འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๖ · หน้า 112a

ངེ་འཛིན་ལ་གནས་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་པའི་སེམས་ཀྱི་བསླབ་པ་དང་ལྡན་པའི་ཤེས་རབ་ཀྱི་བསླབ་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་དབང་པོ་ལྔ་དག་རིམ་གྱིས་སྐྱེ་ཞིང་དེ་དག་གིས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དྲོ་བར་གྱུར་པ་དང་རྩེ་མོ་

ཞེས་བྱ་བ་གཉིས་ཐོབ་པར་རིག་པར་བྱའོ། །དེ་ཡང་དབང་པོ་ལྔ་ཡང་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུར་རིག་པར་བྱ་སྟེ། དེ་ལ་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་རྣམས་སོ། །ངོ་བོ་ཉིད་གང་ཞེ་

ན། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་བོ། །གྲོགས་གང་ཞེ་ན། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། དད་པའི་དབང་པོ་ནི་བདེན་པ་རྣམས་ལ་མངོན་པར་ཡིད་

ཆེས་པའི་ཚུལ་གྱིས་བསྒོམ་མོ། །བརྩོན་འགྲུས་ཀྱི་དབང་པོ་ནི་མངོན་པར་ཡིད་ཆེས་པ་སྐྱེས་ནས་བདེ་བ་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་བརྩོན་འགྲུས་རྩོམ་པར་བསྒོམ་མོ། །དྲན་པའི་དབང་པོ་ནི་བརྩོན་འགྲུས་བརྩམས་ནས་བདེན་པ་རྣམས་ལ་ཉེ་བར་

གནས་པའི་དྲན་པ་མི་བརྗེད་པའི་ཚུལ་གྱིས་བསྒོམ་མོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་བདེན་པ་རྣམས་ལ་ཉེ་བར་གནས་པའི་དྲན་པ་མ་བརྗེད་པས་སེམས་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་མོ། །ཤེས་རབ་ཀྱི་དབང་པོ་ནི་བདེན་པ་རྣམས་ལ་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་ནས་

ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་མོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། བདེན་པ་རྣམས་མྱུར་དུ་རྟོགས་པ་དང་དྲོ་བར་འགྱུར་བ་དང་། རྩེ་མོ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དག་སྐྱེ་བར་འགྱུར་རོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དེ་ལྟར་ཏིང་

ངེ་འཛིན་ལ་གནས་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་རྣལ་འབྱོར་དུ་བྱེད་པ་ན། སྟོན་པ་དང་ཉན་ཐོས་གཞན་དག་གིས་རྟོགས་པ་ལ་མངོན་པར་ཡིད་ཆེས་པ་དང་། རབ་ཏུ་དང་བ་དང་དད་པ་གང་ཡིན་པ་དེ་ནི་དད་པའོ། །དེ་

เล่ม ๒๐๖ · หน้า 112b

ནི་དབང་བྱེད་པའི་དོན་གྱིས་དད་པའི་དབང་པོ་ཞེས་བྱ་སྟེ། གང་ལ་དབང་བྱེད་ཅེ་ན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང་བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། མཐོང་བས་སྤང་

བར་བྱ་བའི་ཉོན་མོངས་པ་སྤང་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་ཡང་དག་པའི་སྤོང་བ་བཞི་པོ་དག་ནི་འདིར་བརྩོན་འགྲུས་ཞེས་བྱའོ། །དེ་ཡང་དབང་བྱེད་པའི་དོན་གྱིས་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱ་སྟེ། གང་ལ་དབང་བྱེད་ཅེ་ན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང་དྲན་པ་

དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །དྲན་པའི་དབང་པོ་གང་ཞེ་ན། ཕྱིན་ཅི་ལོག་མ་ལུས་པར་སྤོང་བའི་ཕྱིར་འཇུག་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ནི་འདིར་དྲན་པ་ཞེས་བྱའོ། །དེ་ཡང་དབང་བྱེད་པའི་དོན་གྱིས་

དྲན་པའི་དབང་པོ་ཞེས་བྱ་སྟེ། གང་ལ་དབང་བྱེད་ཅེ་ན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཕྱིར་མི་འོང་བ་ཉིད་དུ་སྦྱོར་བ་ལས་བྱུང་བའི་བསམ་

གཏན་བཞི་པོ་དག་ནི་འདིར་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་དབང་པོ་བྱེད་པའི་དོན་གྱིས་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱ་སྟེ། གང་ལ་དབང་བྱེད་ཅེ་ན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་དང་། ཤེས་རབ་ཀྱི་དབང་པོ་ལ་སོགས་པ་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །

ཤེས་རབ་ཀྱི་དབང་པོ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་མངོན་པར་རྟོགས་པར་བྱ་བ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འཇུག་པར་འགྱུར་བའི་བདེན་པ་ཤེས་པ་དག་ནི་འདིར་ཤེས་རབ་ཅེས་བྱའོ། །དེ་ཡང་དབང་བྱེད་པའི་དོན་གྱིས་ཤེས་

རབ་ཀྱི་དབང་པོ་ཞེས་བྱ་སྟེ། གང་ལ་དབང་བྱེད་ཅེ་ན། འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བ་ལ་དབང་བྱེད་པ་ཡིན་ནོ། །དབང་པོ་ལྔ་ནི་དེ་དག་གི་དོན་དང་རྣམ་པར་གཞག་པ་དང་རབ་ཏུ་དབྱེ་བ་བསྟན་ཏེ། དེ་ལ་དབང་པོ་ལྔའི་དོན་གང་ཞེ་ན། དབང་བྱེད་པའི་དོན་ཏོ། །ཇི་

เล่ม ๒๐๖ · หน้า 113a

ཞིག་ཡོངས་སུ་བསྟན་པའི་དོན་དུ་དབང་བྱེད་ཅེ་ན། གཞི་དེ་དང་དེ་ལ་ཆོས་དེ་དང་དེ་དག་ལ་གཙོ་བོར་ཡོངས་སུ་བསྟན་པའི་དོན་དུ་དབང་བྱེད་དོ། །དེ་ལ་དབང་པོ་ལྔའི་རྣམ་པར་གཞག་པ་གང་ཞེ་ན། དབང་པོ་ལྔ་ནི་འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་

བྱེད་པའི་དོན་དང་། རྣམ་པར་བྱང་བ་ལ་དབང་བྱེད་པའི་དོན་དང་། ཀུན་ནས་ཉོན་མོངས་པའི་གཉེན་པོ་ལ་དབང་བྱེད་པའི་དོན་དང་། ལུས་རྣམ་པར་གྲོལ་བ་ལ་དབང་བྱེད་པའི་དོན་དང་། སེམས་ཅན་གྱི་མངོན་པར་མཐོ་བའི་ཐབས་ལ་དབང་བྱེད་པའི་དོན་དང་། སེམས་ཅན་གྱི་ཡོན་ཏན་

དང་སྐྱོན་ཡོངས་སུ་བསྟན་པ་ལ་དབང་བྱེད་པའི་དོན་དང་། དད་པ་ནས་ཤེས་རབ་ཀྱི་བར་ནི་འདི་ལྟ་བུ་དང་ལྡན་ཞེས་བྱ་བ་ལ་དབང་བྱེད་པའི་དོན་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་སྦྱོར་བའི་ལམ་དབང་བྱེད་པའི་དོན་གྱིས་རྣམ་པར་གཞག་པའོ། །དེ་ལ་དབང་པོ་ལྔའི་རབ་

ཏུ་དབྱེ་བ་ནི་དབང་པོ་ལྔ་དག་གིས་ཅི་བྱེད་ཅེ་ན། བདེ་འགྲོར་སྐྱེ་བ་དང་མྱ་ངན་ལས་འདས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། དབང་པོ་དེ་དག་གི་རྗེས་སུ་ཡོད་པ་ཡིན་པ་དང་། དེ་དག་ནི་སེམས་ལས་བྱུང་བས་བསྡུས་པ་ཡིན་པ་དང་། དེ་དག་ནི་འདུས་བྱས་ཡིན་པ་

དང་། དེ་དག་ནི་དགེ་བ་ཡིན་པ་དང་། དེ་དག་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་པ་དང་། དེ་དག་གི་ཕྱོགས་གཅིག་ནི་རྣམ་པར་སྨིན་པ་མེད་པ་མ་ཡིན་པ་དང་། དེ་དག་གི་ས་བོན་རྣམ་པར་སྨིན་པ་མ་ཡིན་པ་མ་ཡིན་པ་དང་དེ་དག་ཉིད་རྣམ་པར་སྨིན་པ་མ་ཡིན་པ་ལས་སྐྱེས་པ་ཡིན་པ་

དང་། དེ་དག་ནི་ཁམས་གསུམ་དུ་གཏོགས་པ་ཡིན་པ་དང་། ཁམས་གསུམ་དུ་མ་གཏོགས་པ་ཡང་ཡིན་པ་དང་། ས་ཐམས་ཅད་དམིགས་པ་ཡིན་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་མ་ཡིན་པ་དང་། སྤང་བར་བྱ་བ་དང་སྤང་བར་བྱ་བ་མ་ཡིན་པ་

དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བའོ། །དེ་དབང་པོ་དེ་དག་ཀུན་དུ་བསྟེན་ཞིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་པོ་དག་ལས་དྲོ་བར་

เล่ม ๒๐๖ · หน้า 113b

གྱུར་པ་དང་རྩེ་མོ་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་སྐྱེད་པར་བྱེད་དོ། །དེ་ལ་དྲོ་བར་གྱུར་པ་ནི་སྣང་བ་ཐོབ་པའི་རྩེ་མོ་ནི་སྣང་བ་མཆེད་པ་སྟེ། དཔེར་ན་མེས་མེའི་བྱ་བ་བྱེད་པར་འདོད་ཅིང་མེ་དོན་དུ་གཉེར་བའི་མི་ལ་ལ་ཞིག་གིས་གཙུབ་གཏན་གྱི་སྟེང་དུ་གཙུབ་ཤིང་གཙུབས་ཏེ་མངོན་པར་

གཙུབས་ཤིང་འབད་པར་བྱེད། སྒྲིམ་པར་བྱེད། རྩོལ་བར་བྱེད་ན། དེའི་འབད་པ་དང་། སྒྲིམ་པ་དང་རྩོལ་བའི་སྒོ་ནས་གཙུབ་གཏན་ལས་དྲོད་སྐྱེ་བར་འགྱུར་རོ། །དྲོད་དེ་ཉིད་མངོན་པར་འཕེལ་བས་ན་རྩེ་མོར་འབྱུང་བ་དེ་བཞིན་དུ་ཇི་ལྟར་གཙུབ་གཏན་གྱི་སྟེང་དུ་གཙུབ་ཤིང་གཙུབས་

ཏེ་མངོན་པར་གཙུབས་ཤིང་འབད་པར་བྱེད། སྒྲིམ་པར་བྱེད། རྩོལ་བར་བྱེད། དེ་ལྟར་ནི་དབང་པོ་ལྔ་དག་ལ་ཀུན་དུ་བསྟེན་ཞིང་གོམས་པར་བྱེད་ལན་མང་དུ་བྱེད་པར་བལྟ་བར་བྱའོ། །ཇི་ལྟར་དང་པོ་ཁོ་ནར་གཙུབ་གཏན་ལས་དྲོད་སྐྱེ་བར་འགྱུར་བ་དེ་ལྟར་ནི་མེ་དེ་ལྟ་བུས་ཉོན་མོངས་པའི་

བུད་ཤིང་སྲེག་པར་བྱེད་པ་རྣམས་སྐྱེ་བའི་སྔོན་དུ་འགྲོ་ཞིང་རྒྱུར་འགྱུར་བའི་དྲོ་བར་གྱུར་པ་དག་བལྟ་བར་བྱའོ། །ཇི་ལྟར་དྲོད་དེ་ཉིད་མངོན་པར་འཕེལ་བ་ན་རྩེ་མོར་བྱུང་བ་དེ་ལྟར་ནི་དྲོ་བར་གྱུར་པ་དེ་དག་ཉིད་ཤས་ཆེར་འཕེལ་བའི་རྩེ་མོ་དག་ལ་བལྟ་བར་བྱའོ། །དེ་ལ་དྲོ་བར་གྱུར་པ་ཐོབ་པ་

ནི་བརྒྱ་ལ་ཡོངས་སུ་ཉམས་ན་ཡང་ནམ་ཞིག་ན་ངེས་པར་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན་ནོ། །རྩེ་མོ་ཐོབ་པ་ནི་བརྒྱ་ལ་ཡོངས་སུ་ཉམས་ཤིང་ངན་སོང་དུ་འགྲོ་བ་དང་། མཚམས་མེད་པ་དག་བྱེད་པ་ཡང་དགེ་བའི་རྩ་བ་རྣམས་མི་འཆད་པའི་ཆོས་ཅན་ཡིན་ནོ། །དེ་ལྟར་དབང་པོ་ལྔ་

པོ་དེ་དག་ལས། སྟོབས་ལྔ་ནི། དེ་བརྟན་པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེས་ནི་མངོན་པར་རྟོགས་པ་དང་འདྲེས་པའི་ལམ་བསྟན་ཏོ། །དེ་ལ་དེ་ཞེས་བྱ་བ་ནི་དབང་པོའོ། །བརྟན་པ་ཞེས་བྱ་བ་ནི་སྟོབས་ཏེ་དབང་པོ་དེ་བརྟན་ཞིང་སྟོབས་སུ་གྱུར་པ་ན་མངོན་པར་རྟོགས་པ་དང་འདྲེས་

པའི་ལམ་ཐོབ་པར་རིག་པར་བྱའོ། །དེ་ལ་སྟོབས་ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་རིམ་པ་ཇི་ལྟ་བུ་ཞེ་ན། དེ་ལྟར་བསྒོམས་པའི་ཕན་ཡོན་གྱི་དངོས་པོ་དབང་པོ་ལྔས་

เล่ม ๒๐๖ · หน้า 114a

མངོན་པར་རྟོགས་པར་བྱ་བ་ལ་སྦྱོར་བའི་ལམ་ཐོབ་པ་དེས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཆེན་པོ་དང་འབྲིང་དང་བྲལ་ཞིང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དྲོ་བར་གྱུར་པ་དང་རྩེ་མོ་ཐོབ་སྟེ། སྦྱོར་བའི་ལམ་ཆུང་ངུ་

དང་འབྲིང་ཡང་དག་པར་བརྩམས་ནས། དེའི་གོང་དུ་ཡང་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཆུང་ངུ་དང་འབྲིང་དང་བྲལ་བར་བྱ་བ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་། འཇིག་རྟེན་

པའི་ཆོས་ཀྱི་མཆོག་གཉིས་བསྐྱེད་པར་བྱ་བའི་ཕྱིར་སྟོབས་རྣམས་ཀྱི་སྦྱོར་བའི་ལམ་ཆེན་པོ་ཡང་དག་པར་བརྩོན་པར་བྱེད་པར་རིག་པར་བྱའོ། །དེ་ལ་སྟོབས་ལྔ་ཡང་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་སྟེ། དམིགས་

པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་པ་ནི་དབང་པོ་རྣམས་ཇི་ལྟ་བ་བཞིན་དུ་རིག་པར་བྱའོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། བདེན་པ་རྣམས་མྱུར་དུ་མངོན་པར་རྟོགས་པ་དང་། བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་འཇིག་རྟེན་པའི་

ཆོས་ཀྱི་མཆོག་སྐྱེ་བར་འགྱུར་རོ། །དེ་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཏིང་ངེ་འཛིན་ནི་སྔར་དབང་པོ་ལྔའི་སྐབས་སུ་བསྟན་པ་ཁོ་ན་དག་ཡིན་ནོ། །དེ་ལ་བྱེ་བྲག་ནི་འདི་ཡོད་དེ། དབང་པོ་རྣམས་ལ་ནི་དབང་བྱེད་པའི་དོན་གྱིས་

རྣམ་པར་གཞག་གོ། །འདིར་སྟོབས་རྣམས་ལ་ནི་དེ་དག་ཉིད་བརྟན་ཞིང་སྟོབས་དང་ལྡན་པས་མི་ཆོམས་པའི་དོན་གྱིས་སྟོབས་རྣམས་ཞེས་བྱ་སྟེ། ཅི་ཞིག་གིས་མི་ཆོམས་ཤེ་ན། དེ་དག་ནི་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་དང་མི་འདྲེ་ཞིང་ལྷ་འམ་བདུད་དམ་

ཚངས་པའམ། སུ་ཡང་འཇིག་རྟེན་ན་ཆོས་དང་མི་མཐུན་པས་མི་འཕྲོགས་པ་དང་ཉོན་མོངས་པའི་ཀུན་ནས་དཀྲིས་པས་མི་འཕྲོགས་པས་ན་དེའི་ཕྱིར་མི་ཆོམས་པ་ཞེས་བྱའོ། །དེ་སྟོབས་དེ་དག་གིས་སྟོབས་དང་ལྡན་པར་གྱུར་པས་བདུད་ཀྱི་སྟོབས་ཐམས་ཅད་ལས་རྣམ་པར་

เล่ม ๒๐๖ · หน้า 114b

རྒྱལ་བར་བྱས་ཏེ། ཟག་པ་རྣམས་ཟད་པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པས་ན་དེའི་ཕྱིར་སྟོབས་རྣམས་ཞེས་བྱའོ། །དེ་སྟོབས་དེ་དག་ཀུན་དུ་བསྟེན་ཞིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་གཞན་གཉིས་པོ་བདེན་པ་

དང་རྗེས་སུ་མཐུན་པའི་དཔེ་བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་སྐྱེད་པར་བྱེད་དོ། །དེ་ལ་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་ནི་དེ་ཁོ་ནའི་དོན་གྱིས་ཕྱོགས་གཅིག་ལ་རྗེས་སུ་ཞུགས་པ་ཡིན་ནོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ནི་བར་

ཆད་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། དཔེར་ན་མེའི་དྲོད་འདོད་པ་དེ་ཉིད་མངོན་པར་འཕེལ་བའི་རྩེ་མོར་བྱུང་བ་ན་དུ་བ་འཐུལ་བར་འགྱུར་རོ། །རྒྱ་ཆེར་མངོན་པར་འཕེལ་བར་བྱེད་པ་ན། མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཇི་ལྟར་དུ་བ་འཐུལ་བ་དེ་ལྟར་ནི་བདེན་པ་དང་རྗེས་

སུ་མཐུན་པའི་བཟོད་པ་རྣམས་བལྟ་བར་བྱའོ། །ཇི་ལྟར་མངོན་པར་རྒྱ་ཆེར་འཕེལ་བར་གྱུར་པ་ན་མེ་ལྕེ་མེད་པའི་མེ་འབྱུང་བར་འགྱུར་བ་དེ་ལྟར་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་བལྟ་བར་བྱ་སྟེ། དེ་ནི་སྐད་ཅིག་གཅིག་ཁོ་ནར་ཟད་དོ། །དེ་ལ་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་

ཐོབ་པ་ནི་བརྒྱ་ལ་ཡོངས་སུ་ཉམས་ཀྱང་ངན་སོང་དུ་མི་འགྲོ་སྟེ། བདེ་འགྲོའི་ལས་དང་། ཉོན་མོངས་པ་ཐག་བསྲིངས་པའི་ཕྱིར་རོ། །བཟོད་པ་ཐོབ་པ་ཁོ་ནས་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་དང་། ལུས་དང་སྲིད་པ་དང་ཉོན་མོངས་པ་རྣམས་ལས་ཁ་ཅིག་གིས་མི་སྐྱེ་བའི་ཆོས་ཉིད་ཐོབ་

སྟེ། ངན་སོང་གི་འགྲོ་བ་རྣམས་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་དང་། འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་དང་། ཚངས་པ་ཆེན་པོར་སྐྱེ་བ་རྣམས་དང་། ཟ་མ་དང་མ་ནིང་མཚན་གཉིས་པའི་ལུས་རྣམས་དང་། བརྒྱད་ལ་སོགས་

པའི་སྲིད་པ་རྣམས་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་དཔེ་ཀུན་ནས་དཀྲིས་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ཉིད་ཐོབ་བོ། །འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་པ་ནི་བར་ཆད་མེད་པར་སྐད་ཅིག་གཉིས་པ་ལ་མཐོང་བའི་ལམ་ཐོབ་པའི་ཆོས་ཉིད་ཡིན་ནོ། །དེ་ལ་གང་ཟག་

เล่ม ๒๐๖ · หน้า 115a

ཉན་ཐོས་ཀྱི་རིགས་ཅན་གྱིས་དྲོ་བར་གྱུར་པ་དང་རྩེ་མོ་གཉིས་ཐོབ་པ་ནི་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་ཀྱི་རིགས་སུ་འགྱུར་བར་སྲིད་ཀྱི། བཟོད་པ་ཐོབ་པ་ནི་དེ་ལྟ་བུ་མི་སྲིད་དོ། །དེས་བཟོད་པ་མན་ཆད་གསུམ་ཐོབ་པ་ནི་ཉན་ཐོས་ཀྱི་རིགས་ལས་

བཟློག་སྟེ། རང་སངས་རྒྱས་སུ་འགྱུར་བར་སྲིད་ཀྱི། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་པ་ནི་དེ་ལྟ་བུ་མི་སྲིད་དོ། །རང་སངས་རྒྱས་བསེ་རུ་ལྟ་བུ་དང་། སངས་རྒྱས་ཀྱི་རིགས་ཅན་རྣམས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གང་ལས་ཀྱང་བཟློག་ཏུ་མི་རུང་སྟེ། དེ་གཉིས་ནི་གཡོ་བ་

དང་གསལ་བའི་ཕྱིར་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ཏེ། རྒྱུན་ཆགས་ཁོ་ནར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་དུ་སྐྱེད་པར་བྱེད་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ཚོགས་ན་སྤྱོད་པའི་རིགས་ཅན་རྣམས་ནི་ཉན་ཐོས་དང་འདྲ་བར་བཟློག་ཏུ་

རུང་ངོ་། །དེ་ལ་ཐེག་པ་གསུམ་པོ་གང་ཡང་རུང་བའི་རིགས་ཅན་གྱིས་གང་ཟག་རྣམས་ཚེ་དང་པོ་ཁོ་ན་ལ་སེམས་བསྐྱེད་པ་ལ་སོགས་པའི་སྦྱོར་བ་བྱས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་བསྐྱེད་པ་དང་། འཕགས་པའི་ལམ་སྐྱེད་པར་བྱེད་པ་ཡོད་དམ་ཞེ་ན། དེ་ལྟ་བུ་ནི་

མེད་དེ། ཐམས་ཅད་པས་ཤིན་ཏུ་མྱུར་བ་ཡང་དཔེར་ན་ས་བོན་འདེབས་པ་དང་ལོ་ཏོག་སྐྱེ་བ་དང་འབྲས་བུ་ཆགས་པ་བཞིན་དུ་ཚེ་དང་པོ་གཅིག་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །ཚེ་གཉིས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་

སྐྱེད་པར་བྱེད་དོ། །ཚེ་གསུམ་པ་ལ་ནི་འཕགས་པའི་ལམ་སྐྱེད་པར་བྱེད་དེ། ཆོས་ཉིད་འདི་ལ་ནི་རྒྱུད་རིམ་གྱིས་འཇུག་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་སྟོབས་དེ་དག་ནི་མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ཡིན་པས་ན་དེ་བརྟན་པའི་དངོས་པོ་

ཞེས་བྱ་སྟེ། དེ་ཙམ་གྱིས་ན་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཆུང་ངུ་དང་བྲལ་ཞིང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་སྟེ། སྦྱོར་བའི་ལམ་ཆེན་པོ་ཡང་

เล่ม ๒๐๖ · หน้า 115b

དག་པར་བརྩམས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེས་ནི་མངོན་པར་རྟོགས་པའི་ལམ་བསྟན་ཏོ། །དེ་ལ་འཕགས་པའི་དབང་ཕྱུག་ནི་མངོན་པར་རྟོགས་པ་དང་། མཐོང་བའི་ལམ་

མོ། །དེ་སྡུད་པའི་དངོས་པོ་ནི་མངོན་པར་རྟོགས་པའི་ལམ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་དག་སྐྱེས་པའི་དུས་ན་འཕགས་པའི་དབང་ཕྱུག་བསྡུས་ཤིང་མཐོང་བའི་ལམ་ཐོབ་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་

ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་

ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་རིམ་པ་ཇི་ལྟ་བུ་ཞེ་ན། དེ་ལྟར་བསྟན་པའི་དངོས་པོ་སྟོབས་ལྔས་མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ཐོབ་པ་དེས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་མཚན་མ་དང་གནས་ངན་ལེན་ཆུང་ངུ་དང་བྲལ་ཞིང་

ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བདེན་པ་དང་རྗེས་སུ་མཐུན་པའི་བཟོད་པ་དང་། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་སྟེ། སྦྱོར་བའི་ལམ་ཆེན་པོ་ཡང་དག་པར་བརྩམས་པ་ན། དེའི་གོང་དུ་སྦྱོར་བ་ཡང་དག་པར་བརྩམས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་

ཡང་དག་པའི་མཐའ་རྟོགས་པར་བྱེད་པར་རིག་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་པ་སྐྱེ་སྟེ། དེ་སྐྱེས་ན་འཕགས་པའི་གང་ཟག་ཅེས་ཀྱང་བྱ། མཐོང་བའི་ལམ་ཐོབ་པ་ཞེས་ཀྱང་

བྱའོ། །དེའི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་རྟོགས་པར་ཤེས་པ་ནས་ལམ་ལ་རྗེས་སུ་རྟོགས་པར་ཤེས་པའི་བར་གྱི་སྐད་ཅིག་བཅོ་ལྔ་པོ་དེ་དག་སྐྱེ་སྟེ། དེ་ཙམ་གྱིས་ན་མཐོང་བའི་ལམ་

เล่ม ๒๐๖ · หน้า 116a

ཡོངས་སུ་རྫོགས་པ་ཞེས་ཀྱང་བྱའོ། །དེ་དག་ཀྱང་གང་གིས་ཡོངས་སུ་རྫོགས་པར་བྱེད་ཅེ་ན། དཔེར་ན་མེ་ལྕེ་མེད་པའི་མེ་དེ་བྱུང་མ་ཐག་ཁོ་ནར་མེ་ལྕེ་བྱུང་བར་གྱུར་ཏེ། མེ་ལྕེ་བྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་པ་དེ་བཞིན་དུ་ཇི་ལྟར་མེ་ལྕེ་བྱུང་བར་གྱུར་ཏེ་མེ་ལྕེ་

བྱུང་ཞིང་འབར་བ་དེས་མེའི་བྱ་བ་བྱེད་པ་དེ་ལྟར་ནི་གང་ཟག་འཇིག་རྟེན་པའི་ཆོས་ཀྱི་མཆོག་གིས་ཡང་དག་པར་ཟིན་པའི་དབང་པོ་ལྔ་པོ་དག་གི་མཇུག་ཐོགས་ཁོ་ནར་བྱུང་བ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཆོས་རྣམས་བལྟ་བར་བྱའོ། །དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་ཀྱི་ཡན་

ལག་བདུན་པོ་དག་སྟེ། ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པའི་གང་ཟག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །དེའི་ཡན་ལག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་སྟེ། དེ་དག་གིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཟག་པ་མེད་

པ་ནས་ལམ་ལ་རྗེས་སུ་རྟོགས་པར་བྱེད་པའི་བཟོད་པའི་བར་གྱི་མཐོང་བའི་ལམ་གྱི་སྐད་ཅིག་བཅོ་ལྔ་པོ་དག་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གཞག་པའི་བདེན་པ་ལ་དམིགས་ཤིང་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་ཚུལ་གྱིས་

ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་རྣམ་པར་མ་བཞག་པའི་བདེ་བ་ལ་དམིགས་ཤིང་ཡོངས་སུ་འདྲིས་པའི་ཤེས་པས་ཡོངས་སུ་རྫོགས་པར་བྱེད་དོ། །སྤྱིའི་ཚུལ་ནི་དེ་ལྟའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་།

བསྒོམ་པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་སྟེ། དེ་ལ་དམིགས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག་གིས་ཡང་དག་པ་ཉིད་ཇི་ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། དྲན་པ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་

པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་སོ། །དེ་ལ་དྲན་པ་ནི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པའི་གང་ཟག་གིས་ཡང་དག་པ་ཇི་ལྟ་བ་ཉིད་བཞིན་དུ་རྟོགས་པའི་བྱང་ཆུབ་དེའི་གནས་ཀྱི་ཡན་ལག་གོ། །ཆོས་རྣམ་པར་འབྱེད་པ་ནི་ངོ་བོ་ཉིད་ཀྱི་ཡན་ལག་གོ། །བརྩོན་འགྲུས་

เล่ม ๒๐๖ · หน้า 116b

ནི་ངེས་པར་འབྱུང་བའི་ཡན་ལག་གོ། །དགའ་བ་བཞི་ནི་ཕན་ཡོན་གྱི་ཡན་ལག་གོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་དེའི་ཀུན་ནས་ཉོན་མོངས་པ་མེད་པའི་གཞི་དང་གནས་དང་ངོ་བོ་ཉིད་ཀྱི་ཡན་ལག་སྟེ། གང་གིས་ཀྱང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་།

གང་དུ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ་སྟེ་གོ་རིམས་བཞིན་ནོ། །གྲོགས་གང་ཞེ་ན། དེ་དག་དང་མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་

དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ་རྣམ་པར་སྤོང་བ་ཡོངས་སུ་བསྔོས་པ་བསྒོམ་པ་དང་། ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འདིས་ནི་བདེན་པ་ལ་དམིགས་པ་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པར་ཡོངས་སུ་བསྟན་ཏོ། །བསྒོམས་པའི་

འབྲས་བུ་གང་ཞེ་ན། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའོ། །དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཤེས་བྱ་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་ཤེས་པ་ཐམས་ཅད་ལ་དྲན་པ་དཔྱོད་པ་ནི་དྲན་པའོ། །ཡང་དག་ཅེས་བྱ་བ་ནི་མཐོང་བའི་ལམ་གྱི་བར་

ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གྱིས་རབ་ཏུ་ཕྱེ་བའོ། །བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ནི་མཐོང་བའི་ལམ་གྱི་ཡང་དག་པ་ཉིད་མེད་པ་ལ་ཞུགས་པའི་གང་ཟག་གི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཅེས་བྱ་སྟེ། དེའི་ཡན་ལག་དང་འཁོར་

དང་ཡོ་བྱད་དང་རྒྱུ་ཞེས་བྱ་བའི་རྣམ་གྲངས་སོ། །དབེན་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཤེས་པའི་བཟོད་པ་བཞི་སྐྱེས་ནས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་འདོད་པའི་ཁམས་སུ་གཏོགས་པ་རྣམས་ཀྱིས་ཐོབ་པ་ནས་བཟུང་སྟེ། འགག་པ་ནི་དབེན་པ་ཞེས་

བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་ཡན་ལག་དེ་གནས་པའོ། །འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཤེས་པ་བཞི་ཡང་དེ་དག་གིས་མྱ་ངན་ལས་འདས་པ་ཐོབ་པ་ནས་བཟུང་སྟེ་སྐྱེ་བ་ནི་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་ཡན་ལག་གནས་

เล่ม ๒๐๖ · หน้า 117a

པའོ། །འགོག་པ་ལ་གནས་པ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པར་ཤེས་པའི་བཟོད་པ་བཞི་སྐྱེས་ནས་བདེན་པ་བཞི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་རྣམས་ཀྱིས་ཐོབ་པ་ནས་བཟུང་སྟེ་འགག་

པ་ནི་འགག་པ་ཞེས་བྱ་སྟེ། དེ་ལ་བྱང་ཆུབ་ཀྱི་ཡན་ལག་དེ་གནས་པའོ། །རྣམ་པར་སྤོང་བར་ཡོངས་སུ་བསྔོས་པ་ཞེས་བྱ་བ་ལ། དེ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེར་ཡོངས་སུ་བསྔོས་པ་ཞེས་བྱ་བ་ནི་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་རྟོགས་པར་

ཤེས་པ་ནི་བསྒོམ་པའི་ལམ་ཡིན་པས་དེ་མ་གཏོགས་པ་མཐོང་བའི་ལམ་དུ་གཏོགས་པ་རྗེས་སུ་རྟོགས་པར་ཤེས་པ་གསུམ་པོ་དག་ཀྱང་དེ་དག་གི་མྱ་ངན་ལས་འདས་པ་ཐོབ་པ་ནས་བཟུང་སྟེ་སྐྱེ་བ་ནི་ད་དུང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤང་བའི་ཐོབ་པ་ནས་

བཟུང་སྟེ་སྐྱེས་པ་མ་ཡིན་གྱི་དེ་དང་མཐུན་པའམ་དེར་གཞོལ་བའམ་དེར་ཡོངས་སུ་བསྔོས་པ་ཙམ་དུ་ཟད་པས་རྣམ་པར་སྤོང་བ་ཡོངས་སུ་ཟད་པ་ཞེས་བྱ་སྟེ། མཐོང་བའི་ལམ་གྱིས་བྱང་ཆུབ་ཀྱི་ཡན་ལག་དེ་དེར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམ་པར་འབྱེད་པ་ཡང་

དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རྟོག་པ་དང་མཚན་མ་ཐམས་ཅད་འཇོམས་ཤིང་དེ་བཞིན་ཉིད་རྣམ་པར་འབྱེད་པ་ནི་ཆོས་རྣམ་པར་འབྱེད་པའོ། །ཡང་དག་དང་བྱང་ཆུབ་ཀྱི་ཡན་ལག་དང་། དབེན་པ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་ནི་སྔ་མ་བཞིན་ཏེ་ལྷག་མ་

ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། མྱུར་དུ་མངོན་པར་ཤེས་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་རབ་ཏུ་འཇུག་པ་ནི་བརྩོན་འགྲུས་སོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། བརྩོན་འགྲུས་

བརྩམས་པས་ཆོས་སྣང་བ་དེའི་དགའ་བ་ལུས་དང་སེམས་ཐམས་ཅད་རྟག་ཏུ་དགའ་བར་གྱུར་པ་ནི་དགའ་བའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གནས་ངན་ལེན་གྱི་སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་སྟེ། ལུས་དང་སེམས་ལས་སུ་རུང་བར་གྱུར་ན་ནི་

เล่ม ๒๐๖ · หน้า 117b

སེམས་རབ་ཏུ་སྦྱངས་པའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། བསམ་པའི་དོན་ཐམས་ཅད་འགྲུབ་པའི་རྟེན་དུ་གྱུར་པ་ཞི་གནས་དང་ལྷག་མཐོང་གི་སེམས་རྩེ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཏོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། རྣམ་

པར་མི་རྟོག་པའི་ཡེ་ཤེས་ནི་བཏང་སྙོམས་ཞེས་བྱ་སྟེ། དེ་དང་དེའི་རྗེས་ལ་ཐོབ་པ་དག་ལ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་མེད་པར་ཅི་འདོད་པ་བཞིན་དུ་གནས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་ནི་ཞི་གནས་ཀྱི་ཕྱོགས་དང་ལྷག་མཐོང་གི་

ཕྱོགས་དང་གཉི་གའི་ཕྱོགས་སུ་གཏོགས་པ་ཡང་ཡིན་ཏེ། དེ་ལ་ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉིས་

ཀའི་ཕྱོགས་དེ་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་ནི་མངོན་པར་རྟོགས་པའི་ལམ་ཡིན་པས་ན་འཕགས་པའི་དབང་ཕྱུག་བསྡུ་བའི་དངོས་པོ་ཞེས་བྱ་སྟེ། དེ་ཙམ་གྱིས་ན་སྦྱོར་བ་ཡང་དག་པར་བརྩམས་པ་དེའི་བྱང་ཆུབ་ཀྱི་ཡན་ལག་

རྣམས་ཀྱིས་ཡང་དག་པའི་མཐའ་རྟོགས་པ་ཡིན་ཏེ། དེའི་ཚེ་ན་ཉན་ཐོས་ནི་སློབ་པ་བཞི་མཐོང་བ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཆོས་མཐོང་བ་ཆོས་ཐོབ་པ་ཆོས་རིག་པ་ཆོས་རྟོགས་པ་སོམ་ཉི་ལས་བརྒལ་བ་ཐེ་ཚོམ་ལས་བརྒལ་བ་གཞན་གྱི་དྲིང་མི་

འཇོག་པ་སྟོན་པའི་བསྟན་པ་ལ་གཞན་གྱིས་མི་བཀྲི་བ་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་ཐོབ་པ་ནས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཡིན་ནོ། །བྱང་ཆུབ་སེམས་

དཔའི་ཡང་དག་པ་ཉིད་སྐྱོན་མེད་པ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པས་ས་དང་པོ་ཐོབ་པ་དང་ས་དེའི་ཕན་ཡོན་ཡང་ཉམས་སུ་མྱོང་བ་ཡིན་པར་རིག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། འཕགས་པའི་ཕྱོགས་དང་འཁོར་བསྡུ་བའི་དངོས་པོ་

เล่ม ๒๐๖ · หน้า 118a

ཞེས་བྱ་བས་བསྟན་ཏེ། དེས་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་བསྟན་ཏོ། །དེ་ལ་འཕགས་པའི་ཕྱོགས་དང་འཁོར་དང་རྣམ་པར་དག་པ་སྟེ་བསྒོམ་པའི་ལམ་མོ། །དེ་སྡུད་པའི་དངོས་པོ་ནི་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་སྟེ།

འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་སྐྱེས་པའི་དུས་ན་འཕགས་པའི་ཕྱོགས་དང་འཁོར་བསྡུས་ཤིང་བསྒོམ་པའི་ལམ་ཐོབ་པར་རིག་པར་བྱའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་།

ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་རིམ་པ་ཇི་ལྟ་བུ་ཞེ་ན། དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཐོབ་པའི་ཕྱིར་དེའི་ཚེ་ན་སློབ་

པ་བཞི་མཐོང་བའམ་བྱང་ཆུབ་སེམས་དཔའི་ས་དང་པོ་ཡིན་ཏེ། དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་སྤངས་ཟིན་གྱི། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལུས་པ་ན་དེ་དག་སྤང་བའི་ཕྱིར་ཕུང་པོ་གསུམ་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་

སྒོམ་པར་བྱེད་དེ། དེས་སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་ཐོབ་པར་རིག་པར་བྱའོ། །དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དམིགས་པ་དང་། ངོ་བོ་ཉིད་དང་། གྲོགས་དང་། བསྒོམ་

པ་དང་། བསྒོམས་པའི་འབྲས་བུས་རིག་པར་བྱ་སྟེ། དེ་ལ་དམིགས་པ་གང་ཞེ་ན། དེའི་འོག་ཏུ་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་ཡང་དག་པ་ཉིད་ཇི་ལྟ་བའོ། །ངོ་བོ་ཉིད་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེ་ལ་ཡང་དག་པའི་ལྟ་བ་ནི་

བསྒོམ་པའི་ལམ་གྱི་ཚེ་མཐོང་བའི་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་སྟེ་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་འཇིག་རྟེན་པ་དེས་རང་གི་རྟོག་པ་དེ་ཡོངས་སུ་གཅོད་པའི་ཕྱིར་རོ། །ཡང་དག་པའི་རྟོག་པ་དང་ཡང་དག་པའི་ངག་ནི་གཞན་གོ་བར་

เล่ม ๒๐๖ · หน้า 118b

བྱེད་པའི་ཡན་ལག་སྟེ་ཀུན་ནས་སློང་བ་དང་བཅས་པའི་ངག་གིས་དེ་གོ་བར་བྱེད་པའི་ཕྱིར་རོ། །ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང་ཡང་དག་པའི་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། ཡང་དག་པའི་ངག་གིས་རྙེད་པ་དང་འབྲེལ་

བའི་གཏམ་རྣམ་པར་གཏན་ལ་འབེབས་པས་ཤེས་རབ་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས་ཀྱི་མཐའ་བྱ་བ་མ་ཡིན་པ་མི་བྱེད་པར་ཚུལ་ཁྲིམས་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་འཚོ་བས་ཆོས་གོས་ལ་སོགས་པ་ཚོད་ཟིན་པར་ཚོལ་བས་ཡོ་བྱད་

བསྙུངས་པ་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་རྩོལ་བ་དང་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའམ་ཡན་ལག་སྟེ། མི་མཐུན་པའི་ཕྱོགས་ནི་རྣམ་པ་གསུམ་སྟེ། བསྒོམ་པས་སྤང་བར་བྱ་བ་ཉོན་མོངས་པ་དང་།

ཉལ་བའི་ཉོན་མོངས་པ་དང་། རྒོད་པའི་དབང་གིས་མི་མཐུན་པའི་ཕྱོགས་ཡོན་ཏན་ཁྱད་པར་ཅན་མངོན་པར་འགྲུབ་པའི་གེགས་སུ་གྱུར་པའོ། །དེ་ལ་དང་པོའི་གཉེན་པོ་ནི་ཡང་དག་པའི་རྩོལ་བ་སྟེ་དེས་ལམ་བསྒོམ་པའི་ཕྱིར་རོ། །གཉིས་པའི་གཉེན་པོ་ནི་ཡང་དག་པའི་

དྲན་པ་སྟེ། ཞི་གནས་ལ་སོགས་པའི་རྒྱུ་མཚན་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གནས་པས་བྱིང་བ་དང་རྒོད་པ་མེད་པའི་ཕྱིར་རོ། །གསུམ་པའི་གཉེན་པོ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ། བསམ་གཏན་ལ་གནས་ནས་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་མངོན་པར་

འགྲུབ་པའི་ཕྱིར་རོ། །གྲོགས་གང་ཞེ་ན། དེ་དག་དང་མཚུངས་པར་ལྡན་པ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བསྒོམ་པ་གང་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བཞིའོ། །བསྒོམས་པའི་འབྲས་བུ་གང་ཞེ་ན། ཡོངས་སུ་གཅོད་པ་དང་གཞན་གོ་བར་བྱེད་

པ་དང་གཞན་ཡིད་ཆེས་པར་བྱེད་པ་དང་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་དང་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་དག་ཅིང་བསྒོམ་ཞེས་སྤང་བར་བྱ་བ་ཉོན་མོངས་པ་དང་བྲལ་བའོ། །དེ་ལ་ཡང་དག་པའི་ལྟ་

เล่ม ๒๐๖ · หน้า 119a

བ་གང་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་གི་དུས་དེ་ཁོ་ན་རྟོགས་ཤིང་ཐོབ་པ་གང་ཡིན་པ་དང་། ཐོབ་ནས་ཇི་ལྟར་རྟོགས་ཤིང་ཁོང་དུ་ཆུད་པ་དེ་ཉིད་ཤེས་རབ་ཀྱིས་རྣམ་པར་འཇོག་པར་བྱེད་པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་ཡང་དག་པའི་ལྟ་བ་ཞེས་

བྱའོ། །དེ་ཡང་མདོར་བསྡུ་ན་རྣམ་པ་བཅུ་གཅིག་ཏུ་བལྟ་བར་བྱ་སྟེ། ནད་དུ་ལྟ་བ་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་། བདག་མེད་པ་ཉིད་དང་། ཀུན་དུ་སྦྱོར་བ་བྱེད་པ་དང་བྲལ་བ་དང་འབྲལ་བར་

བྱེད་པར་བལྟའོ། །དེ་ལ་འདུ་བྱེད་རྣམ་པ་བཞི་པོ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་དང་ལྡན་པ་རྣམས་དང་། རོ་མྱང་བ་དང་ལྡན་པ་རྣམས་དང་། ཉེས་དམིགས་དང་ལྡན་པ་རྣམས་ལ་ནི་ཡང་དག་པའི་ལྟ་བ་བཞི་པོ་ནད་དང་འབྲས་

དང་ཟུག་རྔུ་དང་སྡིག་པར་ལྟ་བ་དག་གོ་རིམས་བཞིན་དུ་རིག་པར་བྱའོ། །འདུ་བྱེད་རྣམས་ལ་འབྱུང་བ་དང་འཇིག་པར་ལྟ་བ་ནི་མི་རྟག་པ་ཉིད་དུ་ལྟ་བ་ཡིན་ནོ། །སྡུག་བསྔལ་གསུམ་དང་རྗེས་སུ་འབྲེལ་པར་ལྡན་པ་ནི་སྡུག་བསྔལ་ཉིད་དུ་ལྟ་བ་ཡིན་ནོ། །དེ་ལ་བདག་དང་བདག་གི་དང་

བྲལ་བར་ལྟ་བ་ནི་སྟོང་པ་ཉིད་དུ་ལྟ་བ་ཡིན་ནོ། །བདག་དང་བདག་གི་མཚན་ཉིད་མེད་པར་ལྟ་བ་ནི་བདག་མེད་པ་ཉིད་དུ་ལྟ་བ་ཡིན་ཏེ། བཞི་པོ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པར་ལྟ་བ་གོ་རིམས་བཞིན་

ནོ། །ཀུན་འབྱུང་བའི་བདེན་པ་ལ་རྒྱུ་དང་ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་རྐྱེན་དུ་ལྟ་བ་གང་ཡིན་པ་དེ་ནི་ཀུན་དུ་སྦྱོར་བར་བྱེད་པར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་ཀུན་འབྱུང་བའི་བདེན་པའི་སྡུག་བསྔལ་གྱི་བདེན་པ་ཀུན་ནས་ཉོན་མོངས་པ་དང་ཀུན་དུ་སྦྱོར་བར་བྱེད་པ་ཡིན་པའི་ཕྱིར་

རོ། །འགོག་པའི་བདེན་པ་ལ་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བར་ལྟ་བ་གང་ཡིན་པ་དེ་ནི་བྲལ་བར་ལྟ་བ་ཞེས་བྱ་སྟེ། འགོག་པའི་བདེན་པ་ནི་ཉོན་མོངས་པ་དང་ཕུང་པོ་ཐམས་ཅད་དང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་ལ་ལམ་

เล่ม ๒๐๖ · หน้า 119b

དང་རིགས་པ་དང་སྒྲུབ་པ་དང་། ངེས་པར་འབྱིན་པར་ལྟ་བ་གང་ཡིན་པ་དེ་ནི་འབྲལ་བར་བྱེད་པར་ལྟ་བ་ཞེས་བྱ་སྟེ། འདི་ལྟར་ལམ་གྱི་བདེན་པ་ནི་འབྲལ་བའི་ཕྱིར་འགྲོ་བ་ཡིན་པའི་ཕྱིར་རོ། །གང་གིས་ཚེ་སྔར་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ལྟ་བ་སྐྱེ་

ལ། ཕྱིས་ནད་དང་འབྲས་དང་ཟུག་རྔུ་དང་སྡིག་པར་ལྟ་བ་སྐྱེ་བར་འགྱུར་བ་དེའི་ཚེ་ཅིའི་ཕྱིར་ནད་ལ་སོགས་པ་སྟོན་ཅེ་ན། གང་ཟག་མཐོང་བའི་ལམ་ཐོབ་པ་ལ་དགོངས་ནས་ནད་ལ་སོགས་པ་སྔར་སྟོན་ཏེ། འདི་ལྟར་སློབ་མ་མཐོང་བའི་ལམ་མཐོང་བ་ནི་ལྷག་པའི་བསམ་པས་ཕུང་པོ་རྣམས་ལ་

ནད་ལ་སོགས་པར་ལྟ་ལ། དེ་ལྟར་ལྟ་བ་དེའི་བསྒོམ་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་གོང་དུ་མི་རྟག་པ་ལ་སོགས་པར་ལྟ་བ་དག་ཅེས་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། །མི་རྟག་པ་ལ་སོགས་པར་ལྟ་བ་དེ་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ། ནད་ལ་

སོགས་པར་ལྟ་བ་མ་ཐོབ་པར་ཐོབ་པར་བྱ་བའི་ཕྱིར། སྔར་མི་རྟག་པ་ལ་སོགས་པར་ལྟ་བ་ཡོངས་སུ་མ་དག་པར་ནི་ཚོགས་ཀྱི་ལམ་ལ་སོགས་པའི་གནས་སྐབས་ན་སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །ནད་ལ་སོགས་པའི་ལྟ་བ་ཐོབ་པའི་ཕྱིར་ཞིང་འབྱུང་བ་དང་། སེམས་ཤིན་ཏུ་རྣམ་པར་

གྲོལ་བར་བྱ་བའི་ཕྱིར་ནད་ལ་སོགས་པར་ལྟ་བ་ལ་བརྟེན་པ་ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པའི་གནས་སྐབས་ན་སློབ་པ་བཞི་མཐོང་བ་རྣམས་ཀྱིའོ། །ཡང་དག་པའི་ལྟ་བ་རྣམ་པ་བཅུ་གཅིག་པོ་དེ་དག་ལ་སྟོང་པ་ཉིད་དང་བདག་མེད་པ་གཉིས་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

ཀྱི་རྣམ་པ་ཡིན་ནོ། །ལྷག་མ་བརྒྱད་ནི་སྨོན་པ་མེད་པའི་རྣམ་པ་ཡིན་ནོ། །འགོག་པའི་བདེན་པ་ལ་བྲལ་བར་ལྟ་བ་གང་ཡིན་པ་གཅིག་པུ་ནི་མཚན་མ་མེད་པའི་རྣམ་པ་ཡིན་ཏེ། དེ་ནི་ཡང་དག་པའི་ལྟ་བའི་རབ་ཏུ་དབྱེ་བ་ཡིན་ནོ། །ཡང་དག་པའི་རྟོག་པ་གང་ཞེ་ན། རེ་ཞིག་རྣམ་

པར་རྟོག་པ་དག་ལས་སེམས་འཇུག་པར་འགྱུར་ན། ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་ངེས་པར་འབྱུང་བའི་རྟོག་པ་དང་གནོད་སེམས་མེད་པའི་རྟོག་པ་དང་རྣམ་པར་འཚེ་བ་མེད་པའི་རྟོག་པ་དང་དེ་ལྟ་བུ་དང་མཐུན་པའི་རྟོག་པ་དག་ལ་ཡང་དག་པར་རྟོག་

เล่ม ๒๐๖ · หน้า 120a

པར་བྱེད་པ་གང་ཡིན་པའོ། །ཡང་དག་པའི་ངག་གང་ཞེ་ན། གལ་ཏེ་གཏམ་ལས་སེམས་འཇུག་པར་འགྱུར་ན་ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཡང་དག་པའི་རྟོག་པ་དགེ་བ་དེ་དག་གིས་ཀུན་ནས་བསླང་བའི་གཏམ་ཆོས་དང་ལྡན་པ་འདི་ལྟ་སྟེ།

སེམས་ཀྱི་སྒྲིབ་པ་སྤོང་བ་དང་མཐུན་པར་འགྱུར་བའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། ཏིང་ངེ་འཛིན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། རྣམ་པར་གྲོལ་བའི་གཏམ་མམ། རྣམ་པར་གྲོལ་བའི་ཤེས་པ་དང་མཐོང་བའི་གཏམ་མམ། འདོད་པ་ཆུང་བའི་

གཏམ་མམ། ཆོག་ཤེས་པའི་གཏམ་མམ། འདོད་ཆགས་དང་བྲལ་བའི་གཏམ་མམ། འགོག་པའི་གཏམ་མམ། མི་སྩོགས་པའི་གཏམ་མམ། འདུ་འཛི་མེད་པའི་གཏམ་མམ། རྐྱེན་འདི་པ་གཉིས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་རྗེས་སུ་མཐུན་པའི་གཏམ་

དག་ཚིག་འབྲུ་འབྱོར་བ་དང་། འབྲེལ་བ་དང་། རྗེས་སུ་མཐུན་པ་དང་། རྗེས་སུ་འཕྲོད་པ་དང་། ཐབས་དང་ལྡན་པ་དང་། འཚམ་པ་དང་མཐུན་པ་དང་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དང་ལྡན་པར་ཟེར་བ་གང་ཡིན་པའོ། །ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན།

གལ་ཏེ་ལས་ཀྱི་མཐའ་ལ་སྤྱོད་པར་གྱུར་ན་ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་ཅུང་ཟད་བལྟས་པ་དང་རྣམ་པར་བལྟས་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་

དང་བཅས་པ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་། སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱི་སྙོམ་པ་བསང་བ་ལ་ཡང་ཤེས་བཞིན་དུ་སྤྱོད་པར་བྱེད་པ་གང་ཡིན་པའོ། །

ཡང་དག་པའི་འཚོ་བ་གང་ཞེ་ན། གལ་ཏེ་འཚོ་བའི་ཡོ་བྱད་བསྒྲུབས་པར་གྱུར་ན་ཡང་དག་པའི་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་ཆོས་ཀྱིས་ཡོངས་སུ་ཚོལ་བར་བྱེད་ཅིང་ལོག་པས་འཚོ་བར་

เล่ม ๒๐๖ · หน้า 120b

བྱེད་པའི་ཚུལ་འཆོས་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་དག་རྣམ་པར་སྤང་བ་གང་ཡིན་པའོ། །དེ་ལྟར་སྤོང་བ་ཡང་དག་པར་བསྡུས་པ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དེ་གསུམ་ནི་དེས་

དང་པོ་ཁོ་ནར་མཐོང་བའི་ལམ་ལ་ཟག་པ་མེད་པའི་ཡིད་ལ་བྱེད་པ་ཐོབ་པ་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ལྷན་ཅིག་ཁོ་ནར་ཐོབ་པ་ཡིན་ཏེ། དེ་དག་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་རྣམས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འཕགས་པ་དམ་པ་ཡང་དག་པར་སྤོང་

བ་རྣམས་ཅི་ནས་ཀྱང་བདག་གིས་ངག་གི་ཉེས་པར་སྤྱད་པ་དང་། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ལོག་པས་འཚོ་བ་དག་མི་བྱ་བའི་སྡོམ་པ་དེ་ཐོབ་པར་བྱའོ་ཞེས་ཡུན་རིང་པོ་ནས་དགྱེས་པ་དང་སྡུག་པ་དང་ཕངས་པ་དང་ཐུགས་སུ་འཐད་པར་མཛད་པ་ཡིན་ཏེ། དེ་དག་གིས་ཡུན་རིང་

པོ་ནས་དགྱེས་པ་དང་སྡུག་པ་དང་ཕངས་པ་དང་ཐུགས་སུ་འཐད་པ་མཛད་པ་གང་ཡིན་པ་དེ། དེས་དེའི་ཚེ་ན་ཐོབ་པས་ན་དེ་ནི་འཕགས་པ་དགྱེས་པ་ཞེས་བྱའོ། །དེ་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མངོན་པར་རྟོགས་པ་ན་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲ་བར་མི་བྱེད། བསམས་

བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། མ་བྱིན་པར་ལེན་པར་མི་བྱེད། འདོད་པས་ལོག་པར་གཡེམ་པར་མི་བྱེད། ཆོས་མ་ཡིན་པས་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བར་མི་བྱེད་པས་ན་དེ་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དེ་དག་ཉིད་ཀྱི་དབང་དུ་བྱས་

ཏེ་བསྒོམ་པའི་ལམ་གྱི་ཚེ་དག་འཇུག་པ་གང་ཡིན་པ་དང་། ལུས་ཀྱི་ལས་གང་ཡིན་པ་དང་། འཚོ་བ་གང་ཡིན་པ་དེ་དག་ཀྱང་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ཞེས་བྱའོ། །ཡང་དག་པའི་རྩོལ་བ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་

མཐའ་དང་འཚོ་བ་དག་ལ་བརྟེན་ཏེ། བསྒོམ་པའི་ལམ་ལ་ཞུགས་པ་དེའི་ཀུན་དུ་སྦྱོར་བ་ལྷག་མ་རྣམས་སྤང་བའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་ན། འདུན་པ་དང་། བརྩོན་འགྲུས་དང་། རྩོལ་བ་དང་། ངེས་པར་འབྱུང་བར་བྱེད་པ་དང་། ཕ་རོལ་གནོན་

เล่ม ๒๐๖ · หน้า 121a

པར་བྱེད་པ་དང་། མཐུ་དང་། རྩོལ་བ་དང་། སེམས་ཡང་དག་པར་རབ་ཏུ་འཛིན་པར་བྱེད་པ་དང་། བརྩོན་འགྲུས་གང་ཡིན་པའོ། །ཡང་དག་པའི་དྲན་པ་གང་ཞེ་ན། དེ་ལྟར་ཡང་དག་པའི་རྩོལ་བ་དང་ལྡན་པ་དེའི་དྲན་པ་ཉེ་བར་གཞག་པ་བཞིའི་དབང་དུ་

བྱས་ནས་ཕྱིན་ཅི་མ་ལོག་པར་བསྡུས་པའི་དྲན་པ་གང་ཡིན་པའོ། །ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། དེ་ལྟར་ཡང་དག་པའི་དྲན་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པས་ཡང་དག་པར་བསྡུས་པའི་དྲན་པ་དེ་ལ་ཞི་གནས་ཀྱི་སེམས་གནས་པ་དགུ་དང་སྟོབས་དྲུག་དང་ཡིད་ལ་བྱེད་

པ་བཞིས་འཇུག་པ་གང་ཡིན་པའོ། །དེ་ལ་སེམས་གནས་པ་དགུ་གང་ཞེ་ན། སེམས་ནང་ཁོ་ནར་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་

པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལ་ཇི་ལྟར་ན་འཇོག་པར་བྱེད་པ་ཡིན་ཞེ་ན། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ། རྣམ་པར་མི་གཡེང་བར་བྱ་བའི་ཕྱིར་དང་པོ་ནང་དུ་ཉེ་བར་གཏོད་པར་

བྱེད་པ་གང་ཡིན་པ་དེ་ནི་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཡང་དག་པར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོ་ཉེ་བར་གཏད་པའི་སེམས་གང་ཡིན་པ་དེ་གཡོ་བ་དང་རགས་པ་དང་ཡང་དག་པར་མི་གནས་པ་དང་ཡོངས་སུ་མི་གནས་པར་གྱུར་པ་ན། དེ་དམིགས་པ་དེ་ཉིད་ལ་

གཏད་པའི་ཚུལ་དང་དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས་འཕྲོ་བར་མི་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ཞེ་ན། དེ་ལྟར་དེའི་

སེམས་གཞག་པ་དང་ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངས་པས་ཕྱི་རོལ་དུ་རྣམ་པར་གཡེང་བར་གྱུར་ན། དེས་ཡང་ཕྱིར་དེ་ཉིད་ལ་སྡུད་པར་བྱེད་དོ། །དེ་ལྟར་ན་བསྡུས་ཏེ་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ཞེ་ན། དང་པོ་ཁོ་

เล่ม ๒๐๖ · หน้า 121b

ནར་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་གཞག་སྟེ། གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཞི་གནས་དང་དེའི་སེམས་དེ་ཕྱི་རོལ་དུ་མི་འགྲོ་བར་བྱེད་དེ། དེ་ལྟར་ན་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་དུལ་བར་བྱེད་པ་ཡིན་ཞེ་ན། གཟུགས་

དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་མཚན་མ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྐྱེས་པ་དང་། བུད་མེད་ཀྱི་མཚན་མ་གང་གིས་དེའི་སེམས་རྣམ་པར་གཡེང་བར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་བཟུང་བ་དེ་ཉིད་

ཀྱི་དབང་དུ་བྱས་ནས་མཚན་མ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ། དེ་ལྟར་ན་དུལ་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཞི་བར་བྱེད་པ་ཡིན་ཞེ་ན། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པ་རྣམ་པར་རྟོག་པ་གང་དག་དང་། འདོད་པ་ལ་འདུན་པ་ལ་སོགས་པ་ཉེ་

བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་དུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་བཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལ་དེའི་སེམས་འཕྲོར་མི་སྟེར་བར་བྱེད་དེ།

དེ་ལྟར་ན་ཞི་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ཞེ་ན། དེ་བརྗེད་ངས་པའི་ཕྱིར་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་གཉིས་ཀ་ཀུན་དུ་འབྱུང་བར་གྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཅིང་སྤོང་བར་བྱེད་དེ། དེ་ལྟར་ན་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །

ཇི་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ཞེ་ན། མངོན་པར་འདུ་བྱེད་པ་དང་བཅས་པས་བར་དུ་ཆད་པ་མེད་པ་དང་རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་དེ། དེ་ལྟར་ན་རྒྱུད་གཅིག་ཏུ་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ཞེ་ན། ཀུན་དུ་

བསྟེན་ཞིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་དེ་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་

เล่ม ๒๐๖ · หน้า 122a

པར་འགྱུར་ཏེ། དེ་ལྟར་ན་ཏིང་ངེ་འཛིན་དུ་བྱེད་པ་ཡིན་ནོ། །དེ་ལ་སྟོབས་དྲུག་གང་ཞེ་ན། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཡོངས་སུ་འདྲིས་པའི་སྟོབས་སོ། །སྟོབས་

དྲུག་པོ་དེ་དག་གིས་སེམས་གནས་པ་དགུ་པོ་དེ་དག་འགྲུབ་སྟེ། དེ་ལ་ཐོས་པའི་སྟོབས་དང་བསམ་པའི་སྟོབས་ཀྱིས་ནི་རེ་ཞིག་ཐོས་པ་གང་ཡིན་པ་དང་བསམ་པ་གང་ཡིན་པའི་དབང་དུ་བྱས་ནས་དང་པོར་ཁོ་ནར་སེམས་དམིགས་པ་ལ་འཇོག་པར་བྱེད་པ་དང་དེ་ཉིད་ལ་གཏོད་པའི་ཚུལ་གྱིས་ཡང་དག་

པར་འཇོག་པར་བྱེད་དོ། །དྲན་པའི་སྟོབས་ཀྱིས་ནི་དེ་ལྟར་སེམས་གཏད་པ་ལ་ཡང་དག་པར་སྡུད་པ་དང་རྣམ་པར་མི་གཡེང་བར་བྱེད་པས་བསྡུས་ཏེ་འཇོག་ཉེ་བར་འཇོག་པར་བྱེད་དོ། །ཤེས་བཞིན་གྱི་སྟོབས་ཀྱིས་ནི་དེ་ནས་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་

བར་མི་བྱེད་པས་དུལ་བར་བྱེད་པ་དང་ཞི་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉི་ག་དང་དུ་མི་ལེན་པ་དང་རྒྱུན་ཆགས་པར་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་པས་ཞི་བར་བྱེད་པ་དང་རྒྱུན་གཅིག་ཏུ་བྱེད་དོ། །ཡོངས་སུ་འདྲིས་པར་བྱེད་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་དུ་བྱེད་

དོ། །དེ་ལ་ཡིད་ལ་བྱེད་པ་བཞི་གང་ཞེ་ན། བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་དང་། སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་དང་། སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་དང་། རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པའོ། །སེམས་གནས་པ་དགུ་པོ་

དེ་དག་ནི་ཡིད་ལ་བྱེད་པ་དེ་བཞིས་འཇུག་སྟེ། དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པས་ནི་བསྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ། །བསྡུས་ཏེ་འཇོག་པར་བྱེད་པ་དང་ཉེ་བར་འཇོག་པར་བྱེད་པ་དང་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་དང་ཉེ་བར་ཞི་བར་

བྱེད་པས་ནི་སྐབས་སུ་འཆད་ཅིང་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ། །རྒྱུད་གཅིག་ཏུ་བྱེད་པ་ནི་སྐབས་སུ་འཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ། །ཏིང་ངེ་འཛིན་དུ་བྱེད་པའི་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པས་འཇུག་གོ། །འདིར་བསྒོམ་པའི་ལམ་ལ་ནི་

เล่ม ๒๐๖ · หน้า 122b

ཐམས་ཅད་དུ་ཡང་སེམས་གནས་པ་དགུ་ལས་ཏིང་ངེ་འཛིན་དུ་བྱེད་པ་དང་། སྟོབས་དྲུག་ལས་ཡོངས་སུ་འདྲིས་པའི་སྟོབས་དང་། ཡིད་ལ་བྱེད་པ་བཞི་ལས་རྩོལ་བ་མེད་པར་འཇུག་པ་ཡིད་ལ་བྱེད་པ་ཤས་ཆེར་འཇུག་སྟེ། དེ་ཡང་དག་པའི་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཡིན་ནོ། །

འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཐམས་ཅད་ཀྱང་མདོར་བསྡུ་ན་རྒྱུ་བའི་ཚེ་ན་བྱ་བ་དང་། གནས་པའི་ཚེ་ན་བྱ་བ་ནི་དེ་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དག་ནི་རྒྱུ་བའི་ཚེ་ན་བྱ་བ་ཡིན་ནོ། །གནས་པའི་ཚེ་ན་བྱ་བ་ནི་རྣམ་པ་གཉིས་ཏེ། ཞི་གནས་དང་། ལྷག་

མཐོང་ངོ་། །དེ་ལ་ཡང་དག་པའི་ལྟ་བ་རྟོག་པ་དང་རྩོལ་བ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ནོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཞི་གནས་ཡིན་ནོ། །དེ་ལྟར་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ཡོངས་སུ་དག་པ་ལ་བརྟེན་ནས་དུས་དུས་སུ་ཞི་གནས་

དང་ལྷག་མཐོང་སྒོམ་པར་བྱེད་པ་དེ་ནི་ཀུན་དུ་སྦྱོར་བ་མ་ལུས་པར་སྤངས་པ་མངོན་སུམ་དུ་བྱེད་ཅིང་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་འགྱུར་བས་བརྒྱད་པོ་དེ་དག་ནི་འཕགས་པའི་ལམ་གྱི་ཡན་ལག་ཡིན་ནོ། །དེ་ལ་གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་པོ་

ཐམས་ཅད་ལམ་གྱིས་བསྡུས་པ་ཡིན་པ་དེའི་ཚེ་ཅིའི་ཕྱིར་ཡང་དག་པའི་ལྟ་བ་མངོན་དུ་བཏང་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལམ་གྱི་བདེན་པ་ཞེས་བྱ་ཞེ་ན། འཕགས་པ་སློབ་པ་བཞི་མཐོང་བ་རྣམས་ཀྱི་བསླབ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། སློབ་པ་ནི་འདི་

ལྟར་དུས་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་སློབ་པར་བྱེད་ཅིང་། ལྷག་པའི་སེམས་ཀྱི་བསླབ་པ་ཡང་སློབ་པར་བྱེད། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡང་སློབ་པར་བྱེད་ལ། བསླབ་པ་གསུམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་པས་དེའི་ཕྱིར་ལམ་གྱི་བདེན་པ་

ཞེས་བྱའོ། །དེ་ལ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡང་དག་པའི་ཆོས་ཀྱི་ལོངས་སྤྱོད་དང་ཡང་དག་པའི་ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའི་རྒྱུ་གཉིས་ཀྱིས་ཏེ། ཡང་དག་པའི་ངག་དང་ཡང་དག་པའི་

เล่ม ๒๐๖ · หน้า 123a

ལས་ཀྱི་མཐའ་ནི་རྩ་བའི་ཚུལ་ཁྲིམས་ཡིན་ཏེ། ཚུལ་ཁྲིམས་ནི་ཆོས་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱི་གཞི་ཡིན་པས་དེ་གཉིས་ཀྱི་ཡང་དག་པའི་ཆོས་ལ་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཡང་དག་པའི་འཚོ་བ་ནི་ཚུལ་འཆོས་པ་ལ་སོགས་པ་ལོག་པར་འཚོ་བར་བྱེད་པའི་ཆོས་

རྣམས་ལ་མི་བརྟེན་པར་ཆོས་གོས་ལ་སོགས་པ་ཡོངས་སུ་ཚོལ་བའི་རྩ་བ་དང་། གཞི་ཡིན་པས་དེ་ནི་ཡང་དག་པའི་ཟང་ཟིང་གི་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཡང་དག་པའི་ལྟ་བ་དང་རྟོག་པ་ནི་རྩོལ་བ་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་

ལམ་གྱིས་ནི་མདོར་བསྡུ་ན་རྣམ་པ་གསུམ་ཡོད་ལ། དེ་དག་ནི་ཆོས་གསུམ་པོ་དེ་དག་གིས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཏེ། ཆོས་ཀྱི་དེ་ཁོ་ནའི་དོན་རྟོགས་པར་བྱེད་པའི་ལས་ཀྱི་དེ་ཁོ་ནའི་དོན་རྟོགས་ནས། དེ་ཉིད་གཞན་དག་ལ་སྟོན་པར་བྱེད་པའི་ལས་དང་ཀུན་དུ་སྦྱོར་བ་ལྷག་མ་

རྣམས་སྤངས་པའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་སྒྲུབ་པར་བྱེད་པའི་ལས་ཏེ། ལས་དེ་གསུམ་ནི་ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དག་གིས་གོ་རིམས་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པ་དང་ཏིང་ངེ་འཛིན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །དེ་

ཅིའི་ཕྱིར་ཞེ་ན། རྣམ་པ་གཉིས་ཀྱིས་ཏེ། ངོ་བོ་ཉིད་དང་། རྐྱེན་གྱིས་སོ། །དེ་ལ་ཡང་དག་པའི་ཏིང་ངེ་འཛིན་ནི་ལྷག་པའི་སེམས་ཀྱི་ངོ་བོ་ཉིད་ཡིན་ནོ། །ཡང་དག་པའི་དྲན་པ་ནི་རྒྱུ་བཞིས་ལྷག་པའི་སེམས་ཀྱི་རྟེན་གྱི་བྱ་བ་བྱེད་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་དམིགས་པ་ལ་

ཉེ་བར་གཏོད་པར་བྱེད་པ་དང་། དབང་པོའི་སྒོ་བསྡམ་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་། དང་བར་གྱུར་པའི་གནས་ལྟ་བུའི་དྲན་པ་ཡིད་ལ་བྱེད་པ་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པ་དང་། སྒྲིབ་པའི་གཉེན་པོ་མི་སྡུག་པ་ལ་སོགས་པ་ཡིད་ལ་བྱ་བ་དག་ལ་ལམ་ལ་སྒྲིབ་པ་སྤོང་བ་དང་། རབ་ཏུ་དབེན་

པའི་ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མ་རྟག་ཏུ་བྱེད་པ་དང་གུས་པར་བྱེད་པའི་སྦྱོར་བ་དག་ལ་མཚན་མ་ཡིད་ལ་བྱེད་པ་ལན་མང་དུ་བྱེད་པས་སོ། །དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དག་ནི་རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ཡིན་པས་ན་འཕགས་པའི་

เล่ม ๒๐๖ · หน้า 123b

ཕྱོགས་དང་འཁོར་བསྡུ་བའི་དངོས་པོ་ཞེས་བྱ་སྟེ། དེ་ཙམ་གྱིས་ཡང་དག་པའི་མཐའ་རྟོགས་པས་འདི་ལྟ་སྟེ། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་བར་བྱ་བའི་ཕྱིར་ལམ་གྱི་ཡན་ལག་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྗེས་སུ་ཐོབ་པར་རིག་པར་བྱའོ། །

གཉེན་པོ་བསྒོམས་པས་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེའི་འབྲས་བུ་རྣམ་པར་གཞག་པ་ནི་གཉེན་པོ་བསྒོམ་པས་དེའི་འབྲས་བུ་ཡེ་ཤེས་དང་སྤངས་པ་རྣམ་པར་གཞག་པའོ་ཞེས་སྨོས་པ་ལ་ཡེ་ཤེས་རྣམ་པར་གཞག་པ་གང་ཞེ་ན། དེ་ཁོ་ན་རབ་ཏུ་རྟོགས་

པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་བསྒོམས་པའི་དབང་གིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་རྣམས་ལ་དེ་ཁོ་ནའི་དོན་རབ་ཏུ་རྟོགས་པའི་ཤེས་པ་ནི་དེ་ཁོ་ན་ཉིད་རབ་ཏུ་ཤེས་པའི་དངོས་པོ་ཞེས་བྱ་སྟེ་དེ་ནི་ཡེ་ཤེས་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་དེ་ཁོ་

ནའི་དོན་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ། ཇི་ལྟར་ཡོད་པ་ལས་བརྩམས་ཏེ་ཆོས་རྣམས་ཀྱི་ཡང་དག་པ་ཉིད་གང་ཡིན་པ་དང་། ཇི་སྙེད་ཡོད་པ་ལས་བརྩམས་ཏེ་ཆོས་རྣམས་ཀྱི་ཐམས་ཅད་ཉིད་གང་ཡིན་པ་སྟེ་དེ་ལྟར་ཡང་དག་པ་ཉིད་དང་ཐམས་ཅད་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ནའི་

དོན་མཐའ་དག་ཡིན་པར་རིག་པར་བྱའོ། །དེ་ཁོ་ནའི་དོན་དེ་ཡང་རབ་ཏུ་དབྱེ་བ་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་དང་། རིགས་པས་གྲགས་པའི་དེ་ཁོ་ནའི་དོན་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། ཤེས་བྱའི་སྒྲིབ་པ་

རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ནའོ། །དེ་ལ་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་གང་ཞེ་ན། བརྡ་དང་ཀུན་རྫོབ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པ་ཐམས་ཅད་ཀྱི་ལྟ་བ་མཚུངས་པར་གྱུར་པ་འཇིག་རྟེན་ཐམས་ཅད་ཀྱི་ངེས་པར་མོས་པའི་

སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གི་རང་གི་རྣམ་པར་རྟོག་པ་ལ་གྲགས་པ་མ་བསམས་མ་དཔྱད་མ་བརྟགས་པ་བཟུང་བའི་དངོས་པོ་གཟུགས་ཤེའམ་སྒྲ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ནའོ་ཞེས་བྱའོ། །རིགས་པར་གྲགས་པའི་

เล่ม ๒๐๖ · หน้า 124a

དེ་ཁོ་ན་གང་ཞེ་ན། དམ་པ་རིགས་པའི་དོན་ལ་མཁས་པ་མཛངས་པ་རྟོག་གེའི་དཔྱོད་པ་དང་ལྡན་པ་རྟོག་གེར་རྟོགས་པའི་སའི་རང་གི་སྤོབས་པ་ལས་བྱུང་བ་སོ་སོའི་སྐྱེ་བོ་དཔྱོད་པའི་རྗེས་སུ་དཔྱོད་པ་ལ་གནས་པ་རྣམས་ཀྱི་ཤེས་པ་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་ངེས་པའི་

སྤྱོད་ཡུལ་ཤེས་བྱའི་དངོས་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས་འཐད་པ་སྒྲུབ་པའི་རིགས་པས་རབ་ཏུ་བསྒྲུབས་ཤིང་རྣམ་པར་གཞག་པ་རང་དང་སྤྱིའི་མཚན་ཉིད་གང་ཡིན་པ་དེ་ནི་རིགས་པས་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་

པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པ་དང་ཟག་པ་མེད་པ་ཐོབ་པར་བྱེད་པ་དང་། ཟག་པ་མེད་པའི་རྫས་ལས་ཐོབ་པ་འཇིག་རྟེན་པའི་ཤེས་པས་སྤྱོད་ཡུལ་དུ་བྱ་བ་འཕགས་པའི་བདེན་པ་བཞི་གང་ཡིན་པ་དེ་ནི་ཉོན་

མོངས་པའི་སྒྲིབ་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་པའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་

རྣམས་ཀྱི་ཡེ་ཤེས་ཆོས་བདག་མེད་པ་ལ་འཇུག་པ་དང་ཞུགས་པར་གྱུར་པ་ཤིན་ཏུ་རྣམ་པར་དག་པའི་ཚིག་ཏུ་བཏགས་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་དང་མཚུངས་པར་སྤྱོད་ཡུལ་གྱི་ཡུལ་དུ་བྱ་བ་དེ་བཞིན་མཆོག་བླ་ན་མེད་པའི་ཤེས་བྱའི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་

རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱ་སྟེ། དེ་ཁོ་ན་དེ་དག་རབ་ཏུ་རྟོགས་པའི་དངོས་པོའི་ཡེ་ཤེས་རྣམ་པར་གཞག་པ་དེ་ནི་གཉེན་པོ་བསྒོམས་པའི་འབྲས་བུ་རྣམ་པར་གཞག་པ་གཅིག་ཡིན་ནོ། །སྤངས་པ་རྣམ་པར་གཞག་པ་གང་ཞེ་ན། མྱ་ངན་ལས་འདས་པ་ཡང་དག་པར་འཐོབ་

པའི་དངོས་པོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་ཀྱི་ཕྱོགས་བསྒོམས་པའི་དབང་གིས་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤངས་པ་ན་དེ་དག་གིས་མྱ་ངན་ལས་འདས་པ་ཐོབ་པ་ཟག་པ་མེད་པ་འདུས་མ་བྱས་པ་ཡང་དག་པར་ཐོབ་

เล่ม ๒๐๖ · หน้า 124b

པ་ནི་མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པའི་དངོས་པོ་ཞེས་བྱ་སྟེ། དེ་ནི་སྤངས་པ་རྣམ་པར་གཞག་པ་ཡིན་ནོ། །དེ་ནི་ཕུང་པོའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་རྒྱུད་ཀྱིས་ཡང་དག་པར་བསྡུས་པ་ཡིན་ཏེ། དེ་ཡང་གཉེན་པོ་བསྒོམས་པ་དེའི་

འབྲས་བུ་རྣམ་པར་གཞག་པ་གཅིག་ཡིན་ནོ། །དེའི་འབྲས་བུ་རྣམ་པར་གཞག་པའི་ཚིག་གི་དོན་ལ་སོགས་པ་བཤད་ཟིན་ཏོ།། །།དེ་ལ་སྦྱོར་བའི་རྒྱུ་རྣམ་པར་གཞག་པ་ནི་གཉེན་པོ་བསྒོམ་པ་དེ་ལ་སྦྱོར་བའི་རྒྱུ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་འཇིག་རྟེན་པའི་ཡང་དག་

པའི་ལྟ་བ་རྣམ་པར་གཞག་པའོ་ཞེས་སྨོས་པ་དེ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་རྣམ་པར་གཞག་པ་གང་ཞེ་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་འདི་ལས་ཕྱི་རོལ་པ་

ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་དག་ལས་སྤྱི་བོར་གྱུར་པ་ཉིད་ཀྱི་དངོས་པོ་ཞེས་བྱ་བས་བསྟན་ཏེ། དེ་ལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་བོ། །དེ་ལེགས་པར་གསུངས་པའི་ཞེས་བྱ་བ་ནི་དམ་པའི་ཆོས་ཚངས་པར་སྤྱོད་པ་ཐོག་མར་

དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་ཞེས་བྱ་བ་ལ་སོགས་པའོ། །ཆོས་འདུལ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ནི་ཆོས་སོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་།

འཚོ་བ་ནི་འདུལ་བའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་བ་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་ཐམས་ཅད་ལ་ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བས་བསྡུས་པའི་ཡང་དག་པའི་ལྟ་བ་འབྱིན་

པ་དང་མཆོད་སྦྱིན་དང་ལས་དང་འབྲས་བུ་དང་ཕ་དང་མ་དང་དགྲ་བཅོམ་པ་ཡོད་དོ་ཞེས་བྱ་བ་ལ་སོགས་པར་ལྟ་བ་གང་ཡིན་པའོ། །འདི་ལས་ཕྱི་རོལ་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་དག་ལས་སྤྱི་བོར་གྱུར་པ་ཉིད་ཀྱིས་དངོས་པོ་ཞེས་བྱ་ལ། འདི་ལས་ཕྱི་རོལ་པ་ཞེས་བྱ་བ་ནི་བདེ་

เล่ม ๒๐๖ · หน้า 125a

བར་གཤེགས་པའི་བསྟན་པ་འདི་ལས་ཕྱི་རོལ་པ་མུ་སྟེགས་ཅན་དང་འཇིག་རྟེན་པ་གཞན་དག་གོ། །དེ་དག་གི་ཡང་དག་པའི་ལྟ་བ་དག་ནི་ཕྱིན་ཅི་ལོག་དང་འབྲེལ་པ་ཡིན་ནོ། །དེ་དག་གི་ཡང་དག་པའི་ལྟ་བ་དག་ལས་སྤྱི་བོར་གྱུར་པ་ནི་ཆོས་འདི་པའི་འཇིག་རྟེན་པའི་ཡང་

དག་པའི་ལྟ་བ་དེ་ནི་ལུང་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་ཉིད་བསྒོམ་པ་དེ་ལ་བསྒོམ་པའི་རྒྱུ་ཡིན་ནོ། །དེ་ལ་སྦྱོར་བའི་རྒྱུ་རྣམ་པར་གཞག་པའི་ཚིག་གི་དོན་

ལ་སོགས་པ་བཤད་ཟིན་ཏོ།། །།དེའི་མི་མཐུན་པའི་ཕྱོགས་རྣམ་པར་གཞག་པ་ནི་དེ་ལ་སྦྱོར་བའི་རྒྱུ་དེའི་མི་མཐུན་པའི་ཕྱོགས་ནི། དེ་མི་བསྒོམ་པས་ཡོངས་སུ་ཉམས་པ་རྣམ་པར་གཞག་སྟེ་ཞེས་སྨོས་པ་ལས། དེ་བསྒོམ་པས་ཡོངས་སུ་ཉམས་པ་གང་ཞེ་ན། དེ་མི་བསྒོམ་པས་ཡོངས་སུ་

ཉམས་པའི་དངོས་པོ་སྟེ་ཞེས་བྱ་བས་བསྟན་ཏེ། དེ་ཞེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དེའོ། །དེ་མི་བསྒོམ་པས་ཇི་ལྟར་ཡོངས་སུ་ཉམས་པར་འགྱུར་ཞེ་ན། དེའི་ཕྱིར་འདི་ལྟར་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་

མི་བསྒོམ་པས་ཡོངས་སུ་ཉམས་པར་འགྱུར་གྱི་ཞེས་བྱ་བ་གསུངས་ཏེ། དེ་ལ་སྦྱོར་བའི་རྒྱུ་དེ་མི་བསྒོམ་པ་ནི་མ་ཐོབ་པའི་ཉམས་པས་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །ལྟ་བའི་ཉེས་པས་ནི་མ་ཡིན་ནོ་ཞེས་བྱ་བས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་ལྟ་བའི་ཉེས་པ་མེད་

པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་བཞིའམ་དགུའམ་ཉི་ཤུ་དགུ་པོ་དེ་དག་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་དངོས་པོ་བསྡུ་བ་ཙམ་གོང་དུ་བསྟན་པ་དེ་ནི་མདོ་སྡེ་ཡིན་ཏེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས། མདོའི་སྡེ་དང་། དབྱངས་ཀྱིས་

བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དོ། །སྐབས་ཁ་ཅིག་ནས་

เล่ม ๒๐๖ · หน้า 125b

ནི་གླེང་གཞིའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་མ་གཏོགས་པ་གཞན་བཅུ་ནི་གཉིས་ཀའི་མདོ་སྡེའི་སྡེ་སྣོད་དོ་ཞེས་ཀྱང་བཤད་དོ། །དེའི་འོག་ཏུ་འདུལ་བའི་མཚན་ཉིད་བསྟན་པའི་དབང་དུ་མཛད་ནས། འཇམ་དཔལ་ངས་གང་དུ་ཉན་ཐོས་རྣམས་དང་བྱང་ཆུབ་

སེམས་དཔའ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་སོ་སོར་ཐར་པའམ་ཞེས་བྱ་བ་ནི་རིས་བདུན་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། སྡོམ་པའི་ཚུལ་ཁྲིམས་ཀྱིས་བསྡུས་པའི་འདུལ་བ་གང་ཡིན་པ་སྟེ། དེ་ཡང་

འདུལ་བ་བཞི་པོ་རྣམ་པར་འབྱེད་པ་དང་། གཞི་དང་། ཕྲན་ཚེགས་དང་། དྲིས་ལན་ལས་སོ་སོར་ཐར་པའི་མདོའི་མ་མོ་རྒྱ་ཆེར་བརྒྱུད་དེ་འོངས་པ་དེ་བཞིན་གཤེགས་པས་གསུངས་པའི་བསྔགས་པ་བསྟོད་པ་ཡིན་ནོ། །སོ་སོར་ཐར་པ་དང་ལྡན་པ་ཞེས་བྱ་བ་ནི་དེ་རྣམ་པར་འབྱེད་

པ་སྟེ། །དེ་རྣམ་པར་དབྱེ་ན་གཞི་དང་ཕྲན་ཚེགས་དང་དྲིས་ལན་ཡང་ཞར་ལས་བྱུང་བས་འདུལ་བ་དུམ་བུ་བཞི་ཆར་ཡང་ཡིན་པར་རིག་པར་བྱའོ། །དེ་ནི་འདུལ་བའི་དངོས་པོ་ཡིན་ནོ་ཞེས་བྱ་བ་ནི་སོ་སོར་ཐར་པ་དང་ལྡན་པ་ནི་འདུལ་བའི་མ་མོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུལ་

བའི་མ་མོ་དེ་ཡང་མདོར་བསྡུ་ན་དོན་རྣམ་པ་བཅུ་དང་ལྡན་པ་ཡིན་ཏེ། བཅུ་གང་ཞེ་ན། ཕན་ཡོན་དང་། སྡེ་ཚན་དང་། སྡུད་པ་དང་། རྗེས་སུ་སྤྱོད་པ་དང་། མི་མཐུན་པ་དང་། མཐུན་པ་དང་། ཉེ་བར་ཞི་བ་དང་། ཡོངས་སུ་ཤེས་པ་དང་། དད་ཅིང་འཕེལ་བར་འགྱུར་བ་དང་།

སྟོབས་སོ། །དེ་ལ་ཕན་ཡོན་གང་ཞེ་ན། དེ་བཞིན་གཤེགས་པས་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅས་པ་སྟེ། འདི་ལྟ་སྟེ། དགེ་འདུན་བསྡུ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་།

དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་དང་། མངོན་

เล่ม ๒๐๖ · หน้า 126a

པར་དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམས་པའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་གཞོམ་པའི་ཕྱིར་དང་། ངའི་ཚངས་པར་སྤྱོད་པ་སྐྱེ་བོ་མང་པོ་ལ་ཕན་པར་གྱུར་པ་ལྷ་དང་མི་

རྣམས་ཀྱི་བར་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་རོ་ཞེས་གསུངས་པའོ། །སྡེ་ཚན་གང་ཞེ་ན། ལྟུང་བའི་སྡེ་ཚན་ལྔ་དང་། ལྟུང་བ་ལས་བསླང་བའི་སྡེ་ཚན་བཞི་སྟེ། ལྟུང་བའི་སྡེ་ཚན་ལྔ་ནི་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་

བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཏེ། ཉེས་པ་སྦོམ་པ་དང་། སྤོང་བའི་ལྟུང་བ་དང་། མ་ངེས་པ་དག་ནི་དེ་དག་ཉིད་དུ་འདུས་པས་ཅི་རིགས་པར་རིག་པར་བྱའོ། །ལྟུང་བ་ལས་བསླང་བའི་སྡེ་ཚན་བཞི་ནི་ཕམ་པ་མ་གཏོགས་པ་དེ་ལས་གཞན་

པའི་ལྟུང་བའི་སྡེ་ཚན་བཞི་ལས་བསླང་བ་སྟེ། ཕམ་པ་ལས་ཀྱང་བསླང་བ་ཡོད་མོད་ཀྱི་དེ་ནི་གང་ཟག་གི་བྱེ་བྲག་ཙམ་ཉིད་ལས་བརྟེན་པ་ཡིན་གྱི། ཐམས་ཅད་ལ་ཁྱད་པར་མེད་པ་མ་ཡིན་པས་དེའི་ཕྱིར་དེ་ལས་བསླང་བའི་སྡེ་ཚན་ནི་མགོ་གཅིག་ཏུ་རྣམ་པར་མི་གཞག་གོ། །

སྡུད་པ་གང་ཞེ་ན། འདུལ་བ་སྡུད་པར་བྱེད་པའི་ཆོས་ལྔ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པ་དང་། དགག་པ་དང་། གནང་བ་དང་། བསྒྲུབ་པའོ། །རྗེས་སུ་སྤྱོད་པ་གང་ཞེ་ན། འདུལ་བའི་རྗེས་སུ་སྤྱོད་པའི་ཆོས་ལྔ་སྟེ། གནས་པ་དང་། གནས་

དང་། རྟེན་དང་། ལོངས་སྤྱོད་དང་། ལས་སོ། །མི་མཐུན་པ་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་བསླབ་པ་དང་མི་མཐུན་པའི་ཆོས་ལྔ་སྟེ། བར་དུ་གཅོད་པ་དང་། དམ་པའི་ཆོས་ལྟར་བཅོས་པ་དང་། སྡིག་པའི་གྲོགས་པོ་དང་། གླེན་

ཞིང་ཉོན་མོངས་པ་སྤང་བ་དང་། སྔོན་གྱི་ཚོགས་སྟོབས་ཆུང་བའོ། །མཐུན་པ་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་བསླབ་པ་དང་མཐུན་པའི་ཆོས་ལྔ་སྟེ། མི་མཐུན་པ་ལྔ་ལས་བཟློག་པའོ། །ཉེ་བར་ཞི་བ་གང་ཞེ་ན། དགེ་སློང་འདུལ་བའི་

เล่ม ๒๐๖ · หน้า 126b

བསླབ་པ་ལ་བརྩོན་པའི་ཉེ་བར་ཞི་བ་དང་དུལ་བ་དང་ཞི་བར་འགྱུར་བའི་ཆོས་ལྔ་སྟེ། ངེས་ཤིང་འགྲོགས་ན་བདེ་བ་ཉིད་དང་། སྤོང་བ་དང་། སྤོང་བའི་ཡན་ལག་དང་། བསྙེན་བཀུར་དང་། རྩོད་པ་ཉེ་བར་ཞི་བའོ། །ཡོངས་སུ་ཤེས་པ་གང་ཞེ་ན། དགེ་

སློང་འདུལ་བའི་བསླབ་པ་ལ་བརྩོན་པས་ཡོངས་སུ་ཤེས་པར་བྱ་བ་དང་། ལྟུང་བ་ཡོངས་སུ་ཤེས་པར་བྱ་བ་དང་། གང་ཟག་ཡོངས་སུ་ཤེས་པར་བྱ་བ་དང་། རྫས་ཡོངས་སུ་ཤེས་པར་བྱ་བ་དང་། གནོད་པ་ཡོངས་སུ་ཤེས་པར་བྱ་བའོ། །དད་ཅིང་འཕེལ་བར་འགྱུར་

བ་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པ་ལ་མ་དད་པ་རྣམས་དད་པ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་འགྱུར་བའི་ཆོས་ལྔ་སྟེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་།

འཚོ་བ་ཕུན་སུམ་ཚོགས་པ་དང་། ཕན་ཚུན་འཐབ་རྩོད་མེད་པའོ། །སྟོབས་གང་ཞེ་ན། དགེ་སློང་འདུལ་བའི་བསླབ་པ་ལ་བརྩོན་པའི་ཡང་དག་པའི་སྦྱོར་བ་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པར་འགྱུར་བའི་སྟོབས་ལྔ་སྟེ། སྦྱོར་བའི་སྟོབས་དང་། བསམ་

པའི་སྟོབས་དང་། རྟོགས་པའི་སྟོབས་དང་། ཤེས་པའི་སྟོབས་དང་། གནས་པའི་སྟོབས་སོ། །དེ་ལྟར་འདུལ་བའི་མ་མོ་དོན་བཅུ་དང་ལྡན་པ་བསྟན་པ་དེས་ནི་འདུལ་བའི་ངོ་བོ་ཉིད་བསྟན་ཏོ།། །།དེའི་འོག་ཏུ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། བཅོམ་

ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོར་རྣམ་པར་ཐར་པ་དུས་བསྡུས་པར་རིག་པར་བགྱི་ལགས་ཞེས་བྱ་བ་གསུངས་སོ། །འཇམ་དཔལ་རྣམ་པ་བདུན་གྱིས་ཏེ་ཞེས་བྱ་བ་ལ། ཡང་དག་པར་བླང་བའི་ཆོ་ག་བསྟན་པ་ཞེས་བྱ་བ་ནི་དང་པོར་གསུམ་ལ་སྐྱབས་

སུ་བཏང་བ་དང་། དགེ་བསྙེན་གྱི་སྡོམ་པ་བྱིན་ནས་དེའི་འོག་ཏུ་ལས་བཞི་པོ་གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་དང་། ལས་གསུམ་བརྗོད་པའི་ལས་ཀྱིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱ་བའི་ཆོས་

เล่ม ๒๐๖ · หน้า 127a

བསྟན་པའོ། །ཕམ་པའི་གནས་ལྟ་བུའི་དངོས་པོ་བསྟན་པ་ཞེས་བྱ་བ་ནི་ལྟུང་བའི་སྡེ་ཚན་ལྔའི་དང་པོ་དང་སྦྱར་རོ། །ལྟུང་བའི་གནས་ལྟ་བུའི་དངོས་པོ་བསྟན་པ་ཞེས་བྱ་བ་ནི་ལྟུང་བའི་སྡེ་ཚན་ལྔའི་ཐ་མ་བཞི་དང་སྦྱར་རོ། །ལྟུང་བའི་ངོ་བོ་ཉིད་བསྟན་

པ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བ་དང་། ཉོན་མོངས་པ་ཅན་གྱི་ལྟུང་བ་དང་། ལྟུང་བ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་བསྟན་པའོ། །དེ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བ་ནི་རྒྱུ་གཉིས་ཀྱིས་འབྱུང་སྟེ། མི་ཤེས་པ་དང་།

བག་མེད་པའོ། །ཉོན་མོངས་པ་ཅན་གྱི་ལྟུང་བ་ཡང་རྒྱུ་གཉིས་ཀྱིས་འབྱུང་སྟེ། ཉོན་མོངས་པ་མང་བ་དང་། མ་གུས་པའོ། །ལྟུང་བ་རྣམས་ཀྱི་ཆུང་ངུ་དང་འབྲིང་དང་ཆེན་པོ་ནི་རྣམ་པ་ལྔས་རིག་པར་བྱ་སྟེ། ངོ་བོ་ཉིད་དང་། བྱེད་པ་དང་། བསམ་པ་དང་། གཞི་དང་། ཚོགས་པའོ། །

དེ་ལ་ངོ་བོ་ཉིད་ལས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ནི་ཕམ་པ་ནི་ལྟུང་བ་ཆེན་པོ་ཡིན་ནོ། །དགེ་འདུན་ལྷག་མ་ནི་འབྲིང་ངོ་། །དེ་ལས་གཞན་པ་ནི་ལྟུང་བ་ཆུང་ངོ་། །རྣམ་གྲངས་གཞན་ཡང་ཕམ་པ་དང་། དགེ་འདུན་ལྷག་མ་རྣམས་ནི་ཆེན་པོ་ཡིན། ལྟུང་བྱེད་དང་སོ་

སོར་བཤགས་པར་བྱ་བ་རྣམས་ནི་འབྲིང་ཡིན། ཉེས་བྱས་རྣམས་ནི་ཆུང་ངུ་ཡིན་པའོ། །བྱེད་པ་ལས་ནི་མི་ཤེས་པས་བྱས་པ་དང་། བག་མེད་པས་བྱས་པ་ནི་ཆུང་ངུ་ཡིན། ཉོན་མོངས་པ་མང་བས་བྱས་པ་ནི་འབྲིང་ཡིན། མ་གུས་པས་བྱས་པ་ནི་ཆེན་པོ་ཡིན་པའོ། །བསམ་

པ་ལས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་དཀྲིས་པ་ཆུང་ངུས་བྱས་པ་ནི་ཆུང་ངུ་ཡིན། འབྲིང་གིས་བྱས་པ་ནི་འབྲིང་ཡིན། ཆེན་པོས་བྱས་པ་ནི་ཆེན་པོ་ཡིན་པའོ། །གཞི་ལས་ནི་ཞེ་སྡང་གིས་ཀུན་ནས་དཀྲིས་པ་མཚུངས་པས་དུད་འགྲོའི་སྐྱེ་གནས་

སུ་སྐྱེས་པའི་སྲོག་ཆགས་བསམས་བཞིན་དུ་བསད་ན་ནི་ལྟུང་བྱེད་ཡིན་པས་ཆུང་བའམ། མིར་ཆགས་པ་ཕ་མ་མ་ཡིན་པ་བསད་ན་ནི་ཕམ་པ་ཡིན་ལ། མཚམས་མེད་པ་མ་ཡིན་པས་འབྲིང་། ཕ་མ་བསད་ན་ནི་ཕམ་པ་ཡང་ཡིན་ལ་མཚམས་མེད་པ་ཡིན་པས་ཆེ་བ་ལྟ་

เล่ม ๒๐๖ · หน้า 127b

བུའོ། །སྩོགས་པ་ལས་ནི་ལྟུང་བ་གཅིག་དང་གཉིས་དང་གསུམ་ནས་ལྔའི་བར་དུ་བྱུང་ཡང་ཆོས་བཞིན་དུ་ཕྱིར་མི་བྱེད་པ་དེ་ནི་ཆུང་ངུ་ཡིན། བཅུའམ་ཉི་ཤུ་འམ་སུམ་ཅུ་འམ་ཤེས་པར་བྱ་ནུས་པའི་བར་དུ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པ་ནི་འབྲིང་ཡིན། ལྟུང་བ་དཔག་

ཏུ་མེད་པ་བྱུང་ལ་བདག་ལ་ལྟུང་བ་འདི་སྙེད་ཅིག་བྱུང་ངོ་ཞེས་ཤེས་པར་མི་ནུས་པ་དེ་ནི་ཆེན་པོར་རིག་པར་བྱའོ། །ལྟུང་བ་མ་ཡིན་པའི་ངོ་བོ་ཉིད་བསྟན་པ་ཞེས་བྱ་བ་ནི་བྱ་བ་རྣམ་པ་ལྔ་ཁོ་ནས་ལྟུང་བ་མི་འབྱུང་བ་སྟེ། དབང་པོ་རྣམས་ཀྱི་སྒོ་བསྡམས་ཏེ་གནས་པ་དང་། ཟས་

ཀྱི་ཚོད་རིག་པ་ཉིད་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་དེ་ནི་བྱ་བ་གཅིག་ཡིན་ནོ། །གཞན་ཡང་དགེ་སྦྱོང་གི་ཚུལ་ཤས་ཆེར་ལྟ་བ་དང་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དད་པ་

དང་། གུས་པ་ཆེན་པོ་དང་ཁ་ན་མ་ཐོ་བ་ཀུན་དུ་སྤྱོད་པས་ཤས་ཆེར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་ཞུགས་པ་དེ་ནི་བྱ་བ་གཉིས་པ་ཡིན་ནོ། །གཞན་ཡང་བྱ་བ་ཉུང་བ་དང་དོན་ཉུང་བ་དང་ལས་ཀྱི་མཐའ་ཉུང་བ་དང་འདུ་འཛི་ཉུང་བ་དེ་ནི་བྱ་བ་གསུམ་པ་ཡིན་ནོ། །གཞན་ཡང་ཁྱིམ་པ་

དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བར་གནས་པ་དང་། བག་ཡོད་པར་ལྟུང་བ་དང་ལྟུང་བ་མེད་པ་ལ་མཁས་པ་དང་དགེ་བའི་ཕྱོགས་ལ་གཅིག་ཏུ་ངེས་པར་བྱེད་པ་དེ་ནི་བྱ་བ་བཞི་པ་ཡིན་ནོ། །གཞན་ཡང་ལས་དང་པོ་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དེ་

ནི་བྱ་བ་རྣམ་པ་ལྔ་ཡིན་ཏེ། བྱ་བ་ལྔ་པོ་དེ་དག་གི། དང་པོ་ཉིད་ནས་ལྟུང་བ་མི་འབྱུང་བར་རིག་པར་བྱའོ། །ལྟུང་བ་ལས་བྱུང་བ་བསྟན་པ་ཞེས་བྱ་བ་ནི་རྒྱུ་གསུམ་གྱིས་ལྟུང་བ་ལས་ལྡང་བ་སྟེ། གསུམ་གང་ཞེ་ན། འགྱོད་པ་ལྔ་བསྐྱེད་པ་དང་། ཡན་ལག་ལྔས་བསྡུས་པའི་བག་

ཡོད་པ་དང་། རྣམ་པ་ལྔས་འགྱོད་པ་བསལ་བའོ། །དེ་ལ་འགྱོད་པ་སྐྱེད་པ་གང་ཞེ་ན། ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་ན་བདག་ཉིད་ལ་གཞི་འདིས་ཚུལ་ཁྲིམས་དག་གིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། གཞན་དང་ལྷ་དག་གིས་སྨད་པར་འགྱུར་

เล่ม ๒๐๖ · หน้า 128a

རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྡིག་པ་ཅན་གྱི་མི་བསྔགས་པ་གྲགས་པ་དང་སྒྲ་དང་ཚིགས་སུ་

བཅད་པ་མངོན་པར་འཕེལ་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པ་དང་། བདག་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་ནས་འགྱོད་པ་སྐྱེད་པར་བྱེད་པའོ། །ཡན་ལག་ལྔས་བསྡུས་པའི་བག་ཡོད་པ་གང་ཞེ་ན། འདས་པའི་དུས་

ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་བྱེད་པ་ལ་སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད་པ་དང་། མ་འོངས་པའི་དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱེད་པས་ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད་པ་དང་། ད་ལྟར་བྱུང་བའི་

དུས་ལ་བརྟེན་ནས་ལྟུང་བ་བྱུང་བ་གང་ཡིན་པ་དེ་ཡང་ཆོས་བཞིན་དུ་ཕྱིར་བྱེད་པས་དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད་པ་དང་། ལྟུང་བ་མ་བྱུང་བའི་སྔ་རོལ་ནས་ཕྱིས་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ཇི་ལྟ་ཇི་ལྟར་སྤྱད་ཅིང་གནས་ན་ཕྱིས་ལྟུང་བ་མི་འབྱུང་བར་འགྱུར་བ་དེ་ལྟ་དེ་

ལྟར་སྤྱོད་ཅིང་གནས་པས་དུས་སྔ་ནས་བྱས་པའི་བག་ཡོད་པ་དང་། འཕྲལ་དུ་ཡང་ཅི་ནས་ཀྱང་ལྟུང་བ་མི་འབྱུང་བ་དེ་ལྟར་སྤྱོད་ཅིང་གནས་པས་ལྷན་ཅིག་སྤྱོད་པའི་བག་ཡོད་པ་དང་ལྡན་པའོ། །རྣམ་པ་ལྔས་འགྱོད་པ་བསལ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་གཞི་

དང་བཅས་ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་པས་ལྟུང་བ་ལས་ལྡང་བའི་སྐབས་ཡོད་དོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། མི་ཤེས་པ་དང་བག་མེད་པ་དང་། ཉོན་མོངས་པ་མང་བ་དང་མ་གུས་པ་གང་གིས་ལྟུང་བ་བྱུང་བ་མི་ཤེས་པ་ནས་མ་གུས་པའི་བར་དེ་ནི་

སྤངས་ཤིང་། ཤེས་པ་ནས་གུས་པའི་བར་དེ་ནི་ཡང་དག་པར་སྐྱེས་སོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། མི་ཤེས་པ་དང་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་བསམ་པ་ཐག་པ་ནས་སེམས་སྐྱེས་སོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་

เล่ม ๒๐๖ · หน้า 128b

མཁས་པ་རྣམས་ཀྱི་མདུན་དུ་སོ་སོར་བཤད་ཟིན་ཏོ་སྙམ་ནས་འགྱོད་པ་སེལ་བར་བྱེད་པ་དང་། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་བསླབ་པ་དང་མི་འགལ་ཞིང་འགྱོད་པ་མེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་བ་དང་ལེགས་པ་ཡིན་གྱི། བདག་

བཅོམ་ལྡན་འདས་ཀྱིས་འདོད་པའི་རྒྱུན་སྒྲིབ་པའི་གནས་ལྟ་བུ་རྣམ་གྲངས་དུ་མས་བར་དུ་གཅོད་པར་བྱེད་པ་གང་ཡིན་པ་གསུངས་པ་དེ་མང་དུ་གནས་ཤིང་དང་དུ་ལེན་པར་བྱེད་ནས་སེལ་བར་མི་བྱེད་པ་གང་ཡིན་པ་དེ་ནི་བདག་ལ་དགེ་བ་དང་ལེགས་པ་མ་ཡིན་ནོ་སྙམ་ནས་འགྱོད་པ་

སེལ་བར་བྱེད་པ་སྟེ། རྣམ་པ་དེ་དག་གིས་ལྟུང་བ་ལས་ལྡང་བར་བྱེད་དོ། །སྡོམ་པ་གཏོང་བ་བསྟན་པས་སོ་ཞེས་བྱ་བ་ལ་རྒྱུ་དུས་ནི་དགེ་སློང་གི་སྡོམ་པ་བླངས་ཀྱང་གཏོང་བར་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་ལྔ་སྟེ། བསླབ་པའི་གཞི་འབུལ་བ་དང་། ལྟུང་བའི་རྩ་བ་ལྷག་པར་སྤྱོད་པ་དང་། མཚན་

ནུབ་ཅིང་མཚན་གཉིས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིགས་མཐུན་པ་སྤངས་པའོ། །དམ་པའི་ཆོས་རབ་ཏུ་རྣམ་པར་ཞིག་པ་དམ་པའི་ཆོས་ནུབ་ཅིང་དགེ་སློང་གི་སྡོམ་པ་བླང་བ་ནི་བླང་དུ་མེད་ལ་སྔར་བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱའོ། །དགེ་བསྙེན་གྱི་སྡོམ་པ་ནི་མི་མཐུན་པའི་

སེམས་བསྐྱེད་པ་དང་། དགེ་བའི་རྩ་བ་ཆད་པ་དང་། རིགས་མཐུན་པ་སྤངས་པས་གཏོང་བར་རིག་པར་བྱའོ། །དམ་པའི་ཆོས་ནུབ་པས་ནི་དགེ་སློང་གི་སྡོམ་པ་ཇི་ལྟ་བ་བཞིན་དུ་དགེ་བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །བསྙེན་གནས་པའི་སྡོམ་པ་

གཏོང་བ་ནི་ཉི་མ་ཤར་བ་དང་། གལ་ཏེ་སེམས་མི་མཐུན་པ་བསྐྱེད་པ་དང་། སྔ་རོལ་དུ་རིགས་མཐུན་པ་སྤོང་ཞིང་འཆི་བའི་དུས་བྱེད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་འདུལ་བའི་ངོ་བོ་ཉིད་དང་རབ་ཏུ་དབྱེ་བ་དེ་དག་ནི་ལུས་དང་ངག་དང་ཡིད་སྡོམ་ཞིང་ཉོན་མོངས་པ་འདུལ་བར་བྱེད་པས་ན་

འདུལ་བ་ཞེས་བྱ་སྟེ། གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་ལས། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་ཅི་རིགས་པར་སྦྱར་རོ། །སྐབས་ཁ་ཅིག་ནས་ནི་གླེང་གཞིའི་སྡེ་ཉི་ཚེ་དང་སྦྱར་རོ་ཞེས་ཀྱང་བཤད་དོ།། །།

เล่ม ๒๐๖ · หน้า 129a

དེའི་འོག་ཏུ་མ་མོའི་མཚན་ཉིད་བསྟན་པའི་དབང་དུ་མཛད་ནས། འཇམ་དཔལ་ངས་གང་དུ་མཚན་ཉིད་རྣམ་པ་བཅུ་གཅིག་བཤད་པ་དང་། རྣམ་པར་ཕྱེ་བ་དང་བསྟན་པ་གང་ཡིན་པ་དེ་ནི་མ་མོ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེ་དང་འདུལ་བ་ཇི་སྐད་

བསྟན་པ་དེ་དག་གཏན་ལ་ཕེབས་པར་བྱེད་ལ། གཏན་ལ་དབབ་པར་བསྟན་པའི་སྡེ་ཐམས་ཅད་ནི་མ་མོ་ཞེས་བྱ་བ་སྟེ་ཆོས་མངོན་པའི་སྡེ་སྣོད་ཀྱང་ཡིན་ནོ། །དེ་ལ་མཚན་ཉིད་རྣམ་པ་བཅུ་གཅིག་གང་ཞེ་ན་ཞེས་བྱ་བ་ལ། མ་མོའི་མཚན་ཉིད་བཅུ་གཅིག་གང་ཡིན་པ་དེ་ནི་མཚན་ཉིད་ལྔར་འགྱུར་ཏེ།

ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པའི་མཚན་ཉིད་གཉིས་ནི་བསྟན་པའི་མཚན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་དམིགས་པའི་མཚན་ཉིད་དང་། རྣམ་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་གསུམ་ནི་ཡོངས་སུ་རྟོགས་པའི་མཚན་ཉིད་དོ། །དེའི་འབྲས་བུའི་

མཚན་ཉིད་དང་། དེ་མྱོང་བའི་རྣམ་པར་བསྙད་པའི་མཚན་ཉིད་གཉིས་ནི་འབྲས་བུའི་མཚན་ཉིད་དོ། །དེའི་བར་དུ་གཅོད་པའི་ཆོས་ཀྱི་མཚན་ཉིད་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་མཚན་ཉིད་གཉིས་ནི་དེ་དག་གི་གེགས་དང་ཕན་འདོགས་པའི་མཚན་ཉིད་དོ། །དེའི་ཉེས་དམིགས་ཀྱི་མཚན་ཉིད་

དང་། ཕན་ཡོན་གྱི་མཚན་ཉིད་གཉིས་ནི་དེའི་ཉེས་པ་དང་ཡོན་ཏན་གྱི་མཚན་ཉིད་དོ། །འཇམ་དཔལ་དེ་ལ་ཀུན་རྫོབ་ཀྱི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། གང་ཟག་བསྟན་པ་དང་། ཀུན་གདགས་པའི་ངོ་བོ་ཉིད་བསྟན་པ་དང་། ཆོས་རྣམས་ཀྱི་བྱེད་པ་དང་གཡོ་བ་དང་ལས་བྱེད་པ་བསྟན་པར་བལྟ་

བར་བྱའོ་ཞེས་བྱ་བ་ལ། གང་ཟག་བསྟན་པ་ཞེས་བྱ་བ་ནི་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཅེས་བྱ་བ་ལ་སོགས་པ་མུ་སྟེགས་ཅན་གྱིས་བདག་ཏུ་བརྗོད་པའི་རྣམ་གྲངས་ལུང་ལས་བསྟན་པའོ། །ཀུན་བརྟགས་པའི་མཚན་ཉིད་བསྟན་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་

བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ་ངོ་བོ་ཉིད་ཀྱི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པའོ། །ཆོས་རྣམས་ཀྱི་བྱེད་པ་དང་གཡོ་བ་དང་ལས་བྱེད་པ་ཞེས་བྱ་བ་ནི་རྣམ་གྲངས་ཏེ་སྤྱིར་ན་བྱེད་པ་པོས་བྱེད་པས་ལས་ཀྱི་བྱ་བ་བྱེད་དོ་ཞེས་བསྟན་པ་

เล่ม ๒๐๖ · หน้า 129b

དག་གོ། །དེ་དག་ཐམས་ཅད་ནི་གློ་བུར་དུ་སྒྲོ་བཏགས་པ་ཡིན་གྱི་དངོས་སུ་ཡོད་པ་མ་ཡིན་པས་ན་ཀུན་རྫོབ་ཀྱི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་ཀུན་རྫོབ་ཏུ་བསྟན་པའི་མཚན་ཉིད་ཡིན་ནོ། །དེ་ལ་དོན་དམ་པའི་མཚན་ཉིད་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་

བ་ལ། དེ་བཞིན་ཉིད་རྣམ་པ་བདུན་ནི་སྔར་འཕགས་པ་བྱམས་པའི་ལེའུར་བྱུང་བའི་དེ་བཞིན་ཉིད་དང་། མཚན་ཉིད་ཀྱི་དེ་བཞིན་ཉིད་དང་། རྣམ་པར་རིག་པའི་དེ་བཞིན་ཉིད་དང་། གནས་པའི་དེ་བཞིན་ཉིད་དང་། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་དང་། རྣམ་པར་དག་པའི་དེ་བཞིན་ཉིད་དང་།

ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་བསྟན་པ་དག་གོ། །དེ་དག་ནི་དེའི་ངོ་བོ་ཉིད་དེ་དེ་བཞིན་ཉིད་བདེན་པ་ཡིན་པས་ན་དོན་དམ་པའི་བདེན་པའི་མཚན་ཉིད་ཅེས་བྱ་སྟེ་དེ་ནི་དོན་དམ་པར་བསྟན་པའི་མཚན་ཉིད་ཡིན་ནོ། །དམིགས་པའི་མཚན་ཉིད་ནི་ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་བསྟན་པ་

ཡིན་པར་བལྟ་བར་བྱའོ་ཞེས་བྱ་བ་ལ། ཤེས་བྱའི་དངོས་པོ་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་སྔར་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གྱི་དམིགས་པ་ཇི་སྐད་བསྟན་པ་དག་ཡིན་ཏེ། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་

བརྟགས་པའི་མཚན་ཉིད་ཡིན་ནོ། །རྣམ་པའི་མཚན་ཉིད་ནི་བརྟག་པ་རྣམ་པ་བརྒྱད་བསྟན་པར་བལྟ་བར་བྱ་སྟེ་ཞེས་བྱ་བ་ནི་བརྟག་པ་རྣམ་པ་བརྒྱད་པོ་དེ་དག་ཀྱང་སེམས་ཀྱི་རྣམ་པ་ཙམ་དུ་ཟད་པས་རྣམ་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ནི་སེམས་ཀྱིས་བརྟགས་པའི་མཚན་ཉིད་ཡིན་ནོ། །བརྟག་

པ་རྣམ་པ་བརྒྱད་གང་ཞེ་ན་ཞེས་བྱ་བ་ལ། བདེན་པའི་རྣམ་པ་ཡང་བདེན་པའི་སྒོ་ནས་བརྟག་གནས་པའི་རྣམ་པ་ཡང་གནས་པའི་སྒོ་ནས་བརྟག །སྐྱོན་དང་ཡོན་ཏན་དང་ཚུལ་དང་འཇུག་པ་དང་རིགས་པ་དང་བསྡུས་པ་དང་རྒྱས་པའི་རྣམ་པ་ཡང་དེ་དག་གི་སོ་སོའི་སྒོ་ནས་དེ་དག་ཉིད་ཡིན་པར་

བརྟག་གོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བདེན་པ་ནི་དེ་བཞིན་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་སྔར་དོན་དམ་པའི་མཚན་ཉིད་དེ་བཞིན་ཉིད་རྣམ་པ་བདུན་བསྟན་པའོ། །གནས་པ་ནི་གང་ཟག་རྣམ་པར་གཞག་པའམ། ཀུན་བརྟགས་པའི་ངོ་བོ་ཉིད་རྣམ་པར་གཞག་པའམ། མགོ་གཅིག་དང་

เล่ม ๒๐๖ · หน้า 130a

རྣམ་པར་དབྱེ་བ་དང་དྲིས་ཏེ་ལན་གདབ་པ་རྣམ་པར་གཞག་པའམ། གཞག་པ་རྣམ་པར་གཞག་པའམ། གསང་བ་དང་རྣམ་པར་དབྱེ་བ་ལན་བཏབ་པ་རྣམ་པར་གཞག་པ་གང་ཡིན་པའོ་ཞེས་བྱ་བ་ལ། གང་ཟག་རྣམ་པར་གཞག་པ་དང་ཀུན་བརྟགས་པའི་ངོ་བོ་

ཉིད་རྣམ་པར་གཞག་པ་ནི་སྔར་ཀུན་རྫོབ་ཀྱི་མཚན་ཉིད་བསྟན་པའི་སྐབས་སུ་བཤད་པ་བཞིན་ནོ། །མགོ་གཅིག་ཏུ་ལན་བཏབ་པར་རྣམ་པར་གཞག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་འཆི་བར་འགྱུར་རམ་ཞེས་འདྲི་བ་ལ་ཐམས་ཅད་འཆི་བར་འགྱུར་རོ་ཞེས་མགོ་གཅིག་ཏུ་ལན་གདབ་པ་ལྟ་བུ་

ལ་སོགས་པའོ། །རྣམ་པར་དབྱེ་ཞིང་ལན་གདབ་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་ཤི་བ་ཐམས་ཅད་སྐྱེ་བར་འགྱུར་རམ་ཞེས་འདྲི་བ་ལ་གང་དག་ཉོན་མོངས་པ་དང་བཅས་པ་དེ་དག་ནི་སྐྱེ་བར་འགྱུར་རོ། །གང་དག་ཉོན་མོངས་པ་མེད་པ་དེ་དག་ནི་སྐྱེ་བར་མི་འགྱུར་རོ་ཞེས་རྣམ་པར་ཕྱེ་བས་ལན་

གདབ་པ་ལྟ་བུ་ལ་སོགས་པའོ། །དྲིས་ཏེ་ལན་གདབ་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་མི་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནམ། དམན་པ་ཡིན་ཞེས་དྲིས་པ་ལས་གང་ལ་ལྟོས་ཏེ་འདྲི་ཞེས་ཕྱིར་དྲིས་ནས་གལ་ཏེ་ངན་སོང་རྣམས་ལ་ལྟོས་ནས་འདྲིའོ་ཞེས་ཟེར་ན་ནི་ཁྱད་པར་དུ་འཕགས་

པ་ཡིན་ནོ་ཞེས་ལན་གདབ་པ་དང་། གལ་ཏེ་ལྷ་རྣམས་ལ་ལྟོས་ཏེ་འདྲིའོ་ཞེས་ཟེར་ན་ནི་དམན་པ་ཡིན་ནོ་ཞེས་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །གཞག་པ་ལས་ལན་གདབ་པ་རྣམ་པར་གཞག་པ་ཞེས་བྱ་བ་ནི་བདག་ཕུང་པོ་རྣམས་དང་གཅིག་གམ་ཐ་དད་ཅེས་འདྲི་བ་ལ་བདག་གཏན་

མེད་པ་ཕུང་པོ་རྣམས་དང་གཅིག་གམ་ཐ་དད་པ་ཉིད་དུ་འགྱུར་བ་ཡོད་རེ་སྐན་སྙམ་དུ་དོན་གྱི་དབང་དེ་ཡིད་ལ་བྱས་ཏེ་ཅང་མི་སྨྲ་བས་ལན་གདབ་པ་ལྟ་བུ་ལ་སོགས་པའོ། །གསང་བ་ཞེས་བྱ་བ་ནི་སེམས་ཅན་སྣོད་དུ་མ་གྱུར་པ་དག་ལ་དོན་ཟབ་མོ་གསང་བའོ། །རྣམ་པར་དབྱེ་བ་ལན་གདབ་པ་

རྣམ་པར་གཞག་པ་ཞེས་བྱ་བ་ནི་སྣོད་དུ་གྱུར་པ་དག་ལ་སྒྲོགས་པར་མཛད་དོ། །སྐྱོན་རྣམས་ནི་ངས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ལ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཞེས་བྱ་བ་ནི་ཉོན་མོངས་པ་དང་

เล่ม ๒๐๖ · หน้า 130b

ལས་དང་ཀུན་ནས་སྐྱེ་བའི་ཉོན་མོངས་པས་བསྡུས་པའི་ཆོས་རྣམས་སོ། །དེ་དག་གི་ཉེས་དམིགས་རྣམ་གྲངས་དུ་མར་བསྟན་པ་གང་ཞེ་ན། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་ཉེས་དམིགས་ནི་རྣམ་པ་དུ་མ་འདི་ལྟ་སྟེ། སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དམིགས་པ་ལ་

ཕྱིན་ཅི་ལོག་ཏུ་བྱེད་པ་དང་། བག་ལ་ཉལ་བརྟན་པར་བྱེད་པ་དང་། རྒྱུ་མཐུན་པའི་འདུ་བྱེད་ཀྱི་རྒྱུད་འཇུག་པར་བྱེད་པ་དང་། བདག་དང་གཞན་དང་གཉིས་ཀ་ལ་གནོད་པ་དང་། ཚེ་འདི་དང་ཕྱི་མ་གཉིས་ཀའི་ཁ་ན་མ་ཐོ་བ་བསྐྱེད་པ་དང་། དེ་ལས་སྐྱེས་པའི་སེམས་དེ་ལས་བྱུང་བའི་སྡུག་བསྔལ་

བ་དང་ཡིད་མི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལས་རྒྱུད་ཐག་རིང་བར་བྱེད་པ་དང་། དགེ་བའི་ཆོས་ཡོངས་སུ་ཉམས་པར་བྱེད་པ་དང་། ལོངས་སྤྱོད་ཉམས་པར་བྱེད་པ་དང་། འཁོར་གྱི་ནང་དུ་ཞུམ་

པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང་། དམ་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་། འགྱོད་བཞིན་དུ་འཆི་བའི་དུས་བྱེད་པ་དང་། ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བ་རྣམས་

སུ་སྐྱེ་བ་དང་། བདག་གི་དོན་ཐོབ་པར་མི་འགྱུར་བའོ། །ལས་ཀྱི་ཀུན་ནས་ཉོན་མོངས་པའི་ཉེས་དམིགས་ནི་རྣམ་པ་བདུན་ཏེ། བདག་ལ་གནོད་པ་དང་། གཞན་ལ་གནོད་པ་དང་། གཉིས་ཀ་ལ་གནོད་པ་དང་། ཚེ་འདིའི་ཁ་ན་མ་ཐོ་བ་བསྐྱེད་པ་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་བསྐྱེད་པ་

དང་། ཚེ་འདི་དང་ཕྱི་མའི་ཁ་ན་མ་ཐོ་བ་བསྐྱེད་པ་དང་། དེ་ལས་སྐྱེས་པའི་སེམས་ལས་བྱུང་བའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དེ་ཉམས་སུ་མྱོང་བར་འགྱུར་བའོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་ཉེས་དམིགས་ནི་སྐྱེ་བའི་རབ་ཏུ་དབྱེ་བ་དང་སྡུག་བསྔལ་བ་དང་མ་ངེས་པ་དང་འཇུག་པ་

དག་ལས་ཅི་རིགས་པར་རིག་པར་བྱའོ། །ཡོན་ཏན་རྣམས་ནི་ངས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་ཕན་ཡོན་རྣམ་གྲངས་དུ་མར་བསྟན་པ་གང་ཡིན་པ་དག་གོ་ཞེས་བྱ་བ་ལ་རྣམ་པར་བྱང་བའི་ཆོས་རྣམས་ཞེས་བྱ་བ་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་རྣམ་པར་དག་པའི་ལམ་རྣམས་སོ། །

เล่ม ๒๐๖ · หน้า 131a

དེ་དག་གི་ཕན་ཡོན་རྣམ་གྲངས་དུ་མ་བསྟན་པ་ནི་མི་མཐུན་པའི་ཕྱོགས་སྤོང་བ་དང་གཉེན་པོ་བསྐྱེད་པའི་རིམ་གྱིས་མཐར་ཐུག་པའི་འབྲས་བུ་ཐོབ་པའི་བར་དུ་ཇི་སྐད་བསྟན་པ་ཡིན་ནོ། །ཚུལ་ནི་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་

དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་ལོ་ཞེས་བྱ་བ་ལ་སངས་རྒྱས་ཀྱི་བཀའ་ཤེས་བྱའི་གནས་ཐམས་ཅད་ནི་མདོར་བསྡུ་ན་ཚུལ་དྲུག་པོ་དེ་དག་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཚུལ་སྔ་མ་

གསུམ་ནི་ཚུལ་ཕྱི་མ་གསུམ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟ་སྟེ། དེ་ཁོ་ནའི་ཚུལ་གྱིས་མཐའ་གཉིས་རྣམ་པར་སྤང་བའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །ཐོབ་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །བཤད་པའི་ཚུལ་ནི་དགོངས་པའི་

ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །དེ་ལ་དེ་ཁོ་ནའི་དོན་འདི་ཚུལ་ཡིན་པས་དེ་ཁོ་ནའི་དོན་གྱི་ཚུལ་ཏེ། དགོངས་པ་ཉིད་ཚུལ་ཡིན་པས་དགོངས་པའི་ཚུལ་གྱི་བར་དུའང་དེ་བཞིན་ནོ། །ཚུལ་གྱི་དོན་ནི་དེ་དང་དེ་ལ་མ་ནོར་བ་ཉིད་དང་ཇི་ལྟ་བ་དེ་བཞིན་ཉིད་དང་ཕྱིན་ཅི་མ་ལོག་པ་ཡིན་པའོ། །དེ་ལ་

དེ་ཁོ་ནའི་དོན་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། འཇིག་རྟེན་པའི་གྲགས་པའི་དེ་ཁོ་ན་དང་། རིགས་པས་གྲགས་པའི་དེ་ཁོ་ན་དང་། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་

ཡུལ་གྱི་དེ་ཁོ་ན་དང་། རྣམ་པར་བཞག་པའི་དེ་ཁོ་ན་དང་། རྣམ་པར་མ་བཞག་པའི་དེ་ཁོ་ནའོ། །དེ་ལ་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་གང་ཞེ་ན། བརྡ་དང་ཀུན་རྫོབ་ལ་འདྲིས་པའི་རྗེས་སུ་འགྲོ་བས་ཞུགས་པའི་བློས་དངོས་པོ་གང་ལ་འཇིག་རྟེན་པ་ཐམས་ཅད་ཀྱི་ལྟ་བ་མཚུངས་པ་འཇིག་རྟེན་པ་

ཐམས་ཅད་ཀྱི་ངེས་པའི་སྤྱོད་ཡུལ་གཅིག་ནས་གཅིག་ཏུ་འོངས་པའི་མིང་གིས་རང་གི་རྣམ་པར་རྟོག་པ་ལ་གྲགས་པ་མ་བསམས་མ་དཔྱད་མ་བརྟགས་པར་བཟུང་བའི་དངོས་པོ་གཟུགས་ཞེའམ། སྒྲ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །རིགས་

เล่ม ๒๐๖ · หน้า 131b

པས་གྲགས་པའི་དེ་ཁོ་ན་གང་ཞེ་ན། དམ་པར་རིགས་པའི་དོན་ལ་མཁས་པ་མཛངས་པ་རྟོག་གེའི་དཔྱོད་པ་དང་ལྡན་པ་རྟོག་གེར་རྟོགས་པའི་ས་རང་གི་སྤོབས་པ་ལས་བྱུང་བ་སོ་སོ་སྐྱེ་བོ་པ་དཔྱོད་པའི་རྗེས་སུ་སྤྱོད་པ་རྣམས་ཀྱི་ཤེས་པ་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་ངེས་པའི་སྤྱོད་ཡུལ་ཤེས་བྱའི་

དངོས་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་ཚད་མ་ལ་བརྟེན་ནས་འཐད་པ་བསྒྲུབས་པའི་རིགས་པས་རབ་ཏུ་བསྒྲུབ་ཅིང་རྣམ་པར་གཞག་པ་རང་དང་སྤྱིའི་མཚན་ཉིད་གང་ཡིན་པ་དེ་ནི་རིགས་པས་གྲགས་པའི་དེ་ཁོ་ན་ཞེས་བྱའོ། །ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་

སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་མེད་པ་དང་ཟག་པ་མེད་པ་ཐོབ་པར་བྱེད་པ་དང་། ཟག་པ་མེད་པའི་རྗེས་ལ་ཐོབ་པ་འཇིག་རྟེན་པའི་ཤེས་པས་སྤྱོད་ཡུལ་དུ་བྱ་བ་འཕགས་པའི་བདེན་པ་བཞི་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པའི་

ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཞེས་བྱའོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་གང་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་ལས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཆོས་བདག་མེད་པ་

ལ་འཇུག་པ་དང་ཞུགས་པར་འགྱུར་བ་ཤིན་ཏུ་རྣམ་པར་དག་པ་ཚིག་ཏུ་བཏགས་པའི་ངོ་བོ་ཉིད་རྣམ་པར་མི་རྟོག་པ་དང་མཚུངས་པར་སྤྱོད་ཡུལ་གྱི་ཡུལ་དུ་བྱ་བ་དེ་བཞིན་ཉིད་མཆོག་བླ་ན་མེད་པ་ཤེས་བྱའི་མཐར་ཐུག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའི་ཤེས་བྱའི་སྤྱོད་ཡུལ་

གྱི་དེ་ཁོ་ན་ཞེས་བྱའོ། །རྣམ་པར་གཞག་པའི་དེ་ཁོ་ན་གང་ཞེ་ན། འཕགས་པའི་བདེན་པ་བཞི་སྟེ་སྡུག་བསྔལ་ནི་སྡུག་བསྔལ་དུ་རྣམ་པར་གཞག་པ་དང་། ལམ་གྱི་བར་དུ་ལམ་དུ་རྣམ་པར་གཞག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཀུན་རྫོབ་རྣམ་པ་གསུམ་གྱིས་རྣམ་པར་འཇོག་

པར་བྱེད་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཀུན་རྫོབ་དང་། རིགས་པའི་ཀུན་རྫོབ་དང་། རྟོགས་པའི་ཀུན་རྫོབ་ཀྱིས་སོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ནི། ཁང་ཁྱིམ་དང་བུམ་པ་དང་དམག་དང་ནགས་ཚལ་དང་གྲངས་ལ་སོགས་པ་རྣམ་པར་གཞག་པ་དང་། བདག་དང་སེམས་ཅན་ལ་སོགས་

เล่ม ๒๐๖ · หน้า 132a

པ་རྣམ་པར་གཞག་པས་རྣམ་པར་འཇོག་གོ། །རིགས་པའི་ཀུན་རྫོབ་ཀྱིས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམ་པར་གཞག་པས་རྣམ་པར་འཇོག་གོ། །རྟོགས་པའི་ཀུན་རྫོབ་ཀྱིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དང་དེ་དག་གི་གནས་རྣམ་

པར་གཞག་པས་རྣམ་པར་འཇོག་གོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་གཞག་པ་རྣམ་པ་བཞིར་འགྱུར་ཏེ། ཇི་སྐད་བསྟན་པ་རྣམ་པ་གསུམ་དང་དོན་དམ་པའི་ཀུན་རྫོབ་ཀྱིས་དོན་དམ་པའི་བདེན་པ་རྣམ་པར་གཞག་པ་སྟེ། དོན་དམ་པ་དེའི་དོན་ནི་སོ་སོར་རང་རིག་པ་ཡིན་པའི་ཕྱིར་དོན་དམ་པ་

དེ་ཤེས་པ་སྐྱེ་བ་དང་མཐུན་པ་ཉིད་ལ་བརྟེན་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་དོན་དམ་པའི་བདེན་པ་ཞེས་རྣམ་པར་འཇོག་གོ། །རྣམ་པར་མ་བཞག་པའི་དེ་ཁོ་ན་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་འཕགས་པའི་ཡེ་ཤེས་ཀྱི་

ཡུལ་འཕགས་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་པའོ། །འཐོབ་པ་གང་ཞེ་ན། འཐོབ་པ་ནི་མདོར་ན་རྣམ་པ་བཞི་སྟེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་འཐོབ་པ་དང་། ཉན་ཐོས་ཀྱི་ཐེག་པ་འཐོབ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་འཐོབ་པ་དང་། ཐེག་པ་ཆེན་པོ་འཐོབ་

པའོ། །དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་འཐོབ་པ་ནི་ལས་དགེ་བ་དང་མི་དགེ་བ་མངོན་པར་འདུ་བྱེད་པས་ལས་བདག་གིར་བྱ་བ་ཉིད་ལ་བརྟེན་ནས་རྒྱུ་དེས་འགྲོ་བ་ལྔའི་འཁོར་བར་སེམས་ཅན་རྣམས་ཀྱི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་དང་རྣམ་པར་སྨིན་པ་སོ་སོར་མྱོང་བ་གང་

ཡིན་པའོ། །ཉན་ཐོས་ཀྱི་ཐེག་པ་འཐོབ་པ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་ནས་དགེ་སྦྱོང་གི་རྒྱན་གྱི་བར་དུ་ཚོགས་ཀྱི་ལམ་ལ་བརྟེན་ནས་རྣམ་པ་ལྔ་འཐོབ་པ་གང་ཡིན་པ་སྟེ། ས་ཐོབ་པ་དང་། ཤེས་པ་ཐོབ་པ་དང་། དད་པ་ཐོབ་པ་དང་། འབྲས་བུ་ཐོབ་པ་དང་། ཡོན་ཏན་ཐོབ་པའོ། །དེ་ལ་ས་

ཐོབ་པ་ནི་ས་གསུམ་སྟེ། མཐོང་བའི་ས་དང་། བསྒོམ་པའི་ས་དང་། མཐར་ཐུག་པའི་སའོ། །ཤེས་པ་ཐོབ་པ་ནི་དགུ་སྟེ། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། དེ་དག་གི་

เล่ม ๒๐๖ · หน้า 132b

རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ། །དད་པ་ཐོབ་པ་ནི་ཤེས་ནས་དད་པ་བཞི་པོ་དག་སྟེ། དཀོན་མཆོག་གསུམ་དང་། འཕགས་པ་དགྱེས་པའི་ཚུལ་ཁྲིམས་སོ། །འབྲས་བུ་ཐོབ་པ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། རྒྱུན་དུ་ཞུགས་

པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་རོ། །ཡོན་ཏན་ཐོབ་པ་ནི་ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་སོ་སོར་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་ཐོབ་པའོ། །ཉན་ཐོས་ཀྱི་ཐེག་པ་ཐོབ་པར་བྱེད་པའི་

རྒྱུ་ནི་འཇིག་རྟེན་པའི་ལམ་གྱི་འདོད་ཆགས་དང་བྲལ་བ་དང་། ཐར་པའི་ཆ་དང་མཐུན་པ་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དག་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྔོན་དུ་བཏང་

བ་དང་། རྟོགས་པ་སྔོན་དུ་བཏང་བ་དང་སྔོན་དུ་མ་བཏང་བའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་སྔོན་དུ་བཏང་བ་ནི་དང་པོར་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་ཐོབ་པ་ལ་བརྟེན་ནས་སློབ་པའི་ས་བདུན་པོ་གང་ཡང་མི་

ཐོབ་པར་ཐལ་བྱུང་དུ་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་རྟེན་པའི་ས་དང་མི་སློབ་པའི་ས་ནི་མེད་པ་ཡིན་ནོ། །མངོན་པར་རྟོགས་པ་སྔོན་དུ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་བསྐྱེད་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བཞི་ཡང་

ཐོབ། སློབ་པའི་ས་བདུན་པོ་དག་མངོན་པར་རྟོགས་པ་ཡང་འཐོབ་པ་ལ་བརྟེན་ནས་མི་སློབ་པའི་ས་རང་བྱང་ཆུབ་ཀྱི་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་རྟེན་པའི་ས་དང་སློབ་པའི་ས་དང་མི་སློབ་པའི་ས་གསུམ་ཆར་ཡོད་པ་ཡིན་ནོ། །སྔོན་དུ་མ་བཏང་བ་ནི་དང་པོར་རང་བྱང་ཆུབ་ཀྱི་ཐེག་པར་སེམས་

བསྐྱེད་ནས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་དེ་ཉིད་ལ་བརྟེན་ནས་བསྐལ་པ་བརྒྱར་ཚོགས་བསགས་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་མི་སློབ་པའི་ས་ཡང་མི་ཐོབ་པར་ཐལ་བྱུང་། མི་སློབ་པའི་ས་རང་བྱང་ཆུབ་ཀྱི་སྙིང་པོ་འབྲས་བུ་ཉིད་ཐོབ་པ་སྟེ། དེ་ནི་འཇིག་

เล่ม ๒๐๖ · หน้า 133a

རྟེན་པའི་ས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་མི་སློབ་པའི་ས་ནི་ཡོད་ལ་འཇིག་རྟེན་པའི་ས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་སློབ་པའི་ས་ནི་མེད་པ་ཡིན་ནོ། །དེ་ལ་དང་པོ་གཉིས་ཀྱིས་ནི་རང་རྒྱལ་བ་ཚོགས་དང་སྤྱོད་པར་འགྱུར་རོ། །ཐ་མས་ནི་བསེ་རུ་ལྟ་བུར་

འགྱུར་རོ། །ཐེག་པ་ཆེན་པོ་ཐོབ་པ་ནི་རྣམ་པ་བརྒྱད་དེ། སེམས་བསྐྱེད་པ་ཐོབ་པ་དང་། སྙིང་རྗེ་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དང་། བསྡུ་བའི་དངོས་པོ་ཐོབ་པ་དང་། ས་ཐོབ་པ་དང་། དཔག་ཏུ་མེད་པ་ལྔ་ལས་དེ་བཞིན་ཉིད་ཁོང་དུ་ཆུད་པ་ཐོབ་པ་དང་། མཐུ་བསམ་གྱིས་མི་ཁྱབ་པ་

ཐོབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐོབ་པ་གང་ཡིན་པའོ། །དེ་ལ་བཤད་པ་ནི་མདོར་བསྡུ་ན་གནས་གསུམ་གྱིས་བསྡུས་པ་ཡིན་ཏེ། སྡེ་སྣོད་བསྡུ་བ་དང་། མ་མོ་བསྡུ་བ་དང་། དེ་གཉི་ག་བསྡུ་བའོ། །དེ་ལ་སྡེ་སྣོད་བསྡུ་བ་ནི་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་པ་ཆེན་པོའི་སྡེ་སྣོད་

དོ། །མ་མོ་བསྡུ་བ་ནི་རྣལ་འབྱོར་སྤྱོད་པའི་ས་བཅུ་བདུན་དང་། དེའི་བ་བཞི་སྟེ། རྣལ་འབྱོར་སྤྱོད་པའི་ས་བཅུ་བདུན་ནི་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་དང་། ཡིད་ཀྱི་ས་དང་། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་

ས་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ས་དང་། མཉམ་པར་བཞག་པའི་ས་དང་། མཉམ་པར་མ་བཞག་པའི་ས་དང་། སེམས་ཡོད་པའི་ས་དང་། སེམས་མེད་པའི་ས་དང་། ཐོས་པ་ལས་བྱུང་བའི་ས་དང་། བསམ་པ་ལས་བྱུང་བའི་ས་དང་། བསྒོམ་པ་ལས་བྱུང་བའི་ས་

དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། ཕུང་པོ་དང་བཅས་པའི་ས་དང་། ཕུང་པོ་མེད་པའི་སའོ། །དེའི་བསྡུ་བ་བཞི་ནི་རྣལ་འབྱོར་སྤྱོད་པའི་ས་དེའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང་། གཞི་བསྡུ་བ་དང་། རྣམ་གྲངས་བསྡུ་བ་དང་།

རྣམ་པར་བཤད་པ་བསྡུ་བའོ། །དེ་གཉི་ག་བསྡུ་བ་ནི་མདོར་བསྡུ་ན་རྣམ་པ་བཅུ་སྟེ། བདེན་པའི་མཚན་ཉིད་བཤད་པ་དང་། ཡོངས་སུ་ཤེས་པ་བཤད་པ་དང་། སྤང་བ་བཤད་པ་དང་། མངོན་དུ་ཤེས་པ་བཤད་པ་དང་། བསྒོམ་པ་བཤད་པ་དང་། དེ་དག་ཉིད་ཀྱི་རྣམ་པ་རབ་

เล่ม ๒๐๖ · หน้า 133b

ཏུ་དབྱེ་བ་བཤད་པ་དང་། དེ་དག་ཉིད་ཀྱི་གནས་དང་གནས་པའི་འབྲེལ་པ་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་ཆོས་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པ་རྗེས་སུ་མཐུན་པའི་ཆོས་བཤད་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པ་དང་ཉེས་

དམིགས་དང་ཕན་ཡོན་བཤད་པ་སྟེ། དེ་དག་གིས་སྡེ་སྣོད་བསྡུ་བ་དང་། མ་མོ་བསྡུ་བ་དེ་གཉིས་ཀ་སྡུད་པར་བྱེད་པས་ན་གཉིས་ཀ་བསྡུ་བ་ཞེས་བྱའོ། །ཡང་མདོར་བསྡུ་ན་བཤད་པ་རྣམ་པ་བཅུ་གཉིས་ཡོད་དེ། དངོས་པོ་བཤད་པ་དང་། མིང་གི་རྣམ་གྲངས་བཤད་པ་དང་། རང་གི་གཞུང་ལུགས་

བརྟག་པ་བཤད་པ་དང་། གཞན་གྱི་གཞུང་ལུགས་བརྟག་པ་བཤད་པ་དང་། དྲང་བའི་དོན་བཤད་པ་དང་། ངེས་པའི་དོན་བཤད་པ་དང་། ཀུན་རྫོབ་ཀྱི་བདེན་པ་བཤད་པ་དང་། དོན་དམ་པའི་བདེན་པ་བཤད་པ་དང་། གསང་བ་བཤད་པ་དང་། རྣམ་པར་དབྱེ་བ་བཤད་པ་དང་། ལན་གདབ་པའི་

དངོས་པོ་བཤད་པ་དང་། ལན་མི་གདབ་པའི་དངོས་པོ་བཤད་པའོ། །དེ་ལ་དངོས་པོ་བཤད་པ་ནི་གཟུགས་ལ་སོགས་པ་དང་མིག་ལ་སོགས་པའི་ཆོས་རྣམས་སོ་སོར་བཤད་པ་གང་ཡིན་པའོ། །མིང་གི་རྣམ་གྲངས་བཤད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བཤད་པ་ཕུང་པོ་

དང་ཁམས་དང་སྐྱེ་མཆེད་རྟེན་ཅིང་འབྲེལ་པར་འབྱུང་བ་དང་གནས་དང་གནས་མ་ཡིན་པ་དང་དབང་པོ་དང་བདེན་པའི་མིང་དང་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མིང་དང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དང་ཐོགས་པ་དང་བཅས་པ་དང་ཐོགས་

པ་མེད་པ་ལ་སོགས་པའི་མིང་གི་རྣམ་གྲངས་དཔག་ཏུ་མེད་པ་དག་རྒྱ་ཆེར་བཤད་པ་གང་ཡིན་པའོ། །རང་གི་གཞུང་ལུགས་བརྟག་པ་བཤད་པ་ནི་རྣམ་པར་བཤད་པ་བསྡུ་བ་ལ་བརྟེན་ནས་མདོ་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་ལ་སོགས་པ་བཤད་པ་དང་ཡང་དག་པར་

བཤད་པ་གང་ཡིན་པའོ། །གཞན་གྱི་གཞུང་ལུགས་བརྟག་པ་བཤད་པ་ནི་གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་ལ་བརྟེན་ནས་ཕས་ཀྱི་རྒོལ་བ་ཚར་གཅོད་པ་དང་རང་གི་སྒྲ་པའི་གཞུང་གཟུགས་པ་གང་ཡིན་པ་སྟེ་གཏན་ཚིགས་ཀྱི་རིགས་པ་རྣམ་པ་བདུན་ནི་འདི་ལྟ་སྟེ། སྨྲ་བ་དང་། སྨྲ་བའི་ཞལ་

เล่ม ๒๐๖ · หน้า 134a

ཆེ་བ་དང་། སྨྲ་བའི་གཞི་དང་། སྨྲ་བའི་རྒྱན་དང་། སྨྲ་བ་ཆད་པས་གཅད་པ་དང་། སྨྲ་བ་ལས་བྱུང་བ་དང་། སྨྲ་བ་གཅེས་སྨྲ་བ་ལ་དགོས་པའི་ཆོས་རྣམས་སོ། །དྲང་བའི་ཆོས་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་

པའི་སྡེ་ལ་སོགས་པ་གང་བཤད་པ་དོན་རྣམས་རྣམ་པར་མ་ཕྱེ་བ་དྲང་བར་བྱ་དགོས་པ་གང་ཡིན་པའོ། །ངེས་པའི་དོན་བཤད་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཀུན་རྫོབ་ཀྱི་བདེན་པ་བཤད་པ་ནི་ཚིག་གི་ལམ་གྱིས་བརྗོད་པ་གང་ཅི་ཡང་རུང་སྟེ། མིང་དང་འདུ་ཤེས་དང་བརྗོད་པའི་དབང་དུ་བྱ་བ་

འདི་ལྟ་སྟེ། མཚན་མ་དང་མིང་དང་རྣམ་པར་རྟོག་པ་གང་ཅི་ཡང་རུང་བ་བཤད་པའོ། །དོན་དམ་པའི་བདེན་པ་བཤད་པ་ནི་འཕགས་པའི་བདེན་པ་བཞི་བཤད་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་བཤད་པ་གང་ཡིན་པ་བཤད་པའོ། །གསང་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་

ཆེར་ནི་ཉན་ཐོས་ཀྱི་སྡེ་སྣོད་བཤད་པ་གང་ཡིན་པའོ། །རྣམ་པར་ཕྱེ་བ་བཤད་པ་ནི་འདི་ལྟ་སྟེ། ཕལ་ཆེར་ནི་ཐེག་པ་ཆེན་པོའི་སྡེ་སྣོད་བཤད་པ་གང་ཡིན་པའོ། །ལན་བཏབ་པའི་དངོས་པོ་བཤད་པ་ནི་ཆོས་ཀྱི་མདོ་བཞི་པོ་དག་བཤད་པ་འདི་ལྟ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱ་

བ་ནས་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བའི་བར་དང་། དེ་ལྟ་བུ་དང་མཐུན་པ་དག་བཤད་པ་གང་ཡིན་པའོ། །ལན་མི་གདབ་པའི་དངོས་པོ་བཤད་པ་ནི་འཇིག་རྟེན་རྟག་གམ་ཞེས་དྲིས་ནས་དེ་ནི་བདག་གིས་ལན་མ་བཏབ་པོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་དང་། དེ་བཞིན་འོངས་

པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནམ་ཞེས་བྱ་བའི་བར་དུ་ལན་མི་གདབ་པའི་དངོས་པོ་བཅུ་བཞིར་དྲིས་ན་དེ་ནི་བདག་གིས་ལན་བཏབ་པོ་ཞེས་སྨྲ་ཞིང་ལན་འདེབས་པར་མི་བྱེད་པ་གང་ཡིན་པའོ། །དེ་ལ་ལན་མི་འདེབས་པའི་དངོས་པོ་བཤད་པ་ནི་རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ།

མེད་པའི་ཕྱིར་ལན་མི་གདབ་པ་ཡང་ཡོད་དེ། འདི་ལྟ་སྟེ། ཅི་བདག་ཕུང་པོ་རྣམས་དང་གཞན་ནམ་གཞན་མ་ཡིན་ནམ་རྟག་གམ་མི་རྟག་ཅེས་བྱ་བ་ལ་སོགས་པའོ། །དོན་དང་མི་ལྡན་པའི་ཕྱིར་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཤིང་ཤ་པའི་ལོ་མའི་དཔེའི་མདོ་ལས། ངས་ནི་

เล่ม ๒๐๖ · หน้า 134b

འདི་སྙེད་ཅིག་མངོན་པར་རྟོགས་པར་ཐུགས་སུ་ཆུད་ཀྱང་མ་བསྟན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་དོན་དང་ལྡན་པ་མ་ཡིན་པའི་ཕྱིར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཟག་པའི་ཕྱིར་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། བདག་ཡོད་དམ་ཞེས་འདྲི་ན་ཕུང་པོ་རྣམས་ལ་

བདག་ཏུ་འཛིན་པར་གྱུར་ཏམ། ཕུང་པོ་རྣམས་ལ་དོན་གཞན་དུ་གྱུར་པ་ཡོད་པ་འཛིན་ན་མི་རུང་བས་ལན་མི་འདེབས་པ་དང་། བདག་མེད་དམ་ཞེས་འདྲི་ན་སྐྱེས་བུའི་ཐ་སྙད་ལ་སྐུར་པ་འདེབས་སམ་འཛིན་པར་གྱུར་ན་མི་རུང་བས་ལན་མི་འདེབས་པ་དང་། དེ་བཞིན་དུ་དེ་བཞིན་འོངས་པ་ཤི་ཕན་

ཆད་ཡོད་དམ་ཞེས་བྱ་བ་ནས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་བྱ་བའི་བར་དུ་འདྲི་ན་ཟབ་པའི་ཕྱིར་ལན་མི་འདེབས་པ་ལྟ་བུའོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་རྣམ་པར་གཞག་པ་ལས་ལན་མི་འདེབས་པ་ཡང་ཡོད་དེ། འདི་ལྟ་སྟེ། ཆོས་དེ་དག་ལན་གཞན་ནམ་གཞན་མ་ཡིན་ཞེས་འདྲི་ན།

ལན་མི་འདེབས་པ་ལྟ་བུ་སྟེ་འདི་ལྟར་མཚན་ཉིད་དེ་ནི་གཞན་པ་ཉིད་ཀྱང་མ་ཡིན་གཞན་པ་མ་ཡིན་པར་རྣམ་པར་གནས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ལན་མི་གདབ་པའི་དངོས་པོ་བཤད་པ་ནི་རྒྱུ་རྣམ་པ་བཞིས་རིག་པར་བྱ་སྟེ། མུ་སྟེགས་ཅན་རྣམས་ཀྱིས་བཤད་པ་ཡིན་པའི་ཕྱིར་དང་།

ཚུལ་བཞིན་མ་ཡིན་པའི་ཕྱིར་དང་། དོན་དང་མི་ལྡན་པའི་ཕྱིར་དང་། རྩོད་པའི་གཞིའི་གནས་སུ་གྱུར་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །མཐའ་གཉིས་རྣམ་པར་སྤངས་པ་གང་ཞེ་ན། དེར་ནི་མདོར་བསྡུ་ན་རྣམ་པ་དྲུག་ཏུ་བལྟ་བར་བྱ་སྟེ། ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པའི་མཐའ་རྣམ་པར་

སྤང་བ་དང་། ཡོད་པ་ལ་སྐུལ་པ་འདེབས་པའི་མཐའ་རྣམ་པར་སྤང་བ་དང་། རྟག་པར་འཛིན་པའི་མཐའ་རྣམ་པར་སྤང་བ་དང་། ཆད་པར་འཛིན་པའི་མཐའ་རྣམ་པར་སྤང་བ་དང་། འདོད་པའི་བསོད་ནམས་ལ་སྦྱོར་བའི་མཐའ་རྣམ་པར་སྤང་བ་དང་། བདག་ཉིད་ངལ་བར་སྦྱོར་བའི་

མཐའ་རྣམ་པར་སྤང་བའོ། །བསམ་གྱིས་མི་ཁྱབ་པ་གང་ཞེ་ན། མདོར་བསྡུ་ན་བསམ་གྱིས་མི་ཁྱབ་པ་དྲུག་སྟེ། བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་

เล่ม ๒๐๖ · หน้า 135a

པ་རྣམས་ཀྱི་བསམ་གཏན་པའི་ཡུལ་དང་། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ལོ། །དེ་ལ་བདག་ལ་སེམས་པ་དང་། སེམས་ཅན་ལ་སེམས་པ་དང་། འཇིག་རྟེན་ལ་སེམས་པ་ནི་ལྟ་བ་ལ་བརྟེན་ན་ནི་བསམ་གྱིས་མི་ཁྱབ་པ་དག་ཡིན་ནོ། །དེ་ལ་བདག་ལ་

སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ་ཅི་བདག་འདས་པའི་དུས་ན་བྱུང་བར་གྱུར་ཏམ་ཞེས་བྱ་བ་ལ་སོགས་པར་སེམས་པའོ། །སེམས་ཅན་ལ་ངེས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་

ཏེ། སེམས་ཅན་གང་ལས་བྱུང་སེམས་ཅན་བྱེད་པ་པོ་སུ་ཡིན་སེམས་ཅན་གང་གི་བར་དུ་འགྲོ་སེམས་ཅན་གང་གི་བར་དུ་འགག་པར་འགྱུར་སྙམ་དུ་སེམས་པའོ། །འཇིག་རྟེན་ལ་སེམས་པ་ནི་འདི་ལྟར་འདི་ན་ལ་ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་རྟག་

གོ་ཞེས་བྱ་བ་ལ་སོགས་པར་སེམས་པའོ། །ཡང་དེ་དག་ནི་ཆོས་ཉིད་ལས་བརྩམས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གི་ཆོས་ཉིད་དང་སེམས་ཅན་གྱི་ཆོས་ཉིད་དང་འཇིག་རྟེན་གྱི་ཆོས་ཉིད་འདི་ཅི་ལས་དེ་ལྟར་བྱུང་སྙམ་དུ་བསམ་ཞིང་ཆོས་ཉིད་ཀྱི་རིགས་པ་ཁོ་ནས་མི་འཇུག་པ་ཡིན་ཏེ།

དེའི་ཕྱིར་ཡང་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་ནི་རྣམ་པ་བཞིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། གནས་དང་། དངོས་པོ་དང་། རྒྱུ་དང་། རྣམ་པར་སྨིན་པ་ལས་སོ། །བསམ་གཏན་པ་རྣམས་ཀྱི་བསམ་གཏན་

པའི་ཡུལ་ནི་རྣམ་པ་གསུམ་གྱིས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེ་བཞིན་ཉིད་ཟབ་པའི་དོན་དང་དབང་སྒྱུར་བ་དང་ཟག་པ་ཟད་པའི་དབྱིངས་ཡང་དག་པར་འགྲུབ་པས་སོ། །སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་རྣམ་པ་ལྔས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཇི་སྐད་བསྟན་པ་རྣམ་པ་

གསུམ་པོ་དེ་དག་ཉིད་དང་། གཞན་གཉིས་ཏེ་སྒྲིབ་པ་མེད་པ་དང་། སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པས་སོ། །དགོངས་པ་གང་ཞེ་ན། མདོར་བསྡུ་ན་རྣམ་པ་བཅུ་དྲུག་སྟེ། ཡང་དག་པར་སྟོན་པའི་དགོངས་པ་དང་། འདུན་པ་བཟློག་པའི་དགོངས་པ་དང་། ཡང་དག་པར་འཛིན་དུ་འཇུག་

เล่ม ๒๐๖ · หน้า 135b

པའི་དགོངས་པ་དང་ཡང་དག་པར་གཟེངས་བསྟོད་པའི་དགོངས་པ་དང་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་དགོངས་པ་དང་། གཟུད་པའི་དགོངས་པ་དང་། ཐེ་ཚོམ་གཅད་པའི་དགོངས་པ་དང་། ཡོངས་སུ་སྨིན་པར་བྱ་བའི་དགོངས་པ་དང་། ཏིང་ངེ་འཛིན་དུ་བྱ་བའི་དགོངས་པ་དང་།

རྣམ་པར་གྲོལ་བར་བྱ་བའི་དགོངས་པ་དང་། དོན་གཞན་དང་འབྲེལ་པའི་དགོངས་པ་དང་། རྟོགས་པར་བྱེད་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་དགོངས་པ་དང་། མཆོག་ཏུ་དགའ་བ་བསྐྱེད་པའི་དགོངས་པ་དང་། སྨྲ་བ་པོ་ལ་ཉན་པ་རྣམས་རིན་པོ་ཆེར་བསྐྱེད་པའི་དགོངས་པ་དང་། ཆོས་ཀྱི་

ཚུལ་འཇུག་པའི་དགོངས་པ་དང་། དགེ་བ་མང་བར་བྱ་བའི་དགོངས་པ་དང་། མཚན་མ་ཐམས་ཅད་ཟིལ་གྱིས་གནོན་པའི་དགོངས་པའོ། །དེ་ལ་མཐའ་གཉིས་སྤང་བའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་ན་ཐོབ་པར་བྱ་བའི་དོན་ཐོབ་པའོ། །དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པའི་སྐྱོན་མེད་པ་

ལ་འཇུག་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་ཆགས་དང་མ་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། འདོད་ཆགས་དང་ཤས་ཆེར་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། འདོད་ཆགས་དང་བྲལ་བའི་སྐྱོན་མེད་པ་ལ་འཇུག་པ་དང་། རང་སངས་རྒྱས་ཀྱི་སྐྱོན་མེད་པ་ལ་འཇུག་པ་དང་།

བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའོ། །ཐོབ་པར་བྱ་བའི་དོན་ཐོབ་ན་དེ་ལས་གཞན་པའི་ཐོབ་པའི་ཚུལ་ཡང་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་དེ་ཁོང་དུ་ཆུད་པར་བྱའོ། །བཤད་པའི་ཚུལ་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པའི་ཚུལ་གྱིས་ཅི་རིགས་པར་ཁོང་དུ་

ཆུད་པར་འགྱུར་རོ། །འཇུག་པ་ནི་དུས་གསུམ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་རྐྱེན་བཞི་པོ་དག་གོ་ཞེས་བྱ་བ་ནི་གང་དུ་འཇུག་པ་དང་ཇི་ལྟར་འཇུག་པ་དང་གང་གིས་འཇུག་པ་བསྟན་ཏོ། །རིགས་པ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ་ཞེས་བྱ་བ་ནི་ཆོས་སོ་ཅོག་གི་དབང་བྱེད་པ་རིགས་པའི་རྣམ་

གྲངས་སྨོས་པ་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིས་སུ་ཅི་འདོད་པའི་ངག་གི་དབང་ཕྱུག་གིས་འགྲུབ་པ་བཞིན་དུ་ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་གཟུང་བ་ཡང་ཇི་ལྟར་འདོད་པར་རིགས་པའི་དབང་གིས་འགྲུབ་སྟེ། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བའི་རིགས་ཞེས་བྱ་བ་ཆོས་ཀྱི་རྗེས་སུ་

เล่ม ๒๐๖ · หน้า 136a

གསུངས་པའི་རིགས་པ་བཞི་བརྗོད་པའོ། །ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པས་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ་ཞེས་བྱ་བ་ལ་རིགས་པ་དེ་བཞིའི་ཕྱོགས་ཙམ་ཞིག་མདོར་བརྗོད་ན། ལྟོས་པའི་རིགས་པ་

ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རྒྱུ་དང་འབྲས་བུའི་ལྟོས་པ་བསྟན་པ་ཡིན་ནོ། །བྱ་བ་བྱེད་པའི་རིགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་བྱ་བ་བྱེད་པའི་ལས་བསྟན་པ་ཡིན་ནོ། །འཐད་པས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཚད་མ་གསུམ་གྱི་འཐད་པས་སོ་སོར་དོན་སྒྲུབ་པའི་རིགས་པ་བསྟན་པ་ཡིན་ནོ། །

ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་གནས་དང་གནས་མ་ཡིན་པའི་མཚན་ཉིད་སོ་སོར་ངེས་པའི་ཆོས་ཉིད་བསྟན་པ་ཡིན་ནོ། །དེ་ལ་ལྟོས་པའི་རིགས་པའི་མཚན་ཉིད་གང་ཞེ་ན། དེ་ལ་ལྟོས་པའི་རིགས་པ་ནི་འདུ་བྱེད་རྣམས་འབྱུང་བ་དང་རྗེས་སུ་ཐ་སྙད་བཏགས་པའི་རྒྱུ་གང་

དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་སྟེ། དེ་ནི་ལྟོས་པའི་རིགས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་འདུ་བྱེད་རྣམས་འབྱུང་བ་དང་རྗེས་སུ་ཐ་སྙད་གདགས་པ་ལ་རང་དབང་མེད་དེ། རྒྱུ་དང་རྐྱེན་དུ་ངེས་པའི་ཚོགས་པ་ལ་ལྟོས་ཤིང་འབྱུང་བ་དང་རྗེས་སུ་ཐ་སྙད་འདོགས་དགོས་པས་དེ་དག་གི་རྒྱུ་དང་

འབྲས་བུའི་ལྟོས་པ་བསྟན་པ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །དེ་ལ་འདུ་བྱེད་རྣམས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་དང་ནང་གི་འདུ་བྱེད་རྣམས་སོ། །དེ་ལ་གཟུགས་ནས་ཆོས་ཀྱི་བར་གྱི་ཁམས་དྲུག་ནི་ཕྱིའི་འདུ་བྱེད་རྣམས་སོ། །མིག་གི་དབང་པོ་དང་རྣམ་པར་ཤེས་པའི་ཁམས་

ནས་ཡིད་ཀྱི་དབང་པོ་དང་རྣམ་པར་ཤེས་པའི་ཁམས་ཀྱི་བར་ནི་ནང་གི་འདུ་བྱེད་རྣམས་ཏེ། དེ་དག་གི་འཇིག་རྟེན་པའི་ལོ་ཏོག་ལ་སོགས་པ་ལུང་མ་བསྟན་པའི་དངོས་པོ་ཐམས་ཅད་དང་ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་དང་

བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ཅི་རིགས་པར་བསྡུས་པར་རིག་པར་བྱའོ། །འབྱུང་བ་ཞེས་བྱ་བ་ནི་གང་མ་བྱུང་བ་གདོད་འབྱུང་བའོ། །རྗེས་སུ་ཐ་སྙད་གདགས་པའི་ཞེས་བྱ་བ་ནི་དངོས་པོ་རྣམས་ལ་ངོ་བོ་ཉིད་དམ་བྱེ་

เล่ม ๒๐๖ · หน้า 136b

བྲག་གི་རྣམ་པ་མིང་དང་བརྡར་བཏགས་པའོ། །དེ་དག་ཀྱང་འདྲ་བ་ལ་ལྟོས་ཏེ་མི་འདྲ་བའི་ཆ་ཡོད་པ་དང་གཉིས་སུ་འགྱུར་ཏེ། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པ་བཀའ་ཡང་དག་པའི་

ཚད་མ་ལས་འབྱུང་བ་བཞིན་དུ་བལྟ་བར་བྱའོ། །རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་སྟེ་ཞེས་བྱ་བ་ནི་འདུ་བྱེད་བྱུང་བ་དང་རྗེས་སུ་ཐ་སྙད་གདགས་པའི་འབྲས་བུ་དེ་དག་འབྱུང་བ་དང་རྗེས་སུ་ཐ་སྙད་འདོགས་པའི་ཚེ་ན་རྒྱུ་དང་རྐྱེན་དེ་དག་ལ་ལྟོས་པར་བྱ་བ་ཡིན་པས་ལྟོས་

པའི་རིགས་པ་ཞེས་བྱའོ་ཞེས་བྱ་བ་བསྟན་ཏོ། །དེ་ལ་འདུ་བྱེད་རྣམས་འབྱུང་བ་དང་རྗེས་སུ་ཐ་སྙད་གདགས་པའི་རྒྱུ་དང་རྐྱེན་ནི་གང་དག་ཡིན། རྒྱུ་དང་རྐྱེན་དེ་དག་ལ་ལྟོས་ཏེ་བྱུང་བ་དང་རྗེས་སུ་ཐ་སྙད་བཏགས་པའི་འབྲས་བུ་ནི་གང་དག་ཡིན་ཞེ་ན། རྒྱུ་བཅུ་དང་། རྐྱེན་བཞི་དང་། འབྲས་བུ་

ལྔ་སྟེ། དེ་ལ་རྒྱུ་བཅུ་གང་ཞེ་ན། རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་། འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། ཡོངས་སུ་འཛིན་པའི་རྒྱུ་དང་། འདྲེན་པའི་རྒྱུ་དང་། སོ་སོར་ངེས་པའི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུ་དང་། མི་མཐུན་པའི་རྒྱུ་དང་། མི་

མཐུན་པ་མེད་པའི་རྒྱུའོ། །དེ་ལ་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་མ་གཏོགས་པ་རྒྱུ་ལྷག་མ་དགུ་ནི་འབྱུང་བའི་རྒྱུ་ཡིན་ཏེ། དེ་ལ་ཡང་མི་མཐུན་པའི་རྒྱུ་ནི་མི་མཐུན་པ་མེད་པར་གྱུར་ན་འབྱུང་བའི་རྒྱུ་ཡིན་པར་སྦྱར་རོ། །རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཉིད་ནི་རྗེས་སུ་ཐ་སྙད་འདོགས་

པའི་རྒྱུ་ཡིན་པར་སྦྱར་རོ། །དེ་ལ་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་གང་ཞེ་ན། ཆོས་ཐམས་ཅད་ཀྱི་མིང་དང་མིང་སྔོན་དུ་འགྲོ་བའི་འདུ་ཤེས་དང་འདུ་ཤེས་སྔོན་དུ་འགྲོ་བའི་བརྗོད་པ་གང་ཡིན་པ་དེ་ནི་ཆོས་དེ་དང་དེ་དག་གི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་གང་ཞེ་ན། གཞི་

གང་ལ་ལྟོས་ཤིང་རྒྱུ་གང་གིས་དངོས་པོ་གང་ལ་འདོད་པ་དང་ལེན་པར་གྱུར་པ་དེ་ནི་དེའི་ལྟོས་པའི་རྒྱུ་ཡིན་ནོ། །འཕེན་པའི་རྒྱུ་གང་ཞེ་ན། ས་བོན་ནི་རང་གི་འབྲས་བུ་ཐ་མའི་བར་གྱི་འཕེན་པའི་རྒྱུ་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་གང་ཞེ་ན། ས་བོན་དེ་ཉིད་རང་གི་འབྲས་བུ་མངོན་པར་འགྲུབ་

เล่ม ๒๐๖ · หน้า 137a

པའི་རྒྱུ་ཡིན་ནོ། །ཡོངས་སུ་འཛིན་པའི་རྒྱུ་གང་ཞེ་ན། ས་བོན་མ་གཏོགས་པ་དེ་ལས་གཞན་པ་རྐྱེན་རྣམས་ནི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །འདྲེན་པའི་རྒྱུ་གང་ཞེ་ན། ས་བོན་ལས་གྲུབ་པའི་འབྲས་བུ་དེ་ནི་ས་བོན་གྱིས་འཕངས་པའི་འབྲས་བུ་ཕྱི་མའི་འདྲེན་པའི་རྒྱུ་ཡིན་

ནོ། །སོ་སོར་ངེས་པའི་རྒྱུ་གང་ཞེ་ན། ཆོས་རྣམ་པ་སྣ་ཚོགས་རྣམ་པ་ཐ་དད་པའི་རང་རང་གི་རྒྱུ་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྷན་ཅིག་བྱེད་པའི་རྒྱུ་གང་ཞེ་ན། ལྟོས་པའི་རྒྱུ་དང་འཕེན་པའི་རྒྱུ་དང་མངོན་པར་འགྲུབ་པའི་རྒྱུ་དང་ཡོངས་སུ་འཛིན་པའི་རྒྱུ་དང་འདྲེན་པའི་རྒྱུ་དང་སོ་སོར་ངེས་པའི་

རྒྱུ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་གང་ཞེ་ན། སྐྱེ་བ་ལ་སོགས་པ་ལ་བར་དུ་གཅོད་པའི་རྒྱུ་ནི་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པ་མེད་པའི་རྒྱུ་གང་ཞེ་ན། སྐྱེ་བ་ལ་སོགས་པ་ལ་བར་དུ་གཅོད་པ་མེད་པའི་

རྒྱུ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །རྒྱུ་བཅུ་པོ་དེ་དག་ནི་ནང་དང་ཕྱིའི་འདུ་བྱེད་འཇིག་རྟེན་པའི་ལོ་ཏོག་ལ་སོགས་པ་ལུང་དུ་མ་བསྟན་པའི་དངོས་པོ་ཐམས་ཅད་དང་ཉོན་མོངས་པ་དང་ལས་དང་། སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་དང་།

བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་འབྱུང་བ་དང་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །དེ་ལ་རྒྱུ་བཅུ་པོ་དེ་དག་གིས་འཇིག་རྟེན་པའི་ལོ་ཏོག་ལ་སོགས་པ་ལུང་དུ་མ་བསྟན་པའི་དངོས་པོ་ཐམས་

ཅད་ཇི་ལྟར་འབྱུང་ཞིང་རྗེས་སུ་ཐ་སྙད་འདོགས་པར་བྱེད་ཅེ་ན། འདི་ལྟར་འཇིག་རྟེན་ན་འབྲུའི་གྲངས་སུ་གཏོགས་པའི་ལོ་ཏོག་གང་གིས་འཇིག་རྟེན་འདིར་བྱེད་པ་གང་ཡིན་པ་དེ་དག་གི་མིང་དུ་འདུ་ཤེས་དང་ཚིག་ཏུ་བརྗོད་པ་རྣམ་པ་སྣ་ཚོགས་པ་འདི་ལྟ་སྟེ། ནས་དང་འབྲས་དང་སཱ་ལུ་དང་གྲོ་

དང་ཏིལ་དང་སྲན་མ་ཞེས་བྱ་བ་ལ་སོགས་པ་ནི་དེ་དག་གི་ཐ་སྙད་ནས་ལ་སོགས་པ་ཁྱེར་དེ་ཤོག་ཐོགས་ཤོག་ཞིག་ཅེས་བྱ་བ་ལ་སོགས་པའི་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །བཀྲེས་པ་དང་སྐོམ་པ་དང་ཉམ་ཆུང་བ་དང་ལུས་གནས་པར་བྱ་བ་ལ་ལྟོས་པ་དང་ཁམ་གྱི་ཟས་མྱང་བར་བྱ་བ་

เล่ม ๒๐๖ · หน้า 137b

ལ་ལྟོས་ནས་ནས་ལ་སོགས་པ་དེ་དག་འདོད་པ་དང་ཚོལ་བ་དང་ལེན་པ་དང་ལོངས་སྤྱོད་པར་བྱེད་པ་འདི་ནི་དེ་དག་གི་ལྟོས་པའི་རྒྱུ་ཡིན་ནོ། །ནས་ལ་སོགས་པའི་རང་རང་གི་ས་བོན་གང་དང་གང་ལ་ལོ་ཏོག་གང་དང་གང་འབྱུང་བའི་ས་བོན་དེ་ནི་དེའི་འཕེན་པའི་རྒྱུ་ཡིན་ནོ། །ས་བོན་དེ་ནི་མྱུ་གུ་དེའི་

མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །ས་དང་ཆར་པ་ལ་སོགས་པའི་རྐྱེན་ལས་མྱུ་གུ་འབྱུང་བར་འགྱུར་བ་དེ་ནི་དེའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །མྱུ་གུ་དང་སྡོང་བུ་དང་ལོ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ནི་ལོ་ཏོག་དེ་འགྲུབ་པ་དང་ཡོངས་སུ་སྨིན་པའི་འདྲེན་པའི་རྒྱུ་ཡིན་ནོ། །

ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་དང་ནས་ཀྱི་ལོ་ཏོག་འབྱུང་བར་འགྱུར་གྱི་གཞན་མ་ཡིན་ལ་འབྲུ་གཞན་དག་ལས་ཀྱང་དེ་བཞིན་པ་དེ་ནི་དེ་དག་གི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ་སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་

བསྡུས་པ་ནི་ལོ་ཏོག་དེ་འགྲུབ་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །སེར་བ་དང་ལོ་ཏོག་ལ་གནོད་པ་འབྱུང་བ་ལ་སོགས་པ་བར་དུ་གཅོད་པ་རྣམས་ནི་དེའི་མི་མཐུན་པའི་རྒྱུ་ཡིན་ནོ། །དེ་དག་མེད་དེ་བར་དུ་གཅོད་པ་མེད་པ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ཏེ། དེ་ལྟར་རྒྱུ་བཅུ་པོ་དེ་དག་གིས་

འབྲུ་བསྡུས་པ་རྣམས་ལ་ཇི་བཞིན་དུ་དེ་ལས་གཞན་པའི་འཇིག་རྟེན་པའི་ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་ཡང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །དེ་ལ་རྒྱུ་བཅུ་པོ་དེ་དག་གིས་ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དངོས་པོ་

ཐམས་ཅད་ཇི་ལྟར་འབྱུང་ཞིང་རྗེས་སུ་ཐ་སྙད་འདོགས་པར་བྱེད་ཅེ་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་ཀྱི་མིང་དང་འདུ་ཤེས་དང་ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། མ་རིག་པ་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་ལས་རྒྱས་པ་རྒ་ཤི་དང་མྱ་ངན་དང་སྨྲེ་

སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་ཞེས་བྱ་བའི་བར་དེ་ནི་རེ་ཞིག་ཀུན་ནས་ཉོན་མོངས་པའི་ཐ་སྙད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །བདེ་བ་ལ་སོགས་

เล่ม ๒๐๖ · หน้า 138a

པའི་རྒྱུ་ཡུལ་མྱོང་བ་ལ་ལྟོས་ནས་སྲིད་པའི་ཡན་ལག་འདི་དག་འཇུག་པ་དེ་ནི་ཀུན་ནས་ཉོན་མོངས་པ་དེའི་ལྟོས་པའི་རྒྱུ་ཡིན་ནོ། །ཚེ་འདི་ལ་སྐྱེ་ཤི་འབྱུང་བའི་མ་རིག་པ་ལ་སོགས་པའི་ཆོས་རྣམས་ཀྱི་ས་བོན་གང་དག་ཡིན་པ་དེ་དག་ནི་སྐྱེ་བ་གཞན་གྱི་སྐྱེ་བ་དང་རྒ་ཤིའི་འཕེན་པའི་

རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པའི་རང་རང་གི་ས་བོན་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། སྔོན་གོམས་པའི་འཕེན་པ་ནི་མ་རིག་པ་ལ་སོགས་པ་དག་འབྱུང་བའི་ཡོངས་

སུ་འཛིན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པ་ལ་ཐུག་པ་དེ་དག་གི་ཕྱི་མ་འདྲེན་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པས་ཚེ་གཞན་གྱི་སྐྱེ་བ་དང་རྒ་ཤི་ནི་འདྲེན་པའི་རྒྱུ་ཡིན་ནོ། །མ་རིག་པ་ལ་སོགས་པ་སྲིད་པའི་མཐར་ཐུག་པ་རྣམས་རང་གི་ས་བོན་རྣམས་དང་བཅས་པ་གཞན་དག་སེམས་ཅན་

དམྱལ་བར་སྐྱེ་བར་འགྱུར་བ་དང་གཞན་དག་དུད་འགྲོ་དང་། ཡི་དགས་དང་མི་དང་ལྷར་སྐྱེ་བར་འགྱུར་བ་དེ་ནི་ཀུན་ནས་ཉོན་མོངས་པའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ཀུན་ནས་ཉོན་

མོངས་པའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དེའི་མི་མཐུན་པའི་རྒྱུ་ནི་རིགས་པ་དང་ལྡན་པས་སངས་རྒྱས་རྣམས་འབྱུང་བ་དང་དམ་པའི་ཆོས་བསྟན་པ་དང་སྐྱེས་བུ་དམ་པ་ལ་བརྟེན་པ་དང་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱ་བ་དང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་

པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །མི་མཐུན་པ་མེད་པའི་རྒྱུ་ནི་ཇི་སྐད་བསྟན་པའི་ཆོས་འདི་དག་ཉིད་མེད་པ་དང་བྲལ་བ་ཉིད་དེ། དེ་ལྟར་རྒྱུ་བཅུ་པོ་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་རིག་པར་བྱའོ། །དེ་ལ་རྒྱུ་བཅུ་པོ་དེ་དག་གིས་བྱང་ཆུབ་ཀྱི་

ཕྱོགས་དང་མཐུན་པའི་ཆོས་ལ་སོགས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ཇི་ལྟར་འབྱུང་ཞིང་རྗེས་སུ་ཐ་སྙད་འདོགས་པར་བྱེད་ཅེ་ན། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་འགོག་པ་མྱ་ངན་ལས་འདས་པ་ལ་མིང་དང་འདུ་ཤེས་དང་ཚིག་ཏུ་བརྗོད་པ་འདི་ལྟ་སྟེ། དྲན་པ་ཉེ་བར་

เล่ม ๒๐๖ · หน้า 138b

གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་བྱ་བའི་བར་དེ་དག་

དང་། དེ་ལྟ་བུ་དང་མཐུན་པ་རྣམས་ནི་རྣམ་པར་བྱང་བའི་རྗེས་སུ་ཐ་སྙད་འདོགས་པའི་རྒྱུ་ཡིན་ནོ། །འདུ་བྱེད་ཀྱི་ཉེས་དམིགས་ལ་ལྟོས་ནས་རྣམ་པར་བྱང་བ་ཚོལ་བ་དང་རྣམ་པར་བྱང་བ་ཡོངས་སུ་འཛིན་པ་དང་རྣམ་པར་བྱང་བ་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་དེའི་ལྟོས་པའི་རྒྱུ་ཡིན་ནོ། །གང་ཟག་

རིགས་ལ་གནས་པའི་རིགས་དང་ལྡན་པ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པའི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་ནི་རྣམ་པར་བྱང་བ་འཕེན་པའི་རྒྱུ་ཡིན་ནོ། །རིགས་ཀྱིས་བསྡུས་པ་ཟག་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ས་བོན་

དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་གི་མངོན་པར་འགྲུབ་པའི་རྒྱུ་ཡིན་ནོ། །སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། སྔོན་དབང་པོ་ཡོངས་སུ་སྨིན་པར་བྱས་པ་ནི་རྣམ་པར་བྱང་བའི་ཡོངས་སུ་འཛིན་པའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་

ཆོས་རང་གི་ས་བོན་ལས་མངོན་པར་འགྲུབ་པ་དེ་དག་ནི་ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རིམ་གྱིས་འདྲེན་པའི་རྒྱུ་ཡིན་ནོ། །ཉན་ཐོས་ཀྱི་རིགས་གང་ཡིན་པ་ནི་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། རང་སངས་

རྒྱས་ཀྱི་རིགས་གང་ཡིན་པ་ནི། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དང་། ཐེག་པ་ཆེན་པོའི་རིགས་ནི་ཐེག་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ནི་རྣམ་པར་བྱང་བའི་སོ་སོར་ངེས་པའི་རྒྱུ་ཡིན་ནོ། །ལྟོས་པའི་རྒྱུ་ནས་བཟུང་སྟེ། སོ་སོར་

ངེས་པའི་རྒྱུ་ལ་ཐུག་པའི་བར་གྱི་རྒྱུ་དྲུག་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་རྣམ་པར་བྱང་བའི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །རིགས་དང་མི་ལྡན་པ་དང་སངས་རྒྱས་རྣམས་མི་འབྱུང་བ་དང་། མི་ཁོམ་པར་སྐྱེ་བ་དང་། སྐྱེས་བུ་དམ་པ་མ་ཡིན་པ་ལ་བརྟེན་པ་དང་། དམ་པའི་ཆོས་མ་

เล่ม ๒๐๖ · หน้า 139a

ཡིན་པ་ཉན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་སྒྲུབ་པ་ནི་རྣམ་པར་བྱང་བའི་མི་མཐུན་པའི་རྒྱུ་ཡིན་ནོ། །མི་མཐུན་པའི་རྒྱུ་དེ་ཉིད་མེད་པ་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི་མི་མཐུན་པ་མེད་པའི་རྒྱུ་ཡིན་ནོ། །དེ་ལྟར་རྒྱུ་བཅུ་པོ་དེ་དག་ནི་ལུང་དུ་མ་བསྟན་

པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། འདས་པའི་དུས་ན་བྱུང་བ་དང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའོ། །ལུང་དུ་མ་བསྟན་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་གཞན་ནི་འདི་ལས་གོང་ན་ཡང་མེད་ལ་འདི་ལས་ལྷག་པ་ཡང་མེད་དོ། །

རྒྱུ་བཅུ་པོ་དེ་དག་ཀྱང་མདོར་བསྡུ་ན་རྒྱུ་གཉིས་ཀྱིས་བསྡུས་ཏེ། བསྐྱེད་པའི་རྒྱུ་དང་ཐབས་ཀྱི་རྒྱུའོ། །དེ་ལ་འཕེན་པའི་རྒྱུ་དང་མངོན་པར་འགྲུབ་པའི་རྒྱུ་གཉིས་ནི་བསྐྱེད་པའི་རྒྱུ་ཡིན། རྒྱུ་ལྷག་མ་བརྒྱད་ནི་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ། །དེ་ལ་རྐྱེན་བཞི་གང་ཞེ་ན། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་

དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནོ། །རྐྱེན་བཞི་པོ་དེ་དག་ནི་འདུ་བྱེད་རྣམས་འབྱུང་བ་དང་རྗེས་སུ་ཐ་སྙད་འདོགས་པའི་རྐྱེན་དུ་ཅི་རིགས་པར་སྦྱར་རོ། །དེ་ལ་རྒྱུའི་རྐྱེན་གང་ཞེ་ན། ས་བོན་ཐམས་ཅད་པ་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པའོ། །ཕྱི་རོལ་གྱི་དངོས་པོ་དག་ལ་ཡང་འཕེན་

པའི་རྒྱུ་དང་མངོན་པར་འགྲུབ་པའི་རྒྱུར་གྲགས་པ་ཐམས་ཅད་ནི་རྒྱུའི་རྐྱེན་ཡིན་ནོ། །དེ་མ་ཐག་པའི་རྐྱེན་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་འབྱུང་བ་དེ་དག་ནི་དེ་དག་གི་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །

རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པ་གང་ཡིན་པ་དེ་དག་ནི་རྣམ་པར་ཤེས་པ་དྲུག་པོ་གང་དག་དེའི་མཇུག་ཐོགས་སུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དེ་དག་ནི་འགགས་མ་ཐག་པའི་ཡིད་ལ་ཡིད་ཅེས་བྱ་བ་དང་། ཡིད་ཀྱི་སྐྱེ་མཆེད་ཅེས་བྱ་བ་དང་། ཡིད་ཀྱི་ཁམས་ཞེས་བྱ་བར་ཡང་

གདགས་སོ། །དམིགས་པའི་རྐྱེན་གང་ཞེ་ན། གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་དམིགས་པའི་རྐྱེན་ཡིན་ནོ། །ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཡིན་ནོ། །བདག་པོའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด