འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๖ · หน้า 84b

ནོ། །དེ་ལ་ཡུལ་ལ་ཉེ་བར་སྤྱོད་པའི་རྐྱེན་ནི་ཡན་ལག་ལྷག་མ་དྲུག་གིས་བསྡུས་ཏེ། དེ་ལྟར་ལུས་མངོན་པར་གྲུབ་ནས་ཚེ་འདི་ལ་ཡང་རེག་པའི་རྐྱེན་གྱིས་ཚོར་བ་ལ་སྲེད་པ་བསྐྱེད་པ་ནི་ཚོར་བ་དང་སྲེད་པ་ཡིན་ནོ། །དེ་ནས་བཙལ་བའི་སྒོ་ནས་རྙེད་པ་དང་། བཀུར་སྟིའི་སྒོ་ནས་ཚུལ་

ཁྲིམས་དང་བརྟུལ་ཞུགས་ཀྱི་སྒོ་དང་ཐར་པའི་སྒོ་ནས་འདོད་པ་ཡོངས་སུ་ཚོལ་བའམ། ལུས་ཡོངས་སུ་ཚོལ་བའམ། ཐར་པ་ཡོངས་སུ་ཚོལ་བ་ཡང་རུང་སྟེ། ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་རྐྱེན་དང་ལྡན་པ་ཡོངས་སུ་ཚོལ་བར་བྱེད་པ་ནི་ལེན་པའོ། །ལོག་པར་ཡོངས་སུ་ཚོལ་བར་བྱེད་པ་ཉོན་

མོངས་པ་རྣམས་དང་དེ་སྔོན་དུ་འགྲོ་བའི་ལས་རྣམས་བྱས་ཤིང་བསགས་པ་ནི་སྲིད་པའོ། །སྲིད་པའི་དབང་གིས་འགྲོ་བ་ལྔའི་འཁོར་བར་ལུས་མངོན་པར་འགྲུབ་པ་ནི་སྐྱེ་བའོ། །སྐྱེས་ནས་རྒས་ཤིང་འཆི་བར་འགྱུར་བ་ནི་རྒ་ཤི་སྟེ་དེ་ནི་ཡུལ་ལ་ཉེ་བར་སྤྱོད་པའི་རྐྱེན་གྱི་དབང་དུ་བྱས་པའི་གོ་རིམས་

ཡིན་ནོ། །གོ་རིམས་ཀྱི་རྣམ་གྲངས་གཞན་ཡང་སེམས་ཅན་གྱི་ཚོགས་གསུམ་ཡོད་དེ། འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་འདོད་པ་རྣམས་དང་། འཇིག་རྟེན་པའི་རྣམ་པར་དག་པ་འདོད་པ་རྣམས་དང་། ཡུལ་ལྷུར་འཛིན་པ་རྣམས་སོ། །དེ་ལ་དང་པོ་རྣམས་ནི་དཀར་པོའི་ཕྱོགས་རྟེན་ཅིང་

འབྲེལ་པར་འབྱུང་བའི་འགོག་པར་བྱེད་ཅིང་ནག་པོའི་ཕྱོགས་འཕེལ་བར་མི་བྱེད་པས་དེ་དག་ལ་ནི་གོ་རིམས་རྣམ་པར་གཞག་ཏུ་ཡང་མེད་དོ། །གཉིས་པ་རྣམས་ལ་ནི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་ནི་མ་རིག་པ་ཡིན་ནོ། །དྲན་པ་ལ་ཉེ་བར་གནས་ཤིང་བསོད་ནམས་དང་མི་

གཡོ་བ་ཟག་པ་དང་བཅས་པ་བསྒོམ་པ་ལས་བྱུང་བའི་ལས་བྱེད་པ་ནི་འདུ་བྱེད་རྣམས་སོ། །དྲན་པ་ལ་ཉེ་བར་གནས་པ་མ་ཡིན་དུ་ཟིན་ཀྱང་བསོད་ནམས་མ་ཡིན་པ་ལས་འགྱོད་པས་ཡོངས་སུ་བསྒོམ་པའམ། འགྱོད་པ་མེད་པའི་ལམ་མཆོག་ཏུ་དགག་པས་ཡོངས་སུ་བསྒོམ་པའི་སེམས་ཀྱིས་ཤས་

ཆེར་གནས་པ་ནི་རྣམ་པར་ཤེས་པའོ། །དེས་ན་སྔ་མ་བཞིན་དུ་ཕྱི་མ་ལ་སྐྱེ་བའི་གནས་ཐ་མ་དང་འབྲིང་དང་ཁྱད་པར་དུ་འཕགས་པ་དག་ཏུ་མཐར་གྱིས་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པས་བསྡུས་པའི་སྡུག་བསྔལ་རྣམ་པ་གསུམ་མངོན་པར་གྲུབ་པར་འགྱུར་རོ། །སེམས་ཅན་

เล่ม ๒๐๖ · หน้า 85a

གསུམ་པ་ད་ལྟར་བྱུང་བའི་ཡུལ་ལོངས་སྤྱོད་པས་བྱུང་བའི་ཚོར་བ་ལ་གནས་པ་རྣམས་ཀྱིས་ནི་སྔ་མ་བཞིན་དུ་ཡན་ལག་དྲུག་པོ་གཞན་སྲེད་པ་ནས་རྒ་ཤི་ལ་ཐུག་པ་རྣམས་རིམ་གྱིས་འབྱུང་བར་བལྟ་བར་བྱ་སྟེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་གོ་རིམས་རྣམ་པར་གཞག་

པ་ཡིན་ནོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་བསྡུ་བ་རྣམ་པར་གཞག་པ་གང་ཞེ་ན། སྔར་ཕུང་པོ་རྣམས་ཀྱི་བསྡུ་བ་བཤད་པའི་སྐབས་སུ་སྲིད་པའི་ཡན་ལག་རྣམས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གནས་དང་། གནས་མ་ཡིན་པ་དང་། དབང་པོ་དག་བསྡུ་བར་བསྟན་པ་ཁོ་ན་བཞིན་

ཅི་རིགས་པར་སྦྱར་ཏེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་བསྡུ་བ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རྟེན་རྣམ་པར་གཞག་པ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་གཟུགས་ཅན་ནི་གཟུགས་ཀྱི་ཕུང་པོར་གཏོགས་ལ་གཟུགས་ཅན་མ་ཡིན་པ་ནི་མིང་གི་ཕུང་པོར་

གཏོགས་པས་སྔར་ཕུང་པོ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་རྟེན་རྣམ་པར་གཞག་པ་ཇི་སྐད་བསྟན་པ་བཞིན་ཅི་རིགས་པར་སྦྱར་ཏེ། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྟེན་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་གཞག་པ་

རྣམ་པ་དྲུག་པོ་དེ་དག་གིས་སེམས་ཅན་དུ་བཏགས་པ་དང་དེའི་ལོངས་སྤྱོད་ཀྱི་དངོས་པོ་སྣ་ཚོགས་སུ་སྣང་བས་ན། དེའི་ཕྱིར་དེས་ནི་དེའི་སྣ་ཚོགས་ཀྱི་དངོས་པོ་བསྟན་ཏོ། །སྟོན་པའི་དངོས་པོ་དང་བསྟན་པར་བྱ་བའི་དངོས་པོ་དང་འཁོར་གྱི་དངོས་པོ་ཞེས་བྱ་བའི་དངོས་པོ་གསུམ་གྱིས་དཀོན་

མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་བསྟན་ཏེ་གོ་རིམས་བཞིན་ནོ། །དེ་ལ་དཀོན་མཆོག་ཅེས་བྱ་བ་ནི་རིན་པོ་ཆེ་དང་འདྲ་བར་དཀོན་པ་དང་རིན་ཆེ་བ་དང་དགའ་བར་བྱེད་པ་དང་ཕན་འདོགས་པ་དང་མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པའི་

གཉེན་པོར་གྱུར་པའི་ཕྱིར་དཀོན་མཆོག་ཅེས་བྱའོ། །དེ་ལ་དཀོན་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་དངོས་རྒྱལ་བའི་སྐུ་གདུང་ལས་འགྱུར་བས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་ཀླུའི་རྒྱལ་པོ་དབང་བསྒྱུར་ལ་སོགས་པ་སེམས་ཅན་ཆེན་པོ་སྔོན་བསགས་པ་ཁ་ཅིག་ལ་བདོག་གི། སེམས་ཅན་

เล่ม ๒๐๖ · หน้า 85b

ཚོགས་མ་བསགས་པ་རྣམས་ཀྱིས་འཕྲལ་གྱི་སྐྱེས་བུ་བྱེད་པས་བཙལ་དུ་མི་རྙེད་པས་དཀོན་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་ནི་བྱང་ཆུབ་སེམས་དཔའ་སྲིད་པ་དང་ལོངས་སྤྱོད་ལ་མ་ཆགས་པ་ལུས་དང་སྲོག་ལ་མི་ལྟ་བ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་ཕྱོགས་ལ་ཞུགས་པ་

རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བ་ཡིན་གྱི་སྐྱེ་བོ་ཕལ་བ་རྣམས་ཀྱིས་རང་གི་རིགས་དང་། དང་པོ་སེམས་བསྐྱེད་པ་ཙམ་གྱིས་མི་ཐོབ་པས། དེའི་ཕྱིར་སངས་རྒྱས་འབྱུང་བ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བར་དཀོན་པ་ཡིན་ནོ། །སངས་རྒྱས་འབྱུང་བ་དཀོན་

པས་ན་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་སངས་རྒྱས་འབྱུང་བ་ལ་རག་ལས་པའི་ཕྱིར་དཀོན་པ་ཡིན་ནོ། །རིན་ཆེ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་དབང་དང་བདག་པོའི་བསོད་ནམས་ཀྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་འཛམ་བུའི་གླིང་

དང་འདྲ། རིན་ཐང་དཔག་ཏུ་མེད་པས་ན་རིན་པོ་ཆེ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་ནི་འདོད་དགུ་མཐར་ཕྱིན་པའི་གནས་ཐོབ་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀས་ཐོབ་པ་ཡིན་ལ། ཆོས་དཀོན་མཆོག་ནི་འདུས་བྱས་ཐམས་ཅད་ཡོངས་སུ་བཏང་བས་ཐོབ་

པ་ཡིན། དགེ་འདུན་དཀོན་མཆོག་ནི་འཁོར་བའི་འབྲས་བུ་འགྲུབ་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་འཕགས་པའི་ནོར་བདུན་གྱི་དབྱིག་དང་འདྲ་བར་རིན་ཐང་གདབ་ཏུ་མེད་པས་ན་རིན་ཆེ་བ་ཡིན་ནོ། །དགའ་བར་བྱེད་པས་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་གཟི་བྱིན་མཐའ་ཡས་པ་ཡིན་

པས་མཐོང་བ་དང་ཐོས་པ་དང་རྗེས་སུ་དྲན་ན་དགའ་བར་བྱེད་པའི་ཕྱིར་དགའ་བའི་རྒྱུར་འགྱུར་བས་དགའ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་ནི་འོད་དང་གཟི་བརྗིད་དང་སྐུ་མདོག་དང་དཔལ་གྱིས་ཚངས་པ་དང་བདུད་དང་ལྷ་དང་མི་ཟིལ་གྱིས་མནན་ཏེ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་

ངེར་བཞུགས་པ་ཡིན་ལ། ཆོས་དཀོན་མཆོག་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་འདྲ་བ་ཡིན། དགེ་འདུན་དཀོན་མཆོག་ནི་མཆོད་པར་འོས་པ་དང་བསོད་ནམས་ཀྱི་ཞིང་ཡིན་པས་མཐོང་བ་དང་ཐོས་པ་དང་རྗེས་སུ་དྲན་ན་དགའ་བར་

เล่ม ๒๐๖ · หน้า 86a

བྱེད་པའི་ཕྱིར་དགའ་བར་འགྱུར་བས་དགའ་བར་བྱེད་པ་ཡིན་ནོ། །ཕན་འདོགས་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ནད་སེལ་བ་དང་། དབུལ་བ་འདོར་བ་ལ་སོགས་པའི་སྒོ་ནས་གཞན་ལ་ཕན་འདོགས་པ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་གསུམ་ཡང་བསུ་བ་དང་།

བསྐྱལ་བ་དང་། ཡོངས་སུ་ཤེས་པར་བྱ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ། ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྙེན་བཀུར་བྱས་ན་བདེ་བར་བྱེད། །ཀུན་དུ་ཚོལ་བས་བློ་གྲོས་བྱེད། །ཡོངས་སུ་ཤེས་བྱེད་རྣམ་པར་སྦྱོར། །ཞེས་བྱ་བ་བརྗོད་པ་ལྟ་བུའོ། །

མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་པའི་གཉེན་པོར་གྱུར་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཀླུའི་རྒྱལ་པོ་ལ་སོགས་པ་སུའི་ལུས་སམ་མགུལ་ལམ་གཙུག་གི་ནོར་བུ་ལ་བཏགས་ན། དེའི་ལུས་དང་ཕྱོགས་དེར་ནམ་མཁའ་ལྡིང་ལ་སོགས་པ་མི་མ་ཡིན་པ་གནོད་པར་བྱེད་པ་གང་གིས་ཀྱང་གླགས་

མི་རྙེད་པས། མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་པའི་གཉེན་པོར་གྱུར་པ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་གསུམ་ཡང་རྣམ་པ་ལས་རྗེས་སུ་དྲན་པར་བྱས་ན་དེ་ལ་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཞི་བར་འགྱུར་ཏེ། ཇི་སྐད་དུ་མདོ་ཆེན་པོ་རྒྱལ་མཚན་མཆོག་ཅེས་བྱ་བ་ལས། ཚོང་པ་དག་

འདི་ལྟ་སྟེ། དཔེར་ན་སྔོན་ལྷ་དང་ལྷ་མ་ཡིན་གཡུལ་ཉེ་བར་གྱུར་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གལ་ཏེ་ཁྱེད་ཅག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་འགྱུར་

ན། དེའི་ཚེ་ཁྱོད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་མི་དྲན་ན་ཡང་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་ལྷའི་བུ་དབང་ལྡན་གྱི་མི་དྲན་ན་ཡང་ལྷའི་བུ་ཆུ་ལྷའི་རྒྱལ་མཚན་

མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག་དང་། དེའི་ཚེ་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ་ཞེས་སྨྲས་སོ། །ཚོང་པ་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅག་ཀྱང་དགོན་པར་སོང་ན་འཇིགས་པའམ།

เล่ม ๒๐๖ · หน้า 86b

བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན། དེའི་ཚེ་ཁྱེད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་ང་མི་དྲན་ན་ཡང་ངའི་ཆོས་རྣམ་པ་ཡང་དག་པར་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་ཆོས་མི་དྲན་ན་ཡང་ངའི་དགེ་འདུན་རྣམ་པ་ཡང་དག་པར་རྗེས་སུ་

དྲན་པར་གྱིས་ཤིག་དང་། དེའི་ཚེ་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་དཀོན་པ་དང་རིན་ཆེ་བ་དང་དགའ་བར་བྱེད་པ་དང་ཕན་འདོགས་པ་དང་། མི་མ་ཡིན་པ་ལ་སོགས་པ་གནོད་པ་བྱེད་

པའི་གཉེན་པོར་གྱུར་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་ན་དཀོན་མཆོག་ཅེས་བྱའོ། །གསུམ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གོ། །དེ་ལ་སངས་རྒྱས་དཀོན་མཆོག་གང་ཞེ་ན། ཤེས་བྱ་ཐམས་ཅད་ལ་ཆགས་

པ་མེད་ཅིང་ཐོགས་པ་མེད་པར་མཁྱེན་པའི་མཐུ་བརྙེས་པས་གནས་གྱུར་པ་ནི་སངས་རྒྱས་དཀོན་མཆོག་སྟེ། དེ་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་དང་བྲལ་བ་ཟག་པ་མེད་པའི་ཆོས་ཐམས་ཅད་ཀྱི་ས་བོན་རྒྱས་པ་མཐུ་སྟོབས་མཐའ་ཡས་ཡོངས་སུ་གཟུང་བའི་ཕྱིར་ཡིད་བཞིན་གྱི་

ནོར་བུ་རིན་པོ་ཆེ་ལྟར་ལྷུན་གྱིས་གྲུབ་པས་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པ་ཡིན་ནོ། །ཆོས་དཀོན་མཆོག་གང་ཞེ་ན། རྣམ་པ་གསུམ་སྟེ། བསྟན་པའི་ཆོས་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་དང་། སྒྲུབ་པའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་འཁོར་དང་

བཅས་པ་དང་། དོན་དམ་པའི་ཆོས་མྱ་ངན་ལས་འདས་པའོ། །དགེ་འདུན་དཀོན་མཆོག་གང་ཞེ་ན། འཕགས་པའི་གང་ཟག་བརྒྱད་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་རིམ་པར་གནས་པ་རྣམས་སོ། །དེ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་ཀྱི་ཁྱད་

པར་ནི་རྣམ་པ་དྲུག་གིས་རིག་པར་བྱ་སྟེ། མཚན་ཉིད་དང་། ཕྲིན་ལས་དང་། མོས་པ་དང་། སྒྲུབ་པ་དང་། རྗེས་སུ་དྲན་པ་དང་། བསོད་ནམས་འཕེལ་བས་སོ། །དེ་ལ་མཚན་ཉིད་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་རང་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་

เล่ม ๒๐๖ · หน้า 87a

ཉིད་དོ། །ཆོས་དཀོན་མཆོག་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་འབྲས་བུའི་མཚན་ཉིད་དོ། །དགེ་འདུན་དཀོན་མཆོག་ནི་གཞན་གྱི་མན་ངག་གིས་ཡང་དག་པར་སྒྲུབ་པའི་མཚན་ཉིད་དོ། །ཕྲིན་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་ལུང་ལེགས་

པར་འབོགས་པའི་ཕྲིན་ལས་ཅན་ནོ། །ཆོས་དཀོན་མཆོག་ནི་ཉོན་མོངས་པ་དང་སྡུག་བསྔལ་སྤོང་བ་ལ་དམིགས་པའི་ཕྲིན་ལས་ཅན་ནོ། །དགེ་འདུན་དཀོན་མཆོག་ནི་སྤྲོ་བ་མངོན་པར་འཕེལ་བར་བྱེད་པའི་ཕྲིན་ལས་ཅན་ནོ། །མོས་པ་ལས་གྱུར་པའི་སངས་རྒྱས་དཀོན་མཆོག་ནི་བསྙེན་བཀུར་ལ་

གུས་པས་ཞེན་པར་བྱའོ། །ཆོས་དཀོན་མཆོག་ནི་མངོན་དུ་བྱ་བ་ལ་གུས་པས་ཞེན་པར་བྱའོ། །དགེ་འདུན་དཀོན་མཆོག་ལ་ནི་ཆོས་མཐུན་པའི་དངོས་པོས་ལྷན་ཅིག་འགྲོགས་པ་ལ་གུས་པས་ཞེན་པར་བྱའོ། །སྒྲུབ་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་མཆོད་པ་དང་རིམ་གྲོ་

ཉེ་བར་བསྡུས་པས་བསྒྲུབ་པར་བྱའོ། །ཆོས་དཀོན་མཆོག་ལ་ནི་རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱ་བས་བསྒྲུབ་པར་བྱའོ། །དགེ་འདུན་དཀོན་མཆོག་ལ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་བསྒྲུབ་པར་བྱའོ། །རྗེས་སུ་དྲན་པ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ནི་

འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་རྣམ་པ་

གཞན་དག་གིས་རྗེས་སུ་དྲན་པར་བྱའོ། །ཆོས་དཀོན་མཆོག་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་བ་ནད་མེད་པ་དུས་ཆད་པ་མེད་པ་ཉེ་བར་སྟོན་པ་འདི་མཐོང་བ་ལ་དོན་ཡོད་པ་མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་ཡིན་ནོ་ཞེས་རྣམ་པ་གཞན་གྱིས་རྗེས་སུ་དྲན་པར་བྱའོ། །དགེ་འདུན་

དཀོན་མཆོག་ནི་ལེགས་པར་ཞུགས་པ་རིག་པར་ཞུགས་པ་དྲང་པོར་ཞུགས་པ་མཐུན་པར་ཞུགས་པ་ཆོས་ཀྱི་རྗེས་སུ་མཐུན་པར་སྤྱོད་པ་ཡིན་ནོ་ཞེས་རྣམ་པ་གཞན་དག་གིས་རྗེས་སུ་དྲན་པར་བྱའོ། །བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་ནི་སངས་རྒྱས་དཀོན་མཆོག་ལ་ནི་སེམས་ཅན་

เล่ม ๒๐๖ · หน้า 87b

གཅིག་གི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །ཆོས་དཀོན་མཆོག་ལ་ནི་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །དགེ་འདུན་དཀོན་མཆོག་ལ་ནི་སེམས་ཅན་མང་པོའི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བར་འགྱུར་རོ། །

དེ་ལྟར་ན་སྟོན་པའི་དངོས་པོ་དང་བསྟན་པའི་དངོས་པོ་དང་། འཁོར་གྱི་དངོས་པོས་ནི་དཀོན་མཆོག་གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་བསྟན་པ་ཡིན་ནོ། །དེའི་འོག་ཏུ་དངོས་པོ་ཉི་ཤུ་རྩ་དགུ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་

བའི་ཕྱོགས་ཀྱི་དངོས་པོ་བསྡུས་པ་སྟོན་ཏོ། །དེ་ལ་རེ་ཞིག་ཀུན་ནས་ཉོན་མོངས་པའི་ཕྱོགས་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་བསྡུ་བ་སྟོན་ཏོ། །དེ་ནི་རྣམ་པ་གསུམ་སྟེ། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རྣམ་པར་གཞག་པ་དང་། དེའི་

འཇུག་པ་རྣམ་པར་གཞག་པ་དང་། དེའི་རྒྱུ་རྣམ་པར་གཞག་པའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རྣམ་པར་གཞག་པ་ནི་འདུ་བྱེད་བསྡུ་བའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཉིད་གང་ཡིན་པའོ། །དེའི་

འཇུག་པའི་རྣམ་པར་གཞག་པ་ནི་དེའི་གོ་རིམས་རྗེས་སུ་འཇུག་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། ཕུང་པོའི་གོ་རིམས་རྣམ་པ་ལྔ་སྔར་བསྟན་པ་དེ་དག་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་དངོས་པོ་དེ་འཁོར་བར་འཇུག་པ་གང་ཡིན་པའོ། །དེའི་རྒྱུ་རྣམ་པར་གཞག་པ་ནི་གང་ཟག་ལ་མངོན་

པར་ཞེན་པ་དང་། ཆོས་ལ་མངོན་པར་ཞེན་པའི་དབང་གིས་རྣམ་པ་གཉིས་ཏེ། དེ་དག་ཉིད་ལ་གང་ཟག་གི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་དང་། ཆོས་ཀྱི་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་ཞེས་བྱ་བ་གཉིས་ཀྱིས་བསྟན་ཏོ། །བདག་དང་ཆོས་སུ་ཉེ་བར་

འདོགས་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་འཁོར་བར་འཇུག་པ་གང་ཡིན་པའོ། །དེའི་འོག་ཏུ་རྣམ་པར་བྱང་བའི་ཕྱོགས་ལས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་བསྡུ་བ་སྟོན་ཏོ།། །།དེ་ནི་རྣམ་པ་བཞི་སྟེ། གཉེན་པོ་བསྒོམ་པ་རྣམ་པར་

เล่ม ๒๐๖ · หน้า 88a

གཞག་པ་དང་། དེའི་འབྲས་བུ་རྣམ་པར་གཞག་པ་དང་། དེ་ལ་སྦྱོར་བའི་རྒྱུ་རྣམ་པར་གཞག་པ་དང་། དེའི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པའོ། །དེ་ལ་གཉེན་པོ་བསྒོམ་པ་རྣམ་པར་གཞག་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཉེན་པོ་བྱང་ཆུབ་ཀྱི་

ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་རྣམ་པར་གཞག་པའོ། །དེའི་འབྲས་བུ་རྣམ་པར་གཞག་པ་ནི་གཉེན་པོ་བསྒོམས་པའི་འབྲས་བུ་ཡེ་ཤེས་དང་སྤངས་པ་རྣམ་པར་གཞག་པའོ། །དེ་ལ་སྦྱོར་བའི་རྒྱུ་རྣམ་པར་གཞག་པ་ནི་གཉེན་པོ་བསྒོམ་པ་དེ་ལ་སྦྱོར་བའི་རྒྱུ་ལེགས་པར་གསུངས་པའི་ཆོས་

འདུལ་བ་འདི་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྣམ་པར་གཞག་པའོ། །དེའི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་ནི་དེ་ལ་སྦྱོར་བའི་རྒྱུ་དེ་མི་མཐུན་པའི་ཕྱོགས་ནི་མི་བསྒོམ་པས་ཡོངས་སུ་ཉམས་པ་རྣམ་པར་གཞག་པ་སྟེ་དེ་དག་ཀྱང་གོ་རིམས་བཞིན་དུ་དཀྱུས་ཀྱི་ཚིག་རྣམས་ཀྱིས་སྟོན་

ཏོ། །དེ་ལ་རེ་ཞིག་གཉེན་པོར་བསྒོམ་པ་རྣམ་པར་གཞག་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཉེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བསྒོམ་པ་རྣམ་པར་གཞག་པའོ་ཞེས་བྱ་བ་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་

པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་ཤེས་པ་དང་། མི་

སྐྱེ་བ་ཤེས་པའི་གང་ཟག་གི་བྱེ་བྲག་གིས་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དེ་གཉིས་ཀྱི་གོ་རིམས་བཞིན་དུ་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་དང་། རང་གི་དོན་ཡང་དག་

པ་ཇི་ལྟ་བ་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་དང་། སྤང་བྱར་མེད་པ་ཉིད་རྟོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པའི་ཕྱིར་མིང་གི་སྒོ་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཞེས་བྱ་སྟེ། དེ་དང་མཐུན་པ་ཡང་དེ་ཐོབ་པའི་ལམ་ཡིན་པའི་ཕྱིར་ཏེ། དེ་དག་ནི་དངོས་པོ་ལ་

เล่ม ๒๐๖ · หน้า 88b

ཡོངས་སུ་རྟོགས་པའི་ལམ་དང་རྩོལ་བ་ལས་བྱུང་བའི་ལམ་དང་། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་དང་། མངོན་པར་རྟོགས་པར་བྱ་བ་ལ་སྦྱོར་བའི་ལམ་དང་། མངོན་པར་རྟོགས་པ་དང་། འདྲེས་པའི་ལམ་དང་། མངོན་པར་རྟོགས་པའི་ལམ་དང་། རྣམ་པར་དག་པར་ངེས་

པར་འབྱིན་པའི་ལམ་ཡིན་ཏེ་གོ་རིམས་བཞིན་ནོ། །དེ་ལ་དང་པོ་དྲན་པ་ཉེ་བར་གཞག་པ་དག་ལ་ནི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་རིག་པར་བྱའོ། །དེའི་འོག་ཏུ་དམིགས་པ་དེ་ཉིད་ལ་སེམས་གནས་པར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་རྣམས་ཀྱིས་རྩོམ་པར་རིག་པར་བྱའོ། །དེའི་

འོག་ཏུ་ཏིང་ངེ་འཛིན་ཐོབ་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ལ་སྦྱོར་བར་རིག་པར་བྱའོ། །དེའི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་བའི་ཕྱིར་དབང་པོ་རྣམས་དང་། སྟོབས་རྣམས་ཀྱི་སྦྱོར་བའི་

ལམ་ཡང་དག་པར་རྩོམ་པར་རིག་པར་བྱའོ། །དེ་ལ་དབང་པོ་རྣམས་ཀྱིས་ནི་སྦྱོར་བ་ཆུང་ངུ་ཡང་དག་པར་རྩོམ་པར་བྱེད་དོ། །སྟོབས་རྣམས་ཀྱིས་ཆེན་པོའོ། །དེའི་འོག་ཏུ་སྦྱོར་བ་ཡང་དག་པར་བརྩམས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡང་དག་པའི་མཐའ་རྟོགས་པར་རིག་པར་བྱའོ། །དེའི་འོག་ཏུ་

ཡང་དག་པའི་མཐའ་རྟོགས་པ་ནི་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་ལམ་གྱི་ཡན་ལག་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་ཐོབ་པར་རིག་པར་བྱའོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི་དམིགས་པ་ལ་ཉེ་བར་གཏོད་པའི་

དངོས་པོ་ཞེས་བྱ་བས་བསྟན་ཏོ། །དེ་ནི་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་བསྟན་ཏོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་

ལ་ཅིའི་ཕྱིར་དང་པོ་ཁོ་ནར་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡོངས་སུ་བསྟན་ཞེ་ན། རྣལ་འབྱོར་པས་རིགས་ཡང་དག་པར་བསྒྲུབས་ཏེ་སེམས་བསྐྱེད་པའི་གོང་དུ་ཚོགས་ཀྱི་ལམ་བསྒྲུབས་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་ན། དང་པོ་ཁོ་ནར་ཕྱིན་ཅི་ལོག་

เล่ม ๒๐๖ · หน้า 89a

བཞི་སྤངས་པ་དང་། བདེན་པ་བཞི་ལ་འཇུག་པ་དང་། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡོངས་སུ་བསྟན་ཏོ། །དེ་ལ་ཇི་ལྟར་ཕྱིན་ཅི་ལོག་བཞི་སྤོང་བར་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་

དྲན་པ་ཉེ་བར་གཞག་པ་བཞིས་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ལུས་དྲན་པ་ཉེ་བར་གཞག་པ་ནི་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་པ་ལས་མི་སྡུག་

པ་དང་ལྡན་པའི་དུར་ཁྲོད་རྣམ་པ་བཞི་པོ་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྤྱད་པ་མི་སྡུག་པ་བསྟན་པས་དེས་དེ་དག་ལན་མང་དུ་ཡིད་ལ་བྱེད་པ་ན། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་སྡུག་བསྔལ་ལ་བདེ་

བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་ཚོར་བ་དག་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་གང་ཅུང་ཟད་ཅི་ཚོར་ཡང་རུང་སྟེ་དེ་དག་དེ་ལ་སྡུག་བསྔལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ན། དེའི་ཕྱིར། དེའི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་གང་

ཡིན་པ་དེ་སྤོང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་པ་ཡིན་ཏེ། འདི་ལྟར་དེའི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཉིན་མོ་དང་མཚན་མོ་དང་སྐད་ཅིག་དང་ཐང་ཅིག་དང་

ཡུད་ཙམ་དེ་དང་དེ་དག་འདས་པར་འགྱུར་བའི་ཕྱིར། སེམས་རྣམ་པ་དུ་མས་རྣམ་པ་སྣ་ཚོགས་མང་པོ་མཐོང་ནས་དམིགས་པ་ལས་རྟག་པར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར། ཆོས་དྲན་པ་ཉེ་བར་གཞག་པ་ནི་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་གཞག་

པ་ཡིན་ཏེ། འདི་ལྟར་དེ་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་གང་ཡིན་པ་རྣམས་ནི་ཡོད་པ་ལ་བདག་མེད་པར་ལྟ་བ་ལ་སོགས་པའི་དགེ་བའི་ཆོས་དེ་དག་ནི་མེད་པའི་ཕྱིར་ཕུང་པོ་རྣམས་ལ་བདག་ཏུ་ལྟ་བར་འགྱུར་བས་དེས་དེ་དག་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་ཆོས་ཀྱི་རྗེས་

เล่ม ๒๐๖ · หน้า 89b

སུ་ལྟ་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བདེན་པ་བཞི་ལ་འཇུག་པར་འགྱུར་ཞེ་ན། ལུས་ཀྱི་གནས་ངན་ལེན་དང་བཅས་པའི་ཕུང་པོའི་འདུ་བྱེད་ཀྱི་མཚན་ཉིད་ཡིན་པས་དེ་ལ་ཡོངས་སུ་

བརྟགས་པས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །ཚོར་བ་ནི་སྲེད་པའི་རྒྱུ་ཡིན་པས་དེ་ལ་ཡོངས་སུ་བརྟགས་པས་ཀུན་འབྱུང་བའི་བདེན་པ་ལ་འཇུག་གོ། །སེམས་ནི་མངོན་པར་ཞེན་པའི་གཞི་ཡིན་པས་དེ་ལ་ཡོངས་སུ་བརྟགས་ན་བདག་ཆད་པར་དོགས་པའི་འཇིགས་པ་མེད་པའི་འགོག་པའི་

བདེན་པ་ལ་འཇུག་གོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ངོ་བོ་ཉིད་ཡིན་པས་དེ་ལ་ཡོངས་སུ་བརྟགས་པས་ལམ་རྨོངས་པར་བྱེད་པའི་ཕྱིར་ལམ་གྱི་བདེན་པ་ལ་འཇུག་པའོ། །དེ་ལ་ཇི་ལྟར་ན་ལུས་ལ་སོགས་པ་དང་བྲལ་བར་འགྱུར་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞིའི་དམིགས་

པ་དང་། ཡིད་ལ་བྱེད་པ་ཐོབ་པ་སྟེ་གཉེན་པོ་བསྒོམ་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་དང་བྲལ་བར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བྲལ་བར་ཡང་མི་འགྱུར་བར་མི་གནས་པའི་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར་རོ། །

ཡང་རྣམ་གྲངས་གཞན་ཡང་འཇིག་རྟེན་པ་ནི་ཕལ་ཆེར་འདི་ལྟར་ཞུགས་པ་ཡིན་ཏེ། ཕུང་པོ་རྣམས་ལ་ཕུང་པོ་ཙམ་དང་ཆོས་ཙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས་འདི་ལྟར་བདག་ནི་ལུས་ལ་བརྟེན་པ་ཡིན་ཏེ། དེ་ལ་བརྟེན་ནས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་མྱོང་བར་འགྱུར་བ་

དེ་མྱོང་བ་ན་ཆོས་དང་ཆོས་མ་ཡིན་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་རོ་ཞེས་དེ་ལྟར་ཞུགས་པ་ཡིན་པས་དེ་ལ་བདག་ཉིད་ཀྱི་ལུས་ཀྱི་དངོས་པོ་ལ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ལུས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །བདག་དེ་ཉིད་ཀྱི་

མྱོང་བའི་དངོས་པོ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །དེ་དག་སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཁོ་ན་ལ་བདག་ཏུ་འཛིན་པས་ཀུན་དུ་རྨོངས་པར་འགྱུར་བའི་བདག་གི་གཞི་ལ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་

เล่ม ๒๐๖ · หน้า 90a

སེམས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་གོ། །སེམས་དེ་ཁོ་ནའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་ཀུན་དུ་རྨོངས་པ་བསལ་བར་བྱ་བའི་ཕྱིར་ནི་ཆོས་དྲན་པ་ཉེ་བར་གཞག་པ་རྣམ་པར་གཞག་པ་ཡིན་ནོ། །རྣམ་གྲངས་གཞན་

ཡང་གང་ལ་ལས་བྱེད་པ་དང་། གང་གི་དོན་དུ་བྱེད་པ་དང་། གང་ཞིག་ལས་བྱེད་པ་དང་། གང་གིས་བྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་གང་ལ་ལས་བྱེད་ཅེ་ན། ལུས་ཀྱིས་བྱེད་དོ། །གང་གི་དོན་བྱེད་ཅེ་ན།

ཚོར་བའི་དོན་དུ་བྱེད་དོ། །གང་ཞིག་ལས་བྱེད་ཅེ་ན་སེམས་ཀྱིས་བྱེད་དོ། །གང་གིས་བྱེད་ཅེ་ན། དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱིས་བྱེད་དོ། །རྣམ་གྲངས་གཞན་ཡང་གང་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་དང་། གང་ལས་དང་། གང་ཞིག་དང་།

གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་གཞག་པ་ཡིན་ཏེ། དེ་ལ་གང་ལ་ཞེ་ན། ལུས་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་རོ། །གང་ལས་ཤེ་ན། ཚོར་བ་དག་

ལས་སོ། །གང་ཞིག་ཅེ་ན། སེམས་སོ། །གང་གིས་ཤེ་ན། ཆོས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་རོ། །དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་ནི་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་

སྟེ། དེ་ལ་དམིགས་པ་གང་ཞེ་ན། ལུས་དང་། ཚོར་བ་དང་སེམས་དང་ཆོས་ཏེ། དེ་ཡང་བདག་གི་གནས་ཀྱི་དངོས་པོ་དང་བདག་གི་ལོངས་སྤྱོད་ཀྱི་དངོས་པོ་དང་བདག་གི་དངོས་པོ་དང་། བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་ཡིན་ནོ། །ངོ་བོ་ཉིད་གང་ཞེ་ན།

ཤེས་རབ་དང་། དྲན་པའོ། །གྲོགས་གང་ཞེ་ན། །དེ་དག་དང་མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། ནང་གི་ལུས་ལ་སོགས་པ་ལ་ལུས་ལ་སོགས་པའི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་འཇོག་པའོ། །བསྒོམས་

เล่ม ๒๐๖ · หน้า 90b

པའི་འབྲས་བུ་གང་ཞེ་ན། ཕྱིན་ཅི་ལོག་བཞི་སྤོང་བ་དང་། བདེན་པ་བཞི་ལ་འཇུག་པ་དང་། ལུས་ལ་སོགས་པ་དང་བྲལ་བའོ། །དེ་དག་ཀྱང་མདོ་སྡེ་ལས་དེ་ནང་དང་ཕྱི་རོལ་གྱི་ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་སྟེ། གནས་པ་ཡིན་

ཞེས་གསུངས་པས་བསྟན་ཏེ། དེ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་ཞེས་གསུངས་པས་ནི་དམིགས་པ་བསྟན་ཏོ། །རྗེས་སུ་ལྟ་དང་དྲན་པས་ཞེས་གསུངས་པས་ནི་ངོ་བོ་ཉིད་བསྟན་ཏོ། །དེ་ཉིད་ཀྱིས་གནས་སྐབས་ཀྱི་གྲོགས་བསྟན་ཏོ། །དྲན་པ་ཉེ་བར་གཞག་

སྟེ་ཞེས་གསུངས་པས་ནི་བསྒོམ་པ་བསྟན་ཏོ། །གནས་པ་ཡིན་ཞེས་གསུངས་པས་ནི་བསྒོམས་པའི་འབྲས་བུ་བསྟན་ཏོ། །དེ་ལ་ལུས་དང་ཚོར་བ་དང་སེམས་དང་ཆོས་ནི་གང་། དེ་ལ་རྗེས་སུ་ལྟ་བ་ནི་གང་། དྲན་པ་ནི་གང་། དྲན་པ་ཉེ་བར་གཞག་པ་ནི་གང་། གནས་པ་ནི་

གང་ཞེ་ན། ལུས་ནི་རྣམ་པ་སུམ་ཅུ་རྩ་ལྔ་ཡོད་དོ། །ནང་གི་དང་། ཕྱི་རོལ་དང་། དབང་པོས་ཟིན་པ་དང་། དབང་པོས་ཟིན་པ་མ་ཡིན་པ་དང་། སེམས་ཅན་དུ་བགྲང་བ་དང་། སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་། གནས་ངན་ལེན་དང་ལྡན་པ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པ་

དང་། འབྱུང་བའི་ལུས་དང་། འབྱུང་བ་ལས་གྱུར་པའི་ལུས་དང་། མིང་གི་ལུས་དང་། གཟུགས་ཀྱི་ལུས་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་པ་དང་། ཡི་དགས་ཀྱི་ཡུལ་པ་དང་། མིའི་དང་། ལྷའི་དང་། རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་

པར་ཤེས་པ་མེད་པ་དང་། ནང་གི་ལུས་དང་། ཕྱིའི་ལུས་དང་། ཡོངས་སུ་གྱུར་པ་དང་། ཡོངས་སུ་མ་གྱུར་པ་དང་། བུད་མེད་ཀྱི་ལུས་དང་། སྐྱེས་པའི་ལུས་དང་། མ་ནིང་གི་ལུས་དང་། མཛའ་བཤེས་ཀྱི་ལུས་དང་། དགྲ་བོའི་ལུས་དང་། ཐ་མལ་པའི་ལུས་དང་། ལུས་ངན་པ་

དང་། ལུས་འབྲིང་དང་། ལུས་བཟང་པོ་དང་། གཞོན་ནུའི་ལུས་དང་། ལང་ཚོའི་ལུས་དང་། རྒན་པོའི་ལུས་ཏེ། དེ་ནི་རེ་ཞིག་ལུས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ། །དེ་ལ་ཚོར་བ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་

เล่ม ๒๐๖ · หน้า 91a

ཚོར་བ་སྟེ། དེ་དག་ཀྱང་ལུས་ཀྱི་དང་། སེམས་ཀྱིའོ། །ཟང་ཟིང་དང་བཅས་པ་དང་། །ཟང་ཟིང་མེད་པ་དང་། ཞེན་པ་ལ་བརྟེན་པ་དང་། ངེས་པར་འབྱུང་བ་ལ་བརྟེན་པ་སྟེ། དེ་དག་ནི་ཚོར་བ་ཉི་ཤུ་རྩ་གཅིག་རྣམ་པ་དགུར་འགྱུར་རོ། །དེ་ལ་སེམས་གང་ཞེ་ན། འདི་

ལྟ་སྟེ། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་། ཀུན་དུ་བསྡུས་པ་དང་། རྣམ་པར་གཡེང་བ་དང་། ཞུམ་པ་དང་། རབ་ཏུ་གཟུང་བ་

དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་མ་ཡིན་པ་དང་། ལེགས་པར་བསྒོམས་པ་དང་། ལེགས་པར་བསྒོམས་པ་མ་ཡིན་པ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། སེམས་

ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པ་སྟེ། དེ་དག་ནི་སེམས་རྣམ་པ་ཉི་ཤུ་ཡིན་ནོ། །དེ་ལ་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། འདོད་ཆགས་འདུལ་བ་དང་། ཞེ་སྡང་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་དང་། གཏི་མུག་འདུལ་བ་དང་། ཀུན་དུ་བསྡུས་པ་དང་།

རྣམ་པར་གཡེང་བ་དང་། ཞུམ་པ་དང་། རབ་ཏུ་འཛིན་པ་དང་། རྒོད་པ་དང་། རྒོད་པ་མ་ཡིན་པ་དང་། ཉེ་བར་ཞི་བ་དང་། ཉེ་བར་ཞི་བ་མ་ཡིན་པ་དང་། ལེགས་པར་མཉམ་པར་བཞག་པ་དང་། ལེགས་པར་མཉམ་པར་བཞག་པ་མ་ཡིན་པ་དང་། ལམ་ལེགས་པར་བསྒོམས་པ་དང་།

ལམ་ལེགས་པར་བསྒོམས་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་གྲོལ་བ་དང་། ཤིན་ཏུ་རྣམ་པར་མ་གྲོལ་བ་སྟེ། དེ་དག་ནི་ནག་པོ་དང་དཀར་པོའི་ཕྱོགས་རྣམ་པར་གཞག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཉི་ཤུ་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་དམིགས་

པ་མ་ཡིན་ནོ། །དེ་དག་ལ་རྗེས་སུ་ལྟ་བ་གང་ཞེ་ན། ཤེས་རབ་རྣམ་པ་གསུམ་སྟེ། ལུས་དང་། ཚོར་བ་དང་། སེམས་ཆོས་ཀྱི་དབང་དུ་བྱས་ནས། ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་སྟེ། ཤེས་རབ་དེས་ལུས་དང་། ཚོར་བ་དང་། སེམས་

เล่ม ๒๐๖ · หน้า 91b

དང་། ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཁོ་ནར་ཉེ་བར་རྟོགས་པར་བྱེད་ཅིང་ཀུན་དུ་རྟོགས་པར་བྱེད་རྗེས་སུ་འཇུག་པར་བྱེད་རྗེས་སུ་རྟོགས་པར་བྱེད་རྣམ་པར་རྟོག་པའི་གཟུགས་བརྙན་གྱི་ལུས་ལ་སོགས་པ་དང་རང་བཞིན་གྱི་གཟུགས་ཀྱི་ལུས་ལ་སོགས་པ་ལ་མཉམ་

པ་ཉིད་དུ་ལྟ་བ་གང་ཡིན་པའོ། །དེ་ལ་དྲན་པ་གང་ཞེ་ན། ཏིང་ངེ་འཛིན་ཡང་དག་པར་སྡུད་པར་བྱེད་པའི་དྲན་པ་སྟེ། དེས་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ཀྱི་དབང་དུ་བྱས་ནས། ཆོས་གང་དག་གཟུང་བའི་ཆོས་དེ་དག་ཁོ་ནའི་དོན་བསམ་པ་གང་ཡིན་པ་དང་། གང་དག་

བསྒོམས་པས་མངོན་སུམ་དུ་བྱས་པའི་ཚིག་འབྲུ་དང་དོན་དང་མངོན་སུམ་དུ་བྱས་པ་དེ་སེམས་ཀྱིས་མི་བརྗེད་པ་གང་ཡིན་པ་སྟེ། དེ་ལྟར་རྗེས་སུ་ལྟ་བའི་ཤེས་རབ་དང་ཏིང་ངེ་འཛིན་ཡང་དག་པར་སྡུད་པའི་དྲན་པ་དེ་ནི་ངོ་བོ་ཉིད་ཡིན་ནོ། །དེ་ལྟར་ངོ་བོ་ཉིད་བསྟན་པའི་གནས་སྐབས་

དེ་ཉིད་ཀྱིས་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་གྲོགས་རྣམས་ཀྱང་བསྟན་པ་ཡིན་ཏེ། དེ་དག་ནི་མཚུངས་པར་ལྡན་པ་ལས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །དེ་ལ་དྲན་པ་ཉེ་བར་གཞག་པ་གང་ཞེ་ན། བདག་གི་ནང་གི་ལུས་ལ་སོགས་པའི་ཆོས་དེ་དག་ལེགས་

པར་བཟུང་ངམ། འོན་ཏེ་མ་བཟུང་ཤེས་རབ་ཀྱིས་དེ་དང་དེ་དག་ལ་ལེགས་པར་བརྟགས་སམ། འོན་ཏེ་མ་བརྟགས། རྣམ་པར་གྲོལ་བས་དེ་དང་དེ་དག་ལ་ལེགས་པར་རེག་པར་བྱས་སམ། འོན་ཏེ་མ་བྱས་ཞེས་དྲན་པ་ཉེ་བར་གཞག་པ་ཡིན་ནོ། །གཞན་ཡང་དྲན་པ་ཀུན་བསྲུང་བ་དང་ཡུལ་གྱི་ཀུན་

ནས་ཉོན་མོངས་པ་མེད་པ་དང་། དམིགས་པ་ཉེ་བར་གཏོད་པའི་རྒྱུ་གསུམ་པོ་དེ་དག་གིས་དྲན་པ་ལེགས་པར་ཉེ་བར་གཞག་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། དེ་ཡང་ལས་དང་པོ་པ་སྦྱོར་བའི་གནས་སྐབས་ན་ནི་ལས་ལ་མི་སྡུག་པའི་རྣམ་པར་རྗེས་སུ་ལྟ། ཚོར་བ་ལ་སྡུག་

བསྔལ་བའི་རྣམ་པར་རྗེས་སུ་ལྟ། སེམས་ལ་མི་རྟག་པའི་རྣམ་པར་རྗེས་སུ་ལྟ། ཆོས་ལ་བདག་མེད་པའི་རྣམ་པར་རྗེས་སུ་ལྟ་ཞིང་གནས་སོ། །དེའི་འོག་ཏུ་ཡིད་ལ་བྱེད་པ་ཐོབ་པའི་གནས་སྐབས་ན་ནི་ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་དེ་བཞིན་ཉིད་ཀྱི་ལུས་དང་ཚོར་བ་དང་སེམས་དང་

เล่ม ๒๐๖ · หน้า 92a

ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེ་ལ་ཇི་ལྟར་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་

ན་ནང་གི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན། ཇི་ལྟར་ན་ནང་དང་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ཞེ་ན། གང་གི་

ཚེ་སེམས་ཅན་བགྲང་བ་ནང་གི་སོ་སོར་རང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱི་རོལ་གྱི་གཟུགས་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་

གནས་པ་ཡིན་ནོ། །གང་གི་ཚེ་སེམས་ཅན་དུ་བགྲང་བའི་ཕྱི་རོལ་གཞན་གྱི་གཟུགས་ལ་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་ལ་སེམས་ཅན་དུ་བགྲང་བ་ནང་གི་སོ་སོར་རང་རང་གི་གཟུགས་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་། སེམས་

དང་ཆོས་གང་དག་ལ་དམིགས་པར་བྱེད་པ་དེ་དག་ནི་ནང་གི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱི་རོལ་གྱི་གཟུགས་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་དེ་དག་

ནི་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བ་ཕྱི་རོལ་གཞན་གྱི་གཟུགས་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་དམིགས་པར་བྱེད་པ་དེ་ནི་ནང་དང་ཕྱི་རོལ་གྱི་ཚོར་བ་དང་སེམས་དང་ཆོས་རྣམས་ལ་

ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །རྣམ་གྲངས་གཞན་ཡང་དབང་པོས་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དབང་པོས་མ་ཟིན་པ་ཟིན་པ་མ་ཡིན་ཞིང་མ་ཟིན་པའི་གཟུགས་ལ་དམིགས་པར་བྱེད་པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་

เล่ม ๒๐๖ · หน้า 92b

ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དབང་པོས་མ་ཟིན་པ་ཁོ་ན་ཡིན་ལ། ཟིན་ཅིང་ཟིན་པར་འགྱུར་བའི་ནང་གི་གཟུགས་ལ་དམིགས་པར་བྱེད་པ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་གཟུགས་གསུམ་པོ་དེ་དག་ལ་བརྟེན་ཏེ། སྐྱེས་པའི་

ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཅི་རིགས་པར་དམིགས་པར་བྱེད་པ་ནི་དེ་ལྟར་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ་ཞེས་སྔ་མ་བཞིན་དུ་རིག་པར་བྱ་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་སའི་གཟུགས་ཤིན་ཏུ་སྦྱངས་པ་དང་ལྡན་པ་ལ་དམིགས་པར་

བྱེད་པ་གང་ཡིན་པ་དེ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །ནང་གི་རང་ཁོ་ནའི་གཟུགས་མཉམ་པར་གཞག་པའི་ས་པ་མ་ཡིན་པ་གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །

གཞན་གྱི་གཟུགས་ཤིན་ཏུ་སྦྱངས་པ་དང་ལྡན་པ་དང་གནས་ངན་ལེན་དང་ལྡན་པ་ལ་དམིགས་པར་བྱེད་པ་གང་ཡིན་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་

ཡང་ཅི་རིགས་པར་སྦྱར་རོ། །རྣམ་གྲངས་གཞན་ཡང་གང་གི་ཚེ་ནང་གི་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །སེམས་ཅན་དུ་བགྲང་བའི་གཟུགས་རྣམ་པར་ཤེས་པ་མེད་པ་རྣམ་པར་བསྔོས་པ་ལ་སོགས་

པའི་གནས་སྐབས་སུ་གྱུར་པ་ལ་དམིགས་པར་བྱེད་པ་དེ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །རྣམ་པར་ཤེས་པ་མེད་པའི་གཟུགས་འདས་པའི་དུས་ན་རྣམ་པར་ཤེས་པ་དང་བཅས་པ་དང་། རྣམ་པར་ཤེས་པ་དང་བཅས་པའི་གཟུགས་མ་འོངས་པའི་དུས་ན། རྣམ་པར་

ཤེས་པ་མེད་པར་གྱུར་ན་ཆོས་མཚུངས་པ་ཉིད་དང་ཆོས་མཉམ་པ་ཉིད་དང་དམིགས་པ་དེ་ནི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་བཞིན་དུ་དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་སེམས་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །རྣམ་

เล่ม ๒๐๖ · หน้า 93a

གྲངས་གཞན་ཡང་བདག་ཉིད་ཀྱི་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད་པ་ནི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །གཞན་དག་གི་ནང་གི་ལུས་ལ་སྐྲ་དང་སྤུ་དང་སེན་མོ་ལ་སོགས་པའི་རྣམ་པ་དག་གིས་དམིགས་པར་བྱེད་

པ་ནི་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །བདག་ཉིད་ཀྱི་ཕྱི་རོལ་གྱི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་ཉམས་པ་དང་གཞན་དག་གི་ཕྱི་རོལ་གྱི་ལུས་རྣམ་པར་བསྔོས་པ་ལ་སོགས་པའི་རྣམ་པ་དག་གིས་ཉམས་ཡང་རུང་མ་ཉམས་ཡང་རུང་བ་ལ་ཆོས་

ཉིད་མཚུངས་པར་དམིགས་པར་བྱེད་པའི་ནང་དང་ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ཡིན་ནོ། །དེ་དག་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་དང་ཆོས་གང་དག་ཡིན་པ་དེ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་དོན་གང་ཞེ་ན། གང་

ལ་དྲན་པ་ཉེ་བར་འཇོག་པར་བྱེད་པ་དང་། གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །དེ་ལ་གང་ལ་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། དམིགས་པ་ལའོ། །གང་གིས་དྲན་པ་ཉེ་བར་འཇོག་པར་བྱེད་ཅེ་ན། རྗེས་སུ་ལྟ་བའི་ཤེས་རབ་དང་ཏིང་ངེ་

འཛིན་ཡང་དག་པར་སྡུད་པར་བྱེད་པའི་དྲན་པས་སོ། །གཞན་ཡང་ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ཀྱི་དབང་གིས་དགེ་བ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ལམ་ཡང་དག་པར་སྐྱེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། དེ་ཡང་ཐོས་པ་ལས་བྱུང་བ་དང་

བསམ་པ་ལས་བྱུང་བ་དང་བསྒོམ་པ་ལས་བྱུང་བ་སྟེ། དེ་ལ་ཐོས་པ་དང་བསམ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་ནོ། །བསྒོམ་པ་ལས་བྱུང་བ་ནི་ཟག་པ་དང་བཅས་པ་ཡང་ཡོད། ཟག་པ་མེད་པ་ཡང་ཡོད་དེ་དེ་ནི་བསྒོམ་པ་ཡིན་ནོ། །དེ་ལ་གནས་པ་གང་ཞེ་ན། ཡིད་ལ་བྱེད་པ་ཐོབ་

པའི་གནས་སྐབས་ན་ཕྱིན་ཅི་ལོག་བཞི་སྤངས་པ་དང་བདེན་པ་བཞི་ལ་ཞུགས་པ་དང་ལུས་ལ་སོགས་པ་དང་བྲལ་བར་གནས་པ་གང་ཡིན་པ་སྟེ་དེ་ནི་བསྒོམས་པའི་འབྲས་བུ་ཡིན་ནོ། །དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་ནི་དངོས་པོ་ལ་ཡོངས་སུ་རྟོགས་པའི་ལམ་ཡིན་པས་ན་

เล่ม ๒๐๖ · หน้า 93b

དེའི་ཕྱིར་དམིགས་པ་ལ་ཉེ་བར་གཏོད་པའི་དངོས་པོ་ཞེས་བྱ་སྟེ། དེ་ཙམ་གྱིས་ན་དམིགས་པ་ལ་སེམས་ཉེ་བར་གཏད་པ་དང་ཕྱིན་ཅི་ལོག་རགས་པ་དག་བསལ་བ་དང་། བདེན་པ་བཞི་ལ་ཞུགས་པ་དང་མི་མཐུན་པའི་ཕྱོགས་དང་གཉེན་པོ་རྣམ་པ་ཐམས་ཅད་དུ་ཤེས་པ་ཡིན་ནོ། །ཡང་དག་

པར་སྤོང་བ་བཞི་ནི་དེ་ཉིད་ལ་སོགས་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེས་ནི་རྩོལ་བ་ལས་བྱུང་བའི་ལམ་བསྟན་ཏོ། །དེ་ལ་ཡང་དག་པའི་སྤོང་བ་བཞི་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར། །

འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་བསྒོམ་པ་

ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་འབད་པར་བྱེད་བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད་རབ་ཏུ་འཇོག་པར་བྱེད་པའོ། །དེ་ལ་རིམ་པ་ཇི་ལྟ་བུ་ཞེ་ན། དེ་དེ་ལྟར་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་ཡོངས་སུ་སྦྱང་བ་བྱས་ཤིང་ཕྱིན་ཅི་ལོག་རགས་པ་དག་བསལ་

ཏེ་མི་མཐུན་པ་དང་གཉེན་པོའི་ཆོས་རྣམས་ཡོངས་སུ་ཤེས་པ་ན་དམིགས་པ་དེ་ཉིད་ལ་སེམས་གནས་པར་བྱ་བ་དང་། མི་མཐུན་པའི་ཕྱོགས་བསལ་ཞིང་གཉེན་པོ་བསྐྱེད་པའི་ཕྱིར་ཡང་དག་པར་སྤོང་བ་བཞིས་རྩོལ་བར་རིག་པར་བྱའོ། །དེ་ལ་ཡང་དག་པའི་རྩོལ་བ་བཞི་ཡང་དམིགས་

པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་སྟེ། དེ་ལ་དམིགས་པ་གང་ཞེ་ན། མི་མཐུན་པའི་ཕྱོགས་དང་། གཉེན་པོ་སྐྱེས་པ་དང་མ་སྐྱེས་པའོ། །ངོ་བོ་ཉིད་གང་ཞེ་ན། བརྩོན་འགྲུས་སོ། །གྲོགས་གང་ཞེ་ན། དེ་དང་

མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད་རབ་ཏུ་འཇོག་པར་བྱེད་པའོ། །བསྒོམས་པའི་འབྲས་བུ་གང་ཞེ་

เล่ม ๒๐๖ · หน้า 94a

ན། མི་མཐུན་པའི་ཕྱོགས་མ་ལུས་པར་འགགས་པ་དང་། གཉེན་པོ་ཐོབ་པ་དང་། དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་ནི་གང་། དེ་དག་མ་སྐྱེས་པ་ནི་གང་། སྐྱེས་པ་ནི་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལུས་དང་

ངག་དང་ཡིད་ཀྱི་ལས་ཉོན་མོངས་པ་ཅན་རྣམས་ཏེ། ལུས་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་གང་དག་ཡིན་པ་དང་། དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་སོ། །དེ་དག་མ་སྐྱེས་པ་གང་ཞེ་ན། གང་དག་ཕྲད་པར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་

དག་གོ། །སྐྱེས་པ་རྣམས་གང་ཞེ་ན། གང་ཕྲད་པར་གྱུར་ཅིང་མངོན་དུ་ཕྲད་པ་དག་གོ། །ཡང་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་བར་གཏད་པའི་སེམས་ལ་མཚན་མ་དང་གནས་ངན་ལེན་གྱི་སྣང་བར་གྱུར་པ་ཐམས་ཅད་དང་ནང་དུ་ཡང་དག་པར་མ་སྐྱེས་པ་རྣམས་ནི་སྡིག་པ་མི་དགེ་བའི་

ཆོས་མ་སྐྱེས་པ་རྣམས་ཞེས་བྱའོ། །དེ་ལས་བཟློག་པ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱའོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་པ་ནི་གང་། སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་པ་ནི་གང་ཞེ་ན།

གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་དང་པོ་ནས་མི་སྐྱེད་པའི་ཕྱིར་སྤྲོ་བ་སྐྱེས་པར་བྱེད་སྨོན་ལམ་འདེབས་པར་བྱེད་ཅིང་དང་དུ་ལེན་པར་མི་འདོད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་ཡིན་ནོ། །སྐྱེས་པ་རྣམས་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པ་

གང་ཡིན་པ་དེ་ནི་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་ཡིན་ནོ། །དེ་ལས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་སྐྱེས་པ་རྣམས་སྤང་བའི་འབད་པ་བྱེད་པ་ནི་གང་། བརྩོན་འགྲུས་རྩོམ་པར་བྱེད་པ་ནི་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དེ་དག་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་

བྱུང་བའི་དངོས་པོ་ལ་དམིགས་ཏེ་སྐྱེ་ལ། གང་དག་འདས་པ་དང་མ་འོངས་པའི་དངོས་པོས་དམིགས་ཏེ་སྐྱེས་པ་དེ་དག་ནི་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པ་ཡིན། གང་དག་ད་ལྟར་བྱུང་བའི་ཡུལ་ལ་དམིགས་པ་ཡིན་ཏེ། སྐྱེ་བ་དེ་དག་ནི་མངོན་སུམ་གྱི་ཡུལ་ལ་དམིགས་པ་ཡིན་

เล่ม ๒๐๖ · หน้า 94b

ཏེ། དེ་ལ་ལྐོག་ཏུ་གྱུར་པའི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །མངོན་སུམ་གྱི་ཡུལ་ལ་དམིགས་པའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་སྐྱེས་པ་

རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གཞན་ཡང་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་པོ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །ཀུན་ནས་དཀྲིས་པ་ཆེན་པོ་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་སྐྱེས་པ་

རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གཞན་ཡང་སྡིག་པ་མི་དགེ་བའི་ཆོས་གང་དག་ཀུན་དུ་རྟོག་པའི་དབང་པོ་ཁོ་ནས་སྐྱེ་ལ་ཡུལ་སྟོབས་ཀྱིས་མ་ཡིན་པ་འདི་ལྟ་སྟེ། གནས་པ་ན་གང་དག་འདས་པ་དང་མ་འོངས་པའི་དམིགས་པ་ལ་སྐྱེ་བ་དེ་དག་མ་སྐྱེས་པ་

མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་གང་དག་ཀུན་དུ་རྟོག་པའི་དབང་དང་ཡུལ་གྱི་སྟོབས་ཀྱིས་ཀྱང་སྐྱེས་པ་འདི་ལྟ་སྟེ། རྒྱུ་བ་ན་གང་དག་ད་ལྟར་བྱུང་བའི་དམིགས་པ་ལས་སྐྱེ་བ་དེ་དག་མ་སྐྱེས་པ་རྣམས་མི་སྐྱེད་པ་

དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །དེ་ལ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་ནི་འདུན་པ་སྐྱེད་པར་བྱེད་འབད་པར་བྱེད་བརྩོན་འགྲུས་རྩོམ་པར་བྱེད་པ་ན། སེམས་རབ་ཏུ་འཛིན་

པར་བྱེད་པ་ནི་གང་། རབ་ཏུ་འཇོག་པར་བྱེད་པ་ནི་གང་ཞེ་ན། གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་འབད་པར་བྱེད་བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་དེ་ཉིད་ཞི་གནས་བསྒོམ་པ་དང་རྩེ་གཅིག་

ཏུ་བྱེད་པའི་ཚེ་ནང་དུ་མངོན་དུ་བསྡུ་ན་ཞུམ་པའམ་ཞུམ་དུ་དོགས་ན་མཐོང་བ་དེའི་ཚེ་ན། རབ་ཏུ་འཛིན་པའི་མཚན་མ་དང་བར་འགྱུར་བ་གང་ཡང་རུང་བས་རབ་ཏུ་འཛིན་པར་བྱེད་ཅིང་རབ་ཏུ་དགའ་བར་བྱེད་པ་དེ་ནི་སེམས་རབ་ཏུ་འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་རབ་ཏུ་འཛིན་

เล่ม ๒๐๖ · หน้า 95a

པར་བྱེད་པའི་དུས་ན་སེམས་རྒོད་དམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་ན་སེམས་ནང་དུ་མངོན་པར་སྡུད་པར་བྱེད་ཅིང་ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་པ་དེ་ནི་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་རྣམས་ནི་གང་། དེ་དག་མ་སྐྱེས་པ་ནི་གང་

སྐྱེས་པ་ནི་གང་ཞེ་ན། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། གང་དག་སྡིག་པ་མི་དགེ་བའི་ཆོས་དེ་དག་གི་གཉེན་པོར་གྱུར་པའི་ཆོས་རྣམས་ཏེ། ཉེས་པར་སྤྱད་པའི་གཉེན་པོར་གྱུར་པ་དང་། སྒྲིབ་པའི་གཉེན་པོར་གྱུར་པ་དང་། ཀུན་དུ་སྦྱོར་བའི་གཉེན་པོར་གྱུར་པ་རྣམས་སོ། །

དེ་དག་མ་སྐྱེས་པ་གང་ཞེ་ན། གང་དག་ཕྲད་པར་མ་གྱུར་ཅིང་མངོན་སུམ་དུ་མ་གྱུར་པ་དག་གོ། །སྐྱེས་པ་རྣམས་གང་ཞེ་ན། གང་དག་ཕྲད་པར་གྱུར་ཅིང་མངོན་སུམ་དུ་གྱུར་པ་དག་གོ། །ཡང་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་བར་གཏད་པའི་སེམས་ལ་མཚན་མ་མེད་པ་དང་

ཤིན་ཏུ་སྦྱངས་པ་མི་སྣང་བར་གྱུར་པ་ཐམས་ཅད་དང་ནང་དུ་ཡང་དག་པར་མ་སྐྱེས་པ་རྣམས་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱའོ། །དེ་ལས་བཟློག་པ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱའོ། །དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་

པ་ནི་གང་། སྐྱེས་པ་རྣམས་གནས་པ་དང་མི་བརྗེད་པ་དང་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པ་བྱེད་པ་ནི་གང་ཞེ་ན། དགེ་བའི་ཆོས་གང་དག་ཕྲད་པར་མ་གྱུར་ཅིང་མངོན་སུམ་དུ་མ་གྱུར་པ་དེ་དག་ཐོབ་པར་བྱ་བ་དང་། མངོན་སུམ་དུ་བྱ་བའི་ཕྱིར་སྤྲོ་བ་སྐྱེད་པར་བྱེད་

སེམས་ཀྱིས་སྨོན་པར་བྱེད་ཅིང་དེ་ཤས་ཆེར་ཐོབ་པར་འདོད་པ་དང་། མངོན་སུམ་དུ་བྱ་བར་འདོད་པ་ལ་ཉེ་བར་གནས་པ་དེ་ནི་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་པ་ཡིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་

ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་འདུན་པ་སྐྱེད་པར་བྱེད་ཅེས་བྱ་བ་ལ། དགེ་བའི་ཆོས་ཐོབ་པ་དང་མི་འབྲལ་ཞིང་ཐོབ་པ་ཡོངས་སུ་མི་ཉམས་པར་བྱ་བའི་དབང་དུ་མཛད་ནས་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །མངོན་སུམ་དུ་གྱུར་པ་ཉིད་གསལ་བར་བྱ་བའི་དབང་དུ་མཛད་

เล่ม ๒๐๖ · หน้า 95b

ནས། མི་བརྗེད་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །དགེ་བའི་ཆོས་ཐོབ་པ་དང་མངོན་སུམ་དུ་གྱུར་པ་དེ་དག་ཉིད་ཀུན་དུ་བརྟེན་པའི་རྒྱུས་ཡོངས་སུ་གྲུབ་པ་དང་། མཐར་ཕྱིན་པར་བྱ་བའི་དབང་དུ་མཛད་ནས། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དེ་ལ་

ཡང་སྤྲོ་བ་སྐྱེད་པར་བྱེད་སེམས་ཀྱིས་སྨོན་པར་བྱེད་ཅིང་དེ་ཤས་ཆེར་གནས་པར་འདོད་པ་དང་། མི་བརྗེད་པར་འདོད་པ་དང་། །བསྒོམ་པ་ཡོངས་སུ་རྫོགས་པར་འདོད་པ་ལ་ཉེ་བར་གནས་པ་དེ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་བསྒོམ་པ་ཡོངས་སུ་རྫོགས་པར་

བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། །བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འབད་པར་བྱེད་པ་ནི་གང་། བརྩོན་འགྲུས་རྩོམ་པར་བྱེད་པ་ནི་གང་ཞེ་ན། དགེ་བའི་ཆོས་ཐོབ་

པ་རྣམས་མངོན་དུ་བསྒོམ་པའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གཞན་ཡང་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་མི་བརྗེད་པར་བྱ་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །བསྒོམ་པ་

ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ནི་བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །གཞན་ཡང་དགེ་བ་ཆུང་ངུ་དང་འབྲིང་མ་སྐྱེས་པ་རྣམས་སྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ནི་འབད་པར་བྱེད་པ་ཡིན་ནོ། །དགེ་བའི་

ཆོས་ཆེན་པོ་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ནི། བརྩོན་འགྲུས་རྩོམ་པར་བྱེད་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་།

བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པ་ན་སེམས་རབ་ཏུ་འཛིན་པར་བྱེད་པ་ནི་གང་། རབ་ཏུ་འཇོག་པར་བྱེད་པ་ནི་གང་ཞེ་ན། གང་གི་ཚེ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་

เล่ม ๒๐๖ · หน้า 96a

དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་ཞི་གནས་བསྒོམ་པ་དང་རྩེ་གཅིག་ཏུ་བྱེད་པའི་ཚེ་ནང་དུ་མངོན་པར་བསྡུས་པ་ན་ཞུམ་པའམ་ཞུམ་དུ་དོགས་པར་མཐོང་

བའི་ཚེ་ན་རབ་ཏུ་འཛིན་པའི་མཚན་མ་དང་བར་འགྱུར་བ་གང་ཡང་རུང་བས་རབ་ཏུ་འཛིན་པར་བྱེད་ཅིང་རབ་ཏུ་དགའ་བར་བྱེད་དེ་ནི་སེམས་རབ་ཏུ་འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་རབ་ཏུ་འཛིན་པའི་དུས་ན་སེམས་རྒོད་དམ་རྒོད་དུ་དོགས་པར་མཐོང་བ་དེ་ནི་དེའི་ཚེ་ན་སེམས་ནང་དུ་མངོན་པར་སྡུད་

པར་བྱེད་ཅིང་། ཞི་གནས་ལ་རབ་ཏུ་འཇོག་པར་བྱེད་པ་དེ་ནི་རབ་ཏུ་འཇོག་པར་བྱེད་པ་ཡིན་ནོ། །ཡང་དག་པའི་སྤོང་བ་བཞི་པོ་དེ་དག་ལས་དང་པོ་ནི་སྤང་བས་སྤོང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་གང་ཡིན་པ་དེ་དག་ནི་ཀུན་དུ་མི་སྤྱད་པའི་སྒོ་ནས་སྤང་བར་བྱ་བ་ཡིན་པས་སྤོང་

བས་སྤོང་བ་ཞེས་བྱའོ། །གཉིས་པ་ནི་བསྡམས་པས་ཡོངས་སུ་སྤང་བ་ཡིན་ཏེ། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་གང་ཡིན་པ་དེ་དག་ནི་བསྡམ་པར་བྱ་ཞིང་དང་དུ་མི་བླང་བར་བྱ་བ་ཡིན་པས་བསྡམས་པས་སྤོང་བ་ཞེས་བྱའོ། །གསུམ་པ་ནི་བསྒོམ་པས་སྤོང་བ་ཡིན་ཏེ། དགེ་བའི་ཆོས་མ་སྐྱེས་

པ་རྣམས་བསྐྱེད་པའི་ཕྱིར་དགེ་བའི་ཆོས་རྣམས་ལ་ཀུན་དུ་བརྟེན་པར་བྱེད་ཅིང་སྒོམ་པར་བྱེད་ན་མ་ཐོབ་པ་ཐོབ་པར་འགྱུར་ཞིང་། ཐོབ་པ་ཡང་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི་རྗེས་སུ་བསྲུང་བས་སྤོང་བ་ཡིན་ཏེ་དགེ་བའི་ཆོས་ཐོབ་ཅིང་མངོན་སུམ་དུ་བྱས་པ་དག་ལ་བག་མེད་

པ་སྤངས་ཏེ། བག་ཡོད་པས་བརྟན་པར་བྱེད་པ་གང་ཡིན་པ་དེ་ནི་དགེ་བའི་ཆོས་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ། དེ་ནི་རེ་ཞིག་ཡང་དག་པའི་སྤོང་བ་རྣམས་ཀྱི་རྣམ་པར་དབྱེ་བ་རྒྱས་པ་ཡིན་ནོ། །དོན་མདོར་བསྡུ་བ་གང་ཞེ་ན།

ནག་པོ་དང་དཀར་པོའི་ཕྱོགས་ཀྱི་དངོས་པོ་བཏང་བ་དང་བླང་བའི་བསམ་པ་ཕུན་སུམ་ཚོགས་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་བསམ་པ་ཕུན་སུམ་ཚོགས་པ་ནི་འདུན་པ་སྐྱེད་པར་བྱེད་ཅེས་བྱ་བས་བསྟན་ཏོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི་

เล่ม ๒๐๖ · หน้า 96b

འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅེས་བྱ་བ་དག་གིས་བསྟན་ཏེ། རྣལ་འབྱོར་པས་བྱ་བ་ནི་འདི་ཙམ་དུ་ཟད་དེ་སྤང་བར་བྱ་བའི་དངོས་པོ་གང་ཡིན་པ་སྤང་བར་བྱ་བ་དང་། ཐོབ་པར་བྱ་བའི་དངོས་པོ་

གང་ཡིན་པ་ཐོབ་པར་བྱ་བའི་ཕྱིར་དང་པོ་ཁོ་ནར་འབད་པས་སྤྲོ་བ་བསྐྱེད་པར་བྱ་བ་དང་། ཀུན་ནས་དཀྲིས་པ་སྤང་བར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱིས་བརྩོན་འགྲུས་རྩོམ་པར་བྱ་བ་དང་། བག་ལ་ཉལ་སྤང་བར་བྱ་བའི་ཕྱིར་སེམས་རབ་ཏུ་འཛིན་པས་དུས་དུས་སུ་ཞི་གནས་དང་རབ་ཏུ་འཛིན་པ་

དང་བཏང་སྙོམས་ཀྱི་མཚན་མ་དག་བསྒོམ་པར་བྱ་བ་དང་ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གཉི་ག་སྤང་བར་བྱ་བའི་ཕྱིར་རབ་ཏུ་འཇོག་པར་བྱེད་པས་གཉེན་པོའི་ཕྱོགས་ཀྱི་དགེ་བ་གང་དག་ཡིན་པ་དེ་དག་ཡང་དག་པར་བསྒྲུབ་པར་བྱ་བ་སྟེ། དེ་དག་ཐམས་ཅད་ཡང་དག་པའི་སྤོང་བ་བཞི་པོ་དག་གིས་

ཡོངས་སུ་བསྟན་པས་ན་དེ་ནི་མདོར་བསྡུས་པ་ཡིན་ནོ། །དེ་ལྟར་ཡང་དག་པའི་སྤོང་བ་བཞི་པོ་དེ་དག་ནི་རྩོལ་བ་ལས་བྱུང་བའི་ལམ་ཡིན་པས་ན་དེའི་ཕྱིར་དེ་ཉིད་ལ་རྩོལ་བའི་དངོས་པོ་ཞེས་བྱ་སྟེ། དེ་ཙམ་གྱིས་ན་མི་མཐུན་པའི་ཕྱོགས་མ་ལུས་པར་འགགས་པ་དང་། གཉེན་པོ་ཐོབ་པ་དང་

འཕེལ་བ་ཡིན་པས་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་བར་གཏད་པའི་སེམས་ལ་མཚན་མ་དང་། གནས་ངན་ལེན་མི་སྣང་ཞིང་ནང་དུ་ཡང་དག་པར་མི་སྐྱེ་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སེམས་གནས་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེས་ནི་ཏིང་ངེ་འཛིན་ཡོངས་སུ་སྦྱོར་བར་

བྱེད་པའི་ལམ་བསྟན་ཏོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་

འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལ་རིག་པ་ཇི་ལྟ་བུ་ཞེ་ན། དེ་དེ་ལྟར་ཡང་དག་པའི་སྤོང་བ་བཞི་པོ་དག་གིས་མི་མཐུན་པའི་ཕྱོགས་མ་ལུས་པར་སྤངས་པ་དང་། གཉེན་པོ་ཐོབ་ཅིང་

เล่ม ๒๐๖ · หน้า 97a

འཕེལ་བས་དེ་བཞིན་ཉིད་ཀྱི་དམིགས་པ་ལ་ཉེ་བར་གཏད་པའི་སེམས་ལ་མཚན་མ་དང་གནས་ངན་ལེན་མི་སྣང་ཞིང་ནང་ཡང་དག་པར་མི་སྐྱེ་བ་ན་དེའི་འོག་ཏུ་ཏིང་ངེ་འཛིན་ཐོབ་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ལ་སྦྱོར་བར་རིག་པར་བྱའོ། །

དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་སྟེ། དེ་ལ་དམིགས་པ་གང་ཞེ་ན། ཏིང་ངེ་འཛིན་འགྲུབ་པའི་བྱ་བའོ། །ངོ་བོ་ཉིད་གང་ཞེ་ན། ཏིང་ངེ་འཛིན་ཏོ། །གྲོགས་གང་ཞེ་ན།

འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། སྤོང་བའི་འདུ་བྱེད་བརྒྱད་གོམས་པར་བྱེད་པའོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། དེ་ལྟར་

ཏིང་ངེ་འཛིན་ལེགས་པར་ཡོངས་སུ་སྦྱང་བ་བྱས་ནས་ཆོས་མངོན་པར་ཤེས་པར་བྱ་བ་གང་དང་གང་མངོན་དུ་བྱ་བར་འདོད་པ་དེ་དང་དེ་ལ་སེམས་མངོན་པར་གཏོད་པ་དེ་རང་རང་གི་གནས་ཀྱི་ཆོས་རྣམས་ལ་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་འགྱུར་རོ། །དེ་ལ་ཏིང་ངེ་འཛིན་ནི་བཞི་སྟེ།

འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་པའི་ཏིང་ངེ་འཛིན་གང་ཞེ་ན། འདུན་པའི་དབང་དུ་བྱས་ནས་ཏིང་ངེ་འཛིན་ཐོབ་པ་གང་ཡིན་པའོ། །བརྩོན་འགྲུས་དང་སེམས་དང་

དཔྱོད་པའི་ཏིང་ངེ་འཛིན་གང་ཞེ་ན། བརྩོན་འགྲུས་དང་སེམས་དང་དཔྱོད་པའི་དབང་དུ་བྱས་ནས་ཏིང་ངེ་འཛིན་ཐོབ་པ་གང་ཡིན་པའོ། །ཡང་གུས་པར་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཏོ། །རྒྱུན་དུ་སྦྱོར་

བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཏོ། །སྔོན་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་སེམས་

เล่ม ๒๐๖ · หน้า 97b

རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཏོ། །ཡང་འདུན་པ་སྐྱེད་པར་བྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་འདུན་པའི་ཏིང་ངེ་འཛིན་ཏོ། །འབད་པར་བྱེད་བརྩོན་འགྲུས་རྩོམ་པར་བྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་

དེ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཏོ། །སེམས་རབ་ཏུ་འཇོག་པར་བྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཏིང་ངེ་འཛིན་ཏོ། །སེམས་རབ་ཏུ་འཛིན་པར་བྱེད་པ་ན་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་གང་ཡིན་པ་དེ་ནི་དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འདུན་

པའི་དབང་དུ་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། གང་གི་ཚེ་དེ་རེ་ཞིག་འདུན་པ་ཁོ་ན་ཉི་ཚེ་སྐྱེད་པར་བྱེད་ཅིང་འདུན་པ་སྐྱེས་ནས་སྡིག་པ་མི་དགེ་བའི་ཆོས་དེ་དག་ལ་ངོ་བོ་ཉིད་དང་གཞི་དང་ཉེས་དམིགས་དང་གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོགས་པར་བྱེད་ཅིང་དྲན་པ་རྩེ་གཅིག་ཏུ་

འཇོག་པར་བྱེད་པ་དང་། དེ་བཞིན་དུ་དགེ་བའི་ཆོས་རྣམས་ལ་ཡང་ངོ་བོ་ཉིད་དང་གཞི་དང་ཕན་ཡོན་དང་ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོགས་པར་བྱེད་ཅིང་དྲན་པ་རྩེ་གཅིག་ཏུ་བྱེད་པ་དང་། དེ་ལན་མང་དུ་བྱས་པས་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་ཚུལ་

གྱིས་རྩེ་གཅིག་པ་ཉིད་ལ་རེག་པར་བྱེད་ཅིང་ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་འདུན་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་གང་ཞེ་ན། འདས་པ་

དང་མ་འོངས་པ་དང་ད་ལྟར་བྱུང་བའི་དམིགས་པ་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་མཐུན་པ་མ་སྐྱེས་པ་མི་བསྐྱེད་པ་དང་སྐྱེས་པ་སྤོང་བའི་ཕྱིར་འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་པའི་ཚེ་དམིགས་པ་དེ་

ལ་དཔྱོད་པས་ན་དམིགས་པ་དེའི་ངོ་བོ་ཉིད་བཞི་དང་ཉེས་དམིགས་དང་གཉེན་པོའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོགས་པར་བྱེད་ཅིང་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པ་ལ་ཀུན་ནས་དཀྲིས་པའི་རྒྱུ་ཐག་རིང་དུ་བྱེད་པའི་ཚུལ་གྱིས་སེམས་རྩེ་

เล่ม ๒๐๖ · หน้า 98a

གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང་ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །སེམས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་གང་ཞེ་ན།

སེམས་བྱིང་བ་རབ་ཏུ་འཛིན་པར་བྱེད་ཅིང་སེམས་རབ་ཏུ་བཟུང་ནས་ཏིང་ངེ་འཛིན་དུ་བྱེད་པ་དང་དུས་དུས་སུ་ལྷག་པར་བཏང་སྙོམས་སུ་བྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དང་མཐུན་པའི་ཆོས་དང་དགེ་བ་དང་མི་དགེ་བའི་ཆོས་དང་དགེ་བ་དང་མི་དགེ་བའི་ཆོས་དང་མཐུན་པའི་ཆོས་

གང་ཡིན་པ་དག་ལ་ངོ་བོ་ཉིད་གཞི་དང་ཉེས་དམིགས་དང་ཕན་ཡོན་དང་གཉེན་པོ་དང་ངེས་པར་འབྱུང་བའི་སྒོ་ནས་ལེགས་པ་ཁོ་ནར་ངེས་པར་རྟོགས་པར་བྱེད་ཅིང་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པ་ལ་ཀུན་ནས་དཀྲིས་པའི་རྒྱུ་བ་ཐག་རིང་དུ་བྱེད་པའི་

ཚུལ་གྱིས་སེམས་རྩེ་གཅིག་པ་ཉིད་སྐྱེ་བར་འགྱུར་ཞིང་ད་དུང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡང་དག་པར་འཇོམས་པར་ནི་མི་བྱེད་པ་གང་ཡིན་པ་དེ་ནི་དེའི་སེམས་ཀྱི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དཔྱོད་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་གང་ཞེ་ན། ཚུལ་

བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པའི་ཆོས་གང་དག་ཡིན་པ་དེ་དག་ཉིད་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་དགེ་བའི་ཆོས་དང་མཐུན་པའི་ཆོས་རྣམས་ཡིན་པས་ན་དེ་ལྟར་དེའི་ཀུན་ནས་དཀྲིས་པ་ཐག་རིང་དུ་བྱས་པ་རྣམས་དང་། ཀུན་ནས་དཀྲིས་པའི་གཉེན་པོ་

ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་ཆོས་སྐྱེས་པ་རྣམས་ལ་སྡིག་པ་མི་དགེ་བའི་ཆོས་དེ་དག་ཀུན་དུ་མི་འབྱུང་བས་ན་དེ་འདི་སྙམ་དུ་སེམས་ཏེ། ཅི་སྡིག་པ་མི་དགེ་བའི་ཆོས་རྣམས་ཡོད་ཅིང་མེད་པ་མ་ཡིན་པ་ལ་མྱོང་བར་མི་འགྱུར་རམ། འོན་ཏེ་མེད་ཅིང་ཡོད་པ་མ་ཡིན་པས་མྱོང་བར་མི་འགྱུར་

བ་དག་གིས་ཡོངས་སུ་དཔྱད་པར་བྱའོ་སྙམ་ནས་དེ་དཔྱོད་པའི་ཡིད་ལ་བྱེད་པའི་དབང་དུ་བྱས་ཏེ། སྤངས་པ་དང་མ་སྤངས་པ་ལ་དཔྱོད་པར་བྱེད་དེ་ལེགས་པ་ཁོ་ནར་ངེས་པར་རྟོགས་པར་བྱེད་ཅིང་དྲན་པ་རྩེ་གཅིག་ཏུ་འཇོག་པར་བྱེད་པ་དང་། དེ་ལ་ལན་མང་དུ་གནས་པར་བྱེད་པས་སེམས་

เล่ม ๒๐๖ · หน้า 98b

རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་ཏེ། དེས་ན་བདག་གིས་སེམས་ནི་ཀུན་ནས་དཀྲིས་པ་ཙམ་ལས་རྣམ་པར་གྲོལ་བར་ཟད་ཀྱི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་ལས་ནི་མ་ཡིན་ནོ་ཞེས་བྱ་བ་དང་། བདག་གིས་ཀུན་ནས་དཀྲིས་པ་དེ་དག་གི་གཉེན་པོ་ཏིང་ངེ་འཛིན་ལ་སོགས་པ་དགེ་བའི་

ཆོས་རྣམས་ཐོབ་ཅིང་བསྒོམ་པ་ཙམ་དུ་ཟད་ཀྱི། བག་ལ་ཉལ་གྱི་གཉེན་པོ་རྣམས་ནི་མ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་མངོན་པའི་ང་རྒྱལ་མེད་པ་གང་ཡིན་པ་དེ་ནི་དེའི་དཔྱོད་པའི་དབང་དུ་བྱས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་རྣམ་པ་བཞི་པོ་དེ་དག་

གི་དབང་དུ་བྱས་ཏེ་ཀུན་ནས་དཀྲིས་པ་རྣམས་ཐག་རིང་དུ་བྱས་པ་ན་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཡང་དག་པར་གཞོམ་པ་དང་། དེའི་གཉེན་པོ་དགེ་བའི་ཆོས་རྣམས་ལ་ཡང་དག་པར་བསྒྲུབ་པའི་ཕྱིར་ཡང་རྒྱ་ཆེར་འདུན་པ་སྐྱེད་པར་བྱེད། འབད་པར་

བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་ཡང་དག་པར་སྤོང་བ་བཞི་པོ་དག་གིས་རབ་ཏུ་བརྩོན་པར་བྱེད་དེ། དེ་ལྟར་རབ་ཏུ་བརྩོན་ཞིང་དེ་ལྟར་གྱུར་པ་དེ་ལ་སྤོང་བའི་ཆོས་འདུ་བྱེད་བརྒྱད་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་བག་ལ་ཉལ་ཡང་དག་པར་འཇོམས་པ་དང་ཏིང་ངེ་འཛིན་ཡོངས་སུ་

རྫོགས་པར་འགྱུར་ཞིང་སེམས་ལས་སུ་རུང་བར་འགྱུར་རོ། །སྤོང་བའི་འདུ་བྱེད་བརྒྱད་གང་ཞེ་ན། འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་དང་། བཏང་སྙོམས་སོ། །དེ་ལ་འདུན་པ་ནི་ནམ་ཞིག་ན་བདག་གི་ཏིང་

ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་ཞིང་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་འགྱུར་ཞིག་གུ་སྙམ་དུ་སེམས་པའོ། །རྩོལ་བ་ནི་གཉེན་པོ་བསྒོམ་པ་ལ་སྦྱོར་བ་མི་གཏོང་བ་ཉིད་གང་ཡིན་པའོ། །དད་པ་ནི་སྦྱོར་བ་མ་བཏང་བར་གནས་པའི་གོང་དུ་རྟོགས་པར་བྱ་

བ་དང་། དད་ཅིང་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། །ཤིན་ཏུ་སྦྱངས་པ་ནི་དད་པ་དང་དང་བ་སྔོན་དུ་བཏང་བའི་མཆོག་ཏུ་དགའ་བ་དང་དགའ་བ་སྟེ། ཡིད་དགའ་བར་འགྱུར་བའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་ཕྱོགས་ཀྱི་གནས་ངན་ལེན་སྤངས་ཤིང་སྦྱངས་པ་གང་ཡིན་

เล่ม ๒๐๖ · หน้า 99a

པའོ། །དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཀྱི་སེམས་གནས་པ་དགུ་ཡང་དག་པར་འཛིན་པར་བྱེད་པ་གང་ཡིན་པའོ། །ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་ཀྱི་ཤེས་རབ་ཀྱི་སྤྱོད་པ་བཞི་དང་བཞིའི་རབ་ཏུ་དབྱེ་བ་རྣམ་པ་དྲུག་གང་ཡིན་པའོ། །སེམས་པ་ནི་སེམས་

མངོན་པར་འདུ་བྱེད་པ་སྟེ། སྤངས་པ་དང་མ་སྤངས་པ་ལ་དཔྱོད་པར་བྱེད་པའི་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། ཞི་གནས་དང་ལྷག་མཐོང་དང་རྗེས་སུ་མཐུན་པའི་ལུས་ཀྱི་ལས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པ་གང་ཡིན་པའོ། །བཏང་སྙོམས་ནི་འདས་

པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་དཔྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང་སེམས་མཉམ་པ་ཉིད་དུ་བྱེད་པ་གང་ཡིན་པའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་ནི་བག་ལ་ཉལ་ཡང་དག་པར་འཇོམས་པའི་སྦྱོར་བ་བཞི་

འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཐབས་ཡིན་ཏེ། དེ་ལ་འདུན་པ་ནི་འདུན་པའི་སྦྱོར་བ་ཡིན། རྩོལ་བ་ནི་བརྩོན་འགྲུས་ཀྱི་སྦྱོར་བ་ཡིན། དད་པ་ནི་དང་བའི་སྦྱོར་བ་ཡིན། ཤིན་ཏུ་སྦྱངས་པ་དང་དྲན་པ་དང་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་ནི་ཐབས་ཀྱི་

སྦྱོར་བ་ཡིན་ནོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་ནི་ཡན་ལག་བཞིས་བསྡུས་པ་ཡང་ཡིན་ཏེ། བསྒོམ་པའི་ཡན་ལག་དང་། ཁྱད་པར་ཉོན་མོངས་པའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པའི་རྗེས་སུ་བསྲུང་བ་རྟོགས་པའི་ཡན་ལག་དང་། ཉེ་བའི་ཉོན་མོངས་པ་རྣམ་

པར་དག་པའི་ཕྱིར་སྡུད་པའི་ཡན་ལག་གིས་སོ། །དེ་ལ་བསྒོམ་པའི་ཡན་ལག་ནི་འདུན་པ་དང་། རྩོལ་བ་སྟེ། འདི་ལྟར་འདུན་པ་དང་། རྩོལ་བ་གཉིས་ལ་བརྟེན་ནས་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་པའི་ཕྱིར་རོ། །ཁྱད་པར་རྟོགས་པའི་ཡན་ལག་ནི་དང་བ་དང་ཤིན་ཏུ་སྦྱངས་པ་

སྟེ། འདི་ལྟར་དད་པས་ནི་ཁྱད་པར་རྟོགས་ནས་གོང་མའི་རྣམ་པར་ཐར་པ་ལ་མངོན་པར་དད་པར་བྱེད་ལ། ཤིན་ཏུ་སྦྱངས་པས་ནི་ལུས་དང་སེམས་ཀྱི་གནས་ངན་ལེན་ཤིན་ཏུ་སྦྱོང་བར་བྱེད་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་རྗེས་སུ་བསྲུང་བ་རྟོགས་པའི་ཡན་ལག་ནི་དྲན་པ་དང་།

เล่ม ๒๐๖ · หน้า 99b

ཤེས་བཞིན་ཏེ། འདི་ལྟར་དྲན་པས་ནི་ཞི་གནས་དང་ལྷག་མཐོང་གི་ཉེ་བའི་ཉོན་མོངས་པ་མ་བྱུང་བ་སྲུང་བར་བྱེད་ལ། ཤེས་བཞིན་གྱིས་ནི་བྱུང་བ་རྟོགས་པར་བྱེད་པའི་ཕྱིར་རོ། །ཉེ་བའི་ཉོན་མོངས་པ་རྣམ་པར་དག་པའི་ཕྱིར་སྡུད་པའི་ཡན་ལག་གི་སེམས་པ་དང་། བཏང་སྙོམས་ཏེ། འདི་ལྟར་

སེམས་པས་ནི་སེམས་ཞུམ་པའི་ཕྱིར་འཛིན་པར་བྱེད་ལ། བཏང་སྙོམས་ཀྱིས་ནི་རྒོད་པ་ནང་དུ་སྡུད་པར་བྱེད་པའི་ཕྱིར་རོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དག་ནི་ཉེས་པ་ལྔ་སྤོང་བའི་ཕྱིར་འདུ་བྱེད་པ་ཡིན་པས་དེའི་ཕྱིར་སྤང་བའི་འདུ་བྱེད་ཅེས་བྱའོ། །ཉེས་པ་ལྔ་གང་ཞེ་ན། ལེ་ལོ་དང་། གདམས་

ངག་བརྗེད་པ་དང་། བྱིང་བ་དང་རྒོད་པ་དང་། བྱིང་བ་དང་རྒོད་པ་རབ་ཏུ་ཞི་བར་བྱ་བའི་དུས་ན་མངོན་པར་འདུ་མི་བྱེད་པ་དང་། བྱིང་བ་དང་རྒོད་པ་རབ་ཏུ་ཞི་བའི་ཚེ་ན་མངོན་པར་འདུ་བྱེད་པའོ། །དེ་དག་སྤང་བའི་ཕྱིར་སྤོང་བའི་འདུ་བྱེད་བརྒྱད་ཇི་ལྟར་རྣམ་པར་གཞག་ཅེ་ན། ལེ་ལོ་སྤང་བའི་ཕྱིར་

ནི་སྤོང་བའི་འདུ་བྱེད་བཞི་རྣམ་པར་གཞག་སྟེ། འདུན་པ་དང་། རྩོལ་བ་དང་། དད་པ་དང་། ཤིན་ཏུ་སྦྱངས་པའོ། །དེ་དག་ཀྱང་གནས་དང་དེ་ལ་གནས་པ་དང་རྒྱུ་དང་འབྲས་བུ་ཡིན་ཏེ། འདུན་པ་ནི་རྩོལ་བའི་གནས་ཡིན་ནོ། །རྩོལ་བ་ནི་འདུན་པ་དེ་ལ་གནས་པ་ཡིན་ནོ། །དད་པ་ནི་གནས་འདུན་

པའི་རྒྱུ་ཡིན་ནོ། །ཤིན་ཏུ་སྦྱངས་པ་ནི་གནས་པ་རྩོལ་བ་དེའི་འབྲས་བུ་ཡིན་ནོ། །ཉེས་པ་དེའི་ལྷག་མ་བཞི་སྤང་བའི་ཕྱིར་ནི་སྤོང་བའི་འདུ་བྱེད་ལྷག་མ་བཞི་གོ་རིམས་བཞིན་དུ་རྣམ་པར་གཞག་སྟེ། དྲན་པ་ནི་དམིགས་པ་མ་བརྗོད་པ་ཡིན་ལ། ཤེས་བཞིན་ནི་དྲན་པ་མ་བརྗེད་པར་གྱུར་ན་བྱིང་བ་

དང་རྒོད་པ་རྟོགས་པ་ཡིན། སེམས་པ་ནི་རྟོགས་ནས་དེ་དང་བྲལ་བའི་ཕྱོགས་མངོན་པར་འདུ་བྱེད་པ་ཡིན། བཏང་སྙོམས་ནི་བྱིང་བ་དང་རྒོད་པ་དེ་ཉེ་བར་ཞི་བར་འགྱུར་བ་ན་རྣལ་དུ་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྔ་མ་གང་དག་ཡིན་པ་དང་སྤོང་བའི་

འདུ་བྱེད་འདི་དག་གང་དག་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བག་ལ་ཉལ་སྤངས་ཤིང་ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་ནི་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་བ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་

เล่ม ๒๐๖ · หน้า 100a

འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྒོམས་པའི་རྒྱུ་ལས་བྱུང་བ་ནི་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་ཏིང་ངེ་འཛིན་ཡིན་ལ། ཏིང་ངེ་འཛིན་བཞི་པོ་དེ་དག་ཉིད་རྫུ་

འཕྲུལ་གྱི་རྐང་པ་བཞི་ཡིན་པར་རིག་པར་བྱའོ། །དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་ཡོད་པ་དེས་འགྲོ་བ་དང་ལྡོག་པ་དང་ཕ་རོལ་གནས་པར་ནུས་པ་དེ་བཞིན་དུ་གང་ལ་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་ཀྱི་ཆོས་དེ་དག་ཀྱང་ཡོད་ལ། དེ་

དག་བསྒོམས་པའི་རྒྱུ་ལས་བྱུང་བ་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་བཞི་པོ་དེ་དག་ཀྱང་ཡོངས་སུ་རྫོགས་པར་ཡོད་ཅིང་དེ་དེ་ལྟར་སེམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཉོན་མོངས་པ་མེད་པ་དང་། ཉེ་བའི་ཉོན་མོངས་པ་དང་བྲལ་བ་དང་། དྲང་པོར་གྱུར་པ་དང་།

ལས་སུ་རུང་བར་གནས་པ་དང་། མི་གཡོ་བ་ཐོབ་པར་གྱུར་ན་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཐོབ་པར་བྱ་བ་དང་། ལྡོག་པ་དང་། ཕ་རོལ་གནོན་པར་ནུས་ཏེ། དེ་འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་དེ་དག་གི་རྫུ་འཕྲུལ་དམ་པ་དང་འབྱོར་བ་དམ་པ་ཡིན་པས་ན།

དེ་ཐོབ་པར་བྱ་བའི་གཞིར་གྱུར་པའི་ཏིང་ངེ་འཛིན་བཞི་པོ་དེ་དག་ནི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་དག་ནི་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་ཡིན་པས་ན་སེམས་གནས་པའི་དངོས་པོ་ཞེས་བྱ་སྟེ། དེ་ཙམ་གྱིས་ན་ཉོན་མོངས་པའི་དངོས་པོ་

བག་ལ་ཉལ་ཡང་དག་པར་བཅོམ་པ་དང་། དེའི་གཉེན་པོ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཐོབ་པ་དང་། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ལ་སྦྱོར་བའི་ལམ་རྩོམ་པར་རིག་པར་

བྱའོ། །དེའི་འོག་ཏུ་དངོས་པོ་བཅུ་བཞིས་ནི་སེམས་གནས་པའི་དངོས་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་བསྟན་པ་དེ་གཉིས་ཀྱི་གནས་སྐབས་རྒྱ་ཆེར་སྟོན་ཏོ། །དེ་དག་གི་བསྡུས་པའི་དོན་ནི་རྣམ་པ་བཞི་སྟེ། ས་དང་། དམིགས་པ་དང་།

เล่ม ๒๐๖ · หน้า 100b

ངོ་བོ་ཉིད་དང་། དེའི་ཡན་ལག་གོ། །དེ་ལས་ནི་བསམ་གཏན་བཞིའོ། །དམིགས་པ་ནི་དམིགས་པ་བཞིའོ། །ངོ་བོ་ཉིད་ནི་འཕགས་པའི་བདེན་པ་བཞི་ཤེས་པའོ། །དེའི་ཡན་ལག་ནི་འཕགས་པའི་བདེན་པ་བཞི་ཤེས་པ་དེའི་ཡན་ལག་བརྒྱད་དེ། སྦྱོར་བའི་ཡན་ལག་དང་། རྣམ་

པའི་ཡན་ལག་དང་། ཡིད་ལ་བྱེད་པའི་ཡན་ལག་དང་། མི་མཐུན་པའི་ཕྱོགས་ཀྱི་ཡན་ལག་དང་། གཉེན་པོའི་ཡན་ལག་དང་། གཉེན་པོའི་གནས་ཀྱི་ཡན་ལག་དང་། གཉེན་པོའི་བསྒོམ་པ་ལས་མི་ཉམས་པའི་ཐབས་ཀྱི་ཡན་ལག་སྟེ་དངོས་པོ་གཅིག་དང་། བཞི་དང་། རེ་རེ་དང་། གོ་

རིམས་བཞིན་ནོ། །དེ་ལ་རེ་ཞིག་ས་གང་ན་སེམས་གནས་པའི་ས་པའི་དངོས་པོ་དེ་ཡོད་ཅེ་ན། དེའི་ཕྱིར་ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ་ཞེས་བྱ་བ་གསུངས་ཏེ། ས་ནི་བསམ་གཏན་བཞི་པོ་དག་སྟེ། དེ་དག་ནི་སེམས་གནས་པའི་དངོས་པོ་དེ་ཡོད་དོ་ཞེས་བྱ་བར་སྦྱར་རོ། །དེ་ནི་

མཚོན་པ་ཙམ་དུ་ཟད་ཀྱི་འདོད་པའི་ཁམས་དང་མི་ལྕོགས་པ་མེད་པ་དང་ཉེར་བསྡོགས་རྣམས་དང་གཟུགས་མེད་པ་བཞིན་ཡང་སེམས་གནས་པའི་དངོས་པོ་དེ་ཡོད་པར་རིག་པར་བྱའོ། །དེ་ལ་བསམ་གཏན་བཞི་གང་ཞེ་ན། དེ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་

རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་དང་། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་

པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་

རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་དང་། དེ་བདེ་བ་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུས་པས་བདེ་

เล่ม ๒๐๖ · หน้า 101a

བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའོ། །དེ་ལ་བསམ་གཏན་དང་པོའི་སྐབས་ན་འདོད་པ་དག་ཅེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པའི་འདོད་

པ་དང་། དངོས་པོའི་འདོད་པའོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ཡང་རྣམ་པ་གཉིས་ཏེ། མཚུངས་པར་ལྡན་པའི་དབེན་པ་དང་། དམིགས་པའི་དབེན་པའོ། །སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནི་འདོད་པའི་རྒྱུ་ལས་བྱུང་བ་ཉེ་བའི་ཉོན་མོངས་

པ་མི་དགེ་བའི་ཆོས་འདི་ལྟ་སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དང་། མཚོན་འབྱིན་པ་དང་། དབྱིག་པ་འབྱིན་པ་དང་། འཐབ་མོ་དང་མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་དང་། གཡོ་བྱེད་པ་དང་།

སླུ་བ་དང་། སྙིང་རྗེ་མེད་པ་དང་། བརྫུན་དུ་སྨྲ་བ་དང་། ཀུན་འབྱུང་བ་གང་ཡིན་པ་དག་སྟེ། དེ་དག་སྤང་བའི་ཕྱིར་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་འདོད་པ་དག་ལས་དབེན་པ་ཞེས་གསུངས་ནས་སྡིག་པ་མི་དགེ་བའི་ཆོས་རྣམས་

ལས་དབེན་པ་ཞེས་གསུངས་ཤེ་ན། འདོད་པ་རྣམས་ཀྱི་རང་གི་མཚན་ཉིད་བསྟན་པའི་ཕྱིར་འདོད་པ་དག་ཅེས་གསུངས་ལ། འདོད་པ་རྣམས་ཀྱི་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་གསུངས་སོ། །དེ་ལ་ཉེས་དམིགས་ཀྱི་མཚན་ཉིད་ནི་

འདི་ཡིན་ཏེ། འདོད་པ་རྣམས་ཀྱི་ཉེས་པར་སྤྱོད་པ་ཀུན་ནས་བསླངས་ནས་འོག་ཏུ་ལྟུང་བར་བྱེད་པའི་ཕྱིར་སྡིག་པ་ཡིན་ནོ། །དགེ་བ་སྐྱེ་བ་དང་མི་མཐུན་པའི་ཕྱིར་མི་དགེ་བ་ཡིན་ནོ། །རྣམ་གྲངས་གཞན་ཡང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་དང་།

སྔོན་བསགས་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་ཁྱིམ་ན་གནས་པ་རྣམས་ཀྱི་དངོས་པོ་ལ་ཡོངས་སུ་ལོངས་སྤྱོད་པའི་སྒོ་

เล่ม ๒๐๖ · หน้า 101b

ནས་འདོད་པ་སྤང་བར་ཡོངས་སུ་བསྟན་པའི་ཕྱིར་དང་། རབ་ཏུ་བྱུང་བ་རྣམས་ཀྱི་རྣམ་པར་རྟོག་པའི་སྒོ་ནས་དེ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་འདོད་པའི་རྣམ་

པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར་དང་། གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྤང་བ་ཡོངས་སུ་བསྟན་པའི་ཕྱིར། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་གསུངས་སོ། །རྣམ་གྲངས་གཞན་ཡང་ཕྱི་རོལ་པའི་དྲང་སྲོང་

རྣམས་འཁོར་བ་ཐོབ་པའི་རྟགས་མངོན་དུ་བསྟན་པའི་ཕྱིར་དང་། དེ་དག་བསམ་གཏན་ལས་ཡོངས་སུ་ཉམས་པ་རྣམས་ཀྱི་དམོད་པ་འདོར་བ་ཡོངས་སུ་བསྟན་པའི་ཕྱིར། འདོད་པ་དག་དང་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་གསུངས་སོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་

པ་ཞེས་བྱ་བ་ནི་རྟོག་པ་དང་དཔྱོད་པ་དག་ལས་སྐྱོན་དུ་མི་ལྟ་བའི་ཕྱིར། འདོད་པའི་གཉེན་པོས་རང་གི་སའི་རྟོག་པ་དང་དཔྱོད་པ་དགེ་བ་དག་དང་ལྡན་པས་ན་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ཞེས་གསུངས་སོ། །དབེན་པ་ལས་ཞེས་བྱ་བ་ནི་འདོད་པ་ལས་དབེན་པ་སྦྱོར་བ་མཐར་

ཐུག་པའི་ཡིད་ལ་བྱེད་པ་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་སྐྱེས་པར་བྱ་སྟེ། དེའི་ཕྱིར་དབེན་པ་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་

ལྟ་བའི་ཕྱིར་དང་གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པས་ན་དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་ཞེས་བྱ་བ་ནི་དམིགས་པ་ལ་ཡང་དག་པར་ཉེ་བར་གཏོད་པ་དང་དྲན་པ་རྩེ་གཅིག་ཏུ་འདོད་པའི་ཕྱིར་བསམ་གཏན་

ཞེས་བྱའོ། །དང་པོ་ཞེས་བྱ་བ་ནི་དང་པོའི་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམས་བཞིན་དུ་བགྲང་བའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་བསྒྲུབས་ཏེ་ཞེས་བྱ་བའོ། །གནས་སོ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་

เล่ม ๒๐๖ · หน้า 102a

ལན་མང་དུ་བསྒྲུབས་པས་ཅི་འདོད་པ་བཞིན་ཐོབ་པ་དང་དཀའ་བ་མེད་པར་ཐོབ་པ་དང་ཚེགས་མེད་པར་ཐོབ་པའི་ཕྱིར་བསམ་གཏན་གྱི་སྙོམས་པར་འཇུག་པ་དེས་མཚན་མོ་དང་ཉིན་མོ་དང་ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་ཀྱི་བར་དུ་འདའ་བར་བྱེད་

པས་ན་གནས་སོ་ཞེས་བྱ་བ་གསུངས་པས་སོ། །བསམ་གཏན་གཉིས་པའི་སྐབས་ནས་དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་ནི། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལས་སེམས་རྣམ་པར་བཟློག་ནས་རྟོག་པ་

མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལ་ལེགས་པར་གཏོད་ཅིང་། དམིགས་པ་མི་རྟག་པར་དཔྱོད་པ་ལས་རྣམ་པར་ཕྲལ་ཏེ། དམིགས་པ་ལ་བརྟན་པར་དཔྱོད་པ་ལ་དང་གཅིག་གིས་སེམས་ཞི་བ་དང་དང་བར་འཇུག་པར་བྱེད་ཅིང་རྣམ་པར་འཇོག་པར་བྱེད་

པས་ན། དེའི་ཕྱིར་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་གསུངས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བས་ནི་དེ་བསྒོམ་པ་གོམས་པར་བྱ་བའི་ཕྱིར་རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་བར་དུ་

གཅོད་པའི་སྐབས་སུ་ཆད་པའི་གནས་སྐབས་ལས་ཡང་དག་པར་འདས་ཏེ། བར་དུ་གཅོད་པ་མེད་པ་དང་སྐབས་སུ་འཆད་པ་མེད་པའི་གནས་སྐབས་ཐོབ་པས་ན་དེའི་ཕྱིར་རྒྱུད་གཅིག་ཏུ་གྱུར་པས་ཞེས་བྱ་བ་གསུངས་སོ། །རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱ་བ་ནི་རྟོག་པ་དང་

དཔྱོད་པ་དག་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བའི་ཕྱིར་རྟོག་པ་མེད་པ་དཔྱོད་པ་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ཞེས་བྱ་བ་ནི་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལས་སོ། །སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་

པར་སྐྱེས་པ་ལ་བྱ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་གསུངས་སོ། །དགའ་བ་དང་བདེ་བ་ཅན་ཞེས་བྱ་བ་ནི། འདོད་པ་དང་བདེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བ་ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང་ཡིད་བདེ་བ་དང་ལྡན་པའི་ཕྱིར་དང་། བསམ་

เล่ม ๒๐๖ · หน้า 102b

གཏན་དང་པོའི་རྟོག་པ་དང་དཔྱོད་པ་དང་ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དེའི་གཉེན་པོ་སེམས་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པའི་ཕྱིར་དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་

ཞེས་བྱ་བ་ལ། གཉིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་བགྲངས་པའི་ཕྱིར་རོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བསམ་གཏན་གསུམ་པའི་གནས་སྐབས་ནས་དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་ནི་དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར་

ཏེ། དེའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་བྱ་བ་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པ་བསམ་གཏན་གསུམ་པ་ལ་སེམས་གཏོད་པར་བྱེད་པ་དེའི་ཚེ་ན། དེའི་སེམས་ཀུན་དུ་འཁྲུག་པར་བྱེད་པའི་སྐྱོན་རྣམ་པ་གཉིས་སོ། །བསམ་གཏན་

གཉིས་པ་ལ་རྟོག་པ་དང་དཔྱོད་པ་དང་ད་ལྟར་གྱི་དགའ་བ་དག་དང་བྲལ་བས་ན་དེའི་ཕྱིར་བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་དུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ནི་སེམས་རྒྱུན་དུ་བཏང་སྙོམས་སུ་གཞག་པ་ལ་གེགས་བྱེད་པ་ཡིན་པས་ན་སེམས་ཀུན་དུ་

འཁྲུག་པར་བྱེད་པ་ཞེས་བྱའོ། །དེ་ལ་བསམ་གཏན་དང་པོ་ལ་ནི་རྟོག་པ་དང་དཔྱོད་པ་ཡོད་པས་དེས་ན་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་རོ། །བསམ་གཏན་གཉིས་པ་ལ་ནི་དགའ་བ་ཡོད་པས་དེས་ན་དེར་ཡང་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟ་བས་ན་བསམ་གཏན་དང་པོ་དང་

བསམ་གཏན་གཉིས་པ་དེ་དག་ལ་བཏང་སྙོམས་ཤས་ཆེར་མེད་པས། དེའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་པ་དེ་ནི་བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བས་ནི་བཏང་སྙོམས་ལ་གནས་པ་ན་ཇི་ལྟ་ཇི་ལྟར་

དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ་གནས་པ་མེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལ་ལེགས་པར་གོམས་པར་མ་བྱས་པར་བརྗེད་ངས་པའི་ཕྱིར་བརྒྱ་ལམ་བརྒྱ་ལམ་ན་དགའ་བ་དང་ལྡན་

เล่ม ๒๐๖ · หน้า 103a

པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་དུ་འབྱུང་བར་བྱེད་ན་མྱུར་བ་མྱུར་བ་ཁོ་ནར་དེ་དག་ལ་ཤེས་རབ་ཀྱིས་སོ་སོར་རྟོགས་པར་བྱེད་ལེགས་པར་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་འབྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད། སེལ་བར་བྱེད་བྱང་བར་བྱེད་ཅིང་

སེམས་བཏང་སྙོམས་སུ་བྱེད་པས་ན་དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་དེ་དེའི་ཚེ་ན་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན་དེའི་ཕྱིར་

བདེ་བ་ལུས་ཀྱིས་མྱོང་ཞེས་བྱ་བ་གསུངས་སོ། །འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་ཞེས་བྱ་བ་ནི། བསམ་གཏན་གསུམ་པའི་འོག་མ་དག་ལ་ནི་བདེ་བ་དེ་ལྟ་བུ་ཡང་མེད་ལ། བསམ་གཏན་གསུམ་པའི་

གོང་མ་དག་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་ཡང་མེད་དེ། དེ་ལྟར་འོག་མ་དག་ལ་བདེ་བ་དང་བཏང་སྙོམས་པ་དང་གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་བསམ་གཏན་གསུམ་པ་འདི་ནི་དེ་དག་གི་གནས་ཡིན་པས་ན་འཕགས་པ་རྣམས་ཀྱང་དེ་ལ་དམིགས་ཏེ་གནས་པའི་གང་

ཟག་ཡིན་པ་དེ་ནི་དབང་དུ་མཛད་ནས་གང་དེས་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དེ། འཕགས་པ་རྣམས་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པ་ཞེས་བྱ་བ་དེ་ལྟར་བཏང་སྙོམས་ལ་གནས་ཏེ་དེས་

དེའི་ཚེ་དྲན་པ་དང་ཤེས་བཞིན་དང་ཀུན་དུ་བརྟེན་ཞིང་གོམས་པར་བྱས། ལན་མང་དུ་བྱས་པའི་རྒྱུས་དགའ་བ་དང་ལྡན་པའི་ཚོར་བ་སེམས་དགའ་བར་བྱེད་པ་དེ་སྤོང་བར་བྱེད་ཅིང་དགའ་བའི་གཉེན་པོ་དགའ་བ་མེད་པ་ཞི་བ་དང་རབ་ཏུ་ཞི་བའི་ཚོར་བ་སེམས་པ་སྐྱེ་བར་འགྱུར་བས་ན་

དེའི་ཕྱིར་དགའ་བ་མེད་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བསམ་གཏན་བཞི་པའི་སྐབས་ནས་དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བའི་གཉེན་པོ་རིགས་འདྲ་བའི་ཕྱིར་སྤོང་བའི་གཉེན་པོ་མ་བསྟན་

เล่ม ๒๐๖ · หน้า 103b

པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བསྟན་ཏེ། དེའི་གཉེན་པོ་ཡང་གང་ཞེ་ན། འདི་ལྟ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནོ། །དེ་ལ་བརྟེན་ཞིང་གོམས་པར་བྱས་ལན་མང་དུ་བྱས་པས་བསམ་གཏན་གསུམ་པའི་ལས་བསྐྱེད་ཅིང་བསམ་གཏན་

གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེ་སྤོང་བར་བྱེད་པས་ན་དེའི་ཕྱིར་དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི། དེའི་ཚེ་ན་བསམ་གཏན་པ་དེས་བདེ་བ་དང་སྡུག་བསྔལ་ལས་ཡང་དག་

པར་འདས་པ་རྗེས་སུ་ཐོབ་པ་དེས་སྔོན་སྤངས་པ་གང་ཡིན་པ་དང་། ད་ལྟར་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པས་ན། དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་

ལ་སྙོམས་པར་འཇུག་པའི་ཚེ་ན་ནི་བདེ་བ་སྤངས་སོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་པོ། །བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་

ཡིད་མི་བདེ་བ་ནུབ་པོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་བྱ་བ་ནི་དེས་རེ་ཞིག་བདེ་བ་དང་སྡུག་བསྔལ་སྤང་བའི་ཕྱིར་དེ་ལ་ལྷག་མའི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཉི་ཚེ་ཡོད་པས་ན་དེའི་ཕྱིར་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་

ཞེས་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་ནི་དེས་དེའི་ཚེ་ན་བསམ་གཏན་དང་པོ་ཡན་ཆད་ཀྱི་ས་འོག་མའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་དབུགས་རྔུབ་པ་དང་དབུགས་དབྱུང་བ་ཐམས་ཅད་སྤངས་པར་གྱུར་ཅིང་། དེ་

དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང་དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དེའི་སེམས་དེ་མི་གཡོ་བར་གནས་ཤིང་གཡོ་བ་ཐམས་ཅད་དང་བྲལ་བས་ན་དེའི་ཕྱིར་བཏང་སྙོམས་

เล่ม ๒๐๖ · หน้า 104a

དང་དྲན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་སོ། །བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །བསམ་གཏན་བཞི་པོ་དེ་དག་ནི་རྣམ་པ་བཞིས་རིག་པར་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་

དང་། རྣམ་པར་གཞག་པ་དང་། རྣམ་པར་དག་པས་སོ། །དེ་ལ་ཀུན་ནས་ཉོན་མོངས་པས་ཇི་ལྟར་རིག་པར་བྱ་ཞེ་ན། ལུང་དུ་མ་བསྟན་པའི་རྩ་བ་བཞི་པོ་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་སྟེ། སྲེད་པས་ནི་ཀུན་ནས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་སོ། །

ལྟ་བས་ནི་ལྟ་བའི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །ང་རྒྱལ་གྱིས་ནི་ང་རྒྱལ་གྱི་ཤས་ཆེ་བའི་བསམ་གཏན་པ་ཉིད་ཀྱིས་ཀུན་ནས་ཉོན་མོངས་སོ། །མ་རིག་པས་ནི་ཐེ་ཚོམ་གྱི་ཤས་ཆེ་བའི་བསམ་གཏན་ཉིད་ཀྱིས་ཉོན་མོངས་ཏེ། དེ་ལྟར་སེམས་ཀུན་ནས་

ཉོན་མོངས་པ་དག་ལ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་བྱུང་བ་ན་དེའི་ཕྱིར་དེས་ནི་ཀུན་ནས་ཉོན་མོངས་པ་བསྟན་ཏོ། །རྣམ་པར་བྱང་བས་ཇི་ལྟར་རིག་པར་བྱ་ཞེ་ན། དག་པའི་བསམ་གཏན་ནི་དགེ་བའི་ཕྱིར་རྣམ་པར་བྱང་བ་ཞེས་བྱ་སྟེ། དེའི་ཕྱིར་དེས་

ནི་རྣམ་པར་བྱང་བ་བསྟན་ཏོ། །རྣམ་པར་གཞག་པས་ཇི་ལྟར་རིག་པར་བྱ་ཞེ་ན། དེ་ནི་རྣམ་པ་བཞི་སྟེ། གྲངས་དང་མི་མཐུན་པའི་ཕྱོགས་དང་། ཡན་ལག་རྣམ་པར་གཞག་པ་དང་། སྙོམས་པར་འཇུག་པ་རྣམ་པར་གཞག་པ་དང་། ཚད་རྣམ་པར་གཞག་པ་དང་། མིང་དུ་

གདགས་པ་རྣམ་པར་གཞག་པའོ། །དེ་ལ་གྲངས་རྣམ་པར་གཞག་པ་ནི་ཅིའི་ཕྱིར་བསམ་གཏན་བཞི་པོ་ཁོ་ནར་ཟད་དེ་ཆེས་མང་བ་ཡང་མ་ཡིན་ལ་ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་ཏེ། འདི་ལྟར་བསམ་གཏན་

དང་པོ་ནས་མཐར་གྱིས་བཞི་པའི་བར་དུ་བདེ་བ་དང་། སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་ནི་བསམ་གཏན་དང་པོའི་མི་མཐུན་པའི་ཕྱོགས་གང་ཞེ་ན་ལྔ་སྟེ། འདོད་པའི་འདོད་ཆགས་དང་གནོད་སེམས་

เล่ม ๒๐๖ · หน้า 104b

དང་། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དང་། ཡིད་མི་བདེ་བ་དང་། འཆལ་བའི་ཚུལ་ཁྲིམས་དང་། རྣམ་པར་གཡེང་བའོ། །བསམ་གཏན་གཉིས་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། དེ་ཡང་ལྔ་སྟེ། བསམ་གཏན་དང་པོའི་འདོད་ཆགས་དང་། རྟོག་པ་དང་དཔྱོད་པ་དང་། སྡུག་

བསྔལ་དང་། རྒོད་པ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །བསམ་གཏན་གསུམ་པའི་མི་མཐུན་པའི་ཕྱོགས་གང་ཞེ་ན། བཞི་སྟེ། བསམ་གཏན་གཉིས་པའི་འདོད་ཆགས་དང་། ཡིད་བདེ་བ་དང་། དགའ་བ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །བསམ་གཏན་བཞི་པའི་

མི་མཐུན་པའི་ཕྱོགས་གང་ཞེ་ན། དེ་ཡང་ལྔ་སྟེ། དབུགས་རྔུབ་པ་དང་། དབུགས་དབྱུང་བ་དང་། བསམ་གཏན་གསུམ་པའི་འདོད་ཆགས་དང་། བདེ་བ་ལ་སོགས་པ་དང་། ཏིང་ངེ་འཛིན་མ་རྫོགས་པའོ། །ཡན་ལག་རྣམ་པར་གཞག་པ་ནི་བསམ་གཏན་དང་པོའི་

ཡན་ལག་དུ་ཞེ་ན། ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་གཉིས་པའི་ཡན་ལག་དུ་ཞེ་ན། བཞི་སྟེ། ནང་ཡོངས་སུ་དང་བ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་

གཏན་གསུམ་པའི་ཡན་ལག་དུ་ཞེ་ན། དེ་ཡང་ལྔ་སྟེ། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བསམ་གཏན་བཞི་པའི་ཡན་ལག་དུ་ཞེ་ན། དེ་ཡང་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་

སུ་དག་པ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། སེམས་རྩེ་གཅིག་པ་ཉིད་དོ། །ཅིའི་ཕྱིར་བསམ་གཏན་བཞི་པོ་དེ་དག་ཡན་ལག་ལྔ་པ་དང་བཞི་པར་རྣམ་པར་གཞག་ཅེ་ན། གནས་པའི་རྟེན་དང་གནས་པ་ལ་ཕན་པ་དང་གནས་པའི་ངོ་བོ་ཉིད་

ཡིན་པའི་ཕྱིར་ཏེ། དེ་ལ་བསམ་གཏན་དང་པོའི་ཡན་ལག་ལྔ་ལས་རྟོག་པ་དང་། དཔྱོད་པ་དང་། བསམ་གཏན་གཉིས་པའི་ཡན་ལག་བཞི་ལས་ནང་ཡོངས་སུ་དང་བ་དང་། བསམ་གཏན་གསུམ་པའི་ཡན་ལག་ལྔ་ལས་དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་།

เล่ม ๒๐๖ · หน้า 105a

བསམ་གཏན་བཞི་པའི་ཡན་ལག་བཞི་ལས་བཏང་སྙོམས་དག་པ་དང་དྲན་པ་ཡོངས་སུ་དག་པ་ནི་བསམ་གཏན་བཞི་པོ་རང་རང་གི་གནས་པའི་རྟེན་ཡིན་ནོ། །བསམ་གཏན་དང་པོའི་དགའ་བ་དང་བདེ་བ་དང་། གཉིས་པའི་དགའ་བ་དང་བདེ་བ་དང་། གསུམ་

པའི་བདེ་བ་དང་། བཞི་པའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་རང་རང་གི་གནས་པ་ལ་ཕན་པ་ཡིན་ནོ། །བསམ་གཏན་བཞི་པར་སེམས་རྩེ་གཅིག་པ་བཞི་ནི་རང་རང་གི་གནས་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །རྣམ་གྲངས་གཞན་ཡང་དམིགས་པ་

ཡིད་ལ་བྱེད་པ་དང་། དམིགས་པ་ཡོངས་སུ་སྤྱོད་པ་དང་། དམིགས་པ་ལ་མི་འཕྲོ་བའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་ཕན་འདོགས་པའི་རྟེན་དང་། ལྷག་པའི་སེམས་ཀྱི་རྟེན་དང་། ལྷག་པའི་ཤེས་རབ་ཀྱི་རྟེན་ཡིན་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་མི་མཐུན་པའི་

ཕྱོགས་ཉེ་བའི་ཉོན་མོངས་པ་ཅན་མི་གནས་པ་རྣམ་པ་གསུམ་པོ་ཉོན་མོངས་པ་ཅན་གྱི་གནས་པ་དང་། སྡུག་བསྔལ་བའི་གནས་པ་དང་། ཀུན་དུ་རྨོངས་པའི་གནས་པའི་གཉེན་པོའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་བསམ་གཏན་པ་རྣམས་ཀྱི་འདོད་པ་ལ་ལོངས་སྤྱོད་

པ་དང་ཆོས་མཐུན་པ་ཡིན་པར་ལྟ་བར་བྱེད་དོ། །འདོད་པ་ལ་ལོངས་སྤྱོད་པ་རྣམས་ཀྱི་ཡང་དག་པར་བྱ་བ་ནི་གསུམ་པོ་འདི་དག་ཡིན་ཏེ། ལོངས་སྤྱོད་ལེགས་པར་ཡོངས་སུ་ཚོལ་བ་དང་། ཡོངས་སུ་བཙལ་བ་རྣམས་ལ་ལེགས་པར་ལོངས་སྤྱོད་པ་དང་། དེ་ལ་དབང་སྒྱུར་

བ་ལ་རང་དབང་ཡོད་པའོ། །དེ་བཞིན་དུ་བསམ་གཏན་པ་རྣམས་ཀྱི་ཡན་ལག་ཀྱང་ལེགས་པར་བྱ་བ་གསུམ་ལ་བརྟེན་ནས་རྣམ་པར་གཞག་གོ། །རྣམ་གྲངས་གཞན་ཡང་བསམ་གཏན་པ་རྣམས་ཀྱི་ཡན་ལག་ནི་དཀའ་ཐུབ་དྲག་པོའི་གཉེན་པོ་རྣམ་པ་གསུམ་དུ་རྣམ་པར་གཞག་སྟེ།

གཉེན་པོ་མ་ཡིན་པའི་གཉེན་པོ་དང་། ལུས་དང་སེམས་ལ་གནོད་པའི་གཉེན་པོ་དང་། སེམས་ཕྱི་རོལ་དུ་འཕྲོ་བ་ཉེ་བར་མ་ཞི་བའི་གཉེན་པོའོ། །རྣམ་གྲངས་དེ་དག་ལ་བསམ་གཏན་བཞི་པོ་དང་། ངག་གི་ཡན་ལག་ལྔ་དང་བཞི་དུམ་བུ་གསུམ་གསུམ་དུ་བཅད་པའི་ཚུལ་ནི་སྔ་མ་

เล่ม ๒๐๖ · หน้า 105b

བཞིན་དུ་རིག་པར་བྱའོ། །སྙོམས་པར་འཇུག་པའི་རྣམ་པར་གཞག་པ་ནི་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པ་སྟེ། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་།

དཔྱོད་པའི་ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་དག་གིས་སོ། །དེ་ལ་བསམ་གཏན་དང་པོ་ལ་ཡིད་ལ་བྱེད་པ་བདུན་གྱིས་ཇི་ལྟར་སྙོམས་པར་འཇུག་ཅེ་ན།

མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང་། བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པ་དེ་ནི་དེའི་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ཡིན་ཏེ། དེ་ནི་ཐོབ་པ་དང་བཅས་པ་དང་འདྲེས་པ་ཡིན་པར་

རིག་པར་བྱའོ། །དེས་དེ་ལྟར་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དང་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་ནས། བསམ་གཏན་དང་པོ་ལ་ཡོངས་སུ་ཚོལ་བ་དང་རགས་པ་ཞི་བའི་མཚན་ཉིད་ཇི་ལྟ་བ་བཞིན་གྱི་ཐོས་པ་དང་བསམ་པ་ལས་ཡང་དག་པར་འདས་

ནས་གཅིག་ཏུ་བསྒོམ་པའི་རྣམ་པས་མོས་པར་བྱེད་ཅིང་། མཚན་མ་དེ་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་དེ། སྒོམ་པར་བྱེད་པས་ན་ཇི་ལྟར་ཡོངས་སུ་ཚོལ་བ་དང་རགས་པ། ཞི་བའི་མཚན་ཉིད་དེ་དག་ལ་ཡང་དང་ཡང་དུ་ཞི་བར་བྱེད་པ་དེ་ནི་དེའི་མོས་

པ་ལས་བྱུང་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ཀུན་དུ་བསྟེན་ཞིང་གོམས་པར་བྱས་པ་ལན་མང་དུ་བྱས་པའི་རྒྱུས་དང་པོ་ཁོ་ན་ཉོན་མོངས་པ་ཆེན་པོ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང་། ལམ་དེ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་ནི་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་

དང་པོར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་པ་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་དེའི་འོག་ཏུ་སྤོང་བ་ལ་དགའ་བ་དང་། རབ་ཏུ་དབེན་པ་ལ་དགའ་བར་འགྱུར་ཞིང་སྤོང་བ་དེ་ལ་ཕན་ཡོན་དུ་མཐོང་བ་དང་། རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བ་དང་

เล่ม ๒๐๖ · หน้า 106a

བདེ་བ་ཆུང་ངུ་ལ་རེག་ནས་འདི་ལྟ་སྟེ། རྨུགས་པ་དང་གཉིད་དང་རྒོད་པ་སྤང་བའི་ཕྱིར་དུས་སུ་རབ་ཏུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་ཀུན་དུ་སྐྱོ་བར་འགྱུར་བའི་ཡིད་ལ་བྱེད་པས་ཀུན་དུ་སྐྱོ་བར་བྱེད་པ་དེ་ནི་དེའི་དགའ་བ་

སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟར་སྤོང་བའི་དགའ་བ་དང་བསྒོམ་པའི་དགའ་བ་ལ་ཡང་དག་པར་རབ་ཏུ་བརྩོན་པ་ན་རྒྱུའམ་གནས་ཀྱང་རུང་སྟེ། དེ་ལ་དགེ་བའི་ཕྱོགས་ལ་སྦྱོར་བ་ལ་གེགས་བྱེད་པར་འདོད་པ་དང་ལྡན་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཀུན་དུ་

འབྱུང་བར་མི་འགྱུར་བ་ན་དེ་འདི་སྙམ་དུ་སེམས་ཏེ། ཅི་བདག་ལ་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་ཡིན་བཞིན་དུ་མི་མྱོང་ངམ་འོན་ཏེ་མེད་པས་མི་མྱོང་སྙམ་དུ་སེམས་ཏེ། དེ་ཡོངས་སུ་དཔྱོད་པར་འདོད་པས་རབ་ཏུ་དང་བར་འགྱུར་བའི་མཚན་མ་སྡུ་གུ་གང་ཡང་རུང་བ་ཡིད་ལ་བྱེད་

དེ་དེའི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བའི་ཕྱིར་མཚན་མ་དེ་ཡིད་ལ་བྱེད་པ་ན་བསྟེན་པ་ལ་གཞོལ་བ་དང་། འབབ་པ་དང་བབ་པའི་སེམས་འབྱུང་བར་འགྱུར་ཞིང་བཏང་སྙོམས་སུ་མི་གནས་ལ། ཡིད་བྱུང་བ་དང་སྨོད་པ་དང་ཕྱིར་ལྡོག་པ་དང་། མི་མཐུན་པར་མི་

གནས་ན་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ནི་འདི་ལྟ་སྟེ། འདོད་པ་རྣམས་ལས་ཡང་དག་པར་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་མ་ཡིན་ནོ་སྙམ་ནས། དེ་བག་ལ་ཉལ་དེའི་ལྷག་མ་ལུས་པ་རྒྱ་ཆེར་སྤང་བའི་ཕྱིར་བདག་གི་སེམས་མངོན་པར་འདུ་བྱེད་པས་མངོན་

པར་ཟིན་པ་དང་ཆུ་བཞིན་དུ་བཅུས་པ་དང་། ཆོས་ཉིད་ཀྱིས་མངོན་པར་ཟིན་པ་དེས་སྤོང་བ་ཅི་ལ་དགའ་བ་དང་། བསྒོམ་པ་ལ་དགའ་བ་ལ་རྒྱ་ཆེར་གནས་པར་བྱའོ་སྙམ་པ་དེ་ནི་དེའི་དཔྱོད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་དེ་ལྟར་སྤོང་བ་ལ་དགའ་བ་དང་བསྒོམ་པ་ལ་དགའ་

ལ་རྒྱ་ཆེར་གནས་ཤིང་ཞི་གནས་དང་། ལྷག་མཐོང་བསྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན་ཡང་དང་ཡང་དུ་དཔྱོད་པར་བྱེད་ཅིང་དེའི་གཉེན་པོ་སྒོམ་པར་བྱེད་དེ། དུས་དུས་སུ་སྤངས་པ་དང་མ་སྤངས་པ་གཉིས་ལ་དཔྱོད་པར་བྱེད་པ་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་

เล่ม ๒๐๖ · หน้า 106b

ཐམས་ཅད་ལས་རེ་ཞིག་ཙམ་གྱི་ཚུལ་གྱིས་སེམས་འབྲལ་བར་བྱེད་ཅིང་། ས་བོན་གཏན་བཅོམ་པ་མ་ཡིན་ལ་དེའི་ཚེ་ན་བསམ་གཏན་དང་པོ་ལ་སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཡིད་ལ་བྱེད་པ་གང་ཡིན་པ་སྐྱེས་པ་དེ་ནི་དེའི་སྦྱོར་

བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མཇུག་ཐོགས་ཁོ་ནར་རྒྱུ་དེ་དང་རྐྱེན་དེས་བསམ་གཏན་དང་པོའི་དངོས་གཞི་ལ་སྙོམས་པར་འཇུག་ཅིང་། བསམ་གཏན་གྱི་དངོས་གཞི་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེས་པ་དེ་ནི་དེའི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་

བྱའོ། །དེ་ལ་རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པའི་ཚེ་ན་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་ཡོངས་སུ་ཚིམ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་སྐྱེས་པར་འགྱུར་བའི་ཚེ་ན་ནི་ལན་འགའ་ནི་བདེ་བའི་དངོས་པོ་ཆུང་ངུའི་

ཚུལ་གྱིས་ཁྱབ་པར་བྱེད་དོ། །ལན་འགའ་ལན་འགའ་ནི་བདེ་བའི་དངོས་པོ་ཤིན་ཏུ་མང་པོ་དང་ཤིན་ཏུ་རྒྱ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པའི་ཚེ་ན་ནི་འདི་ལྟ་སྟེ་ལུས་ཐམས་ཅད་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ཁྱབ་པ་

དང་ཁྱབ་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཚེ་ན་ནི་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོའི་ཡན་ལག་ལྔས་བསྒྲུབས་ཏེ་གནས་པ་

དང་། འདོད་པ་ན་སྤྱོད་པའི་གཉེན་པོའི་ལམ་བསྒོམས་པའི་འབྲས་བུ་ལ་གནས་པ་དང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱའོ། །ཇི་ལྟར་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུམ་

པ་དང་བཞི་པ་དང་གཟུགས་མེད་པ་རྣམས་ལ་ཡང་ཡིད་ལ་བྱེད་པ་བདུན་གྱིས་སྙོམས་པར་འཇུག་པར་ཅི་རིགས་པར་རིག་པར་བྱ་སྟེ། དེ་ལ་ཡང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་གང་ཡིན་པ་དེ་ཡང་ཡོངས་སུ་ཤེས་པར་བྱེད་ཐོབ་པར་བྱ་བ་གང་ཡིན་པ་དེ་ཡང་

เล่ม ๒๐๖ · หน้า 107a

ཡོངས་སུ་ཤེས་པར་བྱེད་ཅིང་། སྤང་བར་བྱ་བ་སྤང་བ་དང་། ཐོབ་པར་བྱ་བ་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་ཡང་བྱེད་དོ། །མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བ་སྤང་ཞིང་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བ་རྩོམ་

པར་བྱེད་དོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོ་སྤོང་བར་བྱེད་དོ། །དགའ་བ་སྡུད་པར་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་སྤོང་བར་བྱེད་དོ། །དཔྱོད་པའི་ཡིད་ལ་བྱེད་པས་ནི་ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པས་སེམས་འཇོག་པར་བྱེད་དོ། །སྦྱོར་

བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པས་ནི་ཡིད་ལ་བྱེད་པའི་རྣམ་པ་དེ་དག་བསྒོམས་པའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །གཞན་ཡང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་

བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སུན་འབྱིན་པའི་གཉེན་པོ་དང་ལྡན་ཏེ་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་སྟེ།

གཉེན་པོ་ཡིད་ལ་བྱེད་པ་ཡིན་ནོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཀུན་འཛིན་པ་གཉེན་པོ་དང་ལྡན་པ་སྟེ། དང་བར་གྱུར་པའི་ཡིད་ལ་བྱེད་པ་ཡིན་ནོ། །དཔྱོད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཐག་བསྲིངས་པ་གཉེན་པོ་དང་ལྡན་པ་སྟེ། སོ་སོར་རྟོག་པའི་

ཡིད་ལ་བྱེད་པ་ཡིན་ནོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་འབྲས་བུ་ཡིན་ནོ། །ཚད་རྣམ་པར་གཞག་པ་ནི་བསམ་གཏན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡོངས་སུ་བསྒོམས་པའི་འབྲས་བུ་ནི་བསམ་གཏན་དང་པོའི་སྐྱེ་བ་གསུམ་མོ། །

བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པའི་སོ་སོ་སྐྱེ་བོའི་གནས་རྣམ་པ་ཆུང་ངུ་དང་འབྲིང་དང་། ཆེན་པོར་ཡོངས་སུ་བསྒོམས་པའི་འབྱུས་བུ་ནི་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པའི་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་སྐྱེ་བ་གསུམ་མོ། །གནས་གཙང་མ་ལྔ་པོ་

เล่ม ๒๐๖ · หน้า 107b

དག་ཆུང་ངུ་དང་འབྲིང་དང་། ཆེན་པོ་དང་ཤིན་ཏུ་ཆེ་བ་དང་། ཤིན་ཏུ་ཆེས་ཆེ་བར་ཡོངས་སུ་བསྒོམས་པས་གནས་གཙང་མ་ལྔར་རིམ་བཞིན་དུ་སྐྱེ་བ་ལྔའོ། །མིང་དུ་བཏགས་པ་རྣམ་པར་གཞག་པ་ནི་བསམ་གཏན་བཞི་པོ་དག་གིས་བསྡུས་པའི་ཏིང་ངེ་འཛིན་ཇི་སྙེད་ལ་སངས་རྒྱས་དང་

བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་པ་དེ་སྙེད་ཀྱི་མིང་དུ་བཏགས་པ་རྣམ་པར་གཞག་པ་ཡོད་པ་སྟེ། དེའི་ཕྱིར་དེ་དག་གིས་ནི་རྣམ་པར་གཞག་པ་བསྟན་ཏོ། །རྣམ་པར་གཞག་པས་ཇི་ལྟར་རིག་པར་བྱ་ཞེ་ན།

རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་དང་པོ་ནས་བཞི་པའི་བར་དག་གིས་རྣམ་པར་དག་པ་ཞེས་བྱའོ། །དེ་ལྟར་བསམ་གཏན་བཞི་པོ་དེ་དག་ནི་བསམ་གཏན་ཞེས་ཀྱང་བྱ། ཏིང་ངེ་འཛིན་ཞེས་ཀྱང་བྱ། ཞི་གནས་ཞེས་ཀྱང་བྱ། རྩེ་གཅིག་པ་ཞེས་ཀྱང་བྱ། ཚེ་འདི་ལ་བདེ་བར་གནས་པ་ཞེས་ཀྱང་

བྱ་བས་དེའི་ཕྱིར་ཚེ་འདི་ལ་བདེ་བར་གནས་པའི་དངོས་པོ་ཞེས་བྱ་སྟེ། ས་དེ་དག་ན་སེམས་གནས་པའི་དངོས་པོ་དེ་ཡོད་པས་ན་དེས་ནིས་བསྟན་ཏོ། །ས་དེ་དག་ན་སེམས་གནས་པའི་དངོས་པོ་དེ་དམིགས་པ་གང་ལ་དམིགས་ཏེ་སྐྱེ་ཞེ་ན། དེའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་

འདའ་བའི་ཐབས་ཀྱིས་དམིགས་པའི་དངོས་པོ་ཞེས་བྱ་བ་གསུངས་ཏེ། དམིགས་པ་ནི་དམིགས་པ་བཞི་པོ་དག་སྟེ། ས་དེ་དག་ན་དམིགས་པ་དེ་དག་ལ་དམིགས་ནས་སེམས་གནས་པའི་དངོས་པོ་དེ་སྐྱེའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་དམིགས་པ་བཞི་གང་ཞེ་ན། ཁྱབ་པའི་དམིགས་པ་དང་།

སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །དེ་ལ་ཁྱབ་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་བཞི་སྟེ། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་མེད་པའི་གཟུགས་

བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་བསྡུས་པའོ། །སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་གང་ཞེ་ན། དེ་ནི་རྣམ་པ་ལྔ་སྟེ། མི་སྡུག་པ་དང་། བྱམས་པ་དང་། རྐྱེན་འདི་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁམས་རབ་ཏུ་དབྱེ་བ་དང་། དབུགས་རྔུབ་པ་

เล่ม ๒๐๖ · หน้า 108a

དང་། དབུགས་དབྱུང་བ་དྲན་པའོ། །མཁས་པའི་དམིགས་པ་གང་ཞེ་ན། དེ་ཡང་རྣམ་པ་ལྔ་སྟེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་

ཡིན་པ་ལ་མཁས་པའོ། །ཉོན་མོངས་པ་རྣམ་པར་གཅོད་པའི་དམིགས་པ་གང་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའིའོ། །དེ་ལ་འཇིག་རྟེན་པའི་ནི་རྣམ་པ་གཉིས་ཏེ། ས་འོག་མ་རྣམས་ཀྱི་ཞི་བ་ཉིད་གང་ཡིན་པའོ། །འཇིག་རྟེན་ལས་

འདས་པའི་ནི་རྣམ་པ་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པའོ། །དེ་ལྟར་དམིགས་པ་བཞི་པོ་དེ་དག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་ཆགས་དང་བྲལ་བར་གྱུར་པའི་ཐབས་

ཀྱིས་དམིགས་པ་ཡིན་པས་ན། དེའི་ཕྱིར་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འདའ་བའི་ཐབས་ཀྱིས་དམིགས་པའི་དངོས་པོ་ཞེས་བྱའོ། །དེ་དག་ན་སེམས་གནས་པའི་དངོས་པོ་དེ་དམིགས་པ་དེ་དག་ལ་དམིགས་ཏེ་སྐྱེ་བ་ནས། དེས་ནི་དམིགས་པ་བསྟན་ཏོ། །ས་དེ་དག་ན་

དམིགས་པ་དེ་དག་ལ་དམིགས་ཏེ་སྐྱེ་བ་སེམས་གནས་པའི་དངོས་པོ་དེའི་ངོ་བོ་ཉིད་གང་ཞེ་ན། འཕགས་པའི་བདེན་པ་བཞི་ཤེས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པ་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ན་འཕགས་པའི་བདེན་པ་བཞི་ལ་ཞུགས་པ། དེ་ཉིད་ཡང་དག་

པའི་སྤོང་བ་བཞིས་བརྟན་པར་བྱས་པ་དེས་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་བ་གང་ཡིན་པ་དེའི་ངོ་བོ་ཉིད་ནི་འཕགས་པའི་བདེན་པ་བཞི་ཤེས་པ་ཡིན་པས་ན། དེའི་ཕྱིར་སེམས་གནས་པའི་དངོས་པོ་དེའི་ངོ་བོ་ཉིད་ནི་འཕགས་པའི་བདེན་པ་

བཞི་ཤེས་པ་ཡིན་པར་རིག་པར་བྱའོ། །དེ་ལ་འཕགས་པའི་བདེན་པ་བཞི་ཤེས་པ་གང་ཞེ་ན། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་ཤེས་པ་དང་། ལམ་བསྒོམ་པ་ཤེས་པ་སྟེ། དེ་ཡང་ཞི་གནས་དང་ལྷག་མཐོང་གིས་བསྡུས་

เล่ม ๒๐๖ · หน้า 108b

པའི་སེམས་གནས་པའི་དངོས་པོ་དང་། སེམས་གནས་པའི་དངོས་པོ་དེས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད། ཀུན་འབྱུང་སྤོང་བར་བྱེད། འགོག་པ་མངོན་དུ་བྱེད། ལམ་སྒོམ་པར་བྱེད་པས་ན་དེའི་ཕྱིར་དེ་ནི་བདེན་པ་ཤེས་པ་ཞེས་བྱའོ། །དེ་ལ་རེ་ཞིག་ཡོངས་སུ་ཤེས་པར་བྱ་

བའི་དངོས་པོ་སྡུག་བསྔལ་གྱི་བདེན་པ་ཤེས་པའི་ཡོངས་སུ་ཤེས་པའི་དངོས་པོ་བསྟན་པའི་དབང་དུ་མཛད་ནས། དེ་ཡོངས་སུ་ཤེས་པའི་དངོས་པོ་ནི་ཞེས་བྱ་བ་ལ་སོགས་པས་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་སོ་སོར་རིག་པ་དང་། དེ་ལ་གང་ཟག་བདག་མེད་པ་དང་། ཆོས་བདག་མེད་

པར་ཤེས་པའི་ཡོངས་སུ་ཤེས་པའི་དངོས་པོ་རྣམ་པ་གསུམ་སྟོན་ཏོ། །དེ་ལ་ཡོངས་སུ་ཤེས་པའི་དངོས་པོ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་གནས་སྐབས་ཀྱི་ཤེས་པ་གང་གིས་སྡུག་བསྔལ་བདེན་པའི་མཚན་ཉིད་སོ་སོར་རིག་པ་དང་། དེ་ལ་གང་ཟག་བདག་མེད་པ་དང་།

ཆོས་བདག་མེད་པར་ཤེས་པ་བདེན་པ་ཤེས་པའི་ཡོངས་སུ་ཤེས་པ་གང་ཡིན་པ་ཤེས་པ་དེ་ནི་ཡོངས་སུ་ཤེས་པའི་དངོས་པོ་ཞེས་བྱའོ། །དེ་ལ་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་བདེན་པ་འདི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས་བདེན་པ་ཤེས་པའི་

ཡོངས་སུ་ཤེས་པ་དེས་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པས་སོ་སོར་རིག་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་གི་གནས་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། དེས་ནི་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་སོ་སོར་རིག་པ་

བསྟན་ཏོ། །སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་བདེན་པ་དེ་ཉིད་ལ་གང་ཟག་ལ་མིང་དུ་བྱས་ནས་ཕྱི་མར་འབྱུང་བའི་རྒྱུའི་དངོས་པོ་སེམས་ཅན་དུ་འདུ་ཤེས་པ་ལས་

བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བྱ་བ་ཕྱིན་ཅི་ལོག་དང་། འཛིན་པ་ཕྱིན་ཅི་ལོག་དང་། དགའ་བ་ཕྱིན་ཅི་ལོག་དག་གིས་ལོག་པར་སྒྲུབ་པའི་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་པས། བདེན་པ་

เล่ม ๒๐๖ · หน้า 109a

ཤེས་པའི་ཡོངས་སུ་ཤེས་པ་དེས་སྡུག་བསྔལ་གྱི་བདེན་པ་དེ་གང་ཟག་ལ་བདག་མེད་པར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སེམས་ཅན་དུ་འདུ་ཤེས་པ་ལས་བརྩམས་ཏེ་ཕྱི་རོལ་གྱི་སེམས་ཅན་རྣམས་ལ་ལོག་པར་སྒྲུབ་པའི་གནས་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། དེས་

ནི་སྡུག་བསྔལ་གྱི་བདེན་པ་ལ་གང་ཟག་བདག་མེད་པར་བསྟན་ཏོ། །ནང་ལ་མངོན་པའི་ང་རྒྱལ་མེད་པའི་གནས་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི། ནང་གི་བདག་ཉིད་ཀྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་གང་ཟག་མེད་བཞིན་གང་ཟག་ཏུ་བདག་ཏུ་ལྟ་བའི་མངོན་

པའི་ང་རྒྱལ་མེད་ཀྱང་ཆོས་སུ་ཉེ་བར་འདོགས་ཤིང་ཆོས་ལ་བདག་ཏུ་ལྟ་བའི་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཉིད་ཡིན་པས་བདེན་པ་ཤེས་པའི་ཡོངས་སུ་ཤེས་པ་དེས་སྡུག་བསྔལ་གྱི་བདེན་པ་དེ་ལ་ཆོས་བདག་མེད་པར་ཡོངས་སུ་ཤེས་པ་གང་ཡིན་

པ་དེ་ནི་ནང་ལ་མངོན་པའི་ང་རྒྱལ་མེད་པའི་གནས་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། དེས་ནི་སྡུག་བསྔལ་གྱི་བདེན་པ་ལ་ཆོས་བདག་མེད་པར་ཤེས་པ་བསྟན་ཏོ། །དེ་ཡང་རྣམ་པ་གསུམ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་སོ་སོར་རིག་པ་དང་། དེ་ལ་གང་ཟག་བདག་

མེད་པ་དང་། ཆོས་བདག་མེད་པར་ཤེས་པའི་ཡོངས་སུ་ཤེས་པ་རྣམ་པ་གསུམ་པོ་བསྟན་མ་ཐག་པ་ལ་བྱ་སྟེ། དེ་གསུམ་དངོས་པོ་གཅིག་ཏུ་བསྡུའོ། །དེའི་འོག་ཏུ་སྤང་བར་བྱ་བའི་དངོས་པོ་ཀུན་འབྱུང་བའི་བདེན་པ་སྤང་བ་ཤེས་པ་བསྟན་པའི་དབང་དུ་མཛད་ནས། བསྒོམ་པའི་

གནས་ཀྱི་དངོས་པོ་ཞེས་བྱ་བ་གསུངས་ཏེ། བསྒོམ་པའི་ལམ་གྱི་བདེན་པའོ། །དེའི་གནས་ནི་ཀུན་འབྱུང་བའི་བདེན་པ་སྤང་བར་བྱ་སྟེ། དེ་སྤང་བར་བྱ་བ་ལ་གནས་ཤིང་བརྟེན་ནས་ལམ་བསྒོམ་པ་ལ་སྦྱོར་བའི་ཕྱིར་རོ། །དེ་བས་ན་ཀུན་འབྱུང་བའི་བདེན་པ་ནི་སྡུག་བསྔལ་གྱི་

བདེན་པས་བསྡུས་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་ད་དུང་ཀུན་འབྱུང་བའི་བདེན་པ་དང་རྗེས་སུ་འབྲེལ་པའི་ཕྱིར་ཀུན་འབྱུང་བའི་བདེན་པ་དེའི་འོག་ཏུ་སྤང་བར་བྱ་བ་ཡིན་པས། དེའི་ཕྱིར་དེས་ནི་ཀུན་འབྱུང་བ་སྤང་བར་བྱ་བ་ཤེས་པའི་

เล่ม ๒๐๖ · หน้า 109b

དངོས་པོ་བསྟན་ཏོ། །དེའི་འོག་ཏུ་མངོན་སུམ་དུ་བྱ་བའི་དངོས་པོ་འགོག་པའི་བདེན་པ་མངོན་སུམ་དུ་བྱ་བ་ཤེས་པ་བསྟན་པའི་དབང་དུ་མཛད་ནས། མངོན་དུ་བྱ་བའི་དངོས་པོ་ཞེས་བྱ་བ་གསུངས་ཏེ། མངོན་སུམ་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའི་དོན་ཡིན་པས་དེ་མངོན་

དུ་བྱས་ན་འགོག་པ་ལ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པའི་ཕྱིར་འགོག་པའི་བདེན་པ་ནི་དེའི་འོག་ཏུ་མངོན་དུ་བྱ་བ་ཡིན་པས་དེའི་ཕྱིར་དེས་ན་འགོག་པའི་བདེན་པ་མངོན་སུམ་དུ་བྱས་པ་ཤེས་པ་བསྟན་ཏོ། །དེའི་འོག་ཏུ་བསྒོམ་པར་བྱ་བའི་དངོས་པོ་ལམ་གྱི་བདེན་པ་བསྒོམ་པ་

ཤེས་པ་བསྟན་པའི་དབང་དུ་མཛད་ནས། བསྒོམ་པའི་དངོས་པོ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར་ལམ་གོམས་པར་བྱ་དགོས་པས་ན་ལམ་གྱི་བདེན་པ་ནི་དེའི་འོག་ཏུ་བསྒོམ་པར་བྱ་བ་ཡིན་པས་དེའི་ཕྱིར་དེ་ནི་ལམ་གྱི་བདེ་བ་བསྒོམ་པ་ཤེས་པ་

བསྟན་ཏེ། དེ་ལྟར་འཕགས་པའི་བདེན་པ་བཞི་ཤེས་པ་ཇི་སྐད་བསྟན་པ་དེ་དག་གིས་ནི་ས་དེ་དག་ན་དམིགས་པ་དེ་དག་ལ་དམིགས་ཏེ་སྐྱེ་བའི་སེམས་གནས་པའི་དངོས་པོ་དེའི་ངོ་བོ་ཉིད་བསྟན་ཏོ། །དེ་ལྟར་ས་དེ་དག་ན་དམིགས་པ་དེ་དག་ལ་དམིགས་ཏེ་སྐྱེ་བའི་སེམས་གནས་པའི་དངོས་པོ་

འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེའི་ཡན་ལག་གང་ཞེ་ན། དེའི་ཡན་ལག་ནི་འཕགས་པའི་བདེན་པ་བཞི་ཤེས་པའི་ཡན་ལག་རྣམ་པ་བརྒྱད་དེ་སྦྱོར་བའི་ཡན་ལག་དང་། རྣམ་པའི་ཡན་ལག་དང་། དམིགས་པའི་ཡན་ལག་དང་། ཡིད་ལ་བྱེད་པའི་ཡན་ལག་དང་།

མི་མཐུན་པའི་ཕྱོགས་ཀྱི་ཡན་ལག་དང་། གཉེན་པོའི་ཡན་ལག་དང་། གཉེན་པོའི་གནས་ཀྱི་ཡན་ལག་དང་། གཉེན་པོའི་བསྒོམ་པ་ལས་མི་ཉམས་པའི་ཐབས་ཀྱི་ཡན་ལག་སྟེ་དངོས་པོ་རེ་རེ་དང་གོ་རིམས་བཞིན་ནོ། །དེ་ལ་དང་པོ་སྦྱོར་བའི་ཡན་ལག་གང་ཞེ་ན། དེ་སྙིང་པོར་བྱ་བའི་

དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེ་ལ་སྦྱོར་བའི་ཡན་ལག་ནི་དེ་སྙིང་པོར་བྱ་བའི་དངོས་པོ་ཡིན་ནོ། །དེ་ཡང་གུས་པས་སྦྱོར་བའི་སྦྱོར་བ་དང་རྟག་ཏུ་སྦྱོར་བའི་སྦྱོར་བས་དེ་སྙིང་པོར་བྱ་བ་སྟེ། དེ་གུས་པར་སྦྱོར་

เล่ม ๒๐๖ · หน้า 110a

བའི་སྦྱོར་བས་ནི་དེ་ཆུད་མི་ཟ་བར་འགྱུར་ལ། རྟག་ཏུ་སྦྱོར་བའི་སྦྱོར་བས་ནི་དེ་མཐར་ཕྱིན་པར་འགྱུར་བས་ན་དེ་ལྟར་ཆུད་མི་ཟ་བ་དང་། མཐར་ཕྱིན་པའི་སྦྱོར་བས་སེམས་གནས་པའི་དངོས་པོ་དེ་སྙིང་པོར་བྱ་བའི་ཕྱིར་དེས་ནི་སྦྱོར་བའི་ཡན་ལག་བསྟན་ཏོ། །

རྣམ་པའི་ཡན་ལག་གང་ཞེ་ན། དེའི་རྣམ་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེའི་རྣམ་པའི་དངོས་པོ་གང་ཞེ་ན། ཞི་གནས་ཀྱི་རྣམ་པ་དང་། ལྷག་མཐོང་གི་རྣམ་པ་དང་། ཟུང་དུ་འབྲེལ་བའི་རྣམ་པའོ། །དེ་ལ་

ཞི་གནས་ཀྱི་རྣམ་པ་ནི་སེམས་གནས་པ་དགུ་དང་། སྟོབས་དྲུག་དང་། ཡིད་ལ་བྱེད་པ་བཞི་སྔར་བསྟན་པ་དག་གོ། །ཟུང་དུ་འབྲེལ་བའི་རྣམ་པ་ནི་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པའི་སེམས་རྩེ་གཅིག་པ་ཉིད་ཡིད་ལ་བྱེད་པ་གང་ཡིན་པ་

སྟེ། དེ་དག་གིས་ནི་སེམས་གནས་པའི་དངོས་པོ་དེའི་རྣམ་པའི་ཡན་ལག་བསྟན་ཏོ། །དམིགས་པའི་ཡན་ལག་གང་ཞེ་ན། དེའི་དམིགས་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེའི་རྣམ་པའི་

དངོས་པོ་ཇི་སྐད་བསྟན་པ་དེའི་དམིགས་པའི་དངོས་པོ་གང་ཞེ་ན། ཞི་གནས་ཀྱི་དམིགས་པའི་རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ནོ། །ལྷག་མཐོང་གི་རྣམ་པའི་དམིགས་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནོ། །ཟུང་དུ་འབྲེལ་བའི་རྣམ་པའི་དམིགས་པ་

ནི་དངོས་པོའི་མཐའ་དང་དགོངས་པ་ཡོངས་སུ་གྲུབ་པ་སྟེ། དེ་དག་གིས་ནི་སེམས་གནས་པའི་དངོས་པོ་དེའི་དམིགས་པའི་ཡན་ལག་བསྟན་ཏོ། །ཡིད་ལ་བྱེད་པའི་ཡན་ལག་གང་ཞེ་ན། སྤངས་པ་དང་མ་སྤངས་པ་དཔྱོད་པ་ལ་མཁས་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་

གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེའི་ཡིད་ལ་བྱེད་པའི་དངོས་པོ་གང་ཞེ་ན། ཡིད་ལ་བྱེད་པ་བདུན་པོ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་དང་། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་། དཔྱོད་པའི་

เล่ม ๒๐๖ · หน้า 110b

ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་ཐམས་ཅད་ཡིན་མོད་ཀྱི། སྐབས་འདིར་ནི་གཙོ་ཆེར་དཔྱོད་པའི་ཡིད་ལ་བྱེད་པ་བསྟན་པའི་དབང་དུ་མཛད་ནས།

སྤངས་པ་དང་མ་སྤངས་པ་དཔྱོད་པ་ལ་མཁས་པའི་དངོས་པོ་ཞེས་བྱ་བ་གསུངས་ཏེ། དེ་ཡང་བསྒོམ་པའི་ལམ་ཐམས་ཅད་ལ་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་སོ་སོར་བརྟགས་ཤིང་དཔྱད་ནས་ལམ་ཇི་ལྟར་ཐོབ་པ་གོམས་པར་བྱེད་པའི་ཡིད་ལ་བྱེད་པ་ཡིན་མོད་ཀྱི། སྐབས་

འདིར་མཉམ་པར་གཞག་པའི་ས་ཐམས་ཅད་བསྒོམ་པའི་ལམ་ཞེས་བྱ་བའི་སྒྲས་བསྡུས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་གནས་སྐབས་ཀྱི་དཔྱོད་པའི་ཡིད་ལ་བྱེད་པ་དང་སྦྱར་ཏེ། དེས་ནི་སེམས་གནས་པའི་དངོས་པོ་དེའི་ཡིད་ལ་བྱེད་པའི་དངོས་པོ་བསྟན་ཏོ། །མི་

མཐུན་པའི་ཕྱོགས་ཀྱི་ཡན་ལག་གང་ཞེ་ན། དེ་ལ་རྣམ་པར་གཡེང་བའི་དངོས་པོ་ཞེས་བྱ་བས་བསྟན་ཏོ། །སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་དངོས་པོ་དེ་ལ་རྣམ་པར་གཡེང་བའི་དངོས་པོ་གང་ཞེ་ན། རྣམ་པ་ལྔ་སྟེ། ཡིད་ལ་བྱེད་པའི་རྣམ་པར་

གཡེང་བ་དང་། ཕྱི་རོལ་དུ་སེམས་རྣམ་པར་གཡེང་བ་དང་། ནང་དུ་སེམས་རྣམ་པར་གཡེང་བ་དང་། མཚན་མའི་རྣམ་པར་གཡེང་བ་དང་། གནས་ངན་ལེན་གྱི་རྣམ་པར་གཡེང་བའོ། །དེ་དག་གི་རབ་ཏུ་དབྱེ་བ་ནི་སྔར་འཕགས་པ་བྱམས་པའི་ལེའུར་རྒྱ་ཆེར་བསྟན་པ་བཞིན་ཏེ། དེས་

ནི་སེམས་གནས་པའི་དངོས་པོ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཡན་ལག་བསྟན་ཏོ། །གཉེན་པོའི་ཡན་ལག་གང་ཞེ་ན། དེ་ལ་རྣམ་པར་མི་གཡེང་བའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེ་ལས་རྣམ་

པར་མི་གཡེང་བའི་དངོས་པོ་གང་ཞེ་ན། རྣམ་པར་གཡེང་བའི་དངོས་པོ་ལྔ་པོ་དེ་ཉིད་ཉེ་བར་ཞི་བར་འགྱུར་བ་གང་ཡིན་པ་སྟེ། དེས་ནི་སེམས་གནས་པའི་དངོས་པོ་དེ་ལས་རྣམ་པར་གཡེང་བའི་གཉེན་པོའི་ཡན་ལག་བསྟན་ཏོ། །གཉེན་པོའི་གནས་ཀྱི་ཡན་ལག་གང་ཞེ་ན། རྣམ་

เล่ม ๒๐๖ · หน้า 111a

པར་མི་གཡེང་བའི་གནས་ཀྱི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེ་ལས་རྣམ་པར་མི་གཡེང་བའི་གནས་ཀྱི་དངོས་པོ་གང་ཞེ་ན། གཅིག་ཏུ་ཞི་གནས་བསྒོམ་པ་རྒྱུན་ཆགས་སུ་ཡིད་ལ་

བྱེད་པས་བར་ཆད་མེད་པའི་སེམས་ཡིད་ལ་བྱེད་པ་དང་། གཅིག་ཏུ་ལྷག་མཐོང་བསྒོམ་པ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་སེམས་ཀྱི་མཚན་མ་ཉིད་ཡིད་ལ་བྱེད་པ་དང་། ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་གྱུར་ཏེ་མཉམ་པར་ཟུང་དུ་འཇུག་པ་སེམས་རྩེ་གཅིག་པ་ཉིད་ཡིད་

ལ་བྱེད་པ་གང་ཡིན་པ་སྟེ། དེ་དག་གིས་ནི་སེམས་གནས་པའི་དངོས་པོ་དེ་ལས་རྣམ་པར་གཡེང་བའི་དངོས་པོ་དེའི་གཉེན་པོ་རྣམ་པར་མི་གཡེང་བའི་གནས་ཀྱི་ཡན་ལག་བསྟན་ཏོ། །གཉེན་པོ་བསྒོམ་པ་ལས་མི་ཉམས་པའི་ཐབས་ཀྱི་ཡན་ལག་གང་ཞེ་ན། བསྒོམ་པ་ལས་ཡོངས་

སུ་སྐྱོ་བའི་སྦྱོར་བ་བསལ་བའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། སེམས་གནས་པའི་དངོས་པོ་འཕགས་པའི་བདེན་པ་བཞི་ཤེས་པའི་ངོ་བོ་ཉིད་དེ་བསྒོམ་པ་ལས་ཡོངས་སུ་སྦྱོར་བའི་སྦྱོར་བ་ནི་གང་། དེ་བསལ་བའི་དངོས་པོ་ནི་གང་ཞེ་ན། དེ་བསྒོམ་པ་ལ་ཡོངས་སུ་སྐྱོ་བའི་སྦྱོར་བ་ནི་ཞི་

གནས་ཀྱི་རྒྱུ་མཚན་ཡིད་ལ་མི་བྱེད་པ་དང་། རབ་ཏུ་འཛིན་པའི་དཔེའི་རྒྱུ་མཚན་ཡིད་ལ་མི་བྱེད་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་མི་བྱེད་པའོ། །དེ་བསལ་བའི་དངོས་པོ་ནི་དེ་དག་ཡིད་ལ་བྱེད་པའོ། །དེ་ལ་ཞི་གནས་ཀྱི་རྒྱུ་མཚན་ནི་གང་། རབ་ཏུ་འཛིན་པའི་རྒྱུ་མཚན་

ནི་གང་། བཏང་སྙོམས་ཀྱི་རྒྱུ་མཚན་ནི་གང་ཞེ་ན། སེམས་རྒོད་པའམ་རྒོད་དུ་དོགས་པ་ན་ཀུན་དུ་སྐྱོ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་དང་། བར་ཆད་མེད་པའི་སེམས་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་རྒྱུ་མཚན་ཞེས་བྱའོ། །སེམས་བྱིང་ངམ་བྱིང་དུ་

དོགས་པ་ན་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་དང་། སེམས་ཀྱི་མཚན་མ་དེ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་ཞེས་བྱའོ། །ཞི་གནས་ལ་གཅིག་ཏུ་ངེས་པའམ། ལྷག་མཐོང་ལ་གཅིག་ཏུ་ངེས་པའམ། ཟུང་དུ་འབྲེལ་

เล่ม ๒๐๖ · หน้า 111b

བའི་ལམ་ཡང་རུང་སྟེ། དེ་གཉི་གའི་ཉེ་བའི་ཉོན་མོངས་པས་ཉེ་བར་ཉོན་མོངས་པ་མེད་པ་ལ་སེམས་རང་གི་ངང་གིས་འཇུག་པ་ན་ཡིད་ལ་བྱེད་པ་ན་ལྷུན་གྱིས་གྲུབ་པ་གང་ཡིན་པ་དེ་ནི་བཏང་སྙོམས་ཀྱི་རྒྱུ་མཚན་ཞེས་བྱ་སྟེ། དེ་དག་གིས་ནི་སེམས་གནས་པའི་དངོས་པོ་དེ་ལས་རྣམ་

པར་གཡེང་བའི་གཉེན་པོ་རྣམ་པར་མི་གཡེང་བ་བསྒོམ་པ་ལ་མི་ཉམས་པའི་ཐབས་ཀྱི་ཡན་ལག་བསྟན་ཏོ། །དེ་ལྟར་དངོས་པོ་བཅུ་བཞིས་སེམས་གནས་པའི་དངོས་པོ་དེའི་ས་དང་། དམིགས་པ་དང་། ངོ་བོ་ཉིད་དང་། ཡན་ལག་བསྟན་པ་དེ་དག་ཐམས་ཅད་ཀྱིས་ནི་སེམས་

གནས་པའི་དངོས་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་བསྟན་པ་དེ་ཉིད་ཀྱི་གནས་སྐབས་རྒྱ་ཆེར་བསྟན་པ་ཡིན་ནོ། །དབང་པོ་ལྔ་ནི། བསྒོམས་པའི་ཕན་ཡོན་གྱི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེས་ནི་མངོན་པར་རྟོགས་པར་བྱ་བ་ལ་

སྦྱོར་བའི་ལམ་བསྟན་ཏོ། །དེ་ལ་བསྒོམ་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའོ། །དེའི་ཕན་ཡོན་ནི་དབང་པོ་ལྔ་སྐྱེས་པ་སྟེ། དེ་དག་སྐྱེས་པས་མངོན་པར་རྟོགས་པར་བྱ་བའི་སྦྱོར་བའི་ལམ་ཐོབ་པར་རིག་པར་བྱའོ། །དེ་ལ་དབང་པོ་ལྔ་པོ་གང་ཞེ་ན། དད་པའི་དབང་པོ་

དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་རིམ་པ་ཇི་ལྟ་བུ་ཞེ་ན། དེ་ལྟར་གནས་པའི་དངོས་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་ཐོབ་ཅིང་ཏིང་ངེ་འཛིན་ལ་

གནས་པ་དེས་ཉོན་མོངས་པའི་བག་ལ་ཉལ་ཡང་དག་པར་བཅོམ་པ་དང་། དེའི་གཉེན་པོའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་ཐོབ་པ་དང་། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་ནས། དེའི་གོང་དུ་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་

ཆེན་པོ་དང་འབྲིང་དང་བྲལ་བར་བྱ་བ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དྲོ་བར་གྱུར་པ་དང་རྩེ་མོ་གཉིས་བསྐྱེད་པར་བྱ་བའི་ཕྱིར་དབང་པོ་རྣམས་ཀྱིས་སྦྱོང་བའི་ལམ་ཆུང་ངུ་ཡང་དག་པར་རྩོམ་པར་བྱེད་དེ། དེ་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་ཇི་ལྟར་ཐོབ་པའི་ཏིང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด