས་བརྙན་སྟོན་པར་

སྨོན་ལམ་གྱི་དབང་གིས་སྐུ་དེ་གཉིས་སྣང་སྟེ། མཚན་མ་སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་སྐུའི་གནས་པ་ནི་མཚན་ཉིད་ཐ་དད་པ་མེད་དོ། །རིགས་ཀྱི་བུ་སྐུ་དེ་ཉིད་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་

ངན་ལས་འདས་པ་ཞེས་གསུངས་སོ། །ཆོས་ཀྱི་སྐུ་ལ་གནས་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་གསུངས་སོ། །སྐུ་འདི་གསུམ་ལ་བརྟེན་ནས། སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བཤད་དོ། །རིགས་ཀྱི་བུ་སངས་

རྒྱས་ཀྱི་སྤྲུལ་པའི་སྐུ་ནི་སོ་སོའི་སྐྱེ་བོའི་ཡིད་དང་མཐུན་པར་རྣམ་པ་མང་པོས་མཚན་མ་སྣ་ཚོགས་སྟོན་པའི་ཕྱིར་མང་པོ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་རྣམས་ཀྱི་བསམ་པ་གཅིག་པས་མཚན་ཉིད་གཅིག་པའི་ཕྱིར་གཅིག་ཅེས་བྱའོ། །ཆོས་ཀྱི་སྐུ་ནི་མཚན་

མ་སྣ་ཚོགས་ལས་ཡང་དག་པར་འདས་པ་མཚན་མར་གཟུང་བའི་སྤྱོད་ཡུལ་མ་ཡིན་པ་སྟེ། དེ་བས་ན་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ་སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་སྣང་ངོ་། །ལོངས་སྤྱོད་རྫོགས་

པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་ཏེ་སྣང་ངོ་། །ཆོས་ཀྱི་སྐུ་ཡང་དག་པ་སྟེ་ཅི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་སྐུ་དེ་གསུམ་ནི་རྟག་པར་བཤད་པའི་རྣམ་གྲངས་ཀྱང་ཡོད། མི་རྟག་པར་བཤད་པའི་རྣམ་གྲངས་ཀྱང་ཡོད་དོ། །སྟོབས་དང་མི་འཇིགས་པ་དང་

เล่ม ๒๐๔ · หน้า 332b

སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་མ་འདྲེས་པའི་ཆོས་བརྒྱད་ཅུ། གསེར་དང་ཆུ་དང་ནམ་མཁའ་དག་དྲི་མ་དང་རྙོག་པ་དང་སྤྲིན་དང་བྲལ་ན་གསེར་ལ་སོགས་པ་མེད་པ་ཡིན་པ་བཞིན་དུ། ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར། རྣམ་པར་དག་

པ་ཞེས་བྱ་བའི་སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་ཡོད་པར་སྣང་ཡང་ངོ་བོ་ཉིད་ལ་ནི་རྣམ་པར་རྟོག་པ་ཡང་མེད་དོ། །གསུམ་དུ་བགྲང་བ་ཡོད་མོད་ཀྱི། དངོས་པོ་གསུམ་དུ་ཡང་མེད་དེ་འཕེལ་བ་དང་འགྲིབ་པ་མེད་པ་དེ་ནི་རྨི་ལམ་དང་སྒྱུ་མ་

དང་སྨིག་རྒྱུ་ལྟ་བུ་སྟེ། གཟུང་བ་ཡང་མེད་འཛིན་པ་ཡང་མེད་དོ། །ཤཱ་རིའི་བུ་སྦྱིན་པ་རྣམས་ཀྱི་ནང་ན་ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ལུས་ནི་གཡོ་བ་མེད་ཅིང་བྱེད་པ་མེད། །སྙིང་པོ་མེད་ཅིང་རྐྱེན་ལས་བྱུང་བ་སྟེ། །ཡང་དག་མ་ཡིན་ཡོངས་སུ་

རྟོག་ལས་བྱུང་། །གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནས། །ཆོས་རྣམས་འདི་དག་ཐམས་ཅད་སྟོང་པ་སྟེ། །མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན། །འབྱུང་བ་ཆེན་པོ་འདི་དག་ཆེས་འབྱུང་མིན། །མ་བྱུང་བ་ལས་བྱུང་ཞིང་མི་འབྱུང་སྟེ། །གང་གི་ཕྱིར་ནི་འབྱུང་བ་མི་

འབྱུང་བ། །དེ་ཕྱིར་འབྱུང་བ་ཆེ་ཞེས་ངས་བརྗོད་དོ། །ཡོད་པ་མིན་ཞིང་ནམ་ཡང་ཡོད་མིན་ལ། །མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན། །མ་རིག་འདི་ནི་ཡོད་པ་མ་ཡིན་ཏེ། །དེ་བས་ངས་ནི་མ་རིག་འདི་བཤད་དོ། །རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་བ་བརྩེགས་

པའི་གཟུངས་ལས། ཡོངས་སུ་བརྟགས་པ་ཡིན་པའི་ཕྱིར་བརྟགས་པ་ཡང་སྟོང་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། གཞན་གྱི་དབང་ཉིད་ཀྱང་སྟོང་པའོ། །རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་སྟོང་པའོ། །གློ་བུར་དུ་རྒྱུ་

དང་རྐྱེན་གྱིས་བསྐྱེད་པའི་ཕྱིར། འབྱུང་བའི་བདག་ཉིད་ཀྱིས་སྟོང་ངོ་། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་ཀྱིས་སྟོང་པ་གང་ཡིན་པ་དེ་མཚན་ཉིད་མེད་པའོ། །སྐུ་གསུམ་རྣམ་པར་གཞག་པ་ཞེས་བྱ་བ་དེ་

เล่ม ๒๐๔ · หน้า 333a

ནི་ཚོགས་གཉིས་ཀྱིས་སྤྲུལ་པའི་མཚན་ཉིད་དོ། །དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་ལས། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཡེ་ཤེས་ཀྱི་རང་བཞིན་གྱི་ལུས་གཅིག་ཅིང་ཐ་མི་དད་པས་གཟུགས་ཀྱི་ལུས་མཐའ་ཡས་པའི་

སྒོ་ཀུན་དུ་སྟོན་པ་ཤ་སྟག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དང་ཐབས་ཅིག་ཏུ་བཞུགས་སོ། །ལྷའི་རྒྱལ་པོ་དབང་སྒྱུར་གྱི་ལྷའི་བུ་མོ་བཟང་མོའི་དབུགས་གཅིག་

གིས་ལྷ་རྫས་ཀྱི་རོལ་མོའི་སྒྲ་ཡན་ལག་བརྒྱ་ཕྲག་སྟོང་དང་ལྡན་པའི་ང་རོ་འབྱུང་སྟེ། སྒྲ་དེ་བྱུང་བ་ནི་སྒྲ་རྣམ་པ་ཐ་དད་པ་བརྒྱ་ཕྲག་སྟོང་གི་དབྱངས་སུ་གྲག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་གཅིག་འབྱུང་ཡང་སེམས་ཅན་གྱི་བསམ་པ་

བཞིན་ཚད་མེད་པའི་སྒྲ་རྣམ་པར་གྲག་གོ། །དཔེར་ན་འོག་གི་ཆུའི་ཕུང་པོ་ཉེ་བར་བཟུང་བ་ཡན་ཆད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྲིད་པའི་རྩེ་མོའི་བར་གྱི་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ནམ་མཁའ་ལ་གནས་ཏེ། གཟུགས་མེད་པ་ལ་

སྤྱོད་པའི་སེམས་ཅན་གྱི་གནས་དང་། འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་གནས་ཇི་སྙེད་པ་དེ་དག་ཐམས་ཅད་ནམ་མཁའ་ལ་གནས་ཤིང་། ནམ་མཁའི་དབྱིངས་ལས་བྱུང་བའོ། །དཔེར་ན་རི་མོའི་གཞི་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་

ཞིག་ཡོད་པར་གྱུར་ལ། གཞི་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་རིལ་གྱིས་རྫོགས་པར་བྲིས་ཏེ། འདོད་པ་ན་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་མེད་ཁང་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་

ཚད་ལ་སོགས་པ་དེའི་ཚད་དུ་བྲིས་ལ། རི་མོའི་གཞི་དེ་རྡུལ་ཕྲ་རབ་གཅིག་གི་ནང་དུ་ཆུད་པར་བྱས་པ་སེམས་ཅན་གང་གིས་ཀྱང་མཐོང་བའམ། ཤེས་པར་མ་གྱུར་ལ་འཕྲུལ་གྱི་མིག་ཅན་འགའ་ཞིག་གིས་མཐོང་ནས། རྡུལ་དེ་ཕྱེ་སྟེ་སེམས་ཅན་ལ་བསྟན་ཏེ་

เล่ม ๒๐๔ · หน้า 333b

ཕན་བཏགས་པ་ཞིག་ཡོད་ན། དེ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རིལ་གྱིས་ཆུད་པར་གནས་པ་བྱིས་པས་མི་ཤེས་པས་མི་ཤེས་པ་རྣམས་ལ་དེ་བཞིན་གཤེགས་

པས་བྱིས་པའི་འདུ་ཤེས་ཀྱི་མདུད་པ་བཀྲོལ་ནས། ཡེ་ཤེས་ཁོང་དུ་ཆུད་ཅིང་མཉམ་པ་ཉིད་རྟོགས་པར་བྱེད་པ་ཡང་དེ་དང་འདྲ་སྟེ། དཔེ་འདིས་དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བ་ཤེས་པར་བྱའོ། །དམ་པའི་ཆོས་པདྨ་དཀར་པོ་ལས། བྱམས་མའི་བུ་གང་པོ་

མ་འོངས་པའི་དུས་ན། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་དུ་མངོན་པར་འཚང་རྒྱ་སྟེ། དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ནང་ན་སོང་མེད། བུད་མེད་ཀྱང་མེད་དོ། །སེམས་ཅན་དེ་དག་ཐམས་ཅད་རྫུས་ཏེ་སྐྱེ་བར་ཚངས་པར་སྤྱོད་པ་ཡིད་ལས་བྱུང་བའི་ལུས་འོད་རང་ལ་ཡོད་པ།

རྫུ་འཕྲུལ་ཅན་ནམ་མཁའ་ལ་འགྲོ་བ་ལུས་གསེར་གྱི་མདོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་འགྱུར་བའོ། །སྐྱེས་བུ་དམ་པ་བཅུ་དྲུག་ལ། བཟང་སྐྱོང་། དཀོན་མཆོག་འབྱུང་གནས། དེད་དཔོན་བཟང་པོ། །མིས་བྱིན། ཕུག་སྦས། ཆུས་བྱིན། དབང་པོས་བྱིན། བླ་མའི་བློ་གྲོས། ཁྱད་

པར་བློ་གྲོས། འཕེལ་བའི་བློ་གྲོས། མཐོང་བ་དོན་ཡོད། ཤིན་ཏུ་ཡང་དག་ཞུགས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། དཔེ་མེད་བློ་གྲོས། ཉི་མའི་སྙིང་པོ། ས་འཛིན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བདག་གི་ཞམ་རིང་བ་དང་ལྷན་ཅིག་ཏུ་བདག་དང་གཅིག་གམ་བདག་དང་གཉིས་མི་མཇེད་ཀྱི་

འཇིག་རྟེན་གྱི་ཁམས་འདིར་གཤེགས་སོ། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་རིན་པོ་ཆེའི་ཤིང་ལྗོན་པས་རབ་ཏུ་བརྒྱན་པར་གྱུར་ཏོ། །བཻ་ཌཱུརྱའི་གཞི་ལ་རིན་པོ་ཆེ་སྣ་བདུན་དང་གསེར་གྱི་དྲ་བས་བྲེས། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། མེ་ཏོག་སྣ་

ཚོགས་བཀྲམ་པ། གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲེས་པར་གྱུར་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡང་མེད་པར་གྱུར། རི་ནག་པོ་ཡང་མེད་པར་གྱུར། བཏང་བཟུང་དང་། བཏང་བཟུང་ཆེན་

เล่ม ๒๐๔ · หน้า 334a

པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། རི་རབ་ཀྱང་མེད་པར་གྱུར། རི་རབ་ཆེན་པོ་དང་། རི་གཞན་ཡང་མེད་པར་གྱུར། རྒྱ་མཚོ་ཡང་མེད་པར་གྱུར། འབབ་ཆུ་དང་། འབབ་ཆུ་ཆེན་པོ་ཡང་མེད་པར་ཡོངས་སུ་གནས་པར་གྱུར་ཏོ། །ལྷ་

དང་མི་དང་ལྷ་མ་ཡིན་གྱི་ཚོགས་ཀྱང་མེད་པར་གྱུར། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡང་མེད་པར་གྱུར་ཏོ། །འདི་ལྟར་དེའི་ཚེ་འཇིག་རྟེན་གྱི་ཁམས་མི་མཇེད་འཁོར་འགྲོ་བ་དྲུག་ཏུ་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་

འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བཀོད་པར་གྱུར་ཏེ། གང་དག་འཁོར་དེར་འདུས་པ་དེ་དག་མ་གཏོགས་སོ། །འདུ་ཤེས་ཕྱིན་ཅི་ལོག་ལས་བྱུང་བར་དེ་ལྟར་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ཆོས་ཐམས་ཅད་ལ་ལྟ་ཞིང་གནས་པ་

འདིས་གནས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ལ་གནས་པ་ཡིན་ནོ། །གང་ཞིག་མདོ་འདི་འཆད་འདོད་ཆོས་སྨྲ་བས། །གཡོ་དང་ང་རྒྱལ་དེ་བཞིན་འཕྱ་བ་དག །མ་ལུས་པར་ནི་ཡོངས་སུ་སྤང་བར་བྱ། །དེ་བཞིན་མཁས་པས་ཕྲག་དོག་གཞན་མི་བྱ། །

ནམ་དུ་སུ་ལ་འང་མི་སྙན་བརྗོད་མི་བྱ། །ལྟ་བས་རྩོད་པ་ནམ་ཡང་མི་བྱའོ། །བླ་མེད་ཡེ་ཤེས་ཐོབ་པར་མི་འགྱུར་ཞེས། །ཐེ་ཚོམ་གནས་ནི་ནམས་ཀྱང་མི་བྱའོ། །འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པའི་མཆོག་སྟེ། ཆོས་ཀྱི་རྣམ་གྲངས་ཀྱི་མཐའོ། །ཆོས་ཀྱི་

རྣམ་གྲངས་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་རྣམ་གྲངས་འདི་ཟབ་སྟེ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པའོ། །འཇིག་རྟེན་གྱི་ཁམས་གཞན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་གིས་ཆོས་ཀྱི་རྣམ་གྲངས་

འདི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་དང་མི་མཇེད་འདིར་བསྟན་པ་ལ་སོགས་པར་བགྱི་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་གདམས་སུ་གསོལ་ཞེས་བྱ་བ་དང་། བཀའ་སྩལ་པ། ཁྱོད་ཀྱིས་བྱ་ཅི་དགོས། འཇིག་རྟེན་གྱི་ཁམས་འདི་ཉིད་ན་ངས་

เล่ม ๒๐๔ · หน้า 334b

སྨིན་པར་བྱས་པའི་བྱང་ཆུབ་སེམས་དཔའ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཡོད་དེ་དེ་དག་སྟོན་པ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་སྐད་གསུངས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་མང་པོ་ཞིག་ས་རུམ་ནས་འཐོན་ཏེ། དེ་བཞིན་གཤེགས་པ་རིན་ཆེན་

མང་དང་། ཤཱཀྱ་ཐུབ་པ་དང་ཕྱོགས་བཅུ་ནས་གཤེགས་པ་རྣམས་ལ་ཕྱག་འཚལ་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ས་རུམ་ནས་འཐོན་ནས་བར་གྱི་བསྐལ་པ་ལྔ་བཅུ་རྫོགས་པར་འདས་ཀྱི་བར་དུ་དེ་བཞིན་གཤེགས་པ་རྣམས་

ལ་ཕྱག་འཚལ་ཞིང་བྱང་ཆུབ་སེམས་དཔའི་བསྟོད་པ་རྣམ་པ་དུ་མས་བསྟོད་དོ། །བར་གྱི་བསྐལ་པ་ལྔ་བཅུ་པོ་དེ་དག་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཅང་མི་གསུང་བར་གྱུར་ཏོ། །འཁོར་བཞི་པོ་དེ་དག་ཀྱང་བར་གྱི་བསྐལ་པ་ལྔ་བཅུ་པོ་དེ་དག་ལ་ཅང་མི་སྨྲ་བར་འཁོད་

པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མངོན་པར་འདུ་མཛད་དོ། །རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་འཁོར་བཞི་པོ་དེ་དག་གིས་ཕྱི་དྲོ་གཅིག་ཁོ་ན་སྙམ་དུ་ཤེས་སོ། །རྟག་ཏུ་ང་བྱིན་རླབས་དེ་

འདྲ་སྟེ། །བསྐལ་པ་བསམ་ཡས་བྱེ་བ་སྟོང་དུ་ནི། །བྱ་རྒོད་ཕུང་པོ་འདི་ལས་མི་འཕོ་ཡང་། །གུད་ན་འང་བྱེ་བ་སྙེད་ཀྱི་མལ་ཆ་ཡོད། །གང་ཚེ་འཇིག་རྟེན་ཁམས་འདི་སེམས་ཅན་གྱི། །བསྐལ་པས་བསྲེག་པར་མཐོང་ཞིང་རྟོག་པ་ནི། །དེ་ཚེ་ང་ཡི་སངས་རྒྱས་ཞིང་འདི་

ནི། །ལྷ་དང་མི་ཡིས་ཡོངས་སུ་གང་བར་འགྱུར། །དེ་དག་རྩེ་ཞིང་དགའ་བ་སྣ་ཚོགས་ལྡན། །སྐྱེད་མོས་ཁང་བཟངས་གཞལ་མེད་ཆེ་བ་ཡོད། །རིན་ཆེན་རི་བོ་རྣམས་དང་དེ་བཞིན་དུ། །མེ་ཏོག་འབྲས་ལྡན་ཤིང་ལྗོན་རྣམས་ཀྱིས་བརྒྱན། །སྟེང་ནས་ལྷ་རྣམས་རྔ་ཆེན་རབ་ཏུ་བརྡུང་། །

མནྡཱ་ར་ཡི་ཆར་ཀྱང་རབ་ཏུ་འབེབས། །མཁས་པ་གཞན་གང་བྱང་ཆུབ་འདིར་ཞུགས་དང་། །ང་དང་ཉན་ཐོས་རྣམས་ལས་མངོན་པར་འཐོབ། །ང་ཡི་ཞིང་འདི་དེ་ལྟར་རྟག་གནས་ཀྱང་། །གཞན་དག་འདི་ལ་བསྐལ་པས་བསྲེག་པར་རྟོག །མྱ་ངན་བརྒྱ་ཡིས་གང་ཞིང་

เล่ม ๒๐๔ · หน้า 335a

གཙེས་པ་དང་། །འཇིག་རྟེན་ཁམས་ནི་ཤིན་ཏུ་འཇིགས་པར་མཐོང་། །ལོ་མང་བྱེ་བར་དེ་བཞིན་གཤེགས་རྣམས་དང་། །ཆོས་དང་ང་ཡི་དགེ་འདུན་ཚོགས་རྣམས་ཀྱི། །མིང་ནི་ནམས་ཀྱང་ཐོས་པར་མི་འགྱུར་ཏེ། །སྡིག་པའི་ལས་ཀྱི་འབྲས་བུ་དེ་

འདྲའོ། །ནམ་ཞིག་སེམས་ཅན་འཇམ་ཞིང་མཉེན་པ་རྣམས། །མི་ཡི་འཇིག་རྟེན་འདིར་ནི་སྐྱེས་གྱུར་ཏེ། །དགེ་བའི་ལས་ཀྱིས་དེ་ལྟར་སྐྱེས་མ་ཐག །ད་ནི་ཆོས་རྣམས་རབ་ཏུ་འཆད་པར་མཐོང་། །དེ་བཞིན་གཤེགས་པ་སྐུ་ཚེ་དཔག་ཏུ་མེད། །མྱ་ངན་ལས་འདའ་བར་

བསྟན་པ་ཐམས་ཅད་ཡིན་པར་བཤད་པའི་རྗེས་ལ་བཀའ་སྩལ་པ། མ་ཕམ་པ་གང་གི་ཚེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ལྷག་པའི་བསམ་པས་མོས་པར་བྱེད་པ་དེའི་ཚེ། དེའི་ལྷག་པའི་

བསམ་པའི་མཚན་ཉིད་འདི་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་འདུག་སྟེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟ་བ་དང་། ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་འདུག་

ཅིང་ཆོས་སྟོན་པར་མཐོང་བ་དང་། ངའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་གཞི་བཻ་ཌཱུརྱ་ལས་གྲུབ་ཅིང་མཉམ་པར་གནས་ལ། གསེར་སྐུད་མིག་མངས་རིས་སུ་བྲེས་ཤིང་རིན་པོ་ཆེའི་ཤིང་ལྗོན་པ་རྣམས་ཀྱིས་རྣམ་པར་བཀྲ་བར་མཐོང་བ་དང་།

འདི་ནི་ཡོངས་སུ་སྤྱད་པའི་ཁང་པ་བརྩེགས་པ་དག་ན། བྱང་ཆུབ་སེམས་དཔའ་དག་གནས་པར་མཐོང་བ་སྟེ། མ་ཕམ་པ་འདི་ནི་ལྷག་པའི་བསམ་པས་མོས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་ལྷག་པའི་བསམ་པའི་མཚན་ཉིད་རིག་པར་བྱའོ། །རིགས་

ཀྱི་བུ་དག་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཟབ་མོའི་གནས་ཐམས་ཅད་ངས་ཆོས་ཀྱི་རྣམ་གྲངས་འདི་ལས་བཤད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་

เล่ม ๒๐๔ · หน้า 335b

པར་རྫོགས་པའི་བྱང་ཆུབ་འདི་འདོད་པས། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་རྐང་པའི་མཐེ་བོང་འབར་བར་བྱའོ། །ལག་པའི་སོར་མོའམ། རྐང་པའི་སོར་མོ་གཅིག་གམ། ཡན་ལག་གཅིག་གམ། ལག་པ་འབར་བར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་

ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ནི་བསོད་ནམས་འདུ་བྱེད་པ་ཆེས་མང་དུ་བསྐྱེད་ཀྱི། རྒྱལ་སྲིད་དང་། བུ་དང་། ཆུང་མ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་གཏང་བ་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་གཤེགས་པས་བཤད་པའི་

མདོ་སྡེ་ཐམས་ཅད་ཀྱི་ནང་ན་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོག་ཏུ་གྱུར་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་གསོལ་པ། སུ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེ་བསྲུང་བའི་ཕྱིར། བདག་གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་པ་

འཚལ་ཏེ་དེར་མཆིའོ། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བཞི་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། བསྟི་སྟང་དུ་བྱས་བཙུན་པར་བྱས་ཏེ། ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་

སེམས་དཔའ་ལ་གདམས་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་བཤད་དོ། །ནམ་མཁའི་སྤྱན་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འོངས་པའི་དུས་ན། གང་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་བསླབ་པའི་

ཁྲིམས་སུ་བཅའ་བ་འཆའ་བར་འགྱུར་བའི་རྐྱེན་དེ་ལྟ་བུ་དག་འབྱུང་བར་འགྱུར་ཏེ། གང་ཟག་གནོད་མི་བཀུར་བ་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་སྤང་བའི་ཕྱིར་དང་། ཚེ་ཕྱི་མའི་

ཟག་པ་རྣམས་བསྡམས་པའི་ཕྱིར་དང་། ངའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གང་ཟག་ལམ་གོལ་བར་ཞུགས་པ་ཁ་ཅིག་ལ་ནི་ལུས་དུབ་པ་སྤྱད་པའི་ཆད་པ་བཅའོ། །ཁ་ཅིག་ལ་ནི་ཡིད་དུ་མི་འོང་བ་དང་འཕྲད་པའི་ཆད་པའོ། །ཁ་ཅིག་ལ་ནི་མཚམས་

เล่ม ๒๐๔ · หน้า 336a

ཀྱི་ཕྱི་རོལ་དུ་དབྱུང་ཞིང་ཐ་དད་དུ་གནས་པར་བྱ་བའི་ཆད་པའོ། །ཁ་ཅིག་ལ་ནི་དགེ་སློང་གི་ཐ་མར་གཞག་པའི་ཆད་པའོ། །ཁ་ཅིག་ལ་ནི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ལ་བསྙིལ་ཞིང་སྨད་པར་འོས་པའི་ཆད་པ་བཅད་དེ། རྒྱལ་རིགས་ད་

ལྟར་བྱུང་པ་ཁྱེད་དང་མ་འོངས་པ་ཐམས་ཅད་ཀྱི་ལག་ཏུ་ཉན་ཐོས་ཀྱི་བསླབ་པ་ཁྲིམས་སུ་བཅའ་བ་གཏོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ད་ལྟར་དང་མ་འོངས་པའི་དུས་ན་ངའི་བསྟན་པ་ལ། གང་ཟག་ལམ་གོལ་བ། གདུལ་དཀའ་བ། ངོ་ཚ་དང་། ཁྲེལ་སྤངས་པ།

སྤྱོད་པ་མ་དག་པ་འབྱུང་བར་འགྱུར་ལ། གང་དག་ཉེ་དུའི་སྟོབས་སམ། ནོར་གྱི་སྟོབས་སམ། ཁྱིམ་པའི་དཔུང་ངམ། མང་དུ་ཐོས་པའི་སྟོབས་སམ། ཁ་སྟོབས་ཀྱིས་བསླབ་པ་དག་ལ་སྐྱོན་ཡོད་པར་སྤྱོད་ཅིང་། ཁྱིམ་ན་གནས་པའི་རྟགས་དང་། ཁྱིམ་གྱི་

ལོངས་སྤྱོད་དག་ལ་སྣང་ལ་ཡོངས་སུ་གཟུང་བ་བསྡུས་པ་དེ་དག་དགེ་སློང་དོན་ཉུང་ངུ་རྣམས་ཀྱིས་མྱུར་དུ་དགེ་འདུན་གྱི་ནང་ནས་བསྐྲད་པ་དང་། བསླབ་པ་ཇི་ལྟར་བཅད་པ་བཞིན་ཆད་པས་གཅད་པར་མི་ནུས་པས། དེ་དག་བསླབ་པའི་ཁྲིམས་སུ་

བཅའ་བ་བཞིན་བྱ་བར་རྒྱལ་རིགས་ཀྱི་ལག་ཏུ་གཏད་དེ།རྒྱལ་རིགས་དེ་དག་གང་ཟག་དེ་ལྟ་བུ་རྣམས་ལ་ཇི་ལྟར་ཁྲིམས་བཅས་པ་བཞིན་ཆད་པས་གཅོད་པར་འགྱུར་རོ། །རྒྱལ་རིགས་གང་དག་ད་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་ཐ་མའི་བར་དུ་དེ་ལྟ་བུའི་

བརྩོན་པ་དང་། ཕ་རོལ་གནོན་པས་ངའི་བསྟན་པ་བསྲུང་ཞིང་ཡོངས་སུ་སྐྱོང་བ་དང་། ཆོས་ཀྱི་ཚུལ་འབར་བར་བྱེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ཡིན་ཏེ། ལྷ་རྣམས་ཀྱང་བསྲུང་

ཞིང་ཡོངས་སུ་སྐྱོང་བར་འགྱུར་རོ། །རྒྱལ་རིགས་དེ་དག་ནི་རྒྱལ་སྲིད་ཀྱང་ཡུན་རིང་དུ་བྱེད་དུ་འཇུག་གོ། །བསོད་ནམས་ཀྱང་ཤིན་ཏུ་འཕེལ་བར་འགྱུར་རོ། །དེ་ནས་བསྐལ་པ་བརྒྱར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འགྱུར་རོ། །རྒྱལ་རིགས་གང་དག་ད་ལྟར་དང་མ་འོངས་

เล่ม ๒๐๔ · หน้า 336b

པའི་དུས་ན་ངའི་བསྟན་པ་ཡལ་བར་འདོར་ཞིང་འདུག་པའི་རྒྱལ་རིགས་དེ་དག་ནི་ལྷ་ཐམས་ཅད་ཀྱིས་བོར་བ་ཡིན། ཉན་ཐོས་དང་རང་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་གཏང་བ་ཡིན་ཏེ། རྒྱལ་རིགས་དེ་ནི་འཇིག་རྟེན་ཕ་རོལ་ཏུ་ཕྱིན་པ་ལྷ་དང་མིར་སྐྱེ་བ་ཡང་མེད་དོ། །

གང་ངའི་བསྟན་པ་ཡལ་བར་འདོར་བ་དེ་ནི་དཀོན་མཆོག་གསུམ་གྱི་གདུང་གཅོད་པར་ཞུགས་པ་ཡིན། ཆོས་ཀྱི་སྒྲོན་མ་གསད་པར་ཞུགས་པ་ཡིན། ཆོས་ཀྱི་ཆུ་བསྐམ་པར་ཞུགས་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་འབྱིན་པར་ཞུགས་པ་ཡིན་

ནོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། གང་ཟག་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་ན། གང་ཟག་དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་དང་ལྡན་པར་འགྱུར། རྒྱལ་པོ་གཟུགས་ཅན་སྙིང་པོས་མཆི་མ་བླགས་ཏེ་འདི་སྐད་ཅེས་གསོལ་

ཏོ། །གང་ཟག་དེ་ནི་བསོད་ནམས་མ་ལགས་པ་ཟླ་མ་མཆིས་པ་གྲངས་མ་མཆིས་པ། ཚད་མ་མཆིས་པ་འཕེལ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བས་རྒྱལ་རིགས་གང་དག་ད་ལྟ་དང་མ་འོངས་པའི་དུས་ན། ངའི་

བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འབར་གྱི་བར་དུ་གང་ཟག་ཆོས་ཀྱིས་གནས་པ་རྣམས་མི་སྲུན་ཞིང་ལམ་གོལ་བ་ལ་གནས་པའི་གང་ཟག་རྣམས་ཆོས་བཞིན་མི་སློབ་པ་དེ་དག་ལ་བསོད་ནམས་མ་ཡིན་པ་ཆེས་མང་དུ་

འཕེལ་བར་འགྱུར་ཏེ། རྒྱལ་རིགས་དེས་སྔ་མ་བསྐལ་བ་བརྒྱར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས་པ་ནས་ཤེས་རབ་བསྒོམས་པའི་བར་དུ་གྱུར་ལ། ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བ་ཞིག་གིས་ཞུགས་པར་གྱུར་ན། ཡང་དམ་པའི་ཆོས་ཡལ་

བར་འདོར་བའི་རྒྱུས་དེའི་དགེ་བའི་རྩ་བ་སྔོན་བསགས་པ་དེ་དག་ཐམས་ཅད་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་རོ། །དེའི་ཡུལ་དུ་ཆོས་གསུམ་དུ་ཡང་འབྱུང་བར་འགྱུར་ཏེ། ལོ་ཉེས་དང་། འཐབ་མོ་དང་། ནད་འབྱུང་བར་འགྱུར་རོ། །ལྷས་ཀྱང་ཡལ་བར་འདོར་

เล่ม ๒๐๔ · หน้า 337a

ཞིང་བཏང་བར་འགྱུར་རོ། །དེའི་ཡུལ་དུ་བཀའ་མི་བརྩན་ཞིང་གཡོ་དང་སླུ་བ་དང་། བརྫུན་སྣ་ཚོགས་ཀྱང་འབྱུང་བར་འགྱུར་རོ། །གཞན་གྱི་དམག་གིས་ཀྱང་དེའི་ནོར་གྱི་ཕུང་པོ་ཕྲོགས་པར་འགྱུར་རོ། །ཡང་ན་མེས་ཚིག་པར་འགྱུར་རོ། །

ཡང་ན་ཆུས་ཁྱེར་བར་འགྱུར་རོ། །རྒྱལ་རིགས་དེ་རིང་པོར་མི་ཐོགས་པར་ནད་ཚབ་པོ་ཆེས་ཐེབས་ནས། སྡུག་པ་ཡིད་དུ་འོང་བ་དང་བྲལ་བར་འགྱུར་རོ། །ཤི་ནས་ཀྱང་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་རེས་འགའ་ཞིག་རིང་མོ་ཞིག་ན། ལེགས་པར་སྤྱད་པས་

མི་ཉིད་ཐོབ་ན་མྱུར་དུ་མིག་མེད་པ་དང་། ལོངས་སྤྱོད་དང་། ཉེ་བར་སྤྱོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཉམ་ང་བར་གནས་ཤིང་ཡུན་རིང་དུ་འཚོ་བར་འགྱུར་རོ། །ཤི་ནས་ཡང་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་གནས་མ་ཡིན་པ་ཡོངས་སུ་

བརྟགས་པས་སངས་རྒྱས་འབྱུང་བའི་ཚེ་ཡང་མི་ལུས་མི་འཐོབ་པོ། །རྒྱལ་རིགས་ཇི་ལྟར་བྲམ་ཟེ་དང་། རྗེའུ་རིགས་དག་ཀྱང་དེ་བཞིན་ཏེ། གྲོང་ཁྱེར་གྱི་གཙོ་བོའམ། ཡུལ་གྱི་གཙོ་བོའམ། རི་ཁྲོད་ཀྱི་གཙོ་བོའམ། ལྗོངས་ཀྱི་གཙོ་བོ་ཡང་རུང་། གང་ཞིག་བག་མེད་

པའི་རྒྱུའམ། ནོར་གྱི་ཕྱིར་ངའི་བསྟན་པ་ལ་ཆོས་ཀྱིས་གནས་པའི་གང་ཟག་རྣམས་ཅི་ནུས་ཀྱིས་མི་སླུ་ཞིང་ལམ་གོལ་བ་ལ་གནས་པའི་གང་ཟག་རྣམས་ཆོས་བཞིན་དང་འདུལ་བ་བཞིན་ཚར་མི་གཅོད་པ་དེ་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། །

རྒྱལ་པོ་གཟུགས་ཅན་སྙིང་པོས་གསོལ་པ། བཅོམ་ལྡན་འདས་ད་ལྟར་དང་མ་མཆིས་པའི་དུས་ན། རྒྱལ་རིགས་རྣམས་ཀྱིས་མི་ཉིད་འཐོབ་པ་ནི་དཀའ་ལགས་ཏེ། གང་དག་མྱོས་ཤིང་བག་མ་མཆིས་པར་མང་དུ་གནས་ལ། དམ་པའི་ཆོས་ཡུན་རིང་དུ་

གནས་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་ཆོས་ལ་གནས་པ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་གྱིས་ཕྱུག་པ་རྣམས་མཆོད་གནས་སུ་མི་བགྱིད་པ་དང་། ལམ་གོལ་བ་ལ་གནས་པ་ངོ་ཚ་དང་ཁྲེལ་བོར་བ་རྣམས་

เล่ม ๒๐๔ · หน้า 337b

ཆོས་དང་མཐུན་པའི་ཆད་པས་མི་འགུམས་པ་དེ་དག་ནི་ཕུང་བར་འགྱུར་ལགས་སོ། །ལྷའི་བུ་སྐྱ་རེངས་ནི་སྨོན་ལམ་གྱི་དབང་གིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་དུ་སྐྱེས་ཏེ། དེ་ཉི་མའི་མདུན་དཔག་ཚད་ཁྲིས་བཅད་ནས་འགྲོའོ། །དེའི་གཞལ་མེད་ཁང་ནི་

དཔག་ཚད་ཉི་ཤུ་པའོ། །དེ་ཉིན་མཚན་གཅིག་ལ་གླིང་བཞི་དང་བར་གྱི་གླིང་བརྒྱད་ཁྲི་དང་། ཀླུའི་གླིང་དྲུག་ཁྲི་དང་། ལྷ་མ་ཡིན་གྱི་གླིང་བཞི་ཁྲི་དང་། ནམ་མཁའ་ལྡིང་གི་གླིང་བརྒྱ་དང་། མིའམ་ཅིའི་གླིང་ལྔ་སྟོང་ཉིས་བརྒྱ་དང་། ལྟོ་འཕྱེ་ཆེན་པོའི་གླིང་བཞི་སྟོང་

དྲུག་བརྒྱ་དང་། གྲུལ་བུམ་གྱི་གླིང་བརྒྱད་བརྒྱ་དང་། ཡི་དགས་ཀྱི་གླིང་བརྒྱད་ཁྲི་བཞི་སྟོང་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོའི་གླིང་སུམ་སྟོང་དག་ཏུ་གླིང་རེ་རེ་ཞིང་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་མང་པོ་དག་ཡོངས་སུ་སྨིན་པར་བྱེད་དོ། །

འཛམ་བུའི་གླིང་འདིའི་ནང་ཤར་ཕྱོགས་ཀྱི་ཆ་རྒྱ་མཚོ་ཆེན་པོ་ནི་བཻ་ཌཱུརྱ་འབའ་ཞིག་གི་རི་ཨརྞ་པ་ཞེས་བྱ་བ་ཡོད་དེ། དེ་ནི་ཆུའི་ནང་ནས་དཔག་ཚད་ཉི་ཤུ་གྱེན་དུ་འཕགས་སོ། །རི་དེ་ལ་རི་ཕུག་ཤིན་ཏུ་བཀྲ་བ་ཞེས་བྱ་བ་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་གནས་ནས་གནས།

འཕང་དང་རྒྱར་དཔག་ཚད་རེ་རེ་བ་ཞིག་ཡོད་དེ། ཕུག་དེ་ན་ཛན་དུར་གནས་སོ། །དེ་ནི་ཉན་ཐོས་དང་ཐུན་མོང་གི་བྱམས་པ་ལེགས་པར་སྦྱང་བར་བྱས་པ་ཡིན་ནོ། །རི་ཕུག་གཉིས་པ་ཨ་མ་ར་ཞེས་བྱ་བ་འཕང་དང་རྒྱར་དཔག་ཚད་གཅིག་ཡོད་དེ། ཕུག་དེ་ན་རྟའི་

གནས་སོ། །རི་ཕུག་གསུམ་པ་རབ་ཏུ་གནས་པ་ཞེས་བྱ་བ་འཕང་དང་རྒྱར་དཔག་ཚད་རེ་རེ་བ་ཞིག་ཡོད་དེ། ཕུག་དེ་ན་ཕྱུགས་གནས་སོ། །རི་དེ་ལ་ཤིང་གི་ལྷ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་དང་། སྲིན་མོ་ཆེན་མོ་མགྲིན་བཟངས་མ་ཞེས་བྱ་བ་གནས་ཏེ། གཉིས་ཀ་

ཡང་འཁོར་ལྔ་སྟོང་ལྔ་སྟོང་དང་བཅས་པར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་གསུམ་གྱི་སྦྱིན་བདག་བྱེད་ཅིང་ཉིན་མཚན་རྟག་ཏུ་བཀུར་སྟི་བྱ་བར་བརྩོན་ནོ། །འཛམ་བུའི་གླིང་འདི་ན་ལྷོ་ཕྱོགས་ཀྱི་ཆ་རྒྱ་མཚོ་ན་ཤེལ་འབའ་ཞིག་གི་རི་སྐྱེ་བོའི་དཔལ་ཞེས་བྱ་བ་ཡོད་དོ། །

เล่ม ๒๐๔ · หน้า 338a

དེ་ནི་ཆུའི་ནང་ནས་དཔག་ཚད་ཉི་ཤུ་གྱེན་དུ་འཕགས་སོ། །རི་དེ་ལ་རི་ཕུག་མདོག་བཟངས་ཞེས་བྱ་བ་རྒྱ་དང་འཕང་དུ་དཔག་ཚད་རེ་རེ་ལ་སྤྲེའུ་གནས། རི་ཕུག་གཉིས་པ་སྤྲ་བའི་ཧན་བཟང་པོ་ཞེས་བྱ་བ་རྒྱ་དང་འཕང་དུ་དཔག་ཚད་

རེ་རེ་བ་ལ་ཁྱིམ་བྱ་གནས། རི་ཕུག་གསུམ་པ་དྷརྨ་པ་ཧ་ཞེས་བྱ་བརྒྱ་དང་འཕང་དུ་དཔག་ཚད་རེ་རེ་བ་ལ་ཁྱི་གནས། རི་དེ་ལ་སྦྱིན་གནས་སྲིན་མོ་སྣང་བ་དང་། ཉེ་སྣང་བ་ཞེས་བྱ་བ་འཁོར་ལྔ་སྟོང་དང་གནས་ཏེ་སྦྱིན་བདག་བྱེད། འཛམ་བུའི་གླིང་གི་ནུབ་ཕྱོགས་རྒྱ་མཚོའི་

ནང་ན་གསེར་འབའ་ཞིག་གི་རི་བྱང་ཆུབ་ཀྱི་ཟླ་བ་ཞེས་བྱ་བ་ཡོད་དེ། དེ་ནས་དཔག་ཚད་ཉི་ཤུ་ནས་གྱེན་དུ་འཕགས་སོ། །རི་དེ་ལ་རི་ཕུག་མི་ལན་ཏྲ་ཞེས་བྱ་བ་ལ་འཕང་དང་རྒྱར་དཔག་ཚད་རེ་རེ་བ་ལ་ཕག་གནས་སོ། །ཕུག་གཉིས་པ་དྲི་དཔལ་ཞེས་བྱ་བ་འཕང་དང་རྒྱར་དཔག་ཚད་རེ་

རེ་བ་ལ་བྱི་བ་གནས། ཕུག་གསུམ་པ་ཨུདྨ་ཤྲཱི་ཞེས་བྱ་བ་འཕང་དང་རྒྱར་དཔག་ཚད་རེ་རེ་བ་ལ་གླང་གནས། རི་དེ་ལ་སྲིན་མོ་ཆེན་མོ་ལེགས་སྲུང་ཞེས་བྱ་བ་དང་། བེའུ་སུ་རཱ་ཀྵ་ཞེས་བྱ་བ་འཁོར་སྔ་མ་སྙེད་དང་། རི་དེ་རླུང་ལྷ་གཡོག་པ་ཞེས་བྱ་བ་འཁོར་སྔ་མ་སྙེད་དང་བཅས་པ་

སྔ་མ་བཞིན་སྦྱིན་བདག་བྱེད། འཛམ་བུའི་གླིང་གི་ནང་བྱང་ཕྱོགས་ཀྱི་ཆ་རྒྱ་མཚོ་ན་འཛམ་བུ་ཆུ་བོ་འབའ་ཞིག་གི་རི་ཏོག་དཔལ་གྱི་མཚན་ཉིད་ཅེས་བྱ་བ་ཡོད་དེ། དེ་ནི་དཔག་ཚད་ཉི་ཤུ་ཆུ་ནས་གྱེན་དུ་འཕགས་སོ། །རི་དེ་ལ་རི་ཕུག་ཨ་རུ་ན་གེན་གོ་ལ་ཞེས་བྱ་བ་ཚད་སྔ་མ་ཙམ་ལ་སེང་གེ་

གནས། ཕུག་གཉིས་པ་ལཾ་ཀ་ར་ཞེས་བྱ་བ་ཚད་སྔ་མ་ཙམ་ལ་རི་བོང་གནས། ཕུག་གསུམ་པ་དགའ་བར་འབྱུང་ཞེས་བྱ་བ་ཚད་སྔ་མ་ཙམ་ལ་སྦྲུལ་གནས། རི་དེ་ལ་སྲིན་མོ་དུང་ཅན་མ་ཞེས་བྱ་བ་དང་། ཤ་ཏ་དྲང་སྲུང་ཞེས་བྱ་བ་འཁོར་སྔ་མ་སྙེད་དང་། ཆུ་ལྷ་འབེབས་བྱེད་ཅེས་བྱ་བ་འཁོར་

སྔ་མ་སྙེད་དང་། གནས་སྔ་མ་བཞིན་ཡོན་བདག་བྱེད་དོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་བཅུ་གཉིས་པོ་དེ་དག་ནི་བསོད་ནམས་ཆེ་བསྐལ་བ་ཆེ་བ་ཡིན་ནོ། །སྨོན་ལམ་གྱི་དབང་གིས་ཉིན་མཚན་རེ་རེ་ཞིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བྱི་བ་དང་། ག་བ་དང་། སྟག་

เล่ม ๒๐๔ · หน้า 338b

དང་། རི་བོང་དང་། གླང་པོ་དང་། ཛན་དུ་དང་། རྟ་དང་། པ་ཤུ་དང་། སྤྲེའུ་དང་། ཁྱིམ་བྱ་དང་། ཁྱི་དང་། ཕག་སྟེ། དེ་དག་ནི་ལྷ་དང་མིའི་མཆོད་པ་ཡོན་ཏན་ཐོབ་པ་ཡིན་ནོ། །སྐད་ཅིག་མ་དང་པོ་ལ་མའི་མངལ་དུ་ས་བོན་གྱི་རྣམ་པར་ཤེས་བ་ནུར་ནུར་པོར་གནས་པར་འགྱུར་ཏེ།

དཔེར་ན་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་ཆུང་ངུའོ། །ཞག་བདུན་པ་དྲུག་པ་ལ། ནུར་ནུར་པོར་གྱུར་ནས། མེར་མེར་པོར་འགྱུར་ཏེ། དཔེར་ན་རྒྱ་ཤུག་གི་ས་བོན་ཙམ་དུ་ཆུང་བའི་ཞག་བདུན་པ་ལས་མེར་མེར་པོར་གྱུར་ནས་ནར་ནར་བོར་འགྱུར་ཏེ་སྟར་ག་ཙམ་མོ། །ཞག་བདུན་པ་བརྒྱད་པ་ལ་ནར་

ནར་པོར་གྱུར་ནས། གོར་གོར་པོར་འགྱུར་ཏེ་བིལ་བའི་འབྲས་བུ་ཙམ་མོ། །དེ་ནས་ཞག་བདུན་ཐལ་ནས་ཞག་བདུན་པ་བཅུ་གསུམ་གྱི་བར་དུ་མགོའི་མཚན་མ་དང་། ལག་པ་དང་བརླ་དང་གནས་ཀྱི་མཚན་མ་དག་དོད་པར་འགྱུར་རོ། །ཞག་བདུན་པ་ཉི་ཤུ་པ་ལ་ཕོ་དང་མོའི་མཚན་མ་དོད་པར་འགྱུར་རོ། །ཞག་བདུན་པ་ཉི་ཤུ་

རྩ་གཅིག་པ་ལ་རུས་པ་རྫོགས་པར་འགྱུར་རོ། །ཞག་བདུན་པ་སུམ་ཅུ་པ་ལ་ཡན་ལག་ཐམས་ཅད་དང་། ཁྲག་དང་། པགས་པ་དང་། བ་སྤུའི་བུ་ག་ཀུན་རྫོགས་པར་འགྱུར་རོ། །དེ་ནས་མའི་ལྟོ་ན་ཁྲག་དང་དྲི་མི་ཞིམ་པའི་ནང་ན་གནས་སོ། །གང་མའི་ལྟོ་ན་གནས་པ་ན་ཚེ་རབས་

སྔ་མ་དྲན་ནས་མཆོག་ཏུ་སྐྱོ་བར་འགྱུར་ཏེ། བདག་མའི་ལྟོ་འདི་ནས་ནམ་འབྱུང་ཞིག་གུ། ཕྱིས་མའི་མངལ་དུ་སྐྱེ་བར་མི་འགྱུར་བ་དེ་ལྟ་བུའི་དགེ་བ་དག་ལ་བརྩོན་འགྲུས་དང་། ཕ་རོལ་གནོན་པ་བརྟན་པོར་བྱའོ་སྙམ་པ་ལས་བཅས་པ་དང་། མའི་ལུས་ཀྱིས་གཟིར་བ་དང་། སའི་རེག་

པ་དང་། ལག་པའི་རེག་པ་དང་། དྲི་མ་བཀྲུ་བའི་སྡུག་བསྔལ་ལུས་དང་སེམས་ལ་མཆོག་ཏུ་གནས་པ་དག་གིས་ཚེ་རབས་སྔ་མ་རིལ་བརྗེད་དོ། །དེའི་ཚེ་ལྷའི་དབང་པོ་ནས། ཤ་ཟའི་དབང་པོའི་བར་ནམ་མཁའ་ལ་རྒྱུ་བ་དང་། ས་ལ་རྒྱུ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་

གསོལ་པ། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ། །བདེ་བར་གཤེགས་པ་དེ་ལྟར་འཚལ་ཏེ། མ་མཆིས་པའི་དུས་ན་ཇི་སྲིད་དུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཚུལ་འབར་ཤིང་ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་རྣམ་པ་ཐམས་ཅད་དུ་ཡོངས་

เล่ม ๒๐๔ · หน้า 339a

སུ་འཛིན་པ་མ་མཆིས་པས་ཆོས་ལ་མངོན་པར་དགའ་བ་དེ་སྲིད་དུ། བདག་ཅག་གིས་རང་གི་སུག་ལས་བཏང་སྟེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་བསྲུང་བར་འཚལ་ལོ། །ཆོས་ཀྱིས་གནས་པའི་གང་ཟག་ཚུལ་ཁྲིམས་ཀྱིས་ཕྱུག་པ་ཡོན་ཏན་

ཕུན་སུམ་ཚོགས་པ་དག་དང་། དེ་དག་གི་འཁོར་དང་ཡོངས་སུ་བཟུང་བ་ཐམས་ཅད་ཀྱང་ཡོངས་སུ་བསྲུང་ཞིང་བསྐྱང་བར་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཇི་སྲིད་དུ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་འཛིན་པ་

མ་མཆིས་པར་ཆོས་ལ་གནས་ཤིང་ཆོས་དང་མཐུན་པའི་ཆོས་སྒྲུབ་པ་དེ་སྲིང་སའི་མདངས་དང་། སེམས་ཅན་གྱི་མདངས་དང་། ཆོས་ཀྱི་མདངས་ནུབ་པར་མི་འགྱུར་བར་གནས་ལགས་སོ། །དེ་སྲིད་དུ་ལྷ་དང་། ཀླུ་ད་ང་། གནོད་སྦྱིན་རྣམས་མིའི་འཇིག་རྟེན་འདིར་མངོན་པར་

དགའ་ལགས་སོ། །དེ་སྲིད་དུ་སེམས་ཅན་རྣམས་ཤི་འཕོས་ནས། ལྷ་དང་མི་རྣམས་ཀྱི་ནང་དུ་དབང་ཆེ་བར་གྲགས་པ་དག་ཏུ་སྐྱེ་བར་འགྱུར་ལགས་སོ། །དེ་སྲིད་དུ་ལྷ་རྣམས་ཀྱི་ནང་ན་སེམས་ཅན་དབང་ཆེ་བར་གྲགས་པ་དག་གིས་གང་བར་འགྱུར་ལགས་སོ། །དེ་སྲིད་དུ་བྱང་

ཆུབ་སེམས་དཔའ་ཆོས་ཀྱིས་གནས་པ་རྣམས་གནས་ལགས་སོ། །དེ་སྲིད་དུ་བདག་ཅག་གི་སྟོབས་དང་བརྩོན་པ་འདི་ལྟར་ཆོས་མ་ལགས་པའི་ཕྱོགས་ཚར་དགུམ་པར་ཕ་རོལ་གནོན་པར་འགྱུར་ལགས་སོ། །དེ་སྲིད་དུ་སེམས་ཅན་དེ་བཞིན་གཤེགས་པའི་

བསྟན་པ་ལ་དད་པར་བགྱི་བར་རྔོ་ཐོགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཡོངས་སུ་འཛིན་པ་དང་བཅས་པ། རྣལ་འབྱོར་ཡིད་ལ་བྱེད་པའི་ཆོས་ཀྱིས་གནས་པའི་དགོན་པ་དང་།

ནགས་མཐའ་དང་། བས་མཐའི་གནས་མལ་བོར་བ། ཕྲག་དོག་ཅན་ལ་སོགས་པ། མང་པོས་གནས་པ། བསླབ་པ་དང་ངོ་ཚ་དང་ཁྲེལ་བོར་བ། ཁྱིམ་པ་དང་འདྲེ་བ། རྙེད་པ་དང་བཀུར་སྟི་ལ་དགའ་བ་དག་འབྱུང་བར་འགྱུར་ལགས་ཏེ། དེ་དག་ཁྱིམ་པའི་དཔུང་དང་

เล่ม ๒๐๔ · หน้า 339b

ནོར་གྱི་ཕུང་པོའི་སྟོབས་ཀྱིས་ཕན་ཚུན་སྙེམས་ཤིང་འཐབ་མོ་ལ་དགའ་བས་ཁྱིམ་པ་རྣམས་ཀྱི་མདུན་དུ་ཡང་རྩོད་ཅིང་ཚིག་རྩུབ་མོ་དང་། བརྫུན་དག་མི་སྲུང་ལགས་སོ། །དེའི་ཚེ་ཁྱིམ་པ་རྒྱལ་རིགས་དང་བྲམ་ཟེ་ནས་ལྗོངས་དང་། ཡུལ་ན་གནས་པའི་བར་རྣམས་བཅོམ་

ལྡན་འདས་ཀྱི་བསྟན་པ་ལ་ཆེ་ཐོང་དུ་མ་དད་པར་འགྱུར་ཞིང་། གང་དག་བདེ་བར་གཤེགས་པའི་བསྟན་པ་ལ་དད་པ་སྐྱེས་པ་དེ་དག་ཀྱང་རྒྱུན་ཆད་པར་འགྱུར་ལགས་སོ། །དཀར་པོའི་ཕྱོགས་ཟད་པའི་དུས་དེ་ལྟ་བུ་ཉེ་བར་གནས་པན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཐུགས་དགྱེས་ཤིང་། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་གཤེགས་སོ། །ལྷ་དང་གནོད་སྦྱིན་ཆོས་ཀྱིས་གནས་པ་དབང་ཆེ་བར་གྲགས་པ་རྣམས་ཀྱང་བཏང་སྙོམས་སུ་གནས་པའམ། དེ་ནས་འོང་བར་འགྱུར་ལགས་ཏེ།

དེའི་ཚེ་ནི་བདག་ཅག་གིས་སྡིག་པ་ཅན་གྱི་གནོད་སྦྱིན་དང་། ལུས་སྲུལ་པོ་ནས་སྡིག་པ་ཅན་གྱི་མི་རྣམས་ཀྱི་བར་བཟློག་པའི་རྡོ་ཡང་མི་ཐོགས་ལ། དེའི་ཚེ་བདག་ཅག་གིས་དཀར་པོའི་ཕྱོགས་ཟད་པ་དང་། འཇིགས་པ་སྣ་ཚོགས་ཀྱང་བཟློག་པའི་རྔོ་མི་ཐོགས་

ལགས་སོ། །དགོངས་པ་ངེས་པར་འགྲེལ་པ་ལས། སེམས་ཅན་རྣམས་ནི་གཞན་གྱི་དབང་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་

ཉིད་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་བཏགས་པས་སེམས་ཡོངས་སུ་སྒོམ་ཞིང་ཐ་སྙད་བཏགས་པའི་རྗེས་སུ་འབྲེལ་པའམ། ཐ་སྙད་བཏགས་པའི་བག་ལ་ཉལ་གྱིས་གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཀུན་བརྟགས་

པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མངོན་པར་ཞེན་ཏོ། །ཇི་ལྟ་ཇི་ལྟར་མངོན་པར་ཞེན་པ་དེ་ལྟ་དེ་ལྟ་བུར་གཞན་གྱི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པའི་རྒྱུ་དེ་དང་རྐྱེན་དེས་ཕྱི་མ་ལ་གཞན་གྱི་དབང་གིས་ངོ་བོ་ཉིད་རབ་ཏུ་བསྐྱེད་དོ། །གཞི་དེས་ན་

เล่ม ๒๐๔ · หน้า 340a

ཉོན་མོངས་པ་རྣམ་པ་གསུམ་གྱིས་ཀུན་ནས་ཉོན་མོངས་ཤིང་། འགྲོ་བ་རིས་ལྡར་འཁོར་ཞིང་ཀུན་དུ་རྒྱུ་སྟེ་འཁོར་བ་ལས་མི་འདའོ། །གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་ལན་ཅིག་འབྱུང་བར་གྱུར་ན་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ་

མིག་གི་རྣམ་པར་ཤེས་པ་དང་སྤྱོད་ཡུལ་མཐུན་པ་གཅིག་ཀྱང་ལན་ཅིག་འབྱུང་ངོ་། །གལ་ཏེ་ལན་གཅིག་གཉིས་དང་གསུམ་དང་བཞི་དང་། ལན་ཅིག་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་འབྱུང་བར་གྱུར་ན་ཡང་དེ་ལ་རྣམ་པར་རྟོག་པའི་ཡིད་ཀྱི་རྣམ་པར་ཤེས་པ།

རྣམ་པར་ཤེས་པའི་ཚོགས་ལྔ་དང་སྤྱོད་ཡུལ་མཐུན་པ་གཅིག་ཀྱང་ལན་ཅིག་འབྱུང་ངོ་། །བྱམས་པ་གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཀུན་བརྟགས་པའི་

མཚན་ཉིད་དང་། ཤིན་ཏུ་བྲལ་བ་དེ་ལ་དེ་ཡང་མི་དམིགས་པ་འདི་ནི། ཐེག་པ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་རྫོགས་པ་ཞེས་བྱའོ། །ཉི་མའི་སྙིང་པོ་ལས། འཛམ་བུའི་གླིང་འདི་ན་མཆོད་རྟེན་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ནི་སྔོན་གྱི་སངས་རྒྱས་དང་།

བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། ཉན་ཐོས་མང་པོ་གནས་ཤིང་། མ་འོངས་པའི་དུས་ན་ཡང་གནས་པར་འགྱུར་བ་སྟེ། རྗེས་སུ་བསྟན་པ་ཆེན་པོ་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་སྔོན་གྱི་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆུ་ལྷའི་ལག་ཏུ་ཡོངས་སུ་གཏད་པ་མཛད་དོ། །ངས་ཀྱང་དེ་ཉིད་ཀྱི་ལག་ཏུ་ཡོངས་སུ་གཏད་དེ། འདི་ཡང་སྤྲོ་བར་འགྱུར་ཞིང་གང་ཟག་ཆོས་ཀྱིས་གནས་པ་རྣལ་འབྱོར་ཡིད་ལ་མངོན་པར་བརྩོན་པ་དག་ཡོངས་སུ་སྨིན་པར་

འགྱུར་རོ། །གང་དག་གང་ཟག་ཆོས་ཀྱིས་གནས་པ་རྣམས་ལ་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་ཡོངས་སུ་བསྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཆུ་ལྷས་གསོལ་བ་དེ་ལྟ་ལགས་སོ། །བ་ལོང་སྤྱོད་ཀྱི་གླིང་ན་རྡུལ་གྱི་རི་ལ་

เล่ม ๒๐๔ · หน้า 340b

དྲང་སྲོང་ཐུབ་པའི་གནས་བཀྲ་བ་ཀླུའི་རྒྱལ་པོ་རིན་པོ་ཆེའི་འཕེལ་བལ་ཆད་ཁྱིར་གཏད། ལུས་འཕགས་ཀྱི་གླིང་ན་ནི་བ་ལང་གི་ནའི་རི་ལ་དྲང་སྲོང་འབྱུང་བ་ཀླུའི་རྒྱལ་པོ་ཟླ་སྲུང་ལ་གཏད། སྒྲ་མི་སྙན་གྱི་གླིང་ན་རྒྱལ་དགའི་རི་ལ་སྤོས་བརྩེགས་ཀླུའི་རྒྱལ་པོ་ལུས་འབིགས་

པའི་ཁབ་ལ་གཏད། བ་ལང་སྤྱོད་ཀྱི་གླིང་ན་འོད་ཟེར་འབྱུང་བ་ཀླུའི་རྒྱལ་པོ་བ་ལང་མགོ་ལ་གཏད། ཤར་ཕྱོགས་གླིང་ན་པདྨ་ཤིང་ནྱ་གྲོ་དྷ་ལྟ་བུ་ཀླུའི་རྒྱལ་པོ་དབྱིབས་སྟོང་ལ་གཏད། སྒྲ་མི་སྙན་གྱི་གླིང་ན་སྤོས་བརྩེགས་འོད་ཟེར་ཀླུའི་རྒྱལ་པོ་གནས་ན་རྒྱུ་ལ་གཏད། རྒྱ་མཚོ་

ཆེན་པོའི་ནང་ན་ནོར་བུའི་སྙིང་པོའི་འོད་འཕྲོ་བ་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་གཏད། རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་གནས་ན་མེ་ཏོག་རབ་ཏུ་རྒྱས་པའི་སྙིང་པོ་ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་གཏད། འཛམ་བུའི་གླིང་ན་དགའ་འཕེལ་ཞེས་བྱ་བ་ན་གནས་བརྟན་གྱི་ཕུག་

ཀླུའི་རྒྱལ་པོ་ཆེ་སྦྱང་ལ་གཏད། ཡངས་པ་ཅན་ན་ཤིན་ཏུ་བརྟན་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་གཏད། སེར་སྐྱའི་གནས་ན་གསེར་སྒྲོན་དྲི་ཞིམ་ཀླུའི་རྒྱལ་པོ་མ་དྲོས་པ་ལ་གཏད། ཡུལ་མ་ག་དྷཱ་ན་རྒྱལ་ཆེན་ཀླུའི་རྒྱལ་པོ་རི་བོས་བྱིན་ལ་གཏད། བཅོམ་བརླག་

ན་སྡུག་པའི་སྤྲིན་ཀླུའི་རྒྱལ་པོ་ཅེ་སྤྱང་རྒྱུ་བ་ལ་གཏད། ཡུལ་འཁོར་ཀོ་ས་ལ་ན་རྒྱལ་བ་དག་པ་ཀླུའི་རྒྱལ་པོ་སྲིན་བུ་ལ་གཏད། ཕུག་གི་ཕ་རོལ་ན་བཏང་བཟུང་བདེན་པའི་དྲི་ཀླུའི་རྒྱལ་པོ་བཏང་བཟུང་ལ་གཏད། ཡུལ་འཁོར་ས་འཛིན་ན་མཐོང་བའི་ལམ་རྒྱགས་

ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལས་གཏད། ཁ་ཆེའི་ཡུལ་ན་གུར་གུམ་གྱི་རྩེ་མོ་ཀླུའི་རྒྱལ་པོ་ཧུ་ལུ་ཧུ་ལུ་ལ་གཏད། ཡུལ་ཆུ་ལེན་ན་འོད་ཟེར་བྱེ་བའི་སྙིང་པོ་ཀླུའི་རྒྱལ་པོ་འཕྱང་བ་ལ་གཏད། རྒྱ་ཡུལ་ན་སྲེད་མེད་ཀྱི་བུའི་འོད་ཀྱི་རྒྱལ་པོ་རྒྱ་མཚོས་བྱིན་ལ་གཏད། ཁ་ཤའི་

ཡུལ་ན་སའི་ནུ་མའི་གནས་རི་གླང་རུའི་དྲུང་ཆུ་བོ་གོ་མ་ཏིའི་ངོགས་ན། གོ་མ་སཱ་ལ་གན་དྷ་ནི་ཀླུའི་རྒྱལ་པོ་ཁྱིམ་བདག་གིས་བྱིན་ལ་གཏད། དེ་གལ་ཏེ་ཕྱོགས་ཐམས་ཅད་དུ་ལྟ་བར་བྱེད་ན་ཐམས་ཅད་དུ་ནམ་མཁའ་ཐམས་ཅད་ལ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་

เล่ม ๒๐๔ · หน้า 341a

རོ། །ཆུང་ངུར་ལྟ་བར་བྱེད་ན་དེ་བཞིན་གཤེགས་པ་ཆུང་ངུ་ཉིད་དུ་མཐོང་ངོ་། །ཚད་མེད་པར་ལྟ་བར་བྱེད་ན་ཚད་མེད་པར་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འདི་ག་ལས་གཤེགས་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་

གཤེགས་པ་ནི་ག་ལས་ཀྱང་མ་གཤེགས་སོ། །གང་དུ་ཡང་མི་བཞུད་དོ། །དེ་གང་དུ་ཡང་དེ་བཞིན་གཤེགས་པ་བཞུད་པ་མི་དམིགས་བྱོན་པ་མི་དམིགས་སོ། །ཡང་དེ་འདི་སྙམ་དུ་སེམས་ཏེ། ལུས་ཀྱི་རྒྱུ་ཁམས་གསུམ་པ་འདི་ནི་སེམས་ཙམ་པས་སུས་ཇི་ལྟར་རྣམ་པར་བརྟགས་

པ་དེ་བཞིན་དུ་མཐོང་ངོ་། །བདག་གིས་རང་གི་སེམས་ཀྱིས་སངས་རྒྱས་སུ་བྱེད་དོ། །བདག་གི་སེམས་ཀྱིས་སངས་རྒྱས་མཐོང་ངོ་། །བདག་གི་སེམས་ཉིད་སངས་རྒྱས་སོ། །བདག་གི་སེམས་ཉིད་ལུས་སོ། །སེམས་ཉིད་ཀྱང་ནམ་མཁའོ། །བདག་གི་སེམས་ཀྱི་རྣམ་པར་རྟོག་པས་སངས་རྒྱས་མཐོང་ངོ་། །སེམས་

ཀྱིས་སེམས་མི་མཐོང་ངོ་། །སེམས་སུ་འདུ་ཤེས་པ་རྣམས་ནི་ཤེས་པ་མེད་པའོ། །སེམས་སུ་འདུ་ཤེས་པ་རྣམས་ནི་ལྡན་པའོ། །ལྡོག་པ་ནི་སྙིང་པོ་མེད་པའོ། །ཆོས་དེ་དག་ནི་ཤེས་པ་མེད་པའི་ཕྱིར་ཡང་དག་པར་མ་བྱུང་བའོ། །སུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཤེས་རབ་གང་

གིས་སྟོང་པ་རྟོགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའོ་སྙམ་ནས། དམིགས་པ་ཡིད་ལ་བྱེད་པ་དེས་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འཐོབ་བོ། །འོན་ཀྱང་ཡང་ཉན་ཐོས་ཀྱི་ཐེག་པ་ཡིན་ཏེ། དེ་ལྟར་མཚན་མ་མེད་པའི་གཟུགས་ཐམས་ཅད་རྣམ་པར་

བསྒོམས་པས་ངེས་པར་འབྱེད་པ་ཡོངས་སུ་དག་པ་ཡིན། འདོད་ཆགས་དང་བྲལ་བ་ཡོངས་སུ་དག་པ་ཡིན། མ་རིག་པ་ཡོངས་སུ་དག་པ་ཡིན་ནོ། །མདོ་སྡེ་རབ་ཏུ་རྣམ་པར་འབྱེད་པ་ལས། ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པའི་འཚོ་བའི་ལམ་དང་བྱིང་བ་འཐབ་མོ་འཛིན་པས་བདག་

དང་གཞན་ཡང་ཕུང་བར་བྱེད་པ་དེ་ལྟ་བུས་འཛམ་བུའི་གླིང་འདི་གང་བར་འགྱུར་རོ། །གཞན་ཡང་ཤཱ་རིའི་བུ་བཅོམ་ལྡན་འདས་འོད་སྲུངས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་ནི་རྙེད་པ་དང་བཀུར་སྟིས་མྱུར་དུ་ནུབ་པར་འགྱུར་ཞེས་བྱ་བ་འདི་ལུང་བསྟན་ཏེ། ཤཱ་རིའི་

เล่ม ๒๐๔ · หน้า 341b

བུ་རྙེད་པ་དང་བཀུར་སྟིས་ནི་ཆོས་འདུལ་བ་འདི་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་ཆོས་ཡོངས་སུ་མ་དག་པ་སྟོན་པ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པར་གཞན་དག་ལས་ཆོས་སྟོན་པར་བྱེད་དོ། །དེ་དེ་བཞིན་གཤེགས་པས་སེམས་ཅན་མེད་པ་

དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་བསྟན་པ་དེ་དག་ལ་བདག་གོ་ཞེའམ། སེམས་ཅན་ནོ་ཞེའམ། གསོ་བའོ་ཞེའམ། གང་ཟག་གོ་ཞེས་ཆོས་སྟོན་པར་བྱེད་དོ། །དེས་ནི་ང་ལ་ཡང་སྐུར་པ་བཏབ་པ་ཡིན། ཆོས་ཀྱང་སྤངས་པ་ཡིན། དགེ་འདུན་

ལ་ཡང་མི་སྙན་པར་བརྗོད་པ་ཡིན་ཏེ། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་མ་གཏོགས་པ་ལྷའི་དབང་པོ་དང་བཅས་པའི་འཇིག་རྟེན་གྱིས་ཤེས་པར་ནུས་པ་མ་ཡིན་ནོ། །ཤཱ་རིའི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ། ཆོས་ཡོངས་སུ་མ་དག་པར་

སྟོན་པའི་དགེ་སློང་དེ། མི་དགེ་བའི་བརྩོན་པ་ཇི་ཙམ་དང་ལྡན་པ་དེའི་བྱའོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་མང་ངམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འགའ་ཞིག་གིས་འཛམ་བུའི་གླིང་

གི་སེམས་ཅན་རྣམས་བསད་ན་དེ་གཞི་དེས་མི་དགེ་བའི་རྩ་བ་མང་པོ་མངོན་པར་འདུས་བྱས་པར་མི་འགྱུར་རམ། གསོལ་པ་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། གང་ཞིག་སངས་རྒྱས་ཀྱི་བྱང་ཆུབ་མི་ཤེས་པར་གཞན་དག་ལ་ཆོས་ཡོངས་སུ་མ་དག་པར་སྟོན་

པ་དེ་ནི་དེ་བས་ཀྱང་ཆོས་མི་དགེ་བ་མང་དུ་མངོན་པར་འདུས་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བ་དེས་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་པ་བཏབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དང་མ་

འོངས་པ་དང་། ད་ལྟར་བྱུང་བ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དོན་དམ་པ་སྟོང་པ་ཉིད་ཁོ་ན་སྟོན་ཅིང་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་སྟོན་ཏོ། །ཤཱ་རིའི་བུ་

เล่ม ๒๐๔ · หน้า 342a

སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་བསྟན་པ་འདི་ནི་ཡང་དག་ཕུལ་ཡིན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་རང་གི་ངང་གིས་འཇིག་པ་ངོ་བོ་ཉིད་མེད་པ་དམིགས་པ་མེད་པ་སྟོང་པ་ཉིད་དོ། །

སྔོན་དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་བྱུང་སྟེ། དེ་ཡོངས་སུ་མྱ་ངན་ལས་འདས་ནས་སྐུ་གདུང་ནི་རྒྱས་པར་བྱས་ཏེ། དཔེར་ན་མ་འོངས་པའི་དུས་ན་ང་ཇི་ལྟ་བ་བཞིན་ནོ། །དམ་པའི་ཆོས་ནི་ལོ་ལྔ་བརྒྱར་གནས་པར་གྱུར་ཏེ། དཔེར་ན་མ་འོངས་པའི་དུས་

ན་ངའི་ཇི་ལྟ་བ་བཞིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་བཞུགས་པ་ན་ནི་སངས་རྒྱས་དཀོན་མཆོག་གཅིག །ཆོས་དཀོན་མཆོག་གཅིག །དགེ་འདུན་དཀོན་མཆོག་གཅིག་གོ། །ཡོངས་སུ་མྱ་ངན་ལས་འདས་ནས་ནི་བསྟན་པ་རྣམ་པ་ལྔར་འགྱུར་རོ། །

ཤཱ་རིའི་བུ་གང་ཡང་བསྟན་པ་འདི་ལ་བདུད་སྡིག་ཅན་དགེ་སློང་གི་གཟུགས་སུ་སྤྲུལ་ནས། ལོག་པར་འཛིན་པ་རྣམ་པ་དུ་མར་རབ་ཏུ་སྟོན་ཅིང་སྐྱེ་བོ་མང་པོ་དེ་ལ་འགོད་པའི་དུས་དེ་དང་དེ་ཡོད་དོ། །དེ་ལ་འདི་ལྟ་བུའི་ལོག་པར་འཛིན་པ་ཡང་དག་པར་རབ་ཏུ་སྟོན་

ཏོ། །འདི་ལྟ་སྟེ། ཡིད་ཀྱི་གཞི་དང་ལྔ་ཆ་མཐུན་པའི་གཞི་དང་སྐད་ཅིག་མ་དང་ཆ་མཐུན་པའི་གཞི་དང་། ཐམས་ཅད་ཡོད་པར་སྨྲ་བའི་གཞི་དང་། གང་ཟག་གི་གཞི་དང་། དམིགས་པའི་གཞིའོ། །ཤཱ་རིའི་བུ་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱིས་རབ་ཏུ་མ་བསྟན་པ་

ལོག་པར་འཛིན་པ་དེ་ལྟ་བུ་རབ་ཏུ་སྟོན་པར་འགྱུར་རོ། །བཀའ་སྩལ་པ། ཤཱ་རིའི་བུ་ང་ནི་སྦྲུལ་རོ་མྱགས་པའམ། ཁྱི་རོ་མྱགས་པའམ། མི་རོ་མྱགས་པས་གང་བའི་ས་ཕྱོགས་སྤྱོད་ལམ་གང་ཡང་རུང་བས་གནས་པར་སྤྲོའི། ཤཱ་རིའི་བུ་དགེ་སློང་ཚུལ་ཁྲིམས་འཆལ་

པ། ཆོ་ག་ཉམས་པ། འཚོ་བ་ཉམས་པ། ལྟ་བ་ཉམས་པ་ནི་མཚན་གཅིག་གམ། ཉིན་གཅིག་གམ། སྐད་ཅིག་གམ། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་གནས་པར་མི་སྤྲོའོ། །ཤཱ་རིའི་བུ་བླུན་པོ་དེ་དག་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་

เล่ม ๒๐๔ · หน้า 342b

སྡེ་འདི་ལྟ་བུ་ཐོས་ནས་སྐྲག་པར་འགྱུར། ཀུན་དུ་སྐྲག་པར་འགྱུར། ཀུན་དུ་དངང་བར་འགྱུར། གཡང་སའི་འདུ་ཤེས་སུ་འགྱུར། གཡངས་ས་ཆེན་པོའི་འདུ་ཤེས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ལས་ཚུལ་ཁྲིམས་འཆལ་པའི་སྐྱོན་མ་ལུས་པར་བཤད་པས་སོ། །ཤཱ་རིའི་བུ་རྒྱུ་གང་དང་རྐྱེན་གང་

གིས་ཚུལ་ཁྲིམས་འཆལ་པ་ཞེས་བྱ་ཞེ་ན། འཆལ་པའི་ཚུལ་ཁྲིམས་སྤྱོད་པས་ན། ཚུལ་ཁྲིམས་འཆལ་པ་ཞེས་བྱའོ། །ཚིག་ངག་གི་སྤྱོད་པ་དང་། དུས་གསུམ་གྱི་སྤྱོད་པ་དང་། ལས་ཀྱི་མཐའ་མང་པོའི་སྤྱོད་པ་དང་། སྨྲ་བ་མང་པོའི་སྤྱོད་པ་དང་། གཉིད་ལ་དགའ་བ་དང་། འདུ་འཛི་

ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། རིགས་པ་མ་ཡིན་པའི་གཏམ་མ་ཡིན་པ་ཟེར་བ་དང་། བདག་ཏུ་འཛིན་པ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འཛིན་པ་དང་། ཕ་དང་། མ་དང་། དགེ་སློང་དང་། བྲམ་ཟེར་མི་འཛིན་པ་དང་། སྨན་དཔྱད་ཀྱི་ཐ་སྙད་བྱེད་པ་དང་།

ཁྱིམ་སུན་འབྱིན་པ་དང་། ཕོ་ཉར་འགྲོ་བ་དང་། ཁྱིམ་གྱི་ལས་ཀྱི་མཐའ་ལ་དགའ་བ་དང་། ཁྱིམ་པ་དང་འདྲེ་བ་དང་། ཁྱིམ་པའི་གཡོག་བྱེད་པ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འཇོམས་པ་དང་། ལོ་ཉི་ཤུར་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་དང་། ཡན་ལག་

མ་ཚང་བ་བསྙེན་པར་རྫོགས་པར་བྱེད་པ་དང་། འབྲུ་རྗེན་ལེན་པ་དང་། ཤ་རྗེན་ལེན་པ་དང་། གསེར་དངུལ་ལེན་པ་དང་། བརྫུན་དུ་སྨྲ་བ་དང་། སྤྱོད་ལམ་ལྷོད་པ་དང་། སྲན་ཆུང་བ་དང་། བྱས་པ་མི་གཟོ་བ་དང་། དད་པ་ཆུང་བ་དང་། རྨུགས་པ་དང་། གཉིད་མང་བ་དང་།

འགྱོད་པ་མང་བ་དང་། ཁྲོ་བ་དང་། གཡོ་སྒྱུ་མང་བ་དང་། ཕྲག་དོག་ཆེ་བ་དང་། ངོ་ཚ་བ་དང་། ཁྲེལ་མེད་པ་དང་། རྒྱགས་པ་དང་། དྲེགས་པ་དང་། ཁེངས་པ་དང་། འགྱིང་བ་དང་། ཁ་ཟས་རྒྱགས་པ་དང་། སེམས་མི་ཞུམ་པས་རྒྱགས་པ་དང་། ང་རྒྱལ་བདུན་དང་། ངན་གཡོ་དང་།

ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་པ་དང་། དཀོན་མཆོག་གསུམ་ལ་དད་པ་མི་མངའ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་དང་། ཚེ་འདི་ཆེད་ཆེར་འཛིན་པ་དང་། ཚེ་ཕྱི་མ་ལ་ཆེད་ཆེར་མི་འཛིན་པ་དང་། ཐེ་ཚོམ་དང་

เล่ม ๒๐๔ · หน้า 343a

ཡིད་གཉིས་མང་བས་ན། ཚུལ་ཁྲིམས་འཆལ་བ་ཞེས་བྱ་སྟེ། ཤཱ་རིའི་བུ་ལུས་དང་། ངག་དང་། ཡིད་ཀྱི་ལས་མི་གཙང་བ་དང་། འཚོ་བ་མི་གཙང་བ་དང་ལྡན་པ་དེ་དག་ནི་ཕྱིས་དང་འདྲ་འོ། །དེ་དག་ནི་ལུས་ཞིག་སྟེ། ཤི་ནས་སེམས་ཅན་དམྱལ་བ་དག་ཏུ་

སྐྱེ་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། དགེ་བ་དོན་དུ་གཉེར་བ་རྣམས་ཀྱིས་སྤང་བར་བྱ་སྟེ། དཔེར་ན་མི་གཙང་བའི་སྣོད་ཀྱི་ནང་དུ་ཙནྡན་དམར་པོ་བཅུག་ན། དེ་ཡང་མི་གཙང་བར་འགྱུར་བ་བཞིན་ནོ། །འབུམ་པ་ལས། ཤཱ་རིའི་བུ་འདི་ལྟར་

ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་ཡོད་དོ། །ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་ཞིང་མངོན་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གྲངས་མེད་ཚད་མེད་པའི་དོན་བྱས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་

འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཞིང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དམ་པའི་ཆོས་བསྐལ་པའམ། བསྐལ་པ་ལས་ལྷག་པར་གནས་པ་དག་ཀྱང་ཡོད་དོ། །འབུམ་པའི་ཊཱི་ཀ་ལས། བཅུ་གཉིས་པ་ནི་ཡོན་ཏན་དེ་དག་ཉིད་དང་ལྡན་

ཞིང་སངས་རྒྱས་ཀྱི་ཞིང་གི་སྟོབས་བསྐྱེད་པ་དང་། བདག་ཉིད་ཡོན་ཏན་རྣམས་ཀྱིས་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱས་ཤིང་། རྩོལ་བ་ཆུང་ངུས་ས་དང་པོ་ཐོབ་པར་བྱས་ནས་འཕྲལ་ཁོ་ནར་ཆེན་པོ་འབད་མི་དགོས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་

ཏེ། དུས་ཇི་སྲིད་ཀྱི་བར་དུ་བསྟན་པ་གནས་པར་བྱེད་དོ། །ཤནྟ་དེ་བས་བཤད་པ། གལ་ཏེ་གཉེན་པོར་བྱར་ཡོད་ན། །དེ་ལ་ཅི་ཕྱིར་ཡིད་མི་བདེ། །ཅི་སྟེ་གཉེན་པོར་བྱར་མེད་ནའང་། །དེ་ལ་ཅི་ཕྱིར་ཡིད་མི་བདེ། །ཡིད་མི་བདེ་དང་ཁྲོས་རྒྱལ་བ། །གཉེན་པོ་ལ་ནི་རྨོངས་པར་འགྱུར། །

เล่ม ๒๐๔ · หน้า 343b

ཞུམ་པའི་ཕྱིར་ནི་སྤྲོ་བ་མེད། །རྒུད་པ་ཆེན་པོས་ཟིན་པར་འགྱུར། །དེ་སེམས་པས་ན་ཡུད་ལའང་། །ཚེ་ནི་ཐུང་བར་འགྱུར་བ་ཡིན། །དེ་ལྟ་བས་ན་དོན་མེད་པ། །གནོད་པ་བཞིན་དུ་གོམས་པར་སྤང་། །ཡིད་མི་བདེ་བ་སྤང་བ་ཇི་ལྟར་འཐོབ་ཅེ་ན། ཡང་བ་དང་། ཤིན་ཏུ་

མཉེན་པའི་སེམས་བོར་བ་སྟེ། དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཤིང་བལ་གྱི་འདབ་མ་ལྟ་བུའི་སེམས་བོར་བ་ཞེས་གསུངས་པ་དང་། སྡོང་པོ་བཀོད་པ་ལས། ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པར་དཀའ་བའི་སེམས་བསྐྱེད་པར་བྱའོ་ཞེས་

གསུངས་པ་ལྟ་བུའོ། །གོམས་ན་དཀའ་བར་འགྱུར་བ་ཅུང་ཟད་ཀྱང་མེད་དེ། དཔེར་ན་ཉོན་མོངས་པའི་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་བཞིན་དུ་སྡུག་བསྔལ་འབྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་གཞག་

པ་གོམས་པར་བདེ་བའི་འདུ་ཤེས་ཉིད་དུ་གནས་སོ། །དེས་ན་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ་གྱིས་བབ་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། ཡབ་དང་སྲས་མཇལ་བའི་

མདོ་ལས་བྱུང་བ་བཞིན་ནོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། བསྐལ་པ་བྱེ་བ་སྟོང་དང་ནི། །བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་། །སངས་རྒྱས་སྒྲ་ཡང་མི་ཐོས་ན། །སངས་རྒྱས་མཐོང་བ་གལ་ཞིག །ཨུ་དུམ་བཱ་རའི་མེ་ཏོག་ནི། །ཤིང་ལས་ཤིན་ཏུ་རྙེད་དཀའ་ལྟར། །

དེ་བཞིན་སངས་རྒྱས་རྙེད་དཀའ་སྟེ། །ཁྱོད་ཀྱིས་དེ་ནི་རྙེད་གྱུར་ན། །དགའ་བོ་ཁྱོད་ཀྱིས་རབ་ཏུ་འབྱུང་། །དལ་བ་ཤིན་ཏུ་རྙེད་དཀའ་རྙེད། །དགའ་བོ་སྟོན་པར་མཐོང་གྱུར་བ། །ང་ལ་མི་མཉེས་མ་བྱེད་ཅིག །གཉའ་ཤིང་བུག་ཅན་དེ་ཡང་། རླུང་གིས་བསྐྱོད་ནས་ཕྱོགས་ཕྱོགས་སུ་

རྒྱུག་པར་བྱེད་པ་ན། དགའ་བོ་བརྒྱ་ལ་རྐྱེན་ཞིག་གིས་རུས་སྦལ་ཞར་བ་དེའི་མགྲིན་པ་གཉའ་ཤིང་གི་བུ་ག་དེར་འཇུག་པར་འགྱུར་གྱི་དགའ་བོ་མི་ཉིད་ཐོབ་པ་ནི་མ་ཡིན་ནོ། །དལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ། །ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ལས། ནུབ་བྱང་གི་མཚམས་

เล่ม ๒๐๔ · หน้า 344a

ན་བུདྡྷ་ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་ཏེ། དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་སྟོང་གསུམ་གྱི་བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མཛད་དེ། སྐྱེས་བུའི་རྩལ་དེ་ལྟ་

བུ་བྱུང་བ་ཡིན་ནོ། །བྱ་བ་ཀུན་ལ་ཉིན་མཚན་དུ། །སངས་རྒྱས་དེ་ནི་དྲན་བྱ་ཞིང་། །བྱང་ཆུབ་སེམས་ཀྱང་མ་བཏང་དང་། །ཁྱོད་ལ་འཇིགས་པ་འབྱུང་མི་འགྱུར། །བྱམས་པ་སེང་གེའི་སྒྲ་ཆེན་པོ་ལས། དགེ་སྦྱོང་ཆོམ་རྐུན་བཞི་ལ། དགེ་སློང་དགེ་སྦྱོང་གི་ཁ་དོག་དང་། རྟགས་དང་

དབྱིབས་ལ་གནས་ཤིང་ཚུལ་ཁྲིམས་འཆལ་ཅིང་སྡིག་པའི་ཆོས་དང་ལྡན་པ་དང་། དབེན་གནས་སུ་སོང་བ་སྟེ། མི་དགེ་བའི་རྣམ་པར་རྟོག་པ་དག་ལ་གནས་པ་དང་འབྲས་བུ་མ་ཐོབ་པ་བཞིན་རྙེད་པ་ལ་སོགས་པ་ལ་ཆགས་པས་འབྲས་བུ་ཐོབ་པར་ལས་འཆི་བ་དང་།བདག་

བསྟོད་ཅིང་གཞན་སྨོད་པའོ། །བཀའ་སྩལ་པ། འོད་སྲུངས་དེ་བཞིན་གཤེགས་པ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསོལ་པ། དམ་པའི་ཆོས་ཡོངས་སུ་བསྲུང་བའི་སླད་དུ་བསྐལ་པ་བས་ལྷག་པར་བཞུགས་སུ་གསོལ། །བཀའ་

སྩལ་པ། གལ་ཏེ་སངས་རྒྱས་སྟོང་སྙེད་ཀྱིས་ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་དུ་ཟིན་ཀྱང་། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་སྡིག་པ་འཛིན་པ་དེ་དག་ལས་ཕྱིར་གཟུང་བའམ་བཟློག་པར་མི་སྤྱོད་དོ། །བཀའ་སྩལ་པ། བྱམས་པ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ། བྱང་

ཆུབ་སེམས་དཔར་ཁས་འཆེ་བ་ཁྱིའི་ཆོས་ཀུན་དུ་སྤྱོད་པ་འབྱུང་སྟེ། དེས་སྔོན་ཕྱིན་པའི་ཁྱིམ་དེར་དགེ་སློང་གཞན་འོང་བར་མཐོང་ན། ཁྲོ་བས་ལྟ་བ་དང་ཉེས་པ་འདི་ཡོད་དོ་ཞེས་བྱ་བ་ལ་སོགས་པ་རྗོད་པར་བྱེད་དེ། དེ་དག་ནི་སྐྱུགས་པའི་རྒྱུར་གྱུར་པ་རིང་དུ་མི་གནས་པ་

སྨད་པར་བྱ་བའི་ཟས་ཁམ་འགའི་ཕྱིར་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ། །དེ་དག་ཡི་དགས་ཀྱི་ཆོས་ཀུན་དུ་སྤྱོད་དེ། སྣོག་པ་དང་། སེམས་དམན་པ་དང་ལྡན་པ་ཡིན་ཏེ། མིང་གིས་བྱང་ཆུབ་སེམས་དཔར་ཁས་འཆེ་ཞིང་། བདག་ཉིད་སྡིག་པ་ཅན་གྱི་

เล่ม ๒๐๔ · หน้า 344b

བསམ་པ་དང་ལྡན་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསྔགས་པ་བརྗོད་ནས། ཟས་དང་སྐོམ་སྒྲུབ་པར་བྱེད་དོ། །བྱམས་པ་དཔེར་ན། སེང་གེའི་སྒྲ་སྒྲོགས་ཤིང་ཝའི་ལས་བྱེད་པ་ལྟར་དེ་དག་བསྡུ་བའི་དངོས་པོ་བཞིའི་བསྔགས་པ་བརྗོད་ཅིང་།

སེམས་ཅན་འགའ་ལ་ཡང་སྦྱིན་པ་ལ་སོགས་པ་མི་སྤྱོད་པས། ཚིག་ཙམ་དུ་འགྱུར་གྱི་ཡོན་ཏན་ཡང་དག་པ་བླང་བ་དང་འབྲེལ་པའི་སྤྱོད་པས་བརྩོན་པ་ནི་མ་ཡིན་ནོ། །དེ་དག་ནི་ཇི་ལྟར་གཞན་དག་གིས་མ་རྙེད་པས་ཡི་རང་བ་དེ་ལྟར་བདག་ཉིད་ཀྱིས་རྙེད་པས་ནི་དེ་ལྟ་མ་

ཡིན་ནོ། །ཇི་ལྟར་གཞན་གྱི་རྙེད་པས་ཡིད་མི་བདེ་བར་འགྱུར་བ་ལྟར་བདག་ཉིད་ཀྱིས་བདེ་བའི་ཡོ་བྱད་ཐམས་ཅད་ལ་མི་ལྟ་བར་གཞན་ལ་སྦྱིན་དགོས་ན། དེ་དག་ཇི་ཙམ་དུ་ཕྱིན་ཅི་ལོག་ཏུ་འགྱུར་པ་ལྟོས། དགེ་སློང་ཁྱིམ་རྣམས་སུ་འགྲོ་བས་ཆོས་ཀྱི་སྐྱེས་མ་གཏོགས་པ་

ཟང་ཟིང་གི་ཡོ་བྱད་འདུ་འཛིའི་གཏམ་མི་བྱ་སྟེ། དེ་དག་ནི་ཕན་འདོགས་པ་མ་ཡིན་ནོ། །དེ་ལས་དགོངས་ནས། གང་ཞིག་གང་གཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་མཆོག་རིན་ཆེན་གང་བྱས་ཏེ། །དགའ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་

སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་སམ་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་བསྟན་ཏོ། །བྱང་ཆུབ་

སེམས་དཔའི་ཐེག་པ་པ་རྣམས་ནི་ལས་ཡོངས་སུ་བསལ་བ་བྱས་པས་ན། མི་དགེ་བའི་ལས་ཆུང་ངུས་ངན་སོང་དུ་སྐྱེ་བར་མི་འགྱུར་མོད་ཀྱི། བདག་གྲོལ་བས་གཞན་གྲོལ་བར་འདོད་པས་འཛེམ་དོགས་དང་ལྡན་པ་དང་། མྱུར་དུ་བསལ་ཞིང་འཇིག་རྟེན་ཕ་རོལ་ལ་

འཇིགས་པར་བལྟ་བར་བྱའོ། །འདི་ལ་བདག་དང་སེམས་ཅན་དང་། །སྲོག་དང་གང་ཟག་མ་མཆིས་པར། །བཟོད་པ་བླ་མེད་གང་ལགས་པ། །སྦྱིན་པ་དེ་ནི་སྦྱིན་ཆེན་ལགས། །ཞི་བའི་ཚུལ་ལས་མི་གཡོ་བའི། །ཚུལ་ཁྲིམས་ཡོངས་སུ་སྦྱང་བར་བྱ། །

เล่ม ๒๐๔ · หน้า 345a

གང་ཞིག་ཞི་ཚུལ་མཛེས་རྟོགས་པ། །དེ་ནི་ཚུལ་ཁྲིམས་མཆོག་ཡིན་གསུངས། །བརྩོན་འགྲུས་བརྟན་པའང་བརྩོན་པར་བྱོས། །འདུས་བྱས་ཀུན་ཀྱང་སྤང་བར་གྱིས། །དབེན་པར་ལྟ་བ་གང་ཡིན་པ། །དེ་ནི་སངས་རྒྱས་བརྩོན་འགྲུས་

གསུངས། །དངོས་པོའི་དངོས་པོ་མེད་པས་ན། །དངོས་པོ་ཐམས་ཅད་བསྲེག་པར་བྱ། །ཉོན་མོངས་མེད་པ་གང་ཡིན་པ། །དེ་ནི་རྟོགས་མེད་བསམ་གཏན་ཡིན། །ཚུ་རོལ་མ་ཡིན་ཕ་རོལ་མིན། །དབུས་སུའང་གནས་པར་མི་བྱ་སྟེ། །དུས་གསུམ་མཉམ་ལྟ་གང་ཡིན་

པ། །དེ་ནི་ཤེས་རབ་དམ་པ་ཡིན། །གནས་བརྟན་འོད་སྲུངས་ཆེན་པོས་ནི། །ཚུ་རོལ་མ་ཡིན་ཕ་རོལ་མིན། །དབུས་སུའང་གནས་པར་མི་བྱ་སྟེ། །དུས་གསུམ་མཉམ་ལྟ་གང་ཡིན་པ། །དེ་ནི་ཤེས་རབ་དམ་པ་ཡིན། །གནས་བརྟན་འོད་སྲུངས་ཆེན་པོས་གསོལ་པ། སྐྱེ་

བོ་མང་པོ་ལ་སྨན་པར་བགྱི་བའི་སླད་དུ། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཉམ་ཆུང་བ། ཚུལ་འཆོས་པ་ལགས་པར་འཚལ་བར་འགྱུར་བའི་གནས་དེ་བཤད་དུ་གསོལ། བཀའ་སྩལ་པ། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་བྱང་ཆུབ་སེམས་དཔའ་སྡིག་

པའི་གྲོགས་ཀྱིས་ཟིན་ཅིང་ལྷག་པའི་བསམ་པ་ཉམ་ཆུང་བ་དེ་དག་ནི། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མེ་ཏོག་ནས། མར་མེའི་བར་གྱི་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །འོད་སྲུངས་ངས་ནི་ཤེས་པ་དང་མི་ལྡན་པ་རྣམས་ཀྱིས་དགེ་བའི་རྩ་བ་

ཡང་དག་པར་སྒྲུབ་པའི་མཆོད་པ་བཤད་པ་ཡིན་ན། མི་བླུན་པོ་དེ་དག་ནི་དེ་ལས་བརྩོན་པར་གྱུར་ཏེ། ངས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཁྱེད་ཅག་ནི་བདག་ཉིད་དུལ་བ་དང་། ཞི་བར་སྦྱོར་བའི་རྗེས་སུ་བརྩོན་པས་གནས་པར་གྱིས་ཤིག །བྲམ་ཟེ་དང་ཁྱིམ་

བདག་དད་པ་དང་ལྡན་པ་དག་ཡོད་ན། ངའི་སྐུ་གདུང་རྣམས་ལ་མཆོད་པ་བྱེད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། མི་བླུན་པོ་དེ་དག་རྣལ་འབྱོར་དང་། སྤོང་བ་དང་། ལུང་ནོད་པ་དང་། ཁ་ཏོན་སྤངས་ནས་སྐུ་གདུང་གི་མཆོད་པ་ལ་བརྟེན་ནས་འཚོ་བར་བྱེད་པ་ལ་ལྟོས།

เล่ม ๒๐๔ · หน้า 345b

གང་གིས་ཆུའི་ཕུང་པོ་ནས་ཚངས་པའི་འཇིག་རྟེན་གྱི་བར་འབྲུ་མར་གྱིས་བཀང་སྟེ། སྙིང་པོ་རི་རབ་ཙམ་གྱི་མར་མེ་བཙུགས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་བས། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཅན་ཚུལ་ཁྲིམས་ལ་གནས་པ་ཅིག་གིས་མཁན་པོ་

འམ། སློབ་དཔོན་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ལུང་ནོད་དེ། ཁ་དོན་བྱེད་ཅིང་གོམ་པ་བདུན་བོར་བ་གང་ཡིན་པ་དེ་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །སངས་རྒྱས་སུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་ཡང་མེད་ན་མཆོད་པའི་ལས་ལྟ་ཅི་སྨོས་ཏེ་

དེ་ནི་གནས་མེད་དོ། །གང་འདུ་ཤེས་དང་མཚན་མར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་མི་སྐྱེ་བ་ཡིན་པས་མཆོད་པར་སླ་བ་མ་ཡིན་ནོ། །འོད་སྲུངས་དུས་ཕྱི་མ་ལྔ་བརྒྱ་ཐ་མ་ལ། བྱང་ཆུབ་སེམས་

དཔའི་ཐེག་པ་པ་ཐབས་ལ་མི་མཁས་པ་བརྐམ་པ་འདོད་པས་ཟིལ་གྱིས་ནོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་རས་བཅོས་བུའམ་རྩིག་ངོས་ལ་བྲིས་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་གཞན་དག་ལ་མཆོད་པ་བྱས་པས། དངོས་གྲུབ་དང་རྫུ་འཕྲུལ་

འཐོབ་པར་སེམས་ཤིང་སེམས་སུ་ཡང་འགྱུར་ཏེ། དགེ་བའི་རྩ་བ་ཅུང་ཟད་ཙམ་པོ་དེས་བདག་བསྟོད་གཞན་ལ་སྨོད་པར་བྱེད་ཅིང་། གཞི་དེས་འཚོ་བར་ཡང་སེམས་སོ། །དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། མཆོད་པ་ལ་མ་གཏོགས་པ་ལུང་ནོད་

པ་དང་། ཁ་ཏོན་དང་། བསམ་གཏན་གཅེས་སུ་མི་བྱེད་དོ། །དེ་དག་དེའི་ཚེ་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གིས་མཆོད་པ་དང་། རི་མོར་བྱ་བར་ཤེས་ནས། བསོད་སྙོམས་དང་། སྨན་དང་། ཡོ་བྱད་ཀྱི་བར་དག་ཀྱང་རྙེད་པར་འགྱུར་རོ། །ངས་ནི་བྱང་ཆུབ་སེམས་

དཔའི་ཐེག་པ་པ་རྣམས་ཀྱི་ལས་སུ་འདི་ལྟ་སྟེ། ཚུལ་ཁྲིམས་ལ་གནས་ཏེ་མང་དུ་ཐོས་པ་བཙལ་བར་བྱའོ་ཞེས་བསྟན་ན་དེ་དག་དེའི་ཚེ་ན། ཚུལ་ཁྲིམས་འཆལ་པར་གནས་ཤིང་ཆོས་ཚོལ་བ་སྤངས་ཏེ། མཆོད་རྟེན་དག་ལ་མཆོད་པའི་ལས་བྱ་བར་བརྩོན་ཞིང་གཞི་དེས་

เล่ม ๒๐๔ · หน้า 346a

འཚོ་བར་འགྱུར་བར་སེམས་པ་ལ་ལྟོས། མྱ་ངན་ལས་འདས་པ་ཆེན་པོ་ལས། གཞན་ཡང་དེའི་རྒྱལ་པོ་མ་སྐྱེས་དགྲ་མ་གཏོགས་པ། ཡངས་པ་ཅན་གྱི་རྒྱལ་པོ་ཟླ་བ་དྲི་མ་མེད་པའི་སྙིང་པོ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་། ཕྱི་རོལ་ན་གནས་པའི་

གཡོག་འཁོར་དང་བཅས་པ་ལ་སོགས་པ་འཛམ་བུའི་གླིང་ཐམས་ཅད་ཀྱི་གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དང་། ཡུལ་པོ་ཆེ་དང་། ཁ་ལུངས་ཀྱི་རྒྱལ་པོ་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་དང་ལྷན་ཅིག་ལྷགས་སོ། །གཞན་ཡང་དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་བཙུན་མོ་མ་གཏོགས་

པ་ཡངས་པ་ཅན་གྱི་རྒྱལ་པོའི་བཙུན་མོ་འཇིག་རྟེན་གསུམ་ན་མཛེས་མ་ལ་སོགས་པ་འཛམ་བུའི་གླིང་གི་རྒྱལ་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་གི་ཆུང་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་ལྷན་ཅིག་ལྷགས་སོ། །དེ་ལ་བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །

རྟག་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །བདེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་དོན་ཏོ། །སུག་ཅེས་བྱ་བ་ནི་ཆོས་ཀྱི་ཚིག་བླ་དགས་སོ། །འདི་ལྟར་རྟག་པ་ཐམས་ཅད་ཀྱི་ནང་ན་ནི་ནམ་མཁའ་མཆོག་ཏུ་རྟག་པ་ཡིན་ལ། དེ་བཞིན་གཤེགས་པ་ཡང་ནམ་མཁའ་བཞིན་དུ་

རྟག་གོ། །ངས་ནི་བསྐལ་པ་གྲངས་མེད་པ་ནས་ཀྱང་དགྲ་བཅོམ་པའི་མཐར་གཏུགས་ཟིན་མོད་ཀྱི། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་བཏིང་བ་ལ་འདུག་པ་དང་། བདུད་བཏུལ་བར་བསྟན་པ་ལ་འདི་ནི་འཇིག་རྟེན་ངེས་པར་བསྒྲལ་བར་བྱ་བའི་ཕྱིར་བདུད་ཕམ་པར་བྱས་ཏེ་སངས་

རྒྱས་སོ་ཞེས་བྱ་བར་སེམས་ཅན་རྣམས་ཀྱིས་ཤེས་སོ། །ངས་ནི་བསྐལ་པ་གྲངས་མེད་པ་ནས་བདུད་ཕམ་པར་བྱས་ཏེ་བདུད་རྩི་རྟོགས་སོ། །བླ་མ་བླ་མ་ཞེས་བྱ་བ་ནི་ཇི་ལྟར་ཕྱོགས་ཐམས་ཅད་ཀྱི་ནང་ན་བྱང་ཕྱོགས་མཆོག་ཡིན་པ་དེ་བཞིན་དུ། ཐར་པ་ཡང་དེ་དང་

འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །བླ་ན་མེད་པ་བླ་ན་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ཡུལ་ཐམས་ཅད་ཀྱི་ནང་ན་བྱང་ཕྱོགས་པ་ལ་ཡུལ་བླ་ན་མེད་པ་ཞེས་བྱ་བ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། དེ་ནི་དེ་བཞིན་གཤེགས་པའོ། །ཆུ་ཀླུང་

เล่ม ๒๐๔ · หน้า 346b

ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱ་སྟེ། ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཞིག་ཆུ་ཀླུང་ཡིན་པས། རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱ་བའི་གྲངས་སུ་གཏོགས་པའོ། །སེམས་ཅན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ནི་ཐེག་པ་ཆེན་པོ་ཐོས་ནས་དད་པར་འགྱུར་ཏེ།

དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་གིས་ནི་སྡིག་པའི་ལས་གྲངས་མེད་པར་བྱས་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་གདུངས་པ་དང་། ཟུག་རྔུ་དང་། སྐུར་པ་ཙམ་གྱིས་འབྱང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འབྲས་བུ་རྣམ་བཞི་ལྟ་

བུའི་མདོ་ལས་གསུངས་པའི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དེ་ཇི་ལྟར་རྟོགས་པར་བགྱི་ལགས། ཆོས་ཉིད་ནི་དེ་བཞིན་གཤེགས་པ་རྟག་པ་བརྟན་པ་ཐེར་ཟུག་ཅེས་བྱའོ། །གལ་ཏེ་གང་ཟག་ཚུལ་ཁྲིམས་འཆལ་པ་ཟང་ཟིང་ལ་བརྐམ་པ་རྣམས་

དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་ཟེར་ན། གང་ཟག་དེ་དག་ནི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པའི་དོན་གྱི་མདོ་སྡེ་ནི་ཐེག་པ་ཆེན་པོ་པ་རྣམས་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་དྲང་པོའི་དོན་གྱི་རྣམ་གྲངས་སུ་གཏོགས་སོ། །ཡེ་ཤེས་

ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚུལ་བླ་དགས་ཏེ། ཆོས་ཀྱི་སྐུ་ནི་ཚད་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཤའི་སྐུའོ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་བརྟགས་པ་ལས་བརྟེན་ཏེ། རྣམ་པར་ཤེས་པ་ནི་ཚད་མ་མ་ཡིན་ནོ། །དོན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་

རྟག་ཅེས་བྱ་བ་ནི་ཆོས་རྟག་པའི་དོན་ཏོ། །ཆོས་རྟག་ཅེས་བྱ་བ་ནི་དགེ་འདུན་རྟག་ཅེས་བྱ་བའི་དོན་ཏོ། །ཡི་གེ་ཞེས་བྱ་བ་ནི་རང་བཟོའི་ཡི་གེ་དང་ཚིག་སྣ་ཚོགས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་རྣམས་སོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་

དོན་ཏོ། །སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་རྒྱས་པའི་མཆོག་ཏུ་ཆ་ཕྲ་སྟེ་བདུད་རྩིའི་མཆོག་ཀྱང་ཡིན་ནོ། །དུག་གི་མཆོག་ཀྱང་ཡིན་ནོ། །སངས་རྒྱས་ཉིད་ཆོས་ཀྱང་ཡིན་དགེ་འདུན་ཀྱང་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་གཞི་གསུམ་པ་ཡིན་ནོ། །ཉན་ཐོས་ཀྱི་ཐེག་པ་ལས་

เล่ม ๒๐๔ · หน้า 347a

ནི་བྱིས་པ་རྣམས་ཀྱིས་འཇིག་རྟེན་པའི་ལྟ་བ་བསལ་བའི་ཕྱིར་གཞི་གསུམ་པ་གཞག་གོ། །བག་ཡོད་པ་ནི་འཆི་བ་མེད་པའི་གནས་སོ། །བག་མེད་པ་ནི་འཆི་བའི་གནས་སོ། །འཇིག་རྟེན་པ་རྣམས་ནི་བག་མེད་པ་དང་ལྡན་པ་ཡིན་ཏེ་ཤི་བ་དང་འདྲའོ། །

འཇིག་རྟེན་ལས་འདས་པ་ནི་རྒ་བ་དང་འཆི་བ་མེད་དོ། །བག་ཡོད་པ་རྣམས་ནི་མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་འཐོབ་པའོ། །དེ་བཞིན་གཤེགས་པའི་སྐུ་དང་དགོངས་པའི་ཚིག་ནི་ཤེས་པར་དཀའ་སྟེ། དཔེར་ན་རྒྱལ་པོ་ལ་ལས་བློན་པོ་ལ་སིནྡྷ་པ་འོན་ཅིག་ཅེས་བྱས་

ན། ཟས་ཟ་བའི་དུས་སུ་ནི་ལན་ཚྭ་ཁྱེར་ཏེ་འོང་། །ཟོས་ཟིན་པའི་ཚེ་ནི་སྐོམ་ནོད། །སྐྱེད་མོས་ཚལ་དུ་འགྲོ་བའི་ཚེ་ནི་རྟ། གཡུལ་ངོར་འགྲོ་བའི་ཚེ་ནི་རལ་གྲི་ཁྱེར་ཏེ་འོང་སྟེ། རྒྱལ་པོའི་དགོངས་པའི་ཚིག་རྣམས་ཤེས་པར་བྱེད་དེ། དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་

ཡང་། མི་རྟག་པ་རྣམ་པ་བཞི་ཡོད་པར་ཐེག་པ་ཆེན་པོའི་བློན་པོ་རྣམས་ཀྱིས་ཤེས་པར་བྱ་སྟེ། གང་གི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པ་དེའི་ཚེ་ནི་མི་རྟག་པའི་འདུ་ཤེས་བསྒོམ་མོ། །ཆོས་ནུབ་པ་དང་ཞི་བར་འགྱུར་རོ། །

ཞེས་སྟོན་པ་དེའི་ཚེ་ནི་སྡུག་བསྔལ་བསྒོམ་པར་བྱའོ། །ནམ་ངའི་ལུས་ནད་མཐའ་ཡས་པས་གཟིར་ཏོ། །དགེ་འདུན་འཇིག་པར་འགྱུར་རོ་ཞེས་སྟོན་པ་དེའི་ཚེ་བདག་མེད་པ་བསྒོམ་མོ། །ནམ་དེ་བཞིན་གཤེགས་པའི་ཐར་པ་མཚན་མ་མེད་པ་དང་ཅི་ཡང་མེད་པའོ་ཞེས་སྟོན་

པ་དེའི་ཚེ་ནི་སྟོང་པ་བསྒོམ་པར་བྱའོ། །གང་གི་ཕྱིར་སྡུག་བསྔལ་ཅི་ཡང་མེད་པ་དང་། མི་རྟག་པ་དང་མི་བརྟན་པ་དང་ཐེར་ཟུག་མ་ཡིན་པ་དང་། ཞི་བ་མ་ཡིན་པ་མེད་པས་ན་དེ་བཞིན་གཤེགས་པ་ནི་བདེ་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་ཞིབ་སྟེ།

ནམ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་བཤད་པ་དེའི་ཚེ་ནི་ཡང་དག་པར་རྟག་པ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པ་ནི་ངའི་ཉན་ཐོས་ཡིན། དགོངས་པའི་ཚིག་ལ་མཁས་པ་ཡིན་ནོ། །མདོ་འདི་ནི་སྐྱེས་

เล่ม ๒๐๔ · หน้า 347b

པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་སྟེ། སྐྱེས་པའི་རང་བཞིན་ནི་མི་ཞེས་བྱའོ། །དེ་བཞིན་གཤེགས་པའི་རང་བཞིན་ནི་སྐྱེས་པའོ། །རིགས་ཀྱི་བུ་གཞན་ཡང་ཕམ་པ་བྱེད་བྱད་པས་ཇི་ལྟར་བྱ་བ་ཉོན་ཅིག །ཕམ་པ་བྱེད་བྱེད་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ་

བཞིན་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ནས། དམ་པའི་ཆོས་འབྱུང་བར་བྱའོ་སྙམ་དུ་བསམས་ན། དེ་ལ་བྱིན་པ་ཡང་ཆེས་ཁྱད་པར་ཅན་དུ་འགྱུར་རོ། །དམ་པའི་ཆོས་འབྱིན་པའི་འབྲས་བུ་ནི་དེ་ལྟར་ཆེའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས།

ཁྱིམ་ཞེས་བྱ་བ་ནི་དགེ་བའི་རྩ་བ་འཇོམས་པ་དང་། དགེ་བའི་སྡོང་པོ་སྒྱེལ་བར་བྱེད་པས་ཁྱིམ་ཞེས་བྱའོ། །ཁྱིམ་ན་གནས་པ་ཞེས་བྱ་བ་ནི་ཉོན་མོངས་པའི་རྩ་བ་ལ་རྣམ་པར་རྟོག་པ་སྔོན་གོམས་པའི་དགེ་བའི་རྩ་བ་ཉམས་པར་བྱེད་པས་ཁྱིམ་ན་གནས་པ་ཞེས་བྱའོ། །

ཁྱིམ་ན་གནས་པ་ནི་རྒྱ་མཚོ་ལ་ཆུ་བྲན་ལྟར་དགང་དཀའ་བའོ། །མེ་ལ་ཤིང་ལྟར་ཆོག་མི་ཤེས་པའོ། །རླུང་དམར་ལྟར་ཐུག་པ་མེད་པར་རྟོག་པའོ། །ཁ་ཟས་བཟད་པོ་དང་དུག་ལྟར་འདྲེས་པའོ། །ཕན་ཚུན་གྱི་རྐྱེན་གྱིས་འཐབ་པའོ། །ལས་ཀྱི་མཐར་ཐུག་པ་

མེད་པའོ། །ངན་འགྲོར་འགྲོ་བར་འགྱུར་པའོ། །དངོས་པོ་ཚོལ་ཞིང་སྲུང་བས་སྡུག་བསྔལ་མྱུར་དུ་ཕན་ཚུན་འགྱེས་པས་མཐར་རྒུད་ཅིང་འགྱུར་བའོ། །སློང་བ་མཐོང་ན་དགེ་བའི་བཤེས་གཉེན་དང་། ལོངས་སྤྱོད་ཀྱི་རྒྱུས་དང་བྱང་ཆུབ་སྟོན་པ་ཡིན་པར་འདུ་ཤེས་པ་

བསྐྱེད་དོ། །བྱང་ཆུབ་སེམས་དཔའི་ཁྱིམ་པས་ཆུང་མ་ལ། རྒྱ་དང་ཁོག་ཚེ་དང་རྙིར་འདུ་ཤེས་པའོ། །ཡང་གསུམ་སྟེ། ཁྲི་མོན་དང་འཆིང་བ་དང་གསོད་པའོ། །གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱ་སྟེ། བཟུང་ན་ཉམས་པར་འགྱུར་རོ། །དགོན་

པ་ལ་གནས་པ་ནི་ཆོས་ཀུན་འཛིན་པའོ། །འཕགས་པས་བཀུར་བའོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །དགོན་པ་ལ་གནས་པ་ནི་ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟར་ཞེ་ན། ལུས་དང་སྲོག་ལ་མི་ལྟ་

เล่ม ๒๐๔ · หน้า 348a

པས་སྦྱིན་པ་དང་། སྦྱངས་པའི་ཡོན་ཏན་གྱིས་ཚུལ་ཁྲིམས་དང་། གནོད་སེམས་མེད་པས་བྱམས་ཤིང་ཐམས་ཅད་མཁྱེན་པ་ཉིད་ལ་བཟོད་པས་བཟོད་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལས་ཕྱིར་མི་ལྡོག་པ་ལས་བརྩོན་འགྲུས་

དང་། སེམས་ཅན་ཡལ་བར་མི་འདོར་ཞིང་དགེ་བའི་རྩ་བ་སྡུད་པས་བསམ་གཏན་དང་། དེ་བཞིན་ཉིད་ཀྱིས་མི་རྟོགས་པས་ཤེས་རབ་པོ། །བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཆོས་བཞི་དང་ལྡན་ན་དགོན་པར་གནས་པ་གནང་སྟེ་གང་ཞེ་ན། མང་དུ་ཐོས་པ་ཡིན་

ཏེ། ཐོས་པ་འཛིན་པ་ཆོས་གཏན་ལ་དབབ་པ་ལ་མཁས་པ། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་ཞིང་ཆོས་སྒྲུབ་པ་དང་། ཉོན་མོངས་པ་ཤས་ཆེན་པོ་ཞི་བར་བྱ་བ་དང་། མངོན་པར་ཤེས་པ་ལྔ་ཐོབ་པ་ཡིན་ཏེ་ལྷ་དང་ཀླུ་ལ་སོགས་པ་སྨིན་པར་བྱ་བའི་ཆེད་དང་། དགེ་བའི་

རྩ་བ་བརྟན་ནས་ཕྱིས་གྲོང་ལ་སོགས་པར་ཆོས་བསྟན་པར་བྱའོ་སྙམ་པ་དེ་བཞི་དང་ལྡན་པར་བྱའོ། །མི་རྟག་པ་ཉིད་ཀྱི་མདོ་ལས། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །འབྱོར་པ་མི་རྟག་སྲོག་ཀྱང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉན་གྱུར་པ། །འདོད་

པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །ཟ་མ་ཏོག་བཀོད་པ་ལས། ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ཆེན་པོ་ན་བཤད་པ་དང་གཅི་བའི་གནས་དེ་ན་སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་པ། སྤྱན་རས་གཟིགས་དབང་ཕྱུག་བུང་བའི་གཟུགས་སུ་སྤྲུལ་ནས། སངས་

རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱས་པ་དང་། དེ་དག་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་རྗེས་སུ་དྲན་ནས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ཁ་ན་སྤོས་ཀྱི་དྲི་ཞེས་བྱ་བར་

གྱུར་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ། ན་མཿ་སཔྟཱ་ནཱཾ། ས་མྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཙ་ལེ་ཙུ་ལེ་ཙུནྡེ་སྭཱཧཱ། གང་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་འཛིན་པ་དེ་དག་ནི་བུ་དང་བུ་མོ་དག་གིས་ཡོངས་སུ་བསྐོར་བར་

เล่ม ๒๐๔ · หน้า 348b

འགྱུར་རོ། །དེ་དག་དགེ་འདུན་གྱི་ཁྲི་དང་། ཁྲིའུ་དང་། ཚང་ཐུར་དང་། སྔས་དང་། མལ་སྟན་དག་ལ་སྤྱོད་པར་མ་འོས་པ་ལས་སྤྱོད་པར་བྱེད། དགེ་འདུན་གྱི་ཉེ་བར་སྤྱོད་པ་ལ་བཤང་བ་དང་གཅི་བར་བྱེད་དོ། །མཆིལ་མ་དག་ཀྱང་འདོར་ཞིང་ལས་ཀྱི་རྣམ་པར་སྨིན་པ་མི་

ཤེས་སོ། །དགེ་འདུན་གྱི་ཉེ་བར་སྤྱོད་པ་ལ་མཆིལ་མ་འདོར་བ་དེ་དག་ནི། ལོ་བཅུ་གཉིས་སུ་སཱ་ལའི་ཚལ་དུ་ཁ་ཁབ་མིག་ཙམ་གྱི་སྲོག་ཆགས་སུ་སྐྱེའོ། །དགེ་འདུན་གྱི་སོ་ཤིང་ལ་སྤྱོད་པར་མི་འོས་པ་ལས་སྤྱོད་པ་ནི་རུས་སྦལ་དང་ཆུ་སྲིན་དང་ཉའི་ནང་དུ་སྐྱེའོ། །དགེ་འདུན་

གྱི་ཏིལ་དང་འབྲས་ལ་སོགས་པ་མི་འོས་པར་སྤྱད་ན་ཡི་དགས་སུ་སྐྱེའོ། །དགེ་འདུན་གྱི་ཟས་ཀྱིས་ཁྱི་གསོ་བར་བྱེད་པ་དེ་དག་ནི་རིགས་དམན་པ་དང་། དབང་པོ་ཉམས་པ་དང་སྒུར་པོ་དང་སྤྲང་པོར་སྐྱེའོ། །དགེ་འདུན་གྱིས་ལ་མི་འོས་པར་སྤྱད་ན། བསྐལ་པ་བཅུ་གཉིས་

སུ་དམྱལ་བ་འོ་དོད་འབོད་པར་སྐྱེའོ། །དགེ་འདུན་གྱི་ནི་མེའི་འོབས་ལྟ་བུའོ། །དུག་ལྟ་བུའོ། །རྡོ་རྗེ་ལྟ་བུ་འོ། །ཁུར་ལྟ་བུའོ། །དུག་ལ་ནི་གཉེན་པོ་བྱ་ནུས་ཀྱི་དགེ་འདུན་གྱི་ལ་ནི་གཉེན་པོ་བྱ་མི་ནུས་སོ། །རྨི་ལམ་བསྟན་པ་ལས། བཀའ་སྩལ་པ། རྣམ་པ་དང་། མཚན་མ་དང་།

རྟགས་གང་གིས་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་ངས་ཁྱོད་ལ་བཤད་དོ། །མཚན་མ་བརྒྱ་རྩ་བརྒྱད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་ཤེས་པར་བྱ་སྟེ། རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་བ་དང་། སྐུ་གདུང་རྙེད་པ་དང་། །དེ་བཞིན་

གཤེགས་པའི་མཆོད་རྟེན་ལ་མཆོད་པ་དང་། ཆོས་ཐོས་པ་དང་། དགེ་སློང་ལ་ཆོས་སྨྲ་བ་དང་། དེ་བཞིན་གཤེགས་པའི་གདུགས་མཐོང་བ་དང་། བདག་གཅེར་བུར་འདུག་པ་དང་། སྔོན་མ་མཐོང་བའི་ཡུལ་དུ་ཕྱིན་པ་དང་། ཆུའི་ནང་ན་འདུག་པར་ཤེས་པ་དང་། སྤྲིན་

ལས་ཆར་འབབ་པར་ཤེས་པ་དང་། ས་གཡོས་པ་དང་། བདག་བསད་པ་ལས་ཤོར་བ་དང་། བདག་ནམ་མཁའ་ལས་འགྲོ་བ་དང་། གླེགས་བམ་རྙེད་པ་དང་། ཆོས་སྨྲ་བ་དགེ་སློང་ཆེ་གེ་མོ་ཞེས་བྱ་བའི་མིང་ཐོས་པ་དང་། རིན་པོ་ཆེ་ཐུ་བ་དང་། ཉི་མ་དང་ཟླ་བ་གཟས་

เล่ม ๒๐๔ · หน้า 349a

ཟིན་པ་དང་། གཙུག་ལག་ཁང་ན་འདུག་པར་ཤེས་པ་དང་། སྤྲིན་ལས་འབྲུག་གྲག་པ་དང་། གློག་འབྱུང་བ་དང་། གོ་མཚོན་རྙེད་པར་མཐོང་བ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པ་ཅང་མི་གསུང་བ་

མཐོང་ན། དེས་ནི་ཆོས་ལ་སྒྲིབ་པར་འགྱུར་བའི་ལས་བསགས་པ་ཡིན་པས། དེས་ཆོས་ཉན་པ་ཡང་དག་པར་འཛིན་དུ་གཞུག་ཅིང་ཁ་དོན་ལ་བརྩོན་པའི་གང་ཟག་རྣམས་ལ་ཡང་བསྙེན་བཀུར་སྒྲུབ་པོ། །དེས་ནི་སྒྲིབ་པ་དེ་དག་པར་འགྱུར་ཏེ། གང་ཟག་དེ་ནི་ས་

དང་པོ་བདུན་པ་དག་ལས་བྱུང་བར་བལྟའོ། །དེའི་ཚེ་ས་དང་པོ་ལ་གནས་པ་ཞིག་ན་ནི་དེས་སྦྱང་བའི་ཕྱིར། ལོ་བདུན་དུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་གསུམ་མཚན་ལན་གསུམ་གདོན་པར་བྱའོ། །ས་གཉིས་པས་ནི་ལོ་དྲུག །ས་གསུམ་

པས་ནི་ལོ་ལྔ། ས་བཞི་པས་ནི་ལོ་བཞི། ས་ལྔ་པས་ནི་ལོ་གསུམ། ས་དྲུག་པས་ནི་ལོ་གཉིས། ས་བདུན་པས་ནི་ལོ་གཅིག་གདོན་པར་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་འཇིམ་པ་ལས་བྱས་པ་མཐོང་ན། བྱང་ཆུབ་སེམས་དཔའ་

ད་ནི་ས་དང་པོ་པར་བལྟའོ། །ས་བདུན་པོ་དག་ལ་མཐོང་བ་གང་ཡིན་པ་དེ་ས་བདུན་གྱི་ལས་ཀྱང་རིག་པར་བྱའོ། །ས་དགུ་པ་དང་བཅུ་པ་དག་ལ་ནི་རྨི་ལམ་ལོག་པར་མཐོང་བ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བར་མཐོང་ནས་

བཅུ་པར་བལྟ་སྟེ། བདུད་ཀྱི་ལས་ནི་མ་གཏོགས་སོ། །ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས། །སངས་རྒྱས་བྱང་ཆུབ་དེ་བཞིན་བྱང་ཆུབ་སེམས། །ཆོས་བཞི་གང་ཡིན་དེ་དག་དཔག་མེད་དོ། །དེ་དག་འཇིག་རྟེན་ཀུན་གྱིས་རྟོགས་མི་

ནུས། །མདོག་ངན་གླེན་ནམ་ཡང་ན་རྙེད་མེད་དམ། །བརྙས་ཤིང་དམན་པར་བྱ་བ་ཡིན་ན་ཡང་། །མི་ཡི་ཁམས་དང་སྤྱོད་པ་ཤེས་དཀའ་བས། །དེ་ལ་གྱ་ཚོམ་དག་ཏུ་སྐྱོན་མི་གདགས། །དགྲ་བཅོམ་ཀུན་གྱིས་རང་སེམས་མི་ཤེས་ན། །སེམས་ཅན་

เล่ม ๒๐๔ · หน้า 349b

སྤྱོད་པ་ཤེས་པ་སྨོས་ཅི་དགོས། །མ་སྐྱེས་དགྲ་ཡིས་ཕ་ནི་བསད་གྱུར་ཅིང་། །དེ་བཞིན་གཤེགས་པ་བཀྲོངས་པར་སྦྱོར་བྱས་ཀྱང་། །དེ་སེམས་གཅིག་གིས་ངན་འགྲོ་རྣམས་གྲོལ་ན། །གང་ཟག་དག་པ་གང་ཡིན་སྨོས་ཅི་དགོས། །གསེར་ནི་མི་

གཙང་ནང་དུ་བཅུག་གྱུར་ཀྱང་། །འབར་བའི་རང་བཞིན་ནམ་ཡང་མི་འབྲི་ལྟར། །ངེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་། །ནམ་ཡང་བསམ་པའི་རང་བཞིན་དེ་མི་སྤོང་། །གང་དག་བྱང་ཆུབ་སེམས་ནི་མི་བརྗེད་པ། །དེ་དག་རྙེད་པར་བ་རྙེད་ལེགས་

འཚོ་བ། །ནོར་འདོད་པ་དག་རྒྱ་མཚོ་ཆེན་པོ་ལྟར། །དེ་བཞིན་དེ་དག་རྙེད་པ་ཕུན་སུམ་ཚོགས། །དགོན་པར་དགའ་ཞིང་རྟག་ཏུ་དབང་བསྡམས་ལ། །བརྩོན་འགྲུས་བརྩམས་ཞིང་ཉེ་དུ་ཐག་བསྲིངས་ལ། །བྱམས་ལ་གནས་ཤིང་དོན་དམ་མཁས་གྱུར་བ། །དེས་ནི་དེ་

འདྲའི་བྱང་ཆུབ་ཐོབ་པར་འགྱུར། །རིན་པོ་ཆེའི་མཐའ་ལས། འཇམ་དཔལ་སངས་རྒྱས་ཉིད་ཅེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །སྟོབས་དང་མི་འཇིགས་པ་ནས་མ་འདྲེས་པ་ལ་ཐུག་པ་དེ་དག་ཀྱང་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་དབྱིངས་

ལ་ནི་སོ་སོའི་སྐྱེ་བོ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དག་ཐ་དད་པར་རྗེས་སུ་མི་མཐོང་ངོ་། །ཆུ་བོ་གང་གཱ་ལ་སོགས་པ་རྒྱ་མཚོར་བབ་པ་འདིའོ་ཞེས་ཐ་དད་པར་གདགས་པར་མི་ནུས་པ་ལྟར་ཆོས་ཀྱི་དབྱིངས་ལ་སོ་སོའི་སྐྱེ་བོའི་ཆོས་ལ་སོགས་པ་ཐ་དད་པར་

གདགས་པར་མི་ནུས་སོ། །འཕགས་པ་སྒྲ་ཆེན་པོ་ལས། གླིང་བཞི་པ་གསེར་ལ་སོགས་པས་གང་བར་བྱས་པའམ། རྣམ་པར་རྒྱལ་བྱེད་ཀྱི་ཁང་པ་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོ་བཀང་སྟེ། ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་བས། གང་གིས་

དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་འདོགས་པར་བྱེད་དམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་བ་བྱེད་ན་ཆེས་བསོད་

เล่ม ๒๐๔ · หน้า 350a

ནམས་ཆེའོ། །མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས། དེ་བཞིན་གཤེགས་པའི་སྐུ་གདུང་བརྒྱད་ཆ་ལ་མཆོད་པ་དང་རི་མོར་བྱ་བའི་ལས་བྱས་པས། སེམས་ཅན་དམྱལ་བར་ལན་ཅིག་སོང་ནས། དགེ་བའི་རྩ་བ་དེ་ཉིད་ཀྱིས་བསྐལ་པ་ཉི་ཤུར་ལོག་

པར་ལྟུང་བར་མི་འགྱུར་ཞིང་རབ་ཏུ་བྱུང་ནས། རང་རྒྱལ་བ་མངོན་དུ་བྱེད་པར་འགྱུར་ཏེ། རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ། །བྱམས་པ་འཇུག་པ་ལས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱམས་པ་ཡང་དག་པར་ཞུགས་ཏེ། བསྐལ་པ་བརྒྱད་ཁྲི་

བཞི་སྟོང་ལོན་ནས། དེའི་འོག་ཏུ་གདོད་ངས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱམས་པས་ནི་དེ་བཞིན་གཤེགས་པ་གསེར་བཟངས་ཞེས་བྱ་བའི་སྤྱན་སྔར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་མདོག་ཅེས་བྱ་བར་གྱུར་བས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བཀའ་

སྩལ་པ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་གཞན་ལས་འགལ་བར་བྱས་སམ། ངས་ལྟུང་བར་འགྱུར་བའི་ཆོས་བཞི་གང་དག་གསུངས་པ་དེ་དག་གི་ཉེས་པ་དེ་དག་བྱས་སམ། མི་དགེ་བའི་ལས་ཀྱི་ལམ་བཅུ་བླངས་ཏེ་འདུག་གམ། མཚམས་

མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བྱང་ཆུབ་ཀྱི་སེམས་མ་སྤངས་མ་བཏང་སྟེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་ལ་དམིགས་པ་ཅན་གྱི་སེམས་དང་མངོན་པར་ཞེན་པའི་སེམས་ཀྱང་མི་བསྐྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་

དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། སྡིག་པའི་ལས་བྱས་སྲིད་པར་སྐྱེས་ཀྱང་ཇི་ཙམ་དུ་སྲིད་པར་སྐྱེས་པ་དེ་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན་པ་ཡི། །བསོད་ནམས་

དེ་ལ་གལ་ཏེ་གཟུགས་ཡོད་ན། །ཞིང་རྣམས་གང་བའི་བྱེ་སྙེད་གང་བྱས་ཀྱང་། །དེ་དག་བཀང་བས་ཆ་ཙམ་ཟད་པ་མེད། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་གྱུར། །བསྐལ་པ་མང་པོར་

เล่ม ๒๐๔ · หน้า 350b

ལས་གཞན་མི་བྱེད་པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་མེད་པ། །དེ་དག་བྱང་ཆུབ་སེམས་ཀྱི་རྣམ་སྨིན་བསྟན། །གང་གིས་སྟོང་གསུམ་རིན་ཆེན་བཀང་བྱས་ལ། །སྟོབས་བཅུ་མངའ་བ་རྣམས་ལ་དབུལ་བྱེད་པ། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་

མང་པོ་འཕེལ་བར་འགྱུར། །གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །སྤོབས་པ་མཐའ་ཡས་ལྡན་པ་ཉིད་འགྱུར་ལ། །ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །སེམས་ཅན་གཅིག་པུས་མཆོད་པ་བྱས་པ་དང་། །མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་

ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །མེ་ཏོག་གཅིག་པུ་ཕུལ་བའི་བསོད་ནམས་འདི། །དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །གལ་ཏེ་སེམས་ཅན་ཐམས་ཅད་དགྲ་བཅོམ་གྱུར། །ཡེ་ཤེས་དབང་ཐོབ་གྱུར་པ་དེ་དག་ལ། །བསོད་ནམས་འདོད་པའི་གང་ཟག་

ལ་ལ་ཞིག །བསྐལ་པ་བྱེ་བ་ཁྲག་ཁྲིག་བར་མཆོད་བྱེད། །གང་གིས་སྙིང་རྗེ་བསྐྱེད་ནས་བྱང་ཆུབ་ཏུ། །རྒྱ་ཆེན་སེམས་ནི་སྐྱེད་པར་བྱེད་གྱུར་ཏེ། །སེམས་ཀྱི་གཙོ་བོ་བསྐྱེད་པ་བྱས་ནས་ཀྱང་། །གོམ་པ་བདུན་ནི་བོར་བའི་བསོད་ནམས་འདི། །དེ་བས་ཁྱད་པར་

འཕགས་པར་འགྱུར་བ་ཡིན། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བྱམས་པ་ཞེས་བགྱི། མིང་འདི་ག་ལས་རྙེད་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་རིན་ཆེན་གདུགས་བྱུང་བའི་ཚེ། དགེ་

སློང་བློ་གྲོས་བརྟན་པོ་ཞེས་བྱ་བས་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལ་ཅི་ནས་བྱམས་པ་བསྒྲུབ་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཅིང་། དགེ་སློང་དེ་གང་གི་ཚེ་གྲོང་དུ་འགྲོ་བ་དེའི་ཚེ། བྱམས་པའི་ཏིང་ངེ་འཛིན་དུ་ཞུགས་ཏེ་འགྲོའོ། །གྲོང་

ལ་སོགས་པའི་ཐེམ་པ་ལ་རྐང་པ་བཞག་མ་ཐག་ཏུ་སེམས་ཅན་བྱམས་པ་ལ་གནས་པ་དེ་དག་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏེ། དེ་ནི་ལྷ་རྣམས་ཀྱིས་ཨ་ལ་ལ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་འགྱུར་རོ་ཞེས་བསྒྲགས་ནས། མིང་

เล่ม ๒๐๔ · หน้า 351a

དེ་ལ་དེ་བཞིན་གཤེགས་པ་དེ་ཡང་ཡི་རང་བས་ནི་བྱམས་པ་ཞེས་བྱའོ། །གང་གཱའི་མཆོག་ལ་བཀའ་སྩལ་པ། གང་གཱའི་མཆོག་དཔེར་ན་བདག་ཅེས་འདོགས་ཀྱང་བདག་གང་ཡང་མི་དམིགས་པ་དེ་བཞིན་དུ་ངས་གཟུགས་ནས་མྱ་ངན་ལས་

འདས་པའི་བར་བརྟགས་ཀྱང་དོན་དམ་པ་ན་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ། །ཚངས་པའི་དཔལ་ལུང་བསྟན་པ་ལས་ནི། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་དེ་བཞིན་ཏེ། །བསམ་མི་ཁྱབ་ལ་དད་པ་ཡིན། །རྣམ་

པར་སྨིན་པའང་དེ་བཞིན་ནོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས། བཀའ་སྩལ་པ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་འདོད་ཆགས་ནི་སྒྲིབ་པའོ། །ཞེ་སྡང་དང་གཏི་མུག་ནི་སྒྲིབ་པའོ། །སྦྱིན་པ་ནི་སྒྲིབ་པའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་

དང་། བསམ་གཏན་དང་། ཤེས་རབ་ནི་སྒྲིབ་པའོ། །སངས་རྒྱས་སུ་འདུ་ཤེས་པ་ནི་སྒྲིབ་པའོ། །ཆོས་དང་དགེ་འདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པར་འདུ་ཤེས་པ་ནི་སྒྲིབ་པའོ། །གསོལ་པ། ཇི་ལྟར་སྦྱིན་པ་ནས་ཤེས་རབ་ཀྱི་བར་སྒྲིབ་པ་

ལགས། བཀའ་སྩལ་པ། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་མོད་ཀྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་རྟོག་པས། སྦྱིན་པ་ལ་སོགས་པ་ཡང་སྒྲིབ་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ཀྱིས་སྦྱིན་པ་བྱེད་པ་ན་སེམས་ཅན་སེར་སྣ་ཅན་རྣམས་ལ་མ་དད་དོ། །

མ་དད་པ་དེས་ཁོང་ཁྲོ་བ་དང་། ཐ་བའི་ཉེས་པ་བསྐྱེད་དེ། ཉེས་པ་དེས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ། ཚུལ་ཁྲིམས་འཆལ་པ་ལ་སྨད་པར་བྱེད་དེ། སྨད་པས་སྐྱེ་བོ་མང་པོ་དག་བསྔགས་པ་མ་ཡིན་པ་ཐོབ་པས། དེ་དག་ལ་མ་

དད་པ་དེས་ངན་འགྲོར་འགྲོ་བར་འགྱུར་རོ། །བཟོད་པ་བསྒོམ་པ་ནི་འདི་དག་གནོད་སེམས་ཀྱི་གཞི་དང་ལྡན་ཞེས་བྱ་བ་དང་། བརྩོན་འགྲུས་བརྩམ་པ་ནི་འདི་དག་ལེ་ལོ་ཅན་དེས་དད་པས་སྦྱིན་པ་ཆུ་རའི་ཆུ་ཡང་སྤྱད་པར་མི་འོས་སོ་སྙམ་པ་དང་། བསམ་གཏན་ལ་མཉམ་པར་

เล่ม ๒๐๔ · หน้า 351b

འཇོག་ན་འདི་དག་ནི་སེམས་གཡེངས་པའོ་སྙོམ་པས་བརྙས་པར་བྱེད་དེ། དེ་དག་ཇི་ཙམ་དུ་བརྙས་པའི་སེམས་བསྐྱེད་པ་དེ་ཙམ་དུ་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ། །ཕྱིས་དེ་དག་གིས་གོང་དུ་བྱང་ཆུབ་ཏུ་སྤྱོད་པ་ན་མང་དུ་ཐོས་ཀྱང་ཆོས་ཐམས་ཅད་ཡི་གེ་མེད་པ་ལ་རྣམ་པར་ཤེས་པ་

ཡོད་པར་བརྟགས་ཏེ། ཤེས་རབ་ཏུ་དམིགས་ནས། ཕ་རོལ་དུ་སོན་པར་བྱེད་པ་དེ་དག་ནི་མི་ཤེས་པ་ཞེས་ང་སྨྲའོ། །གལ་ཏེ་ཐེག་པ་ཆེན་པོ་ལ་ཞུགས་ན་ཡང་། བདག་ཅག་ནི་འཇིག་རྟེན་ན་གཙོ་བོ་སྙམ་ནས། ཉན་ཐོས་ཀྱི་ཐེག་པ་པ་ལ་སྨོན་ཅིང་བསམ་པ་ངན་པ་དང་ཉེས་པར་བརྗོད་པ་དེས་ན་ངན་

འགྲོར་འགྲོ་བ་འཐོབ་པར་འགྱུར་རོ། །འཇམ་དཔལ་སྒྱུ་མ་ལྟ་བུའི་སེམས་ལ་གནས་པ་ལ་ནི་ཆོས་གང་ཡང་སྒྲིབ་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། ཉོན་མོངས་པ་སྤོང་བའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་དམིགས་པ་དེ་ནི་ཕོངས་པར་འགྱུར་བ་ལགས་སོ། །བཀའ་སྩལ་

པ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་རྣམས་སུ་མོས་པ་དེས་ནི་ལས་ཀྱི་སྒྲིབ་པ་འཐོབ་པར་འགྱུར་རོ། །ཁྱེའུ་བཞི་པའི་ཏིང་ངེ་འཛིན་ལས། གང་གིས་དེ་འདྲར་རང་བཞིན་སྟོང་ཤེས་ནས། །དངོས་པོ་ཀུན་ལ་མི་གནས་སྒོམ་བྱེད་པ། །དེ་ནི་

ཉོན་མོངས་དྲ་བ་ཀུན་སྤངས་ཤིང་། །སྲིད་པའི་འདོད་ཆགས་བཅོམ་པའི་སངས་རྒྱས་འགྱུར། །གང་གིས་སྟོང་པ་སྟོང་ཤེས་ཤིང་། །སྟོང་པ་ལ་ཡང་མི་སེམས་ལ། །གང་དག་སྟོང་ཉིད་མི་འཐོབ་བོ། །དེ་དག་སྟོང་ཉིད་ཤེས་པ་ཡིན། །འཁོར་ལོ་བཅུ་པ་ལས་བཀའ་

སྩལ་པ། འདི་ལྟ་སྟེ། འགའ་ཞིག་གིས་བྱམས་པའམ་འཇམ་དཔལ་ལམ། ཀུན་དུ་སྤྱན་རས་གཟིགས་སམ། ཀུན་དུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྐལ་པ་བརྒྱའི་བར་དུ་སེམས་རྩེ་གཅིག་ཏུ་སྐྱབས་སུ་

སོང་ནས། དེ་དག་གི་མཚན་ནས་བརྗོད་ཅིང་དམིགས་པས་མཆོད་ཅིང་སྨོན་ལམ་བཏབ་པ་བས། འགའ་ཞིག་གིས་སྐད་ཅིག་ཡུད་ཙམ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་དེ་ལྟར་བྱས་ན། མྱུར་དུ་རེ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྐྱེས་བུ་ཡང་དག་པ་ཡི་སྙིང་པོ་ནི། །ཡོན་ཏན་མང་པོ་ཕུན་

เล่ม ๒๐๔ · หน้า 352a

སུམ་ཚོགས་པར་ལྡན། །དགེ་སྦྱོང་ཆ་ལུགས་འཛིན་ཅིང་སྟོན་བྱེད་པ། །སྟོན་པ་ཆེན་པོ་ལ་ནི་ཕྱག་འཚལ་ལྷགས། །དེ་བཞིན་གཤེགས་པ་ནི་སྣོད་དུ་གྱུར་པའི་སེམས་ཅན་ལྷ་དང་མིའི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ངན་སོང་དུ་གཞོལ་བར་

མི་མཛད་དོ། །བཀའ་སྩལ་པ། རྣལ་འབྱོར་པས་མིའི་ཆོས་འདི་བཅུ་བྱས་ན། འདོད་པའི་ཁམས་ཀྱི་དགེ་བའི་རྩ་བ་ཙམ་ཡང་མི་འགྲུབ་ན། གོང་མ་ལྟ་ཅི་སྨོས། སྔར་གྲུབ་པ་ཡང་ཉམས་ཤིང་སྟོན་པར་འགྱུར་རོ། །བཅུ་གང་ཞེ་ན། འཚོ་བའི་ཡོ་བྱད་ཀྱིས་

དཔའ་ཡང་ཐང་བ་དང་ཚུལ་ཁྲིམས་ཉམས་པ་དང་། ལོག་པ་ལ་ཞེན་ཅིང་འཇིག་རྟེན་གྱི་ལྟས་ལ་ཆགས་པ་དང་། འཕགས་པ་ལ་མི་གཞོལ་ཞིང་སེམས་རྒོད་པ་དང་། ཕྲ་མ་དང་དབྱེན་བྱེད་པ་དང་འཕགས་པ་ལ་སྨོད་ཅིང་དབང་ཟ་བ་དང་། ལོག་པར་ལྟ་བས་རྒྱུ་

འབྲས་ལ་སྐུར་པ་འདེབས་པའོ། །ཡང་རྣལ་འབྱོར་པ་ཆོས་འདི་བཅུ་དང་ལྡན་ན་ཏིང་ངེ་འཛིན་མི་འགྲུབ་ཅིང་གྲུབ་ན་ཡང་ཉམས་པར་འགྱུར་རོ། །བཅུ་གང་ཞེ་ན། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང་། བྲེ་མོའི་གཏམ་ལ་དགའ་བ་དང་།

གཉིད་ལ་དགའ་བ་དང་། གང་ཟག་ཚོལ་བ་ལ་དགའ་བ་དང་། གཟུགས་ལ་དགའ་བ་དང་། སྒྲ་ལ་དགའ་བ་དང་། དྲི་ལ་དགའ་བ་དང་། རོ་ལ་དགའ་བ་དང་། རེག་ལ་དགའ་བ་དང་། རྟོག་པ་དང་དཔྱོད་པ་ལ་དགའ་བའོ། །ཨུ་ཏྲ་ཀ་དང་། ཨར་ཀ་དང་། དེ་ཤ་ཀུ་

པ་ལི་ཀ་དང་། ལྷ་སྦྱིན་ལ་སོགས་པ་དང་འདྲ་བར་བསམ་གཏན་ལས་ཉམས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཨུ་པཱ་ལིས་གསོལ་པ། ཚུལ་ཁྲིམས་ཀྱི་རྩ་བ་བཞི་སྲུངས། ཀུན་ལ་སེམས་མཉམ་པར་བཞག་སྟེ། མི་བརྙས་མི་སྨད་གློ་བུར་

དུ་ཉེས་པ་མི་གླེང་ངོ་ཞེས་གསུངས་ན། ཚུལ་ཁྲིམས་འཆལ་པ་དག་ལ་དགེ་འདུན་གྱིས་ཇི་ལྟ་བུའི་ཐབས་བགྱི། བཀའ་སྩལ་པ། ངས་ནི་མུ་སྟེགས་ཅན་དང་། ཁྱིམ་པས་དགེ་སློང་གི་ཉེས་པ་གླེང་དུ་གནང་བའི་སྐབས་ནི་མེད་དོ། །དགེ་འདུན་གྱིས་ཀྱང་མ་རྟོགས་པ་དང་། ཆོས་བཞིན་

เล่ม ๒๐๔ · หน้า 352b

མ་ཡིན་པར་གླེང་དུ་མ་གནང་ན་བསྐྲད་པ་ལྟ་ཅི་སྨོས། མ་རྟོགས་པ་དང་ཆོས་བཞིན་མ་ཡིན་པར་གླེང་ན། ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པ་འཐོབ་པོ། །ཨུ་པཱ་ལི་མ་རྟོགས་པ་དང་། ཆོས་བཞིན་མ་ཡིན་པ་འདི་བཅུས་གླེང་ན་སྡིག་པ་ཆེན་པོ་འཐོབ་སྟེ། གང་ཞེ་ན། དགེ་

འདུན་མ་དད་པ་རྒྱལ་པོའི་སྤྱན་སྔར་གླེང་བ་དང་མ་དད་པར་ཀུན་དུ་རྒྱུའི་ནང་དང་། མ་དད་པར་བློན་པོའི་མདུན་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བུད་མེད་མང་པོ་དང་མ་རུང་བར་བྱེད་པ་མང་པོ་དང་། དགེ་སློང་དང་། དགེ་སློང་མའི་མདུན་དང་། ཤ་ཁོན་ཡོད་

པའི་མདུན་དང་། ཁྲོ་བོ་ཞེ་འགྲས་པའི་མདུན་དུའོ། །དེ་ལྟར་དགེ་སློང་དེ་ཆོས་ཀྱི་སྣོད་མ་ཡིན་ཏེ། འཕགས་པའི་ཆོས་ཉམས་པས་ཡོངས་སུ་དག་པའི་དགེ་འདུན་སྨེ་བར་བྱེད་ཅིང་། དགེ་སྦྱོང་གི་ལས་ཐམས་ཅད་མི་རུང་བར་བྱེད་པ་ཡིན་ཏེ། ཕྱོགས་བཞིའི་དགེ་འདུན་

གྱི་ལོངས་སྤྱོད་ལ་སྤྱོད་དུ་མི་གནང་མོད་ཀྱི། འོན་ཀྱང་ཡིད་མཐུན་པའི་དགེ་འདུན་ལ་བསྙེན་པར་རྫོགས་ཏེ། སྡོམ་པ་ཐོབ་པ་མ་བཏང་བས་ཁྱིམ་པ་སྐྱེ་བོ་ཐམས་ཅད་པས་མཆོག་གོ། །རྩ་བའི་སྡིག་ཉམས་ཀྱང་དེ་ལྟ་བུ་ཡིན་ན་བཅས་པའི་སྡིག་ཕྲ་མོ་གཞན་ཉམས་པ་ལྟ་

ཅི་སྨོས་ཏེ། དེ་བས་ན། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་པ་རྣམས་ཀྱིས་བརྙས་པའམ། ཆད་པས་གཅད་དུ་མི་གནང་ངོ་། །མ་འོངས་པའི་དུས་ན། རྒྱལ་རིགས་ཁྱིམ་བདག་གདོལ་པས་བསྟན་པ་ལ་སྐྱབས་སུ་སོང་ཞིང་རབ་ཏུ་བྱུང་བ་ཆོས་ཀྱི་སྣོད་དུ་གྱུར་ཀྱང་རུང་བ་རྣམས་ལ་འཚེ་བར་

བྱེད་དེ་གཤེ་བ་ནས་སྲོག་དང་བྲལ་བའི་བར་དུ་བྱེད་དེ་དེ་དག་ནི་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །མར་འཚིར་གནས་སྡིག་བཅུ་པོ་དག །སྨད་འཚོང་གནས་སྡིག་གཅིག་དང་མཉམ། །སྨད་འཚོང་གནས་སྡིག་བཅུ་པོ་དག །ཆང་འཚོང་གནས་སྡིག་གཅིག་

དང་མཉམ། །ཆང་འཚོང་གནས་སྡིག་བཅུ་པོ་དག །ཤན་པའི་གནས་སྡིག་གཅིག་དང་མཉམ། །ཤན་པའི་གནས་སྡིག་བཅུ་གནས་པས། །རྒྱལ་པོ་གདོལ་ཅན་སྡིག་གཅིག་མཉམ། །ཐེག་པ་གསུམ་གྱི་དམ་པའི་ཆོས་ལ་ཐམས་ཅད་ཀྱིས་དད་ཅིང་བཀུར་སྟི་བྱའི་དེ་ལ་འཕྱ་ཞིང་སྐུར་པ་

เล่ม ๒๐๔ · หน้า 353a

འདེབས་པ་དང་། བར་ཆད་དང་གེགས་མི་བྱ་སྟེ། ཐེག་པ་གསུམ་གྱི་དམ་པའི་ཆོས་ལས་ཚིགས་སུ་བཅད་པ་གཅིག་ཙམ་མེད་པར་བྱས་ན་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཐེག་པ་གསུམ་ལས་གཅིག་ལ་

འཕྱ་ཞིང་སྐུར་ན་དེ་དག་ལྷན་ཅིག་མི་གནས། ཆུང་ངུ་ན་སྐད་ཅིག་ཙམ་ཡང་བསྙེན་བཀུར་དང་། ཆོས་མཉན་པར་མི་བྱའོ། །དེ་ལྟ་བུ་ལ་འདྲི་ཞིང་མཉན་པར་བྱས་ན། དེའི་རྒྱུ་དང་རྐྱེན་གྱིས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་

ན། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཐེག་པ་གསུམ་ཆར་གྱི་ཚིགས་སུ་བཅད་པ་འགའི་ཕྱིར་ཡང་གླེང་བ་ལས་ཐོས་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །བྱམས་པ་ལ་གནས་ཏེ་ཞེ་སྡང་དང་། ཁོང་ཁྲོ་བ་སྤོང་བ་དང་། སྙིང་རྗེ་ལ་གནས་ཏེ་སེམས་

ཅན་ཉམ་ཐག་པ་སྒྲོལ་བ་དང་། དགའ་བ་ལ་གནས་ཏེ་ངག་གི་ལས་མི་དགེ་བ་བཞི་སྤོང་བ་དང་། བཏང་སྙོམས་ལ་གནས་ཏེ་འདོད་ཆགས་དང་། སེར་སྣ་དང་། ཕྲག་དོག་ཐམས་ཅད་སྤོང་ངོ་། །ཐེག་པ་གཉིས་ཀྱི་ཆོས་ལ་དད་ནས། ཐེག་པ་ཆེན་པོ་ལ་ནི་དད་པར་མི་

འགྱུར། ཐེག་པ་ཆེན་པོ་ཆོས་ལ་དད་པ་ཐེག་པའི་ཚིག་ཏུ་སྨྲ་བས་དོན་དུ་མི་འགྱུར། ནང་ནི་ཡང་དག་ཆད་པར་ལྟ་ཞིང་། ཐེག་པ་ཆེན་པོ་ཅན་ཞེས་ཁས་འཆེ། མི་དགེ་གསུམ་གྱི་ལས་མི་སྲུང་བ། ང་ཡི་དམ་ཆོས་མ་རུང་འཇིག་བྱེད། གང་ཟག་དེ་ནི་འཆི་འཕོས་གྱུར་ནས། སེམས་

ཅན་དམྱལ་བའི་མཚམས་མེད་ལྟུང་ངེས། ལུས་རུལ་པ་ལ་དྲི་ཞིམ་པོས་བྱུགས་ཀྱང་ཞིམ་པོར་མི་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐེག་པ་གཉིས་ཀྱི་ཆོས་ལ་བརྩོན་པར་མ་དད་པ་མི་དགེ་བ་བཅུ་མ་སྤངས་པས་ཐེག་པ་ཆེན་པོའི་ཆོས་ཟབ་མོ་རྟོགས་པར་མི་ནུས་ཏེ། རྒྱུ་

མེད་པར་སྨྲ་བ་ལ་ཐེག་པ་ཆེན་པོ་བསྟན་ཀྱང་བདག་དང་གཞན་ལ་ཕན་པའི་དོན་དུ་མི་འགྱུར་རོ། །རྟེན་ཅིང་འབྲེལ་པ་ཉིད་སྟོང་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ལས་གཞན་པ་སྟོང་པ་མ་ཡིན་ནོ། །ཚུལ་ཁྲིམས་ཉམས་པར་དགའ་ལ་སྡིག་པ་ཅན། །ཐེག་

เล่ม ๒๐๔ · หน้า 353b

པ་ཆེན་པོའི་ཡོན་ཏན་མཆོག་ཐོབ་ནས། །ཁེ་དང་གྲགས་ཕྱིར་ཐེག་ཆེན་ཁས་འཆེ་བ། །བོང་བུ་སེང་གེའི་པགས་པ་གྱོན་པ་བཞིན། །དེང་འདིར་འཁོར་རྣམས་ཀུན་ལ་བཀའ་སྩལ་པ། །གང་ཞིག་མྱུར་དུ་བྱང་ཆུབ་མཆོག་འདིར་ནི། །དགེ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་

བྱོས། །ང་ཡི་ཆོས་ལ་མི་སྨད་ཤིན་ཏུ་བསྲུང་། །ངས་སྔོན་མདོ་སྡེ་གཞན་དག་ལས་གསུངས་པ། །བྱང་ཆུབ་ཆེན་པོ་འདོད་པ་ཐེག་ཆེན་སྤྱད། །ཉན་ཐོས་རང་རྒྱལ་ཐེག་པ་སྤོངས་ཤིག་པ། །དེ་ནི་རྣམ་དག་འཁོར་ལ་བསྟན་པའི་ཆོས། །ལ་ལ་ཉན་ཐོས་ཐེག་པའི་ཆོས་

དང་ལྡན། །ལ་ལ་བདེན་པར་དགའ་ཞིང་རང་བྱང་ཆུབ། །ལ་ལ་ཡེ་ཤེས་མཆོག་ལ་དགའ་འོས་པ། །དེ་བས་མོས་པ་བཞིན་དུ་ཐེག་གསུམ་ཤོད། །སྦྱངས་པའི་ཡོན་ཏན་ཙམ་གྱིས་གྲོལ་འདོད་པ། །ཐེག་ཆེན་བཤད་པ་ཐོས་ན་ངན་སོང་ལྟུང་། །བསྐལ་པ་བཟང་པོའི་སངས་རྒྱས་

སྟོང་གི་ཐ་མ་སྣང་མཛད་ཅེས་བྱ། གལ་ཏེ་དགེ་བཅུའི་ལས་ཡང་དག་པར་མ་བསྒྲུབས་པར་མངོན་པར་འཚང་རྒྱ་བའམ། དགེ་བ་བཅུའི་ལས་འགའ་ཙམ་ཡང་མི་སྲུང་བར་ནི་ཐེག་པ་ཆེན་པོ་ཡང་དག་པར་སྤྱོད་པའོ་ཞེས་སམ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའོ་ཞེས་ཟེར་ན་བརྫུན་

དུ་སྨྲ་བ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་སྤྱན་སྔར་འཇིག་རྟེན་སླུ་བ་ངོ་ཚ་མེད་པར་སྟོང་པར་སྨྲ་ཞིང་ཆད་པར་ལྟ་བ་ཡིན་པས་ཚེ་འཕོས་ནས་ངན་སོང་དུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བ་བཅུའི་ལས་ནི་ཐེག་པ་ཆེན་པོའི་རྩ་བ་ཡིན་ཏེ། བྱང་ཆུབ་ཀྱི་རྒྱུད་དང་མྱ་ངན་

ལས་འདས་པའི་ཐེམ་སྐས་ལྟ་བུ་ཡིན་ནོ། །དཔེར་ན་སྤོས་བསྲེགས་ན། སྤོས་ཉིད་ཚིག་སྟེ་མེད་པར་སོང་ཡང་དྲི་བསུང་གིས་གཞན་ལ་བྲོ་བར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་ཡང་བསོད་ནམས་ཀྱི་ཞིང་གཤིན་པ་མ་ཡིན་ཏེ། ཉིན་མཚན་དུ་དད་པས་བྱིན་

པས་བསྲེགས་ཏེ་ངན་སོང་དུ་འགྲོ་མོད་ཀྱི་སེམས་ཅན་དཔག་ཏུ་མེད་པའི་ཕན་པ་དང་། བདེ་བའི་དོན་དུ་འགྱུར་ཏེ་མཐོ་རིས་དང་མྱ་ངན་ལས་འདས་པའི་བསུང་བྲོ་བར་བྱེད་དོ། །དེ་ལྟར་དགེ་སློང་དེ་ཆོས་ཀྱི་སྣོད་མ་ཡིན་མོད་ཀྱི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་པས་

เล่ม ๒๐๔ · หน้า 354a

ཆ་ལུགས་དང་། སྤྱོད་ལམ་འཕགས་པ་རྣམས་དང་མཐུན་ཏེ་དེ་མཐོང་བ་ཙམ་གྱིས་སེམས་ཅན་ཚད་མེད་པ་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་འཕེལ་ཞིང་སྐྱེ་བར་འགྱུར་རོ། །དེ་བས་ན་རྒྱལ་པོ་ལ་སོགས་པས་གང་ཡང་ཆད་པས་གཅོད་པ་མི་དབང་ངོ་། །རྒྱལ་པོ་ལ་

གདམས་པ་ལས། ནོར་ནི་བཏང་གིས་ལུས་ནི་བསྲུང་བར་བྱ། །ཡན་ལག་བཏང་གིས་སྲོག་ནི་བསྲུང་བར་བྱ། །ནོར་དང་ཡན་ལག་རྣམས་དང་དེ་བཞིན་སྲོག །ཐམས་ཅད་བཏང་གིས་འདིར་ནི་ཆོས་སྲུང་ངོ་། །ཆོས་སྤྱོད་པ་ནི་ཆོས་ཀུན་སྲུང་བར་བྱེད། །དཔེར་ན་དབྱར་དུས་གཏུགས་ཆེས་

སྲུང་བ་བཞིན། །ཆོས་སྤྱོད་པ་ཡི་ཕན་ཡོན་འདི་ཡིན་ཏེ། །ཆོས་སྤྱོད་པ་ནི་ངན་འགྲོར་མི་འགྲོའོ། །ཆོས་མ་ཡིན་པ་སྤྱོད་ཅིང་བག་མེད་པ། །འདི་ནས་ཤི་འཕོས་ངན་འགྲོ་མི་བཟད་འགྲོ། །གང་དུ་གནས་ན་ཤི་བས་མི་ཚུགས་པ། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །

བར་སྣང་མ་ཡིན་རྒྱ་མཚོའི་ནང་མ་ཡིན། །རི་ཡི་ཕུག་ཏུ་ཞུགས་ཀྱང་མི་ཕན་ནོ། །མྱ་ངན་ལས་འདས་པ་ཐོབ་ཕྱིན་ཆད་འཆི་བར་མི་འགྱུར་རོ། །དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས། ཡི་གེ་མ་མཆིས་ཞེས་བགྱི་བ་ནི་བརྗོད་དུ་མ་མཆིས་པ་ལགས་ལ། ཡི་གེ་ནི་བརྗོད་པ་ཁོ་

ན་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ལྟ་སྟེ། དཔེར་ན་མར་མེད་པས་མར་གྱི་སྙིང་ཁུའི་རྒྱུན་ཆད་པར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་མེད་པར་དེ་བཞིན་གཤེགས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །ཇི་ཙམ་དུ་སྤྲོས་པ་དེ་ནི་བྱང་ཆུབ་

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་སྤྲོས་པ་མེད་པའི་ཕྱིར་ཏེ། འདི་ནི་ཚུལ་ཡིན་ནོ། །གང་ན་ཇི་ཙམ་དུ་སྤྲོས་པ་དེ་ཙམ་དུ་བྱང་ཆུབ་པོ། །དེ་ཅིའི་ཕྱིར་ཞེ་ན། སྤྲོས་པ་ཐམས་ཅད་ནི་དབེན་པའི་ཕྱིར་ཏེ། བྱང་ཆུབ་དེ་ཡང་དབེན་པ་ཡིན་ནོ། །མཐའ་གཉིས་ཟིལ་

གྱིས་མནན་ནས་སུ། །ཁམས་རྣམས་དབུ་མས་སྤྱོད་པར་བྱེད། །དེའི་ཕྱིར་བཟོད་པ་བསྟན་པར་བྱ། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །ངས་ཀྱང་དེ་ནི་བསྟན་པ་ཡིན། །ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་གང་ལྟ་བ་མེད་པའོ། །ལྟ་བ་ཐམས་ཅད་ནི་ལོག་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด