འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๖ · หน้า 139b
རྐྱེན་གང་ཞེ་ན། མིག་ལ་སོགས་པ་སྐྱེ་མཆེད་ལྷན་ཅིག་བྱུང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བདག་པོའི་རྐྱེན་ཡིན་ནོ། །རྣམ་པར་ཤེས་པ་རྣམས་དམིགས་པ་ལ་གཏོད་པར་བྱེད་པའི་ཡིད་ལ་བྱེད་པ་ཡང་རྣམ་པར་ཤེས་པ་རྣམས་ཀྱི་བདག་པོའི་རྐྱེན་ཡིན་ནོ། །སེམས་དང་
སེམས་ལས་བྱུང་བའི་ཆོས་ལྷན་ཅིག་བྱུང་བ་རྣམས་ཀྱང་གཅིག་གི་བདག་པོའི་རྐྱེན་གཅིག་ཡིན་པས་བདག་པོའི་རྐྱེན་ཡིན་ནོ། །དགེ་བ་དང་མི་དགེ་བའི་ལས་སྔོན་བྱས་པ་རྣམས་དང་ཕྱིས་འབྲས་བུ་འདོད་པ་དང་མི་འདོད་པ་རྣམ་པར་སྨིན་པར་འགྱུར་བ་ནི་བདག་པོའི་རྐྱེན་ནོ། །ཞིང་དང་ལུད་དང་ཆུ་ལ་
སོགས་པ་ནི་ལོ་ཏོག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ནོ། །བཟོ་ཤེས་པ་དང་བཟོའི་ལས་དང་དེ་དག་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་དང་དེ་དག་མངོན་པར་འགྲུབ་པའི་བདག་པོའི་རྐྱེན་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ཏེ། བསྐྱེད་པའི་རྒྱུ་ཡིན་ནོ། །དེ་ལ་གཞན་གྱི་
རྐྱེན་གསུམ་པོ་དག་ནི་རྐྱེན་ཁོ་ན་ཡིན་གྱི་རྒྱུ་ནི་མ་ཡིན་ཏེ། ཐབས་ཀྱི་ཡིན་ནོ། །དེ་ཡང་བདག་པོའི་རྐྱེན་ནི་གཙོ་ཆེར་ཐབས་ཀྱི་རྒྱུ་ཐམས་ཅད་ཡིན་ནོ། །དེ་མ་ཐག་པའི་རྐྱེན་དང་དམིགས་པའི་རྐྱེན་ནི་ཡོངས་སུ་འཛིན་པའི་རྒྱུས་བསྡུས་པའི་སྒོ་ནས་ཐབས་ཀྱི་རྒྱུ་ཡིན་པར་རིག་པར་བྱའོ། །དེ་ལ་འབྲས་བུ་ལྔ་
གང་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུའོ། །འདུ་བྱེད་འབྱུང་བ་དང་རྗེས་སུ་ཐ་སྙད་བཏགས་པའི་འབྲས་བུ་དེ་དག་དང་ཅི་རིགས་པར་སྦྱར་རོ། །དེ་ལ་རྣམ་པར་སྨིན་པའི་
འབྲས་བུ་གང་ཞེ་ན། མི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ངན་སོང་རྣམས་སུ་རྣམ་པར་སྨིན་པར་འགྱུར་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ཀྱི་རྣམ་པར་སྨིན་པ་བདེ་འགྲོ་རྣམས་སུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །རྒྱུ་མཐུན་པའི་
འབྲས་བུ་གང་ཞེ་ན། མི་དགེ་བ་ལ་གོམས་པས་མི་དགེ་བ་ལ་དགའ་ཞིང་མི་དགེ་བ་མང་བར་གནས་པ་དང་དགེ་བ་ལ་གོམས་པས་དགེ་བ་ལ་དགའ་ཞིང་དགེ་བ་མང་བར་གནས་པ་དང་། སྔོན་གྱི་ལས་དང་མཐུན་པར་ཕྱིས་འབྲས་བུ་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །
เล่ม ๒๐๖ · หน้า 140a
བྲལ་བའི་འབྲས་བུ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པས་ཉོན་མོངས་པ་འགོག་པ་གང་ཡིན་པ་དེ་ནི་བྲལ་བའི་འབྲས་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་གང་ཞེ་ན། ལ་ལ་ཚེ་འདི་ཉིད་ལ་བཟོ་དང་ལས་ཀྱི་གནས་གང་ཡང་རུང་བ་ལ་བརྟེན་ནས་སྐྱེས་བུ་བྱེད་
པས་ཡང་ན་ནི་ཞིང་རྨོད་དམ། ཡང་ན་ཚོང་བྱེད་དམ། ཡང་ན་རྒྱལ་པོའི་ཞ་འབྲིང་བྱེད་དམ། ཡི་གེ་དང་རྩིས་དང་ཤོད་འགོད་པ་ལ་བགྲང་བ་དང་ལག་རྩིས་ཀྱིས་ལོ་ཏོག་ལ་སོགས་པ་དང་རྙེད་པ་ལ་སོགས་པའི་འབྲས་བུ་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །
བདག་པོའི་འབྲས་བུ་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོའི་བདག་པོའི་འབྲས་བུའོ། །ཡིད་ཀྱི་རྣམ་པར་ཤེས་པའི་བར་ཡང་ཡིད་ཀྱི་དབང་པོའི་བར་གྱི་བདག་པོའི་འབྲས་བུའོ། །དེ་བཞིན་དུ་སྲོག་དང་མ་བྲལ་བ་ནི་སྲོག་གི་དབང་པོའི་འབྲས་བུའོ། །དེ་བཞིན་དུ་དབང་པོ་ཉི་ཤུ་རྩ་གཉིས་
པོ་ཐམས་ཅད་ཀྱི་སོ་སོའི་དབང་གིས་འབྲས་བུ་གང་གྲུབ་པ་དེ་ནི་བདག་པོའི་འབྲས་བུ་ཡིན་པར་རིག་པར་བྱའོ། །དེ་ལྟར་འདུ་བྱེད་འབྱུང་བ་དང་རྗེས་སུ་ཐ་སྙད་གདགས་པའི་འབྲས་བུ་ལྔ་པོ་དེ་དག་འབྱུང་བ་དང་རྗེས་སུ་ཐ་སྙད་འདོགས་པའི་ཚེ་ན་རྒྱུ་བཅུ་པོ་དང་རྐྱེན་བཞི་པོ་དེ་དག་ལ་ལྟོས་པར་བྱ་བ་ཡིན་
པས་དེ་ནི་ལྟོས་པའི་རིགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བྱ་བ་བྱེད་པའི་རིགས་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཐོབ་པའམ། སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་དག་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཐོབ་
པའམ་འགྲུབ་པ་ཞེས་བྱ་བ་ནི་བྱེད་པའི་བྱེ་བྲག་ཉིད་ཡིན་ཏེ། གཙོ་བོ་ཡིན་པའི་ཕྱིར་སོ་སོར་སྨོས་སོ། །དེ་ལ་ཐོབ་པ་ནི་རྙེད་པ་དང་ལྡན་པ་ལ་བྱ་སྟེ། དེ་ཡང་ས་བོན་ཙམ་དུ་རྒྱུ་ཐོབ་པ་དང་། འབྲས་བུ་ངོ་བོ་ཐོབ་པ་དང་གཉིས་སོ། །དེ་ལ་ས་བོན་ཙམ་དུ་རྒྱུ་ཐོབ་པ་གང་ཞེ་ན། འཕགས་པའི་ས་དང་
འབྲས་བུ་ཐོབ་པའི་དགེ་བའི་རྩ་བ་དང་། ལྷ་དང་མིའི་བདེ་བ་འཐོབ་པར་འགྱུར་བའི་བསོད་ནམས་བྱས་པ་དང་། ངན་འགྲོའི་སྡུག་བསྔལ་མྱོང་བར་འགྱུར་བའི་སྡིག་པ་བྱས་པ་དང་ལུང་དུ་མ་བསྟན་པའི་རྒྱུ་མཐུན་པ་དང་དེ་དག་གི་ས་བོན་བག་ཆགས་དང་ལྡན་པའོ། །འབྲས་བུའི་ངོ་བོ་ཉིད་ཐོབ་པ་གང་
เล่ม ๒๐๖ · หน้า 140b
ཞེ་ན། དེ་དག་གི་འབྲས་བུ་མངོན་དུ་ཐོབ་པ་ཡིན་ཏེ། མྱ་ངན་ལས་འདས་པ་དང་ས་དང་འབྲས་བུ་མངོན་སུམ་དུ་ཐོབ་པའམ། བསོད་ནམས་ཀྱི་འབྲས་བུ་ཐོབ་པའམ། སྡིག་པའི་འབྲས་བུ་མྱོང་བའོ། །འགྲུབ་པ་ནི་གང་གིས་དངོས་པོར་རེད་པ་ལས་ཀྱང་དོན་གྱི་མཐའ་ཡོངས་སུ་རྫོགས་པར་བྱེད་པ་
ཡིན་ཏེ། དཔེར་ན་མྱུ་གུ་ལས་སྡོང་བུའམ་འབྲས་བུ་སྨིན་པའི་བར་དུ་དེ་ལ་གནོད་པ་བསྲུང་ཞིང་ཕན་པ་བསྡུ་བའི་ནན་ཏན་གྱིས་རྫོགས་པར་བྱེད་པའོ། །མྱུ་གུ་ལ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་པའི་ཆོས་ལ་མགོ་འབྱུང་བ་རྣམས་མཐར་ཕྱིན་པར་བསྒྲུབས་པ་དང་། འཕགས་པའི་ས་ཐོབ་པས་གོང་ནས་གོང་
མའི་ས་ཡོངས་སུ་འགྲུབ་པར་བྱེད་པ་ལ་སོགས་པ་ཡང་དེ་བཞིན་ནོ། །སྐྱེས་པ་རྣམས་ལས་བྱེད་པར་འགྱུར་བའི་ཞེས་བྱ་བ་ནི་སྐྱེས་པ་རྣམས་ཀྱིས་ཐོབ་པའི་བྱ་བའམ་འགྲུབ་པའི་བྱ་བ་གང་ཡིན་པ་བྱེད་པ་སྟེ། དངོས་པོར་ཡོད་པ་དེ་དག་ཇི་སྲིད་དུ་རྒྱུན་ཡོད་པ་དེ་སྲིད་དུ་བྱ་བ་བྱེད་པ་ཡོད་དེ། དཔེར་ན་
ཤིང་ལྕུག་མ་ལ་སོགས་པར་སྐྱེས་ཕྱིན་ཆད་ལྕུག་མ་ནི་བཅིང་བའི་ལས་བྱེད། སྡོང་པོ་ནི་ཀ་བའི་ལས་བྱེད་མེ་ཏོག་ནི་རྒྱན་གྱི་ལས་བྱེད། ལོ་ཏོག་ནི་དཀྲི་བའི་ལས་བྱེད། འབྲས་བུ་ནི་འགྲེང་བའི་ལས་བྱེད། འཕགས་པའི་ཆོས་ལས་རང་རང་གི་སའི་བྱེ་བྲག་གིས་སེམས་ཅན་ལ་ཕན་འདོགས་པ་ཡང་
ཐབས་ཀྱི་སྒོ་ཐ་དད་པ་ནས་སོ་སོའི་ལམ་ལ་འཇོག་པ་ལ་སོགས་པ་ཆོས་གང་གི་རྒྱུར་ངེས་པ་དེའི་འབྲས་བུ་སོ་སོར་སྐྱེད་པ་དང་། དབང་པོ་དྲུག་ཤེས་པ་དང་བཅས་པ་རང་རང་གི་ཡུལ་དུ་ངེས་པ་ལ་འཇུག་པ་དང་། བྱ་ལ་སོགས་པ་ནི་འཕུར། ཉ་ལ་སོགས་པ་ནི་རྐྱལ། ཕྱུགས་ལ་སོགས་པ་ནི་རྒྱུག་
པ་དང་། འདི་ལྟ་བུའི་ཚུལ་གྱིས་དངོས་པོ་སོ་སོའི་མཐུ་ཅི་ཡོད་པས་གང་ལ་གང་རིགས་པའི་བྱ་བ་བྱེད་པ་ཡིན་ནོ། །རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དང་ཞེས་བྱ་བ་ནི་གང་བྱེད་པའི་ཡན་ལག་ཏུ་གཏོགས་པ་གཞིར་གྱུར་པ་དག་ཡིན་ཏེ། རྒྱུ་བཅུ་དང་རྐྱེན་བཞི་གོང་དུ་སྨོས་པ་རྣམས་
ཡིན་ནོ། །དེ་ལྟར་ཆོས་རྣམས་ཀྱི་བྱ་བ་བྱེད་པའི་ལས་བསྟན་པ་གང་ཡིན་པ་དེ་ནི་བྱ་བ་བྱེད་པའི་རིགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཐད་པས་སྒྲུབ་པའི་རིགས་པའི་མཚན་ཉིད་གང་ཞེ་ན། སོ་སོའི་ཤེས་པ་དང་བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་
เล่ม ๒๐๖ · หน้า 141a
བྱ་བའི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་གསུངས་ཏེ། འཐད་པས་སྒྲུབ་པའི་རིགས་པ་ཞེས་བྱ་བ་ནི་ཚད་མ་གསུམ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་འཐད་པས་སོ་སོའི་དོན་བསྒྲུབ་
པ་བསྟན་པ་ཡིན་ནོ། །དེ་ལ་ཚད་མ་གསུམ་པོ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་གི་དོན་ནི། སོ་སོའི་ཤེས་པའི་དོན་དང་། བཤད་པ་དང་། སྨྲས་པའི་དོན་ཅེས་བྱ་བ་དང་། གོ་རིམས་བཞིན་དུ་སྦྱར་ཏེ། དེ་དག་ཀྱང་མངོན་སུམ་གྱི་དོན་དང་ལྐོག་ཏུ་གྱུར་པའི་དོན་དང་། ཤིན་ཏུ་
ལྐོག་ཏུ་གྱུར་པའི་དོན་དང་། གོ་རིམས་བཞིན་ནོ། །དེ་ལ་སོ་སོའི་དོན་ཞེས་བྱ་བ་ལ་སོ་སོའི་ཤེས་པ་གང་ཞེ་ན། མངོན་སུམ་གྱི་ཚད་མ་བཞི་པོ་དབང་པོའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཤེས་པ་སོ་སོའི་ཤེས་པའོ། །དོན་ཞེས་བྱ་བ་སོ་སོའི་ཤེས་པའི་ཡུལ་ཏེ།
མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པའོ། །བཤད་པའི་དོན་ཞེས་བྱ་བ་ལ་བཤད་པ་གང་ཞེ་ན། རྗེས་སུ་དཔག་པའི་ཚད་མ་གཉིས་པོ་རང་གི་དོན་དུ་རྗེས་སུ་དཔག་པ་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པའམ་སྨྲ་བ་
པོ་གཞན་དག་གིས་བཤད་པའོ། །དོན་ཞེས་བྱ་བ་ནི་བཤད་པའི་ཡུལ་ཏེ། རྗེས་སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའོ། །སྨྲས་པའི་དོན་ཅེས་བྱ་བ་ལ་སྨྲས་པ་གང་ཞེ་ན། ཡིད་ཆེས་པའི་ལུང་གི་ཚད་མ་གཉིས་པོ་དེ་སྟོན་པ་ཐམས་ཅད་མཁྱེན་པ་
ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་གཏན་ལ་དབབ་པར་བསྟན་པ་ཐམས་ཅད་མཁྱེན་པས་གསུངས་པའོ། །དོན་ཞེས་བྱ་བ་ནི་གསུངས་པའི་ཡུལ་ཏེ་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པའོ། །སྒྲུབ་
པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་ཞེས་བྱ་བ་ནི་ཚད་མ་གསུམ་པོ་དེ་དག་ཁོ་ན་བཞིན་ཡིན་གྱི་གཞན་དུ་མ་ཡིན་པར་ཚད་མ་གསུམ་གྱི་འཐད་པས་རབ་ཏུ་བསྒྲུབ་པའོ། །ལེགས་པར་ཁོང་དུ་ཆུད་པར་བྱ་ཞེས་བྱ་བ་ནི་དོན་དེ་དག་གཞན་གྱིས་ཇི་ལྟར་མ་ལོག་པ་ཡང་དག་པའི་དོན་ཉིད་དུ་གོ་
เล่ม ๒๐๖ · หน้า 141b
བར་བྱའོ། །རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་ཞེས་བྱ་བ་ལ་ཚད་མ་གསུམ་པོ་དེ་དག་གི་དོན་གསུམ་པོ་དེ་དག་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་གང་དག་ཡིན་ཞེ་ན། མངོན་སུམ་གྱི་ཚད་མའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་
རྐྱེན་ནི་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་སྟེ། ལོག་པར་རྟོག་པ་རྣམ་པ་བཞི་གང་ཞེ་ན། གྲངས་ལ་ལོག་པར་རྟོག་པ་དང་། རང་གི་ངོ་བོ་ལ་ལོག་པར་རྟོག་པ་དང་། སྤྱོད་ཡུལ་ལ་ལོག་པར་རྟོག་པ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་གྲངས་
ལ་ལོག་པར་རྟོག་པ་ནི་ཁ་ཅིག་ནི་ཚད་མ་གཅིག །ཁ་ཅིག་ནི་གསུམ། ཁ་ཅིག་ནི་བཞི། ཁ་ཅིག་ནི་དྲུག་ཏུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་། རྗེས་སུ་དཔག་པའོ་ཞེས་བྱ་བས་མངོན་སུམ་རྣམ་པ་བཞི་པོ་དབང་པོའི་ཤེས་པ་དང་། ཡིད་
ཀྱི་རྣམ་པར་ཤེས་པ་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཤེས་པ་བསྟན་པའོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་མངོན་སུམ་རྟོག་པ་དང་བཅས་པ་དང་། ཁ་ཅིག་ནི་རྣམ་པར་རྟོག་པ་མེད་པར་རྟོག་པའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་ནི་རྟོག་པ་དང་བྲལ་
ཞིང་མ་འཁྲུལ་བའོ་ཞེས་བྱ་བས་མངོན་སུམ་གྱི་མཚན་ཉིད་རྟོག་པ་མེད་པ་དང་མ་འཁྲུལ་པ་བསྟན་པའོ། །སྤྱོད་ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་མངོན་སུམ་སྤྱོད་ཡུལ་རང་གི་མཚན་ཉིད་ཁོ་ནའོ། །རྗེས་སུ་དཔག་པའི་སྤྱོད་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ནའོ་ཞེས་བྱ་བ་བརྗོད་ལ་
གཞན་དག་ནི་གཞན་དུ་བརྗོད་པ་ལྟ་བུའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་དེའི་ཡུལ་ནི་རང་གི་མཚན་ཉིད་ཡིན་ཏེ་ཞེས་བྱ་བས་མངོན་སུམ་གྱི་ཚད་མ་བསྟན་པ་གང་ཡིན་པ་དེའི་ཡུལ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་པར་བལྟ་བར་བྱའི་སྤྱིའི་མཚན་ཉིད་མ་ཡིན་ཏེ། སྤྱི་ནི་དངོས་པོ་མེད་པ་ཡིན་
པ་དང་མངོན་སུམ་དུ་ནི་དངོས་པོའི་རང་གི་ངོ་བོ་ལ་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །འབྲས་བུ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་ནི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་ལ། ཁ་ཅིག་ནི་ཐ་དད་པ་མ་ཡིན་པར་ཁས་ལེན་པ་ལྟ་བུའོ། །དེ་བསལ་བ་གང་ཞེ་ན། མངོན་སུམ་གྱི་
เล่ม ๒๐๖ · หน้า 142a
ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་སྟེ་ཞེས་བྱ་བས་མངོན་སུམ་གྱི་ཤེས་པ་དེ་ཉིད་ཚད་མའི་འབྲས་བུ་ཡིན་གྱི། མངོན་སུམ་ལས་གུད་ན་ཚད་མའི་འབྲས་བུ་མེད་དོ་ཞེས་བསྟན་པའོ། །དེ་ལྟར་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས། རྣམ་པ་ཐམས་ཅད་དུ་མངོན་
སུམ་གྱི་ཚད་མ་མ་ནོར་བ་ཡང་དག་པའི་ཤེས་པ་རང་གི་ངོ་བོ་བསྟན་པ་ཡིན་ཏེ། དེ་ནི་མངོན་སུམ་གྱི་ཚད་མའི་འཐད་པས་བསྒྲུབ་པའི་རིགས་པ་ཡིན་ནོ། །རྗེས་སུ་དཔག་པའི་ཚད་མའི་དོན་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ཡང་རྗེས་སུ་དཔག་པ་ལ་ལོག་པར་རྟོག་པ་རྣམ་པ་བཞི་
བསལ་བས་མ་ནོར་བ་ཤེས་པ་སྟེ། གྲངས་ལ་ལོག་པར་རྟོག་པ་ནི་སྔ་མ་ཁོ་ན་བཞིན་ནོ། །དེ་ལ་བསལ་བ་གང་ཞེ་ན། ཡང་དག་པའི་ཤེས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་། རྗེས་སུ་དཔག་པའོ་ཞེས་བྱ་བས་རྗེས་སུ་དཔག་པ་རྣམ་པ་གཉིས་པོ་རང་གི་དོན་དུ་རྗེས་སུ་དཔག་པ་དང་། གཞན་གྱི་
དོན་དུ་རྗེས་སུ་དཔག་པ་བསྟན་པ་སྟེ། གང་གིས་རྟོགས་པར་འགྱུར་བ་དེ་ནི་རང་གི་དོན་ཡིན་ལ། གང་གིས་གཞན་ལ་གོ་བར་བྱེད་པ་དེ་ནི་གཞན་གྱི་དོན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཚུལ་གསུམ་གྱི་
རྟགས་ལས་གཞན་དུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། རྗེས་སུ་དཔག་པ་ཚུལ་གསུམ་པ་ཉིད་ཀྱིས་རྟག་པ་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་། རྟགས་གསུམ་པོ་མི་དམིགས་པ་
དང་། རང་བཞིན་དང་འབྲས་བུའི་གཏན་ཚིགས་མ་གྲུབ་པ་དང་། འགལ་བ་དང་མ་ངེས་པའི་སྐྱོན་གསུམ་སྤངས་པས་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་བསྟན་པའོ། །སྤྱོད་ཡུལ་ལ་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་སྤྱོད་ཡུལ་སྤྱིའི་མཚན་ཉིད་ལས་གཞན་ལས་
གཞན་དུ་རྟོག་པའོ། །དེ་བསལ་བ་གང་ཞེ་ན། གཞན་ནི་སྤྱིའི་མཚན་ཉིད་དེ། །དེའི་རྗེས་སུ་དཔག་པའི་ཡུལ་ཡིན་ན་ཞེས་བྱ་བས་རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཁོ་ན་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ་ཞེས་བསྟན་པའོ། །འབྲས་བུ་ལ་ལོག་
เล่ม ๒๐๖ · หน้า 142b
པར་རྟོག་པ་ནི་འདི་ལྟ་སྟེ། ཁ་ཅིག་རྗེས་སུ་དཔག་པའི་ཚད་མ་ལས་འབྲས་བུ་ཐ་དད་པར་ཁས་ལེན་པའོ། །དེ་ལ་བསལ་བ་གང་ཞེ་ན། འདིར་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་དང་འདྲའོ་ཞེས་བྱ་བས་ཇི་ལྟར་མངོན་སུམ་ལ་ཤེས་པ་དེ་
ཉིད་ཚད་མའི་འབྲས་བུར་བཤད་པ་དེ་བཞིན་དུ་འདིར་ཡང་རྗེས་སུ་དཔག་པའི་ཤེས་པ་ཉིད་ཚད་མའི་འབྲས་བུ་ཡིན་ཏེ། དོན་གཏན་ལ་འབེབས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ན་དེ་ལྟ་བུའི་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས། རྣམ་པ་ཐམས་ཅད་དུ་རྗེས་
སུ་དཔག་པའི་ཚད་མ་མ་ནོར་བར་ཡང་དག་པའི་ཤེས་པའི་ཤེས་བྱའི་རང་གི་ངོ་བོ་བསྟན་པ་ཡིན་ཏེ། དེའི་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །ཡིད་ཆེས་པའི་ལུང་གི་ཚད་མའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་
ཡིན་པ་དེ་དང་དེ་ལ་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བར་ཤེས་པ་སྟེ། དེ་ལ་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་ནི་འོག་ནས་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔ་འབྱུང་བས་རིག་པར་བྱའོ། །དེ་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་ནི་ཇི་ལྟར་མུ་སྟེགས་ཅན་དག་གི་གཞུང་
ལས་ཆོས་མ་ཡིན་པ་ནི་འདོད་ཆགས་ལ་སོགས་པ་རྩ་བ་ལས་བྱུང་བ་གངྒའི་ནང་དུ་ཁྲུས་བྱས་པས་འབྱུང་ངོ་ཞེས་ཟེར་བ་དང་། ཆོས་ནི་རྣམ་པར་མི་འཚེ་བ་ཡིན་ལ། སྲོག་ཆགས་གསོད་པའི་མཆོད་སྦྱིན་བྱས་ནས་གྲོལ་ལོ་ཞེས་ཟེར་བ་ལ་སོགས་པ་ལྟ་བུ་ནི་ཚིག་འགལ་བ་ཡིན་གྱི། ཐམས་
ཅད་མཁྱེན་པས་གསུངས་པའི་ལུང་ལས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ལས་བྱུང་ལ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་སྤངས་ན། སྐྱེ་བའི་ཀུན་ནས་ཉོན་
མོངས་པ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དང་། བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་གཏན་སྤངས་པའི་གནས་གྱུར་པ་ནི་འཕགས་པའི་ལམ་བསྒོམས་པས་ཐོབ་ལ། འཕགས་པའི་ལམ་གྱིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པར་འགྱུར་ཞེས་གསུངས་པ་ལ་སོགས་
เล่ม ๒๐๖ · หน้า 143a
པ་ལྟ་བུ་ནི་ལུང་ལ་ཚིག་འགལ་བ་མེད་པ་ཡིན་ནོ། །དེ་ལྟར་ན་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་རྣམ་པ་ཐམས་ཅད་དུ་ཡིད་ཆེས་པའི་ལུང་གི་ཚད་མ་མ་ནོར་བ་ཡང་དག་པའི་ཤེས་པའི་རང་གི་ངོ་བོ་བསྟན་པ་ཡིན་ནོ། །དེ་ནི་ཡིད་
ཆེས་པའི་ལུང་གི་ཚད་མའི་འཐད་པ་བསྒྲུབས་པས་བསྒྲུབ་པའི་རིགས་པ་ཡིན་ནོ། །དེ་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་པོ་དེ་དག་གི་དོན་གསུམ་པོ་དེ་དག་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ཇི་ལྟར་བསྟན་པ་དེ་དག་ཉིད་ཀྱང་སྔར་རྒྱུ་བཅུ་དང་རྐྱེན་
བཞི་བསྟན་པ་དག་གིས་ཅི་རིགས་པར་བསྡུས་པ་ཡིན་ཏེ། དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ད་འདི་མན་ཆད་ནི་འཐད་པས་སྒྲུབ་པའི་རིགས་པ་ཇི་སྐད་བསྟན་པ་དེའི་ཡན་ལག་བསྟན་ཏོ། །དེའི་ཕྱིར་ཡང་མདོར་བསྡུ་ན་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
དེ་ཡང་ཞེས་བྱ་བ་ནི་འཐད་པས་སྒྲུབ་པའི་རིགས་པ་དང་སྦྱར་རོ། །ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ་ཞེས་བྱ་བའི་ཚད་མའི་ཡོངས་སུ་དག་པ་དང་མ་དག་པའི་བྱེ་བྲག་བསྟན་པ་ཡིན་ཏེ། བཤད་པ་ནི་ཞིབ་ཏུ་འོག་ནས་འབྱུང་ངོ་། །འཐད་པས་སྒྲུབ་པ་ལ་དེའི་རྒྱུ་དང་རྐྱེན་དུ་གཏོགས་པའི་མཚན་ཉིད་
ཡོངས་སུ་དག་པ་དང་ལྡན་པའི་ཚད་མས་འཇལ་བ་ནི་དོན་ལ་མི་འཁྲུལ་པར་རྟོགས་ཏེ། བདག་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་པས་སྡིག་པའི་གྲོགས་པོའི་ལག་ཏུ་མི་ལྟུང་བར་ཤེས་བཞིན་ཚོར་བ་བཞིན་དུ་སྤྱོད་དོ། །ཡོངས་སུ་དག་པའི་མཚན་
ཉིད་དང་ལྡན་པའི་མཚན་མས་འཇལ་བའི་དོན་ལ་འཁྲུལ་པར་དམིགས་ཏེ། བདག་ཀྱང་ལོག་པར་ལྟ་བ་ལ་གནས་ཤིང་གཞན་ཡང་ལོག་པར་ལྟ་བ་ལ་འཇོག་སྟེ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་ནས་རྨོངས་བཞིན་ཡེངས་བཞིན་སྤྱོད་དོ། །དེ་ལྟ་བས་ན་ཡོངས་སུ་དག་པའི་མཚན་ཉིད་བསྟེན་པར་བྱ་
ཞིང་ཡོངས་སུ་མ་དག་པའི་མཚན་ཉིད་སྤང་བར་བྱ་བའི་ཕྱིར་འཇིག་རྟེན་མཁྱེན་པས་ཀྱང་འཐད་པས་སྒྲུབ་པའི་རིགས་པ་ཇི་སྐད་བསྟན་པ་དེའི་ཡན་ལག་འདི་དག་བཀའ་སྩལ་ཏོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ནི་ལྔའོ། །ཡོངས་སུ་མ་དག་པའི་མཚན་ཉིད་ནི་བདུན་ནོ་ཞེས་བྱ་བ་ནི་གྲངས་ཀྱི་
เล่ม ๒๐๖ · หน้า 143b
སྡོམ་པ་བསྟན་པ་སྟེ། མིང་བསྟན་པ་དང་། བཤད་པ་འོག་ནས་འབྱུང་བ་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དག་གང་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པའི་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་།
རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་། ཡོངས་སུ་དག་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་དང་། བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་
རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་གྱི་ཡུལ་མངོན་སུམ་ཤེས་པའི་སོ་སོའི་ཤེས་པའི་ཡུལ་ལུང་དང་ཚད་མ་གཞན་དག་ལས་བཤད་པ་
གང་དང་གང་ཡིན་པ་དག་ཀྱང་བསྡུའོ། །དེ་ལྟར་ན་མངོན་སུམ་གྱི་ཚད་མ་རྣམ་པ་བཞི་པོ་སོ་སོའི་ཤེས་པའི་དོན་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་རྟོག་པ་མེད་པ་དང་མ་འཁྲུལ་པའི་ཤེས་པས་དམིགས་པ་གང་ཡིན་པའོ། །དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ།
ཚིག་གི་དོན་ནི་བཤད་པ་བཞིན་དུ་སྦྱར་རོ། །དེའི་འོག་ཏུ་རྗེས་སུ་དཔག་པའི་ཚད་མའི་ཚུལ་གསུམ་པོ་དེ་དག་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པར་བསྟན་པ་བཤད་པར་བྱ་སྟེ། དེ་ལ་རྗེས་སུ་དཔག་
པའི་ཆོས་ནི་གང་མངོན་སུམ་གྱི་དམིགས་པ་དེའི་རྗེས་སུ་འཇུག་པའི་བློས་དེ་དང་འབྲེལ་པའི་དངོས་པོ་མངོན་སུམ་གྱི་མ་དམིགས་པ་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་བ་ལྐོག་ཏུ་གྱུར་པའི་དོན་ལ་རྗེས་སུ་དཔག་པར་བྱ་བ་ཡིན་པས། འདིར་ཡང་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་སྒྲུབ་
པར་བྱེད་པའི་ཕྱོགས་ཀྱི་ཆོས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་གནས་པ་མངོན་སུམ་གྱི་ཚད་མའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་མངོན་སུམ་དུ་མ་དམིགས་པའི་སྒོ་ནས་བསྒྲུབ་པར་བྱ་བའི་ཆོས་བཤད་པའི་དོན་རྗེས་
เล่ม ๒๐๖ · หน้า 144a
སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་བ་དེ་ཉིད་རྗེས་སུ་དཔག་པར་བྱའོ། །དེའི་རྗེས་སུ་དཔག་པ་ཡང་རྣམ་པ་གཉིས་ཏེ། རང་གི་དོན་རྗེས་སུ་དཔག་པ་དང་། གཞན་གྱི་དོན་རྗེས་སུ་
དཔག་པའོ། །དེ་ལ་གང་གི་བདག་ཉིད་ཀྱིས་རྟོགས་པར་འགྱུར་བ་དེ་ནི་རང་གི་དོན་ཡིན་ལ། གང་གིས་གཞན་ལ་གོ་བར་བྱེད་པ་དེ་ནི་གཞན་གྱི་དོན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རང་དང་གཞན་གྱི་རྗེས་སུ་དཔག་པ་དེའི་མཚན་ཉིད་ནི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་
བདག་ཉིད་ཀྱིས་རྟོགས་པ་གང་གཞན་ལ་གོ་བར་བྱེད་པ་ཡིན་ཏེ། ཚུལ་གསུམ་གང་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །རྟགས་གང་ཞེ་ན། ཚུལ་གསུམ་པོ་དག་ནི་རྟགས་གསུམ་ཁོ་ན་
དང་ལྡན་ཏེ། མི་དམིགས་པ་དང་། རང་བཞིན་དང་། འབྲས་བུའོ། །དེ་ལ་མི་དམིགས་པ་ལས་ནི་དངོས་པོ་མེད་པར་རྗེས་སུ་དཔག་པར་བྱ། རང་བཞིན་ལས་ནི་མི་རྟག་པ་དང་སྐད་ཅིག་མ་ཉིད་ལ་སོགས་པར་རྗེས་སུ་དཔག་པར་བྱ། འབྲས་བུ་ལས་ནི་རྒྱུ་རྗེས་སུ་དཔག་པར་བྱའོ། །དེ་ལ་ཚུལ་གསུམ་གྱི་
མཚན་ཉིད་གང་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཅེས་བྱ་བ་ལ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ལའོ། །ཡོད་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པའམ།
མི་རྟག་པའམ། སྐད་ཅིག་མ་ཉིད་ལ་སོགས་པའམ། རྒྱུ་དང་སྒྲུབ་པ་ཕྱོགས་ཀྱི་ཆོས་མི་དམིགས་པའམ། རང་བཞིན་ནམ། འབྲས་བུ་ཡོད་པ་སྟེ། དེས་ནི་མིག་གིས་བཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བཀག་གོ། །ཉིད་ཅེས་བྱ་བ་ནི་བསྣན་པ་སྟེ། དེས་ནི་
ཕྱོགས་ཀྱི་ཕྱོགས་གཅིག་མ་གྲུབ་པ་ལ་སོགས་པ་བསལ་ལོ། །མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་རང་གི་དོན་དང་མཐུན་པ་སྟེ། ཆོས་མཐུན་པའི་དཔེ་ཡིན་ནོ། །ཡོད་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་
เล่ม ๒๐๖ · หน้า 144b
དེ་ལ་བསྒྲུབ་པར་བྱ་བའི་ཕྱོགས་སྤྱི་དང་མཐུན་པར་བྱེད་པའི་ཕྱོགས་ཀྱི་ཆོས་ཡོད་པ་སྟེ། དེས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏོ། །ཉིད་ཅེས་བྱ་བ་ནི་བསྣན་པ་སྟེ་དེས་ནི་ཐུན་མོང་གི་མ་ངེས་པ་བསལ་ཏོ། །གཉི་ག་སྨོས་པས་ནི་འགལ་བ་བསལ་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་
ཉིད་དུ་ངེས་པ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་མ་ཡིན་པ་དེ་ལས་གཞན་པ་དེ་དང་འགལ་བ་དེ་མེད་པ་སྟེ། ཆོས་མི་མཐུན་པའི་དཔེ་ཡིན་ནོ། །མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་དེ་ལ་བསྒྲུབ་པར་བྱ་བའི་དོན་དང་། ལྐོག་ཏུ་གྱུར་པའི་དོན་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རྣམ་པ་གསུམ་པོ་དག་
བསྒྲུབས་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བ་ཤེས་པ་དང་རྗེས་སུ་དཔག་པ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མངོན་པར་ཤེས་པ་དང་། དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེ་སྟོན་པའི་
ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བར་ཤེས་པ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་པར་བསྟན་པའི་ཚད་མ་གསུམ་པོ་དེ་དག་ནི་མཚན་ཉིད་ལྔ་པོ་འདི་དག་གིས་ཡོངས་སུ་དག་སྟེ། ཚད་མར་རུང་བར་སྟོན་ཏོ། །དེ་ལ་མངོན་སུམ་གྱི་ཚད་མ་ནི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་
སུ་དག་སྟེ། ཚད་མར་རུང་བར་བསྟན་ཏོ། །རྗེས་སུ་དཔག་པའི་ཚད་མ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ་མཚན་ཉིད་ཀྱིས་ཡོངས་སུ་དག་སྟེ། ཚད་མར་རུང་བར་སྟོན་ཏོ། །ཡོངས་སུ་དག་པའི་མཚན་ཉིད་ཀྱིས་ནི་མངོན་སུམ་གྱི་
ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉི་ག་ཡོངས་སུ་དག་སྟེ། ཚད་མར་རུང་བར་སྟོན་ཏོ། །ཡིད་ཆེས་པའི་ལུང་གི་ཚད་མ་ནི་ལུང་ཤིན་ཏུ་རྣམ་པར་དག་པར་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་སྟེ། ཚད་མར་རུང་བར་སྟོན་ཏོ། །དེ་ལ་དང་པོ་མངོན་སུམ་གྱི་
ཚད་མ་དང་། དེ་ལ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱི་ཡོངས་སུ་དག་པར་བསྟན་པའི་ཕྱིར། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་
เล่ม ๒๐๖ · หน้า 145a
དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ་ཞེས་གསུངས་སོ། །དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་
གི་མཚན་ཉིད་ཀྱིས་བསྡུས་པའི་དེའོ། །མངོན་སུམ་དུ་དམིགས་པ་ཞེས་བྱ་བ་ནི་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པའི་དེའོ། །མངོན་སུམ་དུ་དམིགས་པ་ཞེས་བྱ་བ་ནི་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་
མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པས་མངོན་སུམ་དུ་དམིགས་སོ། །མཚན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ཚད་མའི་མཚན་ཉིད་དེ། དེ་མངོན་སུམ་དུ་དམིགས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་ཤེས་པ་དེ་ཉིད་མངོན་སུམ་གྱི་ཚད་མའི་མཚན་ཉིད་
ཡིན་པའོ། །དེ་ལྟར་མངོན་སུམ་གྱི་ཚད་མ་ནི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེས་ཡོངས་སུ་དག་སྟེ། ཚད་མར་རུང་ལ་མངོན་སུམ་གྱི་ཚད་མ་དང་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེ་ཡང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །དེ་ལ་སོ་སོའི་ཤེས་པའི་
དོན་མངོན་སུམ་གྱི་ཚད་མའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་དེ་ཡང་གང་ཞེ་ན། འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་ཅེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བ་དང་འཇིག་པ་དང་
ཆགས་པའི་མཚན་ཉིད་གང་ཡིན་པའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་ཅེས་བྱ་བ་ནི་ནད་ལ་སོགས་པ་སྡུག་བསྔལ་ཉིད་དུ་གྲུབ་པ་གང་ཡིན་པའོ། །ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དག་ལ་རང་དབང་མེད་པ་ཉིད་དུ་གྲུབ་པ་གང་ཡིན་པའོ། །
འཇིག་རྟེན་མངོན་སུམ་དུ་དམིགས་པ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་ཇི་སྐད་བསྟན་པ་དེ་དག་ནི་འཇིག་རྟེན་ན་མངོན་སུམ་ཡིན་པའི་ཕྱིར་རོ། །འོ་ན་འདུ་བྱེད་ཐམས་ཅད་མི་རྟག་པ་
เล่ม ๒๐๖ · หน้า 145b
ཉིད་ལ་སོགས་པ་དེ་དག་མངོན་སུམ་རྣམ་པ་བཞི་པོ་དབང་པོའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཤེས་པ་གང་གི་ཡུལ་ཡིན་ཞེ་ན། བཞི་ཆར་གྱི་ཡུལ་ཡིན་ཏེ་ཅི་རིགས་པར་སྦྱར་རོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་དབང་པོའི་ཤེས་པ་དང་། ཡིད་
ཀྱི་རྣམ་པར་ཤེས་པ་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཆོས་ཀྱི་སྤྱི་དང་། སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མེད་པ་སྟེ། དེས་ནི་ཐུན་མོང་གི་མ་ངེས་པ་དང་འགལ་བ་བསྩལ་ཏོ། །ཉིད་ཅེས་བྱ་བ་ནི་བརྣན་པ་སྟེ། དེས་ནི་མི་མཐུན་པའི་ཕྱོགས་ལ་ཕྱོགས་གཅིག་ཡོད་པའི་མ་ངེས་པ་སྤངས་
སོ། །ངེས་པའོ་ཞེས་བྱ་བ་ནི་མཐའ་མར་སྨོས་པའི་ཕྱིར་གསུམ་ཆར་ལ་ཡང་ངེས་པ་ཉིད་རིག་པར་བྱའོ། །ཚུལ་གསུམ་པོ་དེ་དག་ནི་རང་གི་ཚད་མ་ཇི་ལྟ་བུ་དག་གིས་ངེས་པ་ཡིན་པར་གཟུང་བར་བྱའི། གཞན་དུ་ན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡིད་ཆེས་པར་བྱ་བར་མི་ནུས་པ་ཉིད་དོ། །རྟགས་གསུམ་གྱི་
མཚན་ཉིད་གང་ཞེ་ན། མི་དམིགས་པ་དང་། རང་བཞིན་དང་། འབྲས་བུའོ་ཞེས་བྱ་བ་ལ། གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་ནི་དངོས་པོ་མེད་པ་དང་དངོས་པོའི་ངོ་བོས་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་དངོས་པོ་མེད་པ་སྒྲུབ་པ་དང་དངོས་པོ་བསྒྲུབ་པའི་རྟགས་ཀྱང་རྣམ་པ་གཉིས་ཏེ། དེ་ལ་མི་དམིགས་
པ་ནི་དངོས་པོ་མེད་པ་བསྒྲུབ་པའི་རྟགས་ཏེ། དགག་པའི་གཏན་ཚིགས་སོ། །དེ་ཡང་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་སྟེ། རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་དམིགས་པའི་རིག་བྱར་གྱུར་པའི་དངོས་པོ་མི་དམིགས་པའི་རྟགས་ཀྱིས་དངོས་པོ་མེད་པ་བསྒྲུབ་པར་བྱའོ། །རང་བཞིན་དང་
འབྲས་བུ་གཉིས་དངོས་པོ་བསྒྲུབ་པའི་རྟགས་ཏེ། དངོས་པོའི་གཏན་ཚིགས་སོ། །དེ་གཉིས་དང་བསྒྲུབ་པར་བྱ་བའི་དངོས་པོ་དང་ཐ་དད་པ་དང་། བསྒྲུབ་པར་བྱ་བའི་དངོས་པོ་དང་ཐ་མི་དད་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། ཐ་མི་དད་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེའི་བདག་ཉིད་ཀྱི་མཚན་
ཉིད་ཀྱི་འབྲེལ་བ་སྟེ། རང་བཞིན་གྱི་རྟགས་སོ། །ཐ་དད་པ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་ལས་སྐྱེས་པའི་མཚན་ཉིད་ཀྱི་འབྲེལ་པ་སྟེ། འབྲས་བུའི་རྟགས་སོ། །དེ་དག་ནི་རེ་རེ་ལ་ཡང་ཚུལ་གསུམ་ཆར་ཡོད་པ་ལྟ་བུའི་ཚུལ་རེ་རེ་བའམ་གཉིས་གཉིས་པ་ནི་མ་ཡིན་ནོ། །དེ་ལྟར་ཚུལ་གསུམ་
เล่ม ๒๐๖ · หน้า 146a
དང་ལྡན་པའི་རྟགས་དེ་དག་ནི་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་སྤངས་པ་ཡང་ཡིན་ཏེ། འདི་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་
མེད་པའམ་མི་རྟག་པ་དང་སྐད་ཅིག་མ་ཉིད་ལ་སོགས་པའམ་རྒྱུ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པའམ་རང་བཞིན་ནམ་འབྲས་བུའི་རྟགས་ཡོད་པ་ཉིད་བསྟན་པའི་གཏན་ཚིགས་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་པའམ། དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ་མཐུན་པའི་
ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་འགྲོ་བ་དང་མི་མཐུན་པ་ཉིད་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་ལྡོག་པ་དང་ལྡན་པ་དེ་ནི་གཞི་མ་གྲུབ་པ་དང་། རང་ལ་མ་གྲུབ་པ་དང་གཞན་ལ་མ་གྲུབ་པ་ལ་སོགས་པ་མེད་པའི་ཕྱིར་མ་གྲུབ་པའི་སྐྱོན་སྤངས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ལ་སྒྲུབ་
པར་བྱེད་པ་ལོག་པར་བསྒྲུབ་པའི་འགལ་བ་མེད་པའི་སྐྱོན་སྤངས་པ་ཡང་ཡིན་ནོ། །ཐུན་མོང་གི་མ་ངེས་པ་དང་ཐུན་མོང་མ་ཡིན་པའི་མ་ངེས་པ་དང་། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ལ་སོགས་པ་
མེད་པའི་ཕྱིར་མ་ངེས་པའི་སྐྱོན་སྤངས་པ་ཡིན་ནོ། །དེ་ལྟར་ཚུལ་གསུམ་དང་ལྡན་པའི་རྟགས་གཏན་ཚིགས་ཀྱི་སྐྱོན་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་སྤངས་པ་ནི་རྗེས་སུ་དཔག་པ་གང་བསྒྲུབ་པར་བྱ་བའི་ཆོས་དེ་འགྲུབ་པར་འགྱུར་ཏེ། དེ་ཉིད་རྗེས་སུ་དཔག་པའི་ཚད་མའི་འབྲས་བུ་ཡིན་ནོ། །དེ་
ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་བདག་ཉིད་ཀྱིས་རྟོགས་པ་དང་གཞན་ལ་གོ་བར་བྱ་བ་ལ། སྐབས་འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཅེས་བྱ་བ་བསྟན་ཏོ། །མཐུན་པའི་ཕྱོགས་ལ་ཡོད་
པ་ཉིད་ཀྱི་ཚུལ་ནི་རང་གི་རིགས་ཀྱི་དཔེ་ལ་ཉེ་བར་སྦྱར་བའི་མཚན་ཉིད་ཅེས་བྱ་བ་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན། སྐབས་འདིར་ནི་ཆོས་མཐུན་པའི་དཔེ་རྗེས་སུ་འགྲོ་བ་བསྟན་པས། ཆོས་མི་མཐུན་
เล่ม ๒๐๖ · หน้า 146b
པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་སུ་མ་བསྟན་ཏེ་ཤེས་པར་འདོད་ན་ནི་ཅི་རིགས་པར་སྦྱར་ཏེ་འོག་ཏུ་བསྟན་པར་བྱའོ། །དེ་ལ་དང་པོར་རྗེས་སུ་དཔག་པའི་ཚད་མ་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པར་བསྟན་པའི་ཕྱིར། འདུ་
བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང་། ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་དེ་ལ་གནས་པའི་མི་རྟག་པར་རགས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་པ་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་
དང་། སེམས་ཅན་བདེ་བ་དང་སྡུག་བསྔལ་བ་ལས་དགེ་བ་དང་མི་དགེ་བ་ལས་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། གང་གིས་མངོན་སུམ་དུ་མ་གྱུར་པ་ལས་རྗེས་སུ་དཔག་པར་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་
ནོ་ཞེས་བྱ་བ་གསུངས་སོ། །དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལའོ། །གནས་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཆོས་ཐམས་ཅད་ཀྱི་ཆོས་མི་དམིགས་པའམ། རང་བཞིན་ནམ་འབྲས་བུའི་རྟགས་སོ། །
སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་གནས་པའོ། །མངོན་སུམ་དུ་དམིགས་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པའམ། རང་བཞིན་ནམ་འབྲས་བུའི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་
དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་གནས་པ་དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བས་མངོན་སུམ་དུ་དམིགས་པའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དེ། དེ་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ཀྱིས་བསྒྲུབ་
པར་བྱ་བའི་ཆོས་མངོན་སུམ་གྱིས་མི་དམིགས་པ་རྗེས་སུ་དཔག་སྟེ་བདག་ཉིད་ཀྱིས་རྟོགས་པ་དང་། གཞན་ལ་གོ་བར་གྱུར་པ་ཉིད་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན་ནོ། །དེ་ལྟར་ན་རྗེས་སུ་དཔག་པའི་ཚད་མ་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེས་ཡོངས་སུ་དག་སྟེ། ཚད་མར་རུང་
เล่ม ๒๐๖ · หน้า 147a
ལ་རྗེས་སུ་དཔག་པའི་ཚད་མ་དང་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེ་ཡང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱི་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་གནས་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མངོན་སུམ་དུ་
དམིགས་པའི་རྟགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་མངོན་སུམ་གྱིས་མི་དམིགས་པ་རྗེས་སུ་དཔག་པར་བྱ་བ་དེ་དག་གང་ཞེ་ན། འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དང་། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དང་། ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་ཞེས་བྱ་བ་དག་སྟེ། དེ་དག་ནི་བཤད་པའི་དོན་རྗེས་
སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་མངོན་སུམ་གྱིས་མ་དམིགས་པ་རྗེས་སུ་དཔག་པར་བྱ་བ་དེ་དག་སྒྲུབ་པར་བྱེད་པའི་གཏན་ཚིགས་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་རྟགས་དག་གང་ཞེ་ན། དེ་ལ་གནས་པའི་མི་
རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་དང་། སེམས་ཅན་བདེ་བ་དང་སྡུག་བསྔལ་བ་ལས་དགེ་བ་དང་། མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་དག་
སྟེ། དེ་དག་ནི་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ། །དེ་ལྟར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་
ཀྱིས་བསྡུས་པ་གནས་པ་མངོན་སུམ་དུ་དམིགས་པའི་སྒོ་ནས་བསྒྲུབ་པར་བྱ་བའི་ཆོས་བཤད་པའི་དོན་རྗེས་སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་མི་རྟག་པའི་མཚན་ཉིད་ཀྱིས་བསྡུས་པ་དེ་རྗེས་སུ་དཔག་པར་བྱ་སྟེ། དེ་ལ་གནས་པའི་མི་རྟག་པར་གནས་པ་ཉིད་མངོན་སུམ་དུ་དམིགས་པ་
གང་ཡིན་པ་ཞེས་བྱ་བའི་རྟགས་འདིས་ནི་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་ཅེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་འདི་རྗེས་སུ་དཔག་པར་བྱའོ། །དེ་ལ་དཔག་པའི་མི་རྟག་པར་རགས་པ་ཉིད་མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་
เล่ม ๒๐๖ · หน้า 147b
འདུ་བྱེད་ཀྱི་དངོས་པོ་དེ་ལའོ། །གནས་པའི་མི་རྟག་པ་རགས་པ་ཉིད་ཅེས་བྱ་བ་ནི། སྐད་ཅིག་ལ་འཇིག་པ་མ་ཡིན་པའི་མི་རྟག་པ་ལ་རགས་པ་འཆི་འཕོ་བ་དང་། སྐྱེ་བ་དང་འཇིག་པའི་མཚན་ཉིད་དེ། དེའི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་
ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ། །མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་ཀྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་དེ་ཉིད་མངོན་སུམ་
གྱི་ཚད་མའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བས་མངོན་སུམ་དུ་དམིགས་པ་སྟེ། དེ་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱིས་རྟགས་མི་རྟག་པའི་རགས་པ་ཉིད་མངོན་སུམ་དུ་དམིགས་པ་དེའི་སྒོ་ནས་བསྒྲུབ་པར་བྱ་བའི་ཆོས་སྐད་ཅིག་མ་ཉིད་རྗེས་སུ་དཔག་པར་བྱའོ། །དེ་ལ་
སྐབས་འདིར་ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་སོགས་པ་ཡོད་པ་ཉིད་ཀྱི་ཚུལ་ནི་དེ་ལས་ཞེས་བྱ་བས་བསྟན་ཏེ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་འདུ་བྱེད་ཀྱི་དངོས་པོ་དེ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཅན་འདུ་བྱེད་ཀྱི་དངོས་
པོ་དེ་ལ་སྒྲུབ་པར་བྱེད་པའི་ཆོས་སྐད་ཅིག་མ་ཉིད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་རྒྱུ་དང་། སྒྲུབ་པར་བྱེད་
པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་། འབྲས་བུའི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པ་ཉིད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེའི་བདག་གི་མཚན་ཉིད་ཀྱིས་འབྲེལ་པ་
ཡིན་པས་དེའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཞེས་བྱའོ། །མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་ཆོས་མཐུན་པའི་དཔེ་སྟེ། གང་ལ་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་དེ་ནི་སྐད་ཅིག་མ་ཉིད་ཡིན་ཏེ། དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་
เล่ม ๒๐๖ · หน้า 148a
གྲགས་པའི་འཆི་འཕོ་བ་དང་སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་ལྟ་བུ་སྟེ། དེ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་བསྟན་པའི་སྐབས་སུ་འོག་ནས་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དེ་ནི་ལུང་དང་ཚད་
མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན། སྐབས་འདིར་ནི་ཆོས་མཐུན་པའི་དཔེ་རྗེས་སུ་འགྲོ་བ་བསྟན་པས་ཆོས་མི་མཐུན་པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་པོ་མ་བསྟན་ཏེ། ཤེས་པར་འདོད་ན་ནི་གང་ལ་མི་རྟག་པར་གནས་པ་ཉིད་མངོན་སུམ་དུ་མི་དམིགས་
པ་དེ་ནི་སྐད་ཅིག་མ་ཉིད་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཚུལ་གསུམ་དང་ལྡན་པའི་རང་བཞིན་གྱི་རྟགས་དེ་ནི་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་སྤངས་པ་ཡང་ཡིན་ཏེ། འདི་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་
ཚུལ་གྱིས་ཆོས་ཅན་འདུ་བྱེད་ཀྱི་དངོས་པོ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་སྐད་ཅིག་མ་ཉིད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་ཀྱི་རང་བཞིན་གྱི་རྟགས་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་བསྟན་པའི་རང་བཞིན་གྱི་གཏན་ཚིགས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེའི་
བདག་ཉིད་ཀྱི་འབྲེལ་པའི་མཚན་ཉིད་ཀྱིས་འབྲེལ་པ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་འགྲོ་བ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་གྱིས་ལྡོག་པ་དང་ལྡན་པ་དེ་ནི་གཞི་མ་གྲུབ་པ་དང་རང་ལ་མ་གྲུབ་པ་དང་གཞན་ལ་མ་གྲུབ་པ་ལ་སོགས་པ་མེད་པའི་
ཕྱིར་མ་གྲུབ་པའི་སྐྱོན་སྤངས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་ལས་སྒྲུབ་པར་བྱེད་པ་ལོག་པར་བྱེད་པའི་འགལ་བ་མེད་པའི་ཕྱིར་འགལ་བའི་སྐྱོན་སྤངས་པ་ཡང་ཡིན་ནོ། །ཐུན་མོང་མ་ཡིན་པའི་མ་ངེས་པ་དང་ཐུན་མོང་གི་མ་ངེས་པ་དང་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་།
མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ལ་སོགས་པ་མེད་པའི་ཕྱིར་མ་ངེས་པའི་སྐྱོན་སྤངས་པ་ཡིན་ནོ། །སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བའི་རྟགས་འདིས་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་ཅེས་བྱ་བའི་བསྒྲུབ་པར་བྱ་
เล่ม ๒๐๖ · หน้า 148b
བའི་ཆོས་འདི་རྗེས་སུ་དཔག་པར་བྱའོ། །སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ལ་སེམས་ཅན་སྣ་ཚོགས་ཞེས་བྱ་བ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་ཐ་དད་པའི་བྱེ་བྲག་ལ་གནས་པའི་སེམས་ཅན་སྣ་ཚོགས་ཏེ། དེས་ནི་རྗེས་སུ་
དཔག་པར་བྱ་བའི་ཆོས་ཅན་བསྟན་ཏོ། །ལས་སྣ་ཚོགས་ལ་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་མི་ལ་སོགས་པ་འགྲེང་སྟེ་འགྲོ་བ་དང་། ཕྱུགས་ལ་སོགས་པ་དུད་དེ་འགྲོ་བ་དང་། སྦྲུལ་ལ་སོགས་པ་འཕྱེ་ཞིང་འགྲོ་བ་དང་། བྱ་ལ་སོགས་པ་ནམ་མཁའ་ལ་ལྡིང་བ་དང་། ཉ་ལ་སོགས་པ་ཆུ་ལ་འཕྱོ་
བ་དང་། དེ་འདྲ་བའི་ཚུལ་གྱིས་མི་མཐུན་པ་སྣ་ཚོགས་པ་མ་བསླབས་པར་རང་ཤེས་ཏེ་རྩོལ་བ་དང་། ལ་ལའི་གནས་ཅི་ལ་འཆའ། ལ་ལའི་ཟས་སུ་ཅི་ཟ། ལ་ལའི་ཡོན་ཏན་ཅི་ཡོད། ལ་ལའི་སྐྱོན་ཅི་ལ་ཆགས་ཏེ། སྣ་ཚོགས་ཀྱི་སྤྱོད་པ་མི་འདྲ་བ་ལ་སོགས་པ་དང་། སྐམ་ལ་གནས་པ་ནི་ཆུའི་
གཏིང་དུ་འདུག་པར་མི་བཟོད། ཆུ་ལ་གནས་པ་ནི་སྐམ་ལ་འདུག་པར་མི་བཟོད། གྲང་བས་ནི་ཚད་ཁུང་མི་ཐུབ་པ། དྲོས་པས་ནི་གྲང་མོ་མི་ཐུབ་པ་ལ་སོགས་པ་རང་གི་ཆོས་མ་ཡིན་པ་བྱེད་མི་ནུས་པ་དང་། དེའི་ནང་ནས་ཀྱང་ལ་ལ་ནི་བསླབས་ན་ལོབས་པ་དང་བསྒོམས་ན་གོམས་སུ་རུང་བ་ཡང་ཡོད་
པ་དང་། ལ་ལ་ནི་བསླབས་ཀྱང་མི་ལོབས་ལ་བསྒོམས་ཀྱང་གོམས་སུ་མི་རུང་བ་ཡང་ཡོད་པ་དང་། གླང་པོ་ཆེ་དང་རྟ་ལ་སོགས་པ་མི་བས་ཉམས་རྩལ་ཆེ་ལ་བང་མགྱོགས་པ་ཡང་མིས་བཀོལ་དུ་རུང་བ་དང་ལྗི་བ་དང་ཤིག་ལ་སོགས་པ་མི་བས་ཆུང་བ་ཡང་མི་ལ་ཟ་བ་དང་། ཁམས་དང་འགྲོ་བ་དང་
སྐྱེ་གནས་ཐ་དད་པ་ནས་སྐྱེས་པའི་ཚུལ་མི་མཐུན་པ་དང་དེ་ལྟ་བུ་ལ་སོགས་པ་སེམས་ཅན་སྣ་ཚོགས་ལས་སྣ་ཚོགས་ལ་གནས་པ་སྟེ། དེས་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་
བསྡུས་པ་བསྟན་ཏོ། །མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་དེ་ཉིད་ཀྱི་མངོན་སུམ་གྱི་ཚད་མའི་མཚན་ཉིད་རྟོག་པ་དང་བྲལ་
เล่ม ๒๐๖ · หน้า 149a
ཞིང་མ་འཁྲུལ་བས་མངོན་སུམ་དུ་དམིགས་པ་སྟེ། དེ་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་འབྲས་བུའི་རྟགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དེའི་སྒོ་ནས་བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་དེ་རྗེས་སུ་དཔག་པར་བྱའོ། །དེ་ལ་
སྐབས་འདིར་ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་སེམས་ཅན་སྣ་ཚོགས་ཞེས་བྱ་བས་བསྟན་ཏེ་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་སེམས་ཅན་སྣ་ཚོགས་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཅན་སེམས་ཅན་སྣ་ཚོགས་དེ་ལ་
བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་སྣ་ཚོགས་ལས་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་དང་མི་རྟག་པ་དང་།
སྐད་ཅིག་མ་ཉིད་ལ་སོགས་པ་དང་། སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་ནི་མི་དམིགས་པ་དང་རང་བཞིན་གྱི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སེམས་ཅན་སྣ་ཚོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་
དམིགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་མངོན་སུམ་གྱི་མ་དམིགས་པ་དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་སྟེ། དེ་ལྟར་ཆོས་ཅན་སེམས་ཅན་སྣ་ཚོགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
འབྲས་བུའི་རྟགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡོད་པ་དེ་ཉིད་དེ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ལས་སྐྱེས་པའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་པ་དེའི་ཕྱིར་འབྲས་བུའི་གཏན་ཚིགས་ཞེས་བྱའོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པའི་ཚུལ་ནི་ཆོས་མཐུན་
པའི་དཔེ་སྟེ། གང་ལ་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དེ། དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་སྐྱེ་བ་ལ་སོགས་པ་སྡུག་བསྔལ་དམིགས་པ་ཉེ་བར་སྦྱར་བ་ལྟ་བུ་སྟེ། དེ་ལ་རང་གི་
เล่ม ๒๐๖ · หน้า 149b
རིགས་ཀྱི་བདེ་བ་ཉེ་བར་སྦྱར་བའི་མཚན་ཉིད་བསྟན་པའི་སྐབས་སུ་འོག་ནས་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དེ་ཡང་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན། སྐབས་འདིར་ནི་ཆོས་མཐུན་པའི་དཔེས་རྗེས་སུ་འགྲོ་བ་
བསྟན་པས་ཆོས་མི་མཐུན་པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་སུ་མ་བསྟན་ཏེ། ཤེས་པར་འདོད་ན་ནི་གང་ལ་ལས་སྣ་ཚོགས་གནས་པ་ལ་མངོན་སུམ་དུ་མི་དམིགས་པ་དེ་ལ་ནི་འཇིག་རྟེན་ཕ་རོལ་མེད་པ་ཉིད་དེ། དཔེར་ན་རི་བོང་གི་རྭ་ལྟ་བུའོ་ཞེས་བརྗོད་པར་
བྱའོ། །དེ་ལྟར་ཚུལ་གསུམ་དང་ལྡན་པའི་འབྲས་བུའི་རྟགས་དེ་ཡང་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་སྤངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དང་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་
སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བའི་རྟགས་འདིས་ནི་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་ཞེས་བྱ་བའི་བསྒྲུབ་པར་བྱ་བའི་ཆོས་འདི་རྗེས་སུ་དཔག་པར་བྱའོ། །སེམས་ཅན་བདེ་བ་དང་སྡུག་བསྔལ་ལས་དགེ་བ་དང་མི་དགེ་བ་ལ་གནས་པའི་མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་
བ་ལ་སེམས་ཅན་བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་ནི་སྐྱིད་པ་དང་སྡུག་པ་ལ་སོགས་པའི་བྱེ་བྲག་ཡོད་པ་སྟེ། དེ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་བསྟན་ཏོ། །ལས་དགེ་བ་དང་མི་དགེ་བ་ལ་གནས་པ་ཞེས་བྱ་བ་ནི་ཚེ་སྔ་མའི་ལས་དགེ་བ་དང་མི་དགེ་བའི་རྒྱུ་ལས་བྱུང་བའི་འབྲས་བུ་བདེ་བ་དང་སྡུག་
བསྔལ་ལ་གནས་པ་སྟེ་དེས་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡིན་ནོ། །མངོན་སུམ་དུ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཆོས་འབྲས་བུའི་རྟགས་
སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་དེ་ཉིད་མངོན་སུམ་གྱི་ཚད་མའི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པས་མངོན་སུམ་དུ་དམིགས་པ་སྟེ། དེ་ལྟར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་དགེ་བ་དང་
เล่ม ๒๐๖ · หน้า 150a
མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེའི་སྒོ་ནས་བསྒྲུབ་པར་བྱ་བའི་ཆོས་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བར་དེ་རྗེས་སུ་དཔག་པར་བྱའོ། །དེ་ལ་སྐབས་འདིར་ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་
ནི་སེམས་ཅན་བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་བསྟན་ཏེ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཅན་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་
བར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ་དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་ཡང་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་དང་མི་རྟག་པ་དང་སྐད་ཅིག་མ་ཉིད་ལ་སོགས་པ་དང་སྒྲུབ་པར་བྱེད་
པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་རང་བཞིན་གྱི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་བསྒྲུབ་པར་
བྱ་བའི་ཆོས་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་མངོན་སུམ་གྱིས་མ་དམིགས་པ་དེ་ཆུད་མི་ཟ་བར་རྗེས་སུ་དཔག་སྟེ། དེ་ལྟར་ཆོས་ཅན་སེམས་ཅན་ལ་བདེ་བ་དང་སྡུག་བསྔལ་བ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བར་སྒྲུབ་པར་བྱེད། ཕྱོགས་ཀྱི་ཆོས་
འབྲས་བུའི་རྟགས་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ་དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་ལས་སྐྱེས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་པས། དེའི་ཕྱིར་འབྲས་བུའི་གཏན་ཚིགས་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་
ཀྱི་ཚུལ་ནི་ཆོས་མཐུན་པའི་དཔེ་སྟེ། གང་ལ་ལས་དགེ་བ་དང་མི་དགེ་བ་ལ་གནས་པའི་མངོན་སུམ་དུ་དམིགས་པ་དེ་ལ་ནི་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་སྟེ། དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་རང་དབང་མེད་པ་དམིགས་པ་ཉེ་བར་
เล่ม ๒๐๖ · หน้า 150b
སྦྱར་བ་དང་ཕྱི་རོལ་དག་ལ་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང་རྒུད་པ་དམིགས་པ་ཉེ་བ་ལྟ་བུ་སྟེ། དེ་ཡང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཉེ་བར་བསྟན་པའི་སྐབས་སུ་འོག་ནས་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་
པའི་དཔེ་སྟེ། དེ་ཡང་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན་ཏེ། སྐབས་འདིར་ནི་ཆོས་མཐུན་པའི་དཔེས་རྗེས་སུ་འགྲོ་བ་བསྟན་པས་ཆོས་མི་མཐུན་པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་མ་བསྟན་ཏེ། ཤེས་པར་འདོད་ན་ནི་གང་ལ་ལས་དགེ་བ་དང་མི་
དགེ་བ་ལ་གནས་པ་མངོན་སུམ་དུ་མི་དམིགས་པ་དེ་ལ་ནི་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་མེད་དེ། དཔེར་ན་ནམ་མཁའི་མེ་ཏོག་ལྟ་བུའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཚུལ་གསུམ་པའི་རྟགས་དང་ལྡན་པའི་འབྲས་བུའི་རྟགས་དེ་ཡང་གཏན་ཚིགས་ཀྱི་སྐྱོན་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་
སྤངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དོན་སྤྱིར་བསྟན་པ་སྟེ་རྗེས་སུ་དཔག་གོ། །ཕྱོགས་ནི་གང་མངོན་སུམ་གྱིས་དམིགས་པ་དེའི་རྗེས་སུ་འཇུག་པའི་བློ་དེ་དང་འབྲེལ་པའི་དངོས་
པོ་མངོན་སུམ་གྱིས་མ་དམིགས་པ་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་བ་ལྐོག་ཏུ་གྱུར་པའི་དོན་ལ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་སྟོན་ཏེ། གང་གིས་ཞེས་བྱ་བ་ནི་སྒྲིབ་པ་དེ་དང་བཅས་པའི་སྐྱེས་བུ་ལ་བྱའོ། །མངོན་སུམ་དུ་མ་གྱུར་པ་ཞེས་བྱ་བ་སྒྲིབ་པས་བསྒྲིབས་པ་ལ་བྱའོ། །
རྗེས་སུ་དཔག་པ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པར་འདོད་ཅིང་འཇལ་བ་ལ་བྱ་སྟེ། དེ་ལ་ཚུལ་གསུམ་པའི་རྟོགས་ཀྱིས་རང་བཞིན་གྱི་དོན་རྗེས་སུ་དཔག་པ་ནི་སྔ་མ་བཞིན་ཅི་རིགས་པར་སྦྱར་རོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་
གསུམ་པའི་རྟགས་དང་རང་དང་གཞན་གྱི་དོན་རྗེས་སུ་དཔག་པའི་མཚན་ཉིད་སྔར་བསྟན་པ་དེ་ལྟ་བུ་དང་མཐུན་པ་གཞན་དག་དང་ཅི་རིགས་པར་སྦྱར་ཏེ། དེ་ཡང་མི་དམིགས་པ་ལ་དངོས་པོ་མེད་པར་རྗེས་སུ་དཔག་པ་དང་རང་བཞིན་ལས་མི་རྟག་པ་ལ་སོགས་པར་རྗེས་སུ་དཔག་པ་དང་འབྲས་
เล่ม ๒๐๖ · หน้า 151a
བུ་ལས་རྒྱུ་རྗེས་སུ་དཔག་པ་ཐམས་ཅད་དུ་ཡང་ཚུལ་གསུམ་པའི་རྟགས་ཀྱིས་རང་དང་གཞན་གྱི་དོན་རྗེས་སུ་དཔག་པར་བྱ་སྟེ། དེ་ལ་མི་དམིགས་པ་ལས་དངོས་པོ་མེད་པ་དང་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན། རྗེས་སུ་དཔག་
པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་བུམ་པ་མེད་པའི་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ནའོ། །
ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཅན་བུམ་པ་མེད་པའི་ཕྱོགས་ཀྱི་བྱེ་བྲག་དེ་ནི་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པའི་རྟགས་མི་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་པ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་
ཆོས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ལ་སོགས་པ་དང་རྒྱུ་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་དང་འབྲས་བུའི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་བུམ་པ་མེད་པའི་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པའི་
རྟགས་བུམ་པ་མངོན་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་ཉིད་མངོན་སུམ་གྱིས་མ་དམིགས་པ་དེ་དངོས་པོ་མེད་པ་ཉིད་དུ་རྗེས་སུ་དཔག་སྟེ། དེ་ལྟར་ཆོས་ཅན་བུམ་པ་མེད་པའི་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་ཉིད་སྒྲུབ་
པར་བྱེད་པ་ཉིད་ཀྱི་ཆོས་མི་དམིགས་པའི་རྟགས་བུམ་པ་མེད་པ་མངོན་སུམ་དུ་དམིགས་པ་དེ་ཉིད་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་པས་དེའི་ཕྱིར་མི་དམིགས་པའི་གཏན་ཚིགས་ཞེས་བྱའོ། །མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་
ཆོས་མཐུན་པའི་དཔེ་སྟེ། ཕྱོགས་ཀྱི་བྱེ་བྲག་གང་ན་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་པ་དེ་ན་བུམ་པ་མེད་དེ། དཔེར་ན་བར་སྣང་སྟོང་པ་བཞིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་བསྟན་པའི་སྐབས་ནས་དེ་ལྟ་བུ་དང་མཐུན་པ་གང་
เล่ม ๒๐๖ · หน้า 151b
ཡིན་པ་དེ་ནི་ཞེས་བྱ་བ་ཅི་རིགས་པར་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དེ་ཡང་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན་སྐབས་འདིར་ནི་ཆོས་མཐུན་པའི་དཔེས་རྗེས་སུ་འགྲོ་བས་བསྟན་པ་ཆོས་མི་མཐུན་པའི་དཔེའི་ལྡོག་པ་
ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་སུ་མ་བསྟན་ཏེ། ཤེས་པར་འདོད་ན་ནི་ཕྱོགས་བྱེ་བྲག་གང་ན་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་དམིགས་པ་དེ་ན་བུམ་པ་ཡོད་དེ། དཔེར་ན་དངུལ་གཞོང་གི་སྟེང་དུ་རྒུན་འབྲུམ་བླུགས་པ་བཞིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཚུལ་གསུམ་དང་ལྡན་
པའི་མི་དམིགས་པའི་རྟགས་དེ་ཡང་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་སྤངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལ་རང་བཞིན་ལས་མི་རྟག་པ་ལ་སོགས་པར་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན། རྗེས་སུ་
དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་དཔེར་ན་སྒྲ་ནི་མི་རྟག་པ་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་
གྱི་རྟགས་བྱས་པའི་ཕྱིར་རོ་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་ཡང་ཆོས་ཅན་དེ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་དང་རྒྱུ་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་དམིགས་པ་དང་འབྲས་བུའི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པར་
བྱ་བའི་ཆོས་ཅན་སྒྲ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་བྱས་པའི་ཕྱིར་རོ་ཞེས་བྱ་བ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་མངོན་སུམ་གྱིས་མ་དམིགས་ཏེ་མི་རྟག་པ་ཉིད་དུ་རྗེས་སུ་དཔག་སྟེ། དེ་ལྟར་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་
མི་རྟག་པ་ཉིད་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་བྱས་པའི་ཕྱིར་ཞེས་བྱ་བ་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་པས། དེའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཞེས་བྱའོ། །མཐུན་
เล่ม ๒๐๖ · หน้า 152a
པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་ཆོས་མཐུན་པའི་དཔེ་སྟེ། གང་ལ་བྱས་པ་ཡོད་པ་དེ་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ཡང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་བསྟན་པའི་སྐབས་ནས་དེ་ལྟ་བུ་དང་མཐུན་
པ་གང་ཡིན་པ་དེ་ནི་ཞེས་བྱ་བས་ཅི་རིགས་པར་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དེ་ཡང་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན། སྐབས་འདིར་ནི་མཐུན་པའི་དཔེས་རྗེས་སུ་འགྲོ་བ་བསྟན་པས་ཆོས་མི་
མཐུན་པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་སུ་མ་བསྟན་ཏེ། ཤེས་པར་འདོད་ན་ནི་གང་ལ་བྱས་པ་མེད་པ་དེ་ནི་རྟག་པ་སྟེ། དཔེར་ན་འདུས་མ་བྱས་ལྟ་བུའོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ཚུལ་གསུམ་དང་ལྡན་པ་རང་བཞིན་གྱི་རྟགས་དེ་ཡང་གཏན་ཚིགས་
ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་སྤངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལ་འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པར་བྱ་བ་ལ། ཚུལ་གསུམ་པ་ཉིད་ཀྱི་རྟགས་དང་ཇི་ལྟར་སྦྱར་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ནི་དཔེར་
ན་གང་ན་དུ་བ་འཐུལ་བ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ལྟ་བུ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་ཆོས་ཅན་ས་ཕྱོགས་གང་ན་དུ་བ་འཐུལ་བའི་ས་ཕྱོགས་དེ་ན་མེ་ཡོད་པ་ཉིད་ཅེས་བྱ་བའི་ཆོས་ཅན་ཕྱོགས་གང་ན་དུ་བ་འཐུལ་བའི་ས་ཕྱོགས་དེ་ན་བསྒྲུབ་པར་བྱ་བའི་ཆོས་མེ་གྲུབ་པར་བྱེད་པའི་
ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་དུ་བ་འཐུལ་བ་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །སྐབས་འདིར་ཡང་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་དང་མི་རྟག་པ་ལ་སོགས་པ་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པ་དང་
རང་བཞིན་གྱི་རྟགས་ནི་མེད་དོ། །དེ་བས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་ས་ཕྱོགས་གང་ན་དུ་བ་འཐུལ་བའི་ཕྱོགས་དེ་ན་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་དུ་བ་འཐུལ་བ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་མེ་མངོན་སུམ་གྱིས་མ་དམིགས་པ་
เล่ม ๒๐๖ · หน้า 152b
དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་སྟེ། དེ་ལྟར་ཆོས་ཅན་ས་ཕྱོགས་གང་ན་དུ་བ་འཐུལ་བའི་ས་ཕྱོགས་དེ་ན་བསྒྲུབ་པར་བྱ་བའི་ཆོས་མེ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་དུ་བ་འཐུལ་བ་མངོན་སུམ་དུ་དམིགས་པ་ཡོད་པ་ཉིད་དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་
པ་དེ་ལས་སྐྱེས་པའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་པས་དེའི་ཕྱིར་འབྲས་བུའི་གཏན་ཚིགས་ཞེས་བྱའོ། །མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ནི། ཆོས་མཐུན་པའི་དཔེ་སྟེ། གང་ན་དུ་བ་འཐུལ་བ་དེ་ན་མེ་ཡོད་དེ་དཔེར་ན་ཚང་བང་ལྟ་བུའོ་ཞེས་བྱ་བ་དེ་ཡང་རང་གི་རིགས་ཀྱི་
དཔེ་ཉེ་བར་སྦྱར་བའི་མཚན་ཉིད་བསྟན་པའི་སྐབས་ནས་དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ཞེས་བྱ་བས་ཅི་རིགས་པར་སྟོན་ཏོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་ཆོས་མི་མཐུན་པའི་དཔེ་སྟེ། དེ་ཡང་ལུང་དང་ཚད་མ་གཞན་དག་ལས་ནི་དངོས་སུ་ཡང་བསྟན།
སྐབས་འདིར་ནི་ཆོས་མཐུན་པའི་དཔེས་རྗེས་སུ་འགྲོ་བ་བསྟན་པས་ཆོས་མི་མཐུན་པའི་དཔེའི་ལྡོག་པ་ཞར་ལ་འགྲུབ་པས་བཅོམ་ལྡན་འདས་ཀྱིས་དངོས་སུ་མ་བསྟན་ཏེ། ཤེས་པར་འདོད་ན་ནི་གང་དུ་དུ་བ་མི་འཐུལ་བ་དེ་ན་མེ་མེད་དེ། དཔེར་ན་རྫིང་ཆེན་པོ་ལྟ་བུའོ་ཞེས་བྱ་བ་བརྗོད་པར་བྱ་སྟེ།
དེ་ལྟར་ཚུལ་གསུམ་དང་ལྡན་པའི་འབྲས་བུའི་རྟགས་དེ་ཡང་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པ་སྤངས་པ་ཡིན་ཏེ། སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
མི་དམིགས་པའམ་རང་བཞིན་ནམ་འབྲས་བུའི་རྟགས་སོ་སོའི་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་མཚན་ཉིད་ཀྱིས་བསྡུས་པ་གནས་པ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཀྱི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བས་མངོན་སུམ་དུ་དམིགས་པའི་སྒོ་ནས་
བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པའམ་མི་རྟག་པ་ལ་སོགས་པའམ། རྒྱུ་བཤད་པའི་དོན་རྗེས་སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་རང་བཞིན་གྱིས་མ་བསྐལ་བ་དེ་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཚུལ་
เล่ม ๒๐๖ · หน้า 153a
གསུམ་པ་ཉིད་ཀྱི་རྟགས་ཀྱིས་རྗེས་སུ་དཔག་སྟེ། རང་གིས་རྟོགས་པ་དང་གཞན་ལ་གོ་བར་བྱེད་པ་གང་ཡིན་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ཚིག་གི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །དེའི་འོག་ཏུ་རྗེས་སུ་
དཔག་པའི་ཚད་མ་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པར་བསྟན་པའི་ཕྱིར། ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕོ་བ་དང་སྐྱེ་བ་མི་དམིགས་པ་ཉེ་བར་སྦྱར་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་
ཉེ་བར་སྦྱར་བ་དང་། རང་དབང་མེད་པ་དམིགས་པ་ཉེ་བར་སྦྱར་བ་དང་། ཕྱི་རོལ་དག་ལ་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང་རྒུད་པ་དམིགས་པ་ཉེ་བར་སྦྱར་བ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་རང་གི་རིགས་ཀྱི་དཔེ་སྟེ་ཉེ་བར་སྦྱར་བའི་མཚན་ཉིད་ཡིན་པར་
རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཅེས་བྱ་བ་ལ་རང་གི་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་ཡོད་པ་ཉིད་བསྟན་པ་
དང་སྦྱར་རོ། །རིགས་ཀྱི་དཔེ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་བསྟན་པ་དེ་དང་ཆོས་མཐུན་པའི་དཔེ་སྟེ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་རྗེས་སུ་འགྲོ་བ་བསྟན་པ་དང་སྦྱར་རོ། །ཉེ་བར་སྦྱར་བ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་
བསྟན་པ་དེ་དང་ཆོས་མཐུན་པའི་དཔེ་དེ་འདྲ་བར་སྦྱར་བའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དེ། དེ་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་བསྟན་པ་དེ་མཐུན་པའི་ཕྱོགས་ལ་ཡོད་པའི་དཔེས་རྗེས་སུ་འགྲོ་བ་ཉིད་དུ་གྲུབ་ན་མི་མཐུན་པའི་ཕྱོགས་
ལས་ལྡོག་པ་ཡང་ཞར་ལ་འགྲུབ་པས་དེ་ནི་རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་ཡིན་པའོ། །དེ་ལྟར་ན་རྗེས་སུ་དཔག་པའི་ཚད་མ་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དེས་ཡོངས་སུ་དག་སྟེ། ཚད་མར་རུང་ལ་རྗེས་སུ་དཔག་པའི་ཚད་མ་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་
เล่ม ๒๐๖ · หน้า 153b
བའི་མཚན་ཉིད་དེ་ཡང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །དེ་ལ་འདིར་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་ཚིག་བཞི་སྨོས་པ་ལ། དཔེའི་མཚན་ཉིད་དང་རྟགས་ཀྱི་མཚན་ཉིད་ནི་ཐམས་ཅད་དུ་ཡང་མངོན་སུམ་གྱི་དོན་ཡིན་པར་བཞེད་པས།
དཔེའི་ཚིག་བཞི་པོ་འདི་དག་ནི་སྔར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་ཞེས་སྨོས་པའི་ཚིག་གསུམ་པོ་དེ་དག་གི་ངོ་བོ་ཉིད་ཡིན་ཏེ།
དཔེའི་ཚིག་ཐ་མ་གཉིས་གཅིག་ཏུ་བསྡུས་པའི་གོ་རིམས་བཞིན་ནོ། །དེ་དེ་ཡང་དཔེའི་ཚིག་འདི་དག་གིས་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱི་ཚིག་གསུམ་པོ་དེ་དག་བསྒྲུབ་པ་ནི་མ་ཡིན་གྱི། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱི་སྐབས་སུ་བསྟན་པའི་མི་རྟག་པ་ཉིད་དང་
སྡུག་བསྔལ་བ་ཉིད་དང་བདག་མེད་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་དཔེ་གསུམ་པོ་འདི་དག་གིས་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་བསྒྲུབ་པར་བྱ་བའི་ཆོས་གསུམ་པོ་དག་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་གསུམ་གྱིས་བསྒྲུབས་པ་དེ་དག་གི་ཆོས་མཐུན་པའི་
དཔེ་གོ་རིམས་བཞིན་དུ་སྟོན་པར་རིག་པར་བྱའོ། །དེ་ལ་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕོ་བ་དང་སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་ཞེས་བྱ་བ་འདི་ནི་སྔར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་འདུ་བྱེད་ཐམས་ཅད་མི་རྟག་
པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པའི་ཞེས་སྨོས་པ་དེའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟར་མི་རྟག་པའི་ངོ་བོ་ཉིད་ཀྱི་དཔེ་འདིས་སྔར་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་འདུ་བྱེད་ཀྱི་དངོས་པོ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་
གྱི་རྟགས་མི་རྟག་པ་རགས་པ་ཉིད་གནས་པ་མངོན་སུམ་དུ་དམིགས་པ་དེ་དག་ལས་བསྒྲུབ་པར་བྱ་བའི་ཆོས་སྐད་ཅིག་མ་ཉིད་མངོན་སུམ་གྱིས་མ་དམིགས་པ་དེ་སྐད་ཅིག་མ་ཉིད་རྗེས་སུ་དཔག་སྟེ་ཞེས་བཤད་པ་དེའི་ཆོས་མཐུན་པའི་དཔེ་སྟོན་ཏོ། །དེ་ཡང་ཇི་ལྟར་སྦྱར་ཞེ་ན། གང་ལ་མི་རྟག་པ་
เล่ม ๒๐๖ · หน้า 154a
རགས་པ་ཉིད་མངོན་སུམ་དུ་དམིགས་པ་དེ་ནི་སྐད་ཅིག་མ་ཉིད་ཡིན་ཏེ། དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འཆི་འཕོ་དང་སྐྱེ་བ་དམིགས་པ་ཉེ་བར་སྦྱར་བ་ལྟ་བུའོ་ཞེས་བྱ་བར་སྦྱར་ཏེ། འཆི་འཕོ་དང་སྐྱེ་བ་དམིགས་པ་ཉེ་
བར་སྦྱར་བ་ཞེས་བྱ་བས་ནི་ཐ་མའི་བྱེ་བྲག་གི་དཔེ་སྔ་ནས་དང་འཇིག་པ་སྒྲུབ་སྟེ། གང་ལ་འཇིག་པ་ཡོད་པ་དེའི་ནི་མི་རྟག་པ་ཡིན་ལ། གང་ལ་མི་རྟག་པར་རགས་པ་ཉིད་མངོན་སུམ་དུ་དམིགས་པ་དེ་ནི་སྐད་ཅིག་མ་ཉིད་ཡིན་པས་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་འདུ་བྱེད་ཀྱི་དངོས་པོ་
དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་མི་རྟག་པ་རགས་པ་ཉིད་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་སྐད་ཅིག་མ་ཉིད་མངོན་སུམ་གྱིས་མ་དམིགས་པ་དེ་སྐད་ཅིག་མ་ཉིད་དུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་སྒྲུབ་པའོ། །ནང་དང་ཕྱི་རོལ་འདུ་བྱེད་
རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་ཉེ་བར་སྦྱར་བ་ཞེས་བྱ་བ་ནི་སྔར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་ཞེས་སྨོས་པ་དེའི་
ངོ་བོ་ཉིད་ཡིན་ཏེ། དེ་ལྟར་སྡུག་བསྔལ་བའི་ངོ་བོ་ཉིད་ཀྱི་དཔེ་འདིས་སྔར་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སེམས་ཅན་སྣ་ཚོགས་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་སྣ་ཚོགས་ལ་གནས་
པ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་མངོན་སུམ་གྱིས་མ་དམིགས་པ་དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་སྟེ་ཞེས་བཤད་པའི་ཆོས་མཐུན་པའི་དཔེ་སྟོན་ཏོ། །དེ་ཡང་ཇི་ལྟར་སྦྱར་ཞེ་ན། གང་ལ་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་
པ་དེ་ལ་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དེ་དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལས་གྲགས་པའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་ཉེ་བར་སྦྱར་བ་ལྟ་བུའོ་ཞེས་བྱ་བར་སྦྱར་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པ་ཉེ་བར་སྦྱར་བ་ཞེས་བྱ་བས་ནི་
เล่ม ๒๐๖ · หน้า 154b
ཐ་མལ་པར་གནས་པའི་སྐབས་ལ་འང་སྡུག་བསྔལ་བ་ཉིད་དུ་སྒྲུབ་སྟེ། གང་ལ་སྡུག་བསྔལ་བ་ཡོད་པ་དེ་ལ་ནི་ལས་བདག་གིར་བྱ་བ་ཡོད་ལ། གང་ལ་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་ནི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་ཡིན་པས་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བའི་
ཆོས་ཅན་སེམས་ཅན་སྣ་ཚོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་འཇིག་རྟེན་ཕ་རོལ་ཚེ་སྔ་མ་ཡོད་པ་ཉིད་མངོན་སུམ་གྱིས་མ་དམིགས་པ་དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་པར་བྱ་བའི་ཆོས་
མཐུན་པའི་དཔེ་འགྲུབ་བོ། །ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་རང་བཞིན་མེད་པ་དམིགས་པ་ཉེ་བར་སྦྱར་བ་དང་། ཕྱི་རོལ་ལ་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང་རྒུད་པ་དམིགས་པ་ཉེ་བར་སྦྱར་བ་ཞེས་བྱ་བ་འདི་ནི་སྔར་དེ་མངོན་སུམ་དུ་དམིགས་
པའི་མཚན་ཉིད་བསྟན་པའི་སྐབས་སུ་ཆོས་ཐམས་ཅད་བདག་མེད་པ་ཉིད་འཇིག་རྟེན་ན་མངོན་སུམ་དུ་དམིགས་པ་ཞེས་སྨོས་པ་དེའི་ངོ་བོ་ཉིད་ཡིན་ཏེ། དེ་ལྟར་བདག་མེད་པའི་ངོ་བོ་ཉིད་ཀྱི་དཔེ་འདིས་སྔར་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་བསྟན་པའི་སྐབས་སུ་རྗེས་སུ་དཔག་པར་བྱ་
བའི་ཆོས་ཅན་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དེ་ལ་བསྒྲུབ་པར་བྱ་བའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་ལ་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བར་མངོན་སུམ་གྱིས་མ་དམིགས་པ་དེ་ཆུད་མི་ཟ་བར་
རྗེས་སུ་དཔག་སྟེ་ཞེས་བཤད་པ་དེའི་ཆོས་མཐུན་པའི་དཔེ་སྟོན་ཏོ། །དེ་ཡང་ཇི་ལྟར་སྦྱར་ཞེ་ན། གང་ལ་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་ནི་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་སྟེ། དཔེར་ན་ནང་དང་ཕྱི་རོལ་གྱི་འདུ་བྱེད་རྣམས་ལ་འཇིག་རྟེན་ཐམས་ཅད་ལ་
གྲགས་པའི་རང་དབང་མེད་པ་དམིགས་པ་ཉེ་བར་སྦྱར་བ་དང་། ཕྱི་རོལ་དག་ལ་ཡང་འཇིག་རྟེན་ཐམས་ཅད་ལ་གྲགས་པའི་འབྱོར་པ་དང་རྒུད་པ་དམིགས་པ་ཉེ་བར་སྦྱར་བ་ལྟ་བུའོ་ཞེས་བྱ་བར་སྦྱར་ཏེ། རང་དབང་མེད་པ་དམིགས་པ་ཉེ་བར་སྦྱར་བ་ཞེས་བྱ་བ་ནི་བདག་མེད་པར་སྒྲུབ་པར་བྱེད་པའི་
เล่ม ๒๐๖ · หน้า 155a
དཔེ་ཡིན་ཏེ། གང་དག་ལ་དེའི་རང་དབང་མེད་པ་དེ་དག་ནི་དེའི་ཚེ་བདག་པོ་ངོ་བོ་ཉིད་ཀྱིས་སྟོང་པར་འགྱུར་རོ། །ཕྱི་རོལ་དག་ལ་ཡང་ཞེས་བྱ་བ་ནི་སྐྱེས་བུའི་བྱེད་པ་ལ་རག་ལས་པས་ལོ་ཏོག་ལ་སོགས་པའི་འབྱོར་པ་དང་རྒུད་པ་ལས་ཆུད་མི་ཟ་བར་སྒྲུབ་སྟེ། གང་ལ་རང་
དབང་མེད་པ་དང་འབྱོར་པ་དང་རྒུད་པ་ཡོད་པ་དེ་ལ་ནི་བདག་མེད་ཅིང་ལས་ཡོད་ལ། གང་ལ་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་ནི་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་དེའི་ཕྱིར་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དེ་སྒྲུབ་པར་
བྱེད་པའི་ཕྱོགས་ཀྱི་ཆོས་འབྲས་བུའི་རྟགས་ལས་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ལས་དགེ་བ་དང་མི་དགེ་བ་ཆུད་མི་ཟ་བ་མངོན་སུམ་གྱིས་མ་དམིགས་པ་དེ་ཆུད་མི་ཟ་བར་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་འགྲུབ་བོ། །དེ་ལྟ་བུ་དང་
མཐུན་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པ་ཉིད་ཡིན་གྱི། རྟགས་ཀྱི་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེའི་མཚན་ཉིད་སྔར་བསྟན་པ་དེ་ལྟ་བུ་དང་མཐུན་པ་གཞན་དག་ཀྱང་ཅི་རིགས་པར་སྦྱར་བ་སྟེ། དེ་ཡང་མི་དམིགས་
པ་ལས་དངོས་པོ་མེད་པ་རྗེས་སུ་དཔག་པ་དང་། རང་བཞིན་ལས་མི་རྟག་པ་ལ་སོགས་པར་རྗེས་སུ་དཔག་པ་དང་། འབྲས་བུ་ལས་རྒྱུ་རྗེས་སུ་དཔག་པ་ལ་ཐམས་ཅད་དུ་ཡང་ཆོས་མཐུན་པའི་དཔེས་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པར་བྱ་སྟེ། དེ་ལ་མི་དམིགས་པ་ལས་དངོས་པོ་མེད་པར་
རྗེས་སུ་དཔག་པར་བྱ་བ་ལ་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་བུམ་པ་མེད་པའི་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་དམིགས་པའི་རྟགས་བུམ་པ་མེད་པ་མངོན་སུམ་དུ་དམིགས་པ་དེ་ལས་བསྒྲུབ་པར་བྱ་བའི་ཆོས་དངོས་པོ་མེད་པ་ཉིད་མངོན་སུམ་གྱིས་
མ་དམིགས་པ་དེ་དངོས་པོ་མེད་པ་ཉིད་དུ་རྗེས་སུ་དཔག་སྟེ་ཞེས་བྱ་བའི་ཆོས་མཐུན་པའི་དཔེ་ནི་ཕྱོགས་ཀྱི་བྱེ་བྲག་གང་ན་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་པ་དེ་བུམ་པ་མེད་དེ་དཔེར་ན་བར་སྣང་སྟོང་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །རང་བཞིན་ལས་མི་རྟག་པ་ལ་སོགས་
เล่ม ๒๐๖ · หน้า 155b
པར་རྗེས་སུ་དཔག་པར་བྱ་བ་ལ་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རང་བཞིན་གྱི་རྟགས་བྱས་པའི་ཕྱིར་རོ་ཞེས་བྱ་བ་མངོན་སུམ་དུ་དམིགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་མངོན་སུམ་དུ་མ་དམིགས་པ་དེ་མི་རྟག་པ་ཉིད་དུ་རྗེས་སུ་
དཔག་པར་བྱ་བའི་ཆོས་མཐུན་པའི་དཔེ་ནི་གང་ལ་བྱས་པ་ཡོད་པ་དེ་ནི་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་ལ་རྒྱུ་རྗེས་སུ་དཔག་པར་བྱ་བ་ལ་རྗེས་སུ་དཔག་པའི་ཆོས་ཅན་ས་ཕྱོགས་གང་ན་དུ་བ་འཐུལ་བའི་ས་ཕྱོགས་དེ་ན་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་
ཆོས་འབྲས་བུའི་རྟགས་དུ་བ་འཐུལ་བ་མངོན་སུམ་དུ་དམིགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་མེ་མངོན་སུམ་གྱིས་མ་དམིགས་པ་དེ་ཡོད་པ་ཉིད་རྗེས་སུ་དཔག་པའི་ཆོས་མཐུན་པའི་དཔེ་ནི་གང་ན་དུ་བ་འཐུལ་བ་དེ་ན་མེ་ཡོད་དེ། དཔེར་ན་ཚང་བང་ལྟ་བུའོ་ཞེས་བྱ་བ་དག་ཡིན་ནོ། །དེ་ལྟར་རྗེས་
སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་བསྟན་པ་དེ་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་ཆོས་མཐུན་པའི་དཔེ་དེ་འདྲ་བར་སྦྱར་བ་གང་ཡིན་པ་དེ་ནི་རང་གི་རིག་པའི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཚིག་གི་དོན་ནི་གོང་དུ་བཤད་པ་བཞིན་དུ་སྦྱར་
རོ། །དེའི་འོག་ཏུ་ཡོངས་སུ་སྲེག་པའི་མཚན་ཉིད་ཀྱིས་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉི་ག་ཡོངས་སུ་དཔག་པར་བསྟན་པའི་ཕྱིར། དེ་ལྟར་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་
ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གང་ཡང་རུང་བ་དེ་བསྒྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་སྲེག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །ཡོངས་སུ་སྲེག་པའི་མཚན་ཉིད་ཅེས་བྱ་བ་ལ་ཡོངས་སུ་སྲེག་པ་ཞེས་བྱ་བ་ནི་སོ་སོའི་ཤེས་པའི་དོན་དང་བཤད་
པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་དང་རྗེས་སུ་དཔག་པའི་ཚད་མའི་ཡུལ་གཉིས་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་བསྒྲུབ་པར་བྱ་བ་ལ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པས་བསྒྲུབས་ཏེ། ཤིན་ཏུ་ངེས་ཤིང་ཡོངས་སུ་གྲུབ་པ་ལ་བྱའོ། །
เล่ม ๒๐๖ · หน้า 156a
མཚན་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱི་ཚད་མའི་མཚན་ཉིད་དང་། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད་དེ། དེ་མངོན་སུམ་དུ་དམིགས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ཉིད་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་ལ། དེ་ལ་གནས་པ་མངོན་སུམ་དུ་དམིགས་
པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བ་ནི་མཚན་ཉིད་ཀྱིས་རྗེས་སུ་དཔག་པར་བྱ་བ་ཚུལ་གསུམ་པ་ཉིད་ཀྱི་རྟགས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་མངོན་སུམ་གྱིས་མ་དམིགས་པ་རྗེས་སུ་དཔག་སྟེ། བདག་ཉིད་ཀྱིས་རྟོགས་པ་དང་། གཞན་ལ་གོ་བར་གྱུར་པ་ཉིད་རྗེས་སུ་དཔག་
པའི་ཚད་མའི་རིགས་པས་བསྒྲུབས་ཏེ། མཚན་ཉིད་གང་ཡིན་པའོ། །དེ་ལྟར་ན་ཚད་མ་དེ་གཉིས་ནི་ཡོངས་སུ་སྲེག་པའི་མཚན་ཉིད་དེས་ཡོངས་སུ་དག་སྟེ་ཚད་མར་རུང་ལ། ཚད་མ་དེ་གཉིས་དང་ཡོངས་སུ་སྲེག་པའི་མཚན་ཉིད་དེ་ཡང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་
གཅིག་པར་ཅི་རིགས་པར་རིག་པར་བྱའོ། །དེ་ལ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ནི་སོ་སོར་ཤེས་པའི་དོན་མངོན་སུམ་གྱི་ཚད་མའི་ཡུལ་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་བསྒྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པ་ཡིན་ལ། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་
མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ནི་བཤད་པའི་དོན་རྗེས་སུ་དཔག་པའི་ཚད་མའི་ཡུལ་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་བསྒྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཡོངས་སུ་སྲེག་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་
དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་གསུམ་བསྟན་པས་ནི་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་ཀྱི་ངོ་བོ་ཉིད་བསྟན་པ་ཡིན་ལ། ཡོངས་སུ་སྲེག་པའི་
མཚན་ཉིད་ཀྱིས་ནི་ཚད་མ་དེ་གཉིས་ཀྱི་ཡུལ་སོ་སོའི་ཤེས་པའི་དོན་དང་སྦྱར་བའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་འགྲུབ་པར་བྱ་བ་ལ་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པས་བསྒྲུབས་ཏེ་ཤིན་ཏུ་ངེས་ཤིང་ཡོངས་སུ་གྲུབ་པ་བསྟན་ཏེ། དེའི་
เล่ม ๒๐๖ · หน้า 156b
ཕྱིར་ཡོངས་སུ་སྲེག་པའི་མཚན་ཉིད་ལོགས་ཤིག་ཏུ་སྨོས་སོ། །དེའི་ཕྱིར་ཡིད་ཆེས་པའི་ལུང་གི་ཚད་མ་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་ཕེབས་པར་བསྟན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པར་བསྟན་པའི་ཕྱིར། འཇམ་དཔལ་གཏན་ལ་དབབ་པར་བསྟན་པ་ཐམས་ཅད་མཁྱེན་པས་གསུངས་པ་
འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་
ཉིད་ཅེས་བྱ་བ་ལ། ལུང་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་མཐུན་པར་བསྟན་པའི་ལུང་སྟེ། དེས་ནི་རྟོགས་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བ་ནི་རང་གིས་ཚད་མར་བྱས་པའི་མཚན་ཉིད་དང་ལྡན་
ལ། རང་བཟོའི་ལྷད་མ་ཞུགས་པ་སྟེ། དེས་ནི་དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་བསྟན་ཏོ། །མཚན་ཉིད་ཅེས་བྱ་བ་ནི་ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་དེ་ཡིད་ཆེས་པའི་ལུང་གི་ཚད་མ་ཞེས་བྱ་བ་ནི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་
འགལ་བ་མེད་པ་ཡིན་ནོ། །དེའི་མཚན་ཉིད་ནི་ཆོས་ཀྱི་ཕྱག་རྒྱ་གསུམ་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟོན་པས་བསྟན་པ་ཡིན་ཏེ། དེ་ཉིད་ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་ཡིན་པའོ། །དེ་ལྟར་ན་ཡིད་ཆེས་པའི་ལུང་གི་ཚད་མ་ནི་ལུང་
ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པ་བསྟན་པའི་མཚན་ཉིད་དེས་ཡོངས་སུ་དག་སྟེ་ཚད་མར་རུང་ལ། ཡིད་ཆེས་པའི་ལུང་ལ་ཚད་མ་དང་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་དེ་ཡང་མཚན་ཉིད་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་
བྱའོ། །དེ་ལ་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེ་གང་ཞེ་ན། གཏན་ལ་དབབ་པར་བསྟན་པ་ཐམས་ཅད་མཁྱེན་པས་གསུངས་པ་ཞེས་བྱ་བ་བསྟན་ཏེ། གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བས་ནི་དེས་
เล่ม ๒๐๖ · หน้า 157a
བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་བསྟན་ཏོ། །ཐམས་ཅད་མཁྱེན་པས་གསུངས་པ་ཞེས་བྱ་བས་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་ཏོ། །འོ་ན་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་སྨྲ་བའི་དོན་ཡིད་ཆེས་
པའི་ལུང་གི་ཚད་མའི་ཡུལ་ཡིན་ལ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེའི་ཕྱིར་དེའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་ཞེས་བྱ་བས་བསྟན་ཏེ། དེ་ལ་མྱ་ངན་ལས་འདས་པ་ནི་རྣམ་པ་གཉིས་
ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའོ། །ཞི་བ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་ཞི་བ་ཡིན་ནོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་ཕུང་པོ་ཞི་བ་ཡིན་ནོ། །མྱ་ངན་ལས་འདས་པ་དེ་ཡང་ཐེག་པ་
ཆེན་པོ་དང་། ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་རྣམ་པ་གཉིས་ཏེ། དེ་ལ་ཐེག་པ་ཆེན་པོའི་ཚུལ་ནི་ཆོས་ཐམས་ཅད་གདོད་མ་ནས་ཞི་བས་རང་བཞིན་གྱིས་མྱ་ངན་ལས་འདས་པར་ཁོང་དུ་ཆུད་དེ། ཆོས་དེ་དག་ཀྱང་མྱ་ངན་ལས་བཟླར་མེད་པས་མི་གནས་པའི་མྱ་ངན་ལས་འདས་པའོ། །ཉན་ཐོས་ཀྱི་
ཐེག་པའི་ཚུལ་ནི་སྡུག་བསྔལ་གྱིས་སྐྱོ་བར་དམིགས་ནས་སྡུག་བསྔལ་ཞི་བའི་མྱ་ངན་ལས་འདས་པ་སྟེ། དེ་ལྟར་རྣམ་པ་གཉིས་སུ་བཤད་པ་དེ་ཡང་དྲང་བའི་དོན་དང་ངེས་པའི་དོན་གྱི་བྱེ་བྲག་ཏུ་ཤེས་པར་བྱའོ། །དེ་ལྟ་བུ་དང་མཐུན་པ་གང་ཡིན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པས་གསུངས་པའི་
གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ལས་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་ཡུལ་མ་ཡིན་པ་རང་གི་ཚད་མར་བྱ་བ་གང་དག་བསྟན་པ་དག་ཀྱང་བསྡུ་བའོ། །དེ་ལྟར་གཏན་ལ་དབབ་པར་བསྟན་པ་ཐམས་ཅད་མཁྱེན་པས་
གསུངས་པ་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལ་སོགས་པ་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དག་ལས་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དོན་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མའི་ཡུལ་མ་ཡིན་པ་རང་གི་ཚད་མར་བྱ་བ་གང་དག་བསྟན་པ་དེ་ནི་ལུང་
เล่ม ๒๐๖ · หน้า 157b
ཤིན་ཏུ་རྣམ་པར་དག་པའི་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ནི་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་མཚན་ཉིད་ལྔ་པོ་དེ་དག་གིས་རིགས་
པས་བརྟགས་པ་ཡོངས་སུ་དག་པ་ཡིན་ཏེ། ཡོངས་སུ་དག་པའི་ཕྱིར་བསྟན་པར་བྱའོ་ཞེས་བྱ་བ་ནི་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དེ་དག་གི་མཇུག་བསྡུ་བ་ཡིན་ཏེ། དེ་ལ་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ནི་སོ་སོའི་ཤེས་པའི་མངོན་སུམ་གྱི་ཚད་མའི་ཡུལ་མངོན་སུམ་གྱི་དོན་རང་གི་
མཚན་ཉིད་ཀྱིས་བསྡུས་པ་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་བསྒྲུབ་པར་བྱ་བ་ལ་མངོན་སུམ་གྱི་ཚད་མའི་རིགས་པས་བརྟགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ནི་བཤད་
པའི་དོན་རྗེས་སུ་དཔག་པའི་ཚད་མའི་ཡུལ་ལྐོག་ཏུ་གྱུར་པའི་དོན་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་གྲུབ་པར་གྱུར་པ་རྗེས་སུ་དཔག་པའི་ཚད་མའི་རིགས་པས་བརྟགས་པ་ཡོངས་སུ་དག་པ་ཡིན་ནོ། །ཡོངས་སུ་དག་པའི་མཚན་ཉིད་ཀྱིས་ནི་དེ་གཉི་གའི་དོན་
སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་གྲུབ་པར་བྱ་བ་ལ་ཚད་མ་གཉི་གའི་རིགས་པས་བརྟགས་པ་ཡོངས་སུ་དག་པ་ཡིན་ནོ། །ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཀྱིས་ནི་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་
པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དེ་བསྒྲུབ་པར་བྱ་བ་ཡིད་ཆེས་པའི་ལུང་གི་ཚད་མའི་རིགས་པས་བརྟགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ལྟར་ཡོངས་སུ་དག་པའི་ཕྱིར་འཐད་པས་སྒྲུབ་པ་ལ་དེའི་རྒྱུ་དང་རྐྱེན་དུ་གཏོགས་པའི་མཚན་
ཉིད་ཡོངས་སུ་དག་པ་དང་ལྡན་པའི་ཚད་མས་འཇལ་བ་ནི་དོན་ལ་མི་འཁྲུལ་བར་རྟོགས་ཏེ། བདག་ཀྱང་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་ཡང་ཡང་དག་པའི་ལྟ་བ་ལ་འཇོག་པས་སྡིག་པའི་གྲོགས་པོའི་དབང་དུ་མི་ལྟུང་བས་ཤེས་བཞིན་ཚོར་བཞིན་དུ་སྤྱོད་པར་འགྱུར་བས་དེ་ནི་བསྟེན་པར་
เล่ม ๒๐๖ · หน้า 158a
བྱའོ། །དེ་ལྟར་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མ་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེ་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པར་དེས་བསྟན་པའི་ལུང་
ལ་ཚིག་འགལ་བ་མེད་པའོ་ཞེས་སྨོས་པ་ལ། ད་འདིར་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པ་དུས་རྟོགས་པར་བགྱི་ལགས་ཞེས་བྱ་བ་ཞུས་སོ། །འཇམ་དཔལ་ལྔ་སྟེ་ཞེས་བྱ་བ་ལ་གང་སུ་ཡང་རུང་བ་ཞིག་བྱུང་ན་འཇིག་
རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བ་ལ། གང་སུ་ཡང་རུང་བ་ཞིག་བྱུང་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་
སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ཡུལ་དང་དུས་དང་ཡབ་ཡུམ་དང་རིགས་ལ་དགོངས་ཏེ་འཇིག་རྟེན་དུ་འབྱུང་བའོ། །འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་རྣམ་པར་གྲགས་པ་ཞེས་བྱ་བ་ནི་ལུང་ལས། སྙན་པའི་བ་དན་འཇིག་རྟེན་གསུམ་དུ་
གྲགས། །ཞེས་གསུངས་པས། བཅོམ་ལྡན་འདས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཡིན་པར་གྲགས་པ་དང་འཇིག་རྟེན་པའི་རིག་བྱེད་ལས་སུ་གང་བདག་ཉིད་གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་པར་རྨི་ལམ་དུ་བསྟན་ཏེ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱ་མཚོ་
དང་ལྡན་པ་དེ་ནི་འཇིག་རྟེན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲ་རྣམ་པར་གྲགས་ཤིང་སྙིང་རྗེ་ཆེན་པོས་མི་འཆི་བར་གོམས་པར་རྣམ་པར་དག་པ་བརྙེས་ཏེ་འཇིག་རྟེན་ཀུན་གྱི་ཕར་འགྱུར་རོ་ཞེས་འབྱུང་བས་མུ་སྟེགས་ཅན་དག་ལ་ཐམས་ཅད་མཁྱེན་པར་གྲགས་པ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཀུན་དུ་སྙན་
པས་ཁྱབ་པ་ལ་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱ་བ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། སོར་མོ་རིང་བ་དང་ཞབས་ཀྱི་རྟིང་པ་ཡངས་པ་དང་།
เล่ม ๒๐๖ · หน้า 158b
ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཞབས་འབར་འབུར་མེད་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་། སྐུ་མ་བཏུད་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྐུའི་སྤུ་གྱེན་དུ་
ཕྱོགས་པ་དང་། སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་པ་དང་། སྐུ་མདོག་གསེར་འདྲ་ཞིང་འོད་འདོམ་གང་དང་ལྡན་པ་དང་། པགས་པ་སྲབ་པ་དང་། བདུན་མཐོ་བ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། དཔུང་མགོ་ལེགས་པར་གྲུབ་པ་དང་། ཐལ་གོང་རྒྱས་པ་དང་། སྐུ་ཆེ་ཞིང་རིང་བ་དང་།
ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ལྗགས་རིང་ཞིང་སྲབ་པ་དང་། རོ་བྲོ་བར་མཁྱེན་པ་དང་། ཚངས་པའི་དབྱངས་དང་། སྤྱན་མཐོན་མཐིང་དང་། རྫི་མ་བའི་ལྟ་བུ་དང་། དབུ་
གཙུག་ཏོར་དང་ལྡན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་གི་མདོག་འདྲ་བ་ལ་གཡས་སུ་འཁྱིལ་པ་དང་ལྡན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གི་རང་རང་གི་མཚན་ཉིད་དང་རྒྱུ་དང་འབྲས་བུ་སྟོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བཤད་པ་བཞིན་ནོ། །སྐྱེས་
བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྟེན་གྱི་ཚུལ་གྱིས་འཛིན་ཞིང་གཟུགས་བཟང་པོ་མཛེས་པར་བྱེད་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཞར་ལ་རིག་པར་བྱ་སྟེ། དེ་ལ་དཔེ་བྱད་བཟང་པོ་དྲུག་ཅུ་ནི་མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ལ། ཉི་ཤུ་ནི་མགུར་ཡན་
ཆད་དུ་གཏོགས་པ་ཡིན་ནོ། །དེ་ལ་ཕྱག་དང་ཞབས་ཀྱི་སོར་མོ་ཉི་ཤུ་ཚིགས་དང་སོར་མོ་དང་བཅས་པ་དཔེ་བྱད་བཟང་པོ་ཉི་ཤུ་དང་། ཕྱག་དང་ཞབས་གཉིས་དང་ལག་ངར་གཉིས་དང་དཔུང་པ་གཉིས་དང་མཐིལ་རྒྱབ་བརྒྱད་དེ་ཕྱག་གཉིས་ལ་བཞི་དང་ཞབས་གཉིས་ལ་བཞི་སྟེ་དཔེ་བྱད་བཟང་
པོ་བརྒྱད་དང་། ལོང་བུ་གཉིས་དང་པུས་མོ་གཉིས་དང་བརླ་གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང་ཕྱག་གི་མཁྲིག་མ་གཉིས་དང་ལག་ངར་གཉིས་དང་དཔུང་པ་གཉིས་ཏེ་རྣམ་པ་དྲུག་རྒྱས་པ་དཔེ་བྱད་བཟང་པོ་དྲུག་དང་། སྟ་ཟུར་དཔེ་བྱད་བཟང་པོ་གཅིག་དང་། རྐེད་པ་དཔེ་
เล่ม ๒๐๖ · หน้า 159a
བྱད་བཟང་པོ་གཅིག་དང་། འབྲས་བུ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མདོམས་དཔེ་བྱད་བཟང་པོ་གཅིག་དང་། རྐུབ་ཚོས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། ཕྱལ་དཔེ་བྱད་བཟང་པོ་གཅིག་དང་། ལྟེ་བ་དཔེ་བྱད་བཟང་པོ་གཅིག་དང་། རྩིབ་ལོགས་
གཉིས་དང་། མཆན་ཁུང་གཉིས་དང་ནུ་མ་གཉིས་བསྡུས་པ་དཔེ་བྱད་བཟང་པོ་དྲུག་དང་། བྲང་དཔེ་བྱད་བཟང་པོ་གཅིག་དང་། ཐུགས་ཀ་དཔེ་བྱད་བཟང་པོ་གཅིག་དང་། མགུར་དཔེ་བྱད་བཟང་པོ་གཅིག་དང་། རྒྱབ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་དྲུག་ཅུ་པོ་དེ་རྣམས་ནི་
མགུར་ཡན་ཆད་མ་གཏོགས་པ་སྐུ་མན་ཆད་དུ་གཏོགས་པ་ཡིན་ནོ། །ཚེམས་ཕྲེང་བ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། རྐན་འཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཅིག་དང་། སྒྲོས་གཉིས་དཔེ་བྱད་བཟང་པོ་གཉིས་དང་། མགུར་ཤིན་ཏུ་རྒྱས་པ་དཔེ་བྱད་བཟང་པོ་གཅིག་དང་། འགྲམ་
པ་རྒྱས་ཤིང་དབྱིབས་ལེགས་པ་དཔེ་བྱད་བཟང་པོ་གཉིས་དང་། སྤྱན་གཉིས་འཐོན་ཀོར་དང་བཅས་པ་དཔེ་བྱད་བཟང་པོ་གཉིས་དང་། སྨིན་མ་གཉིས་དཔེ་བྱད་བཟང་པོ་གཉིས་དང་། ཤངས་ཀྱི་སྦུབས་གཉིས་དཔེ་བྱད་བཟང་པོ་གཉིས་ཏེ། དཔྲལ་བ་དཔེ་བྱད་བཟང་པོ་གཅིག་དང་། སྤྱན་
གྱི་གྲྭ་གཉིས་དཔེ་བྱད་བཟང་པོ་བཞི་དང་། དབུ་སྐྲ་དང་བཅས་པ་དཔེ་བྱད་བཟང་པོ་གཅིག་སྟེ། དཔེ་བྱད་བཟང་པོ་ཉི་ཤུ་པོ་དེ་དག་ཉིད་ནི་མགུར་ཡན་ཆད་དུ་གཏོགས་པ་ཡིན་ནོ། །སྟོབས་བཅུས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ཞེས་བྱ་བ་ལ་སྟོབས་བཅུ་གང་ཞེ་ན།
གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་
པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །
เล่ม ๒๐๖ · หน้า 159b
མི་འཇིགས་པ་བཞིས་ཆོས་སྟོན་པས་དེའི་ཚིག་ལ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བརྒལ་དུ་མེད་ཅིང་བརྩད་དུ་མེད་པ་གང་ཡིན་པ་ཞེས་བྱ་བ་ལ་མི་འཇིགས་པ་བཞི་གང་ཞེ་ན། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་
ཟད་པར་མཁྱེན་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པ་དང་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའོ། །
སུའི་ཆོས་འདུལ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྣང་ཞིང་དགེ་སྦྱོང་བཞི་སྣང་བ་ཡིན་ཏེ་ཞེས་བྱ་བ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་
འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དགེ་སྦྱོང་བཞི་གང་ཞེ་ན། ལམ་རྒྱལ་བ་དང་། ལམ་སྟོན་པ་དང་། ལམ་གྱིས་འཚོ་བ་དང་། ལམ་སུན་པར་བྱེད་པའོ། །དེ་ལ་ལམ་རྒྱལ་བ་ནི་བདེ་བར་གཤེགས་པ་གང་ཡིན་པའོ། །
ལམ་སྟོན་པ་ནི་ཆོས་སྨྲ་བ་གང་ཡིན་པའོ། །ལམ་གྱིས་འཚོ་བ་ནི་ལེགས་པར་ཞུགས་པ་གང་ཡིན་པའོ། །ལམ་སུན་པར་བྱེད་པ་གང་ཡིན་པ་ནི་ལོག་པར་ཞུགས་པ་གང་ཡིན་པའོ། །དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མ་ལུས་པར་ཟད་པ་
རྗེས་སུ་བརྙེས་པ་གང་ཡིན་པའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འདུལ་བའི་ཕྱིར་ཆོས་སྟོན་པ་གང་ཡིན་པའོ། །ལེགས་པར་ཞུགས་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཏུལ་བའི་ཕྱིར་ཞུགས་པ་གང་ཡིན་པའོ། །ལོག་པར་ཞུགས་
པ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་དང་སྡིག་པའི་ཆོས་གང་ཡིན་པའོ། །གཞན་ཡང་སློབ་པ་དང་མི་སློབ་པ་དག་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དག་ལས་རྣམ་པར་རྒྱལ་བའི་ཕྱིར་ལམ་རྒྱལ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་
เล่ม ๒๐๖ · หน้า 160a
ཕྱིས་བྱང་ཆུབ་ཀྱི་ཕྱིར་འཇུག་པ་དང་ཉན་ཐོས་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་དང་གང་དག་བརྡར་བཏགས་པའི་ཆོས་འདུལ་བ་འཛིན་ཞིང་ཆོས་ཀྱི་ཚུལ་ལ་འཇུག་པ་དེ་དག་ནི་ལམ་སྟོན་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་དགེ་བ་དག་ལ་ཕན་པའི་
ཕྱིར་ཞུགས་པ་ངོ་ཚ་བ་དང་ལྡན་པ་འགྱོད་པ་དང་ལྡན་པ་བསླབ་པ་འདོད་པ་མ་ཐོབ་པ་ཐོབ་པར་བྱ་བ་དང་མ་རྟོགས་པ་རྟོགས་པར་བྱ་བ་དང་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་གྱི་མཐུ་གང་དག་ཡིན་པ་དེ་དག་ནི་ལམ་གྱིས་
འཚོ་བ་ཞེས་བྱ་སྟེ། དེ་དག་ལ་དྲོད་ཡོད་པའི་ཕྱིར་དེ་དག་འཕགས་པའི་ཤེས་རབ་ཀྱི་དབང་པོ་བསྐྱེད་པའི་ཕྱིར་མ་ཤི་ཞིང་གསོན་པ་ཡིན་པས་དེའི་ཕྱིར་ལམ་གྱིས་འཚོ་བ་ཞེས་བྱའོ། །གང་ཟག་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ནང་རུལ་བ་ཕྱིར་ཟགས་པར་གྱུར་པ་དགེ་སྦྱོང་མ་ཡིན་པར་
དགེ་སྦྱོང་དུ་ཁས་འཆེ་བ་ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་གང་ཡིན་པ་དེ་ནི་ལམ་སུན་པར་བྱེད་པ་ཞེས་བྱ་སྟེ། དེས་ནི་ལམ་གཞི་དང་པོ་ནས་སུན་པར་བྱ་བའི་ཕྱིར་དེས་ན་དེ་ལམ་བསྐྱེད་པར་བྱ་བ་དང་ལམ་བསྟན་པ་ཡོད་ཅིང་མེད་པ་མ་ཡིན། ལམ་རྟོགས་པར་བྱ་བ་
ཡོད་ཅིང་མེད་པར་བྱ་བ་མ་ཡིན་པ་ན་ཡང་སྐལ་བ་དང་མཐུ་མེད་ལ་སྣོད་དུ་གྱུར་པ་མ་ཡིན་པས་ན་དེའི་ཕྱིར་ལམ་སུན་པར་བྱེད་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལས་དགོངས་ནས་གང་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི་དག་སྦྱོང་གི་དངོས་པོ་ཡང་ཡོད་ལ་དགེ་
སྦྱོང་གི་བཞི་པའི་བར་ཡང་ཡོད་ཀྱི་ཕས་ཀྱི་རྒོལ་བ་དག་ལ་ནི་དགེ་སྦྱོང་དང་བྲམ་ཟེ་དག་གིས་སྟོང་ངོ་། །དེ་བས་ན་ཆོས་འདུལ་བ་འདི་ལ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཡོད་ལ་དགེ་སྦྱོང་བཞི་ཡང་ཡོད་དོ་ཞེས་གསུངས་སོ། །དེ་ལྟར་ན་འབྱུང་བ་དང་། མཚན་དང་། ཐེ་ཚོམ་གཅོད་
པ་དང་། བརྒལ་དུ་མེད་པའི་བརྩད་དུ་མེད་པ་དང་། དགེ་སྦྱོང་དམིགས་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་རིག་པར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་མཚན་ཉིད་ལྔར་ཇི་སྐད་བསྟན་པ་དེ་དག་གི་མཇུག་བསྡུ་བ་སྟེ། གོ་རིམས་བཞིན་དུ་སྦྱར་རོ། །དེས་བསྟན་པའི་ལུང་ལ་ཚིག་
เล่ม ๒๐๖ · หน้า 160b
འགལ་བ་མེད་པ་ནི་སྔར་བསྟན་པ་བཞིན་ཏེ། དེ་ལྟར་ན་སྨྲས་པའི་དོན་ཡིད་ཆེས་པའི་ལུང་གི་ཚད་མའི་ཡུལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་དེ་བསྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་
བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པ་ཡིན་ནོ། །དེ་ལྟ་བས་ན་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་སྟོན་པ་ཡང་ཐམས་ཅད་མཁྱེན་པ་ཡིན་ལ་ཐམས་ཅད་མཁྱེན་པའི་མཚན་ཉིད་དེ་ལྟ་བུ་ཡིན་པར་ལུང་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ལས་བྱུང་བ་
ཐམས་ཅད་མཁྱེན་པའི་མཚན་ཉིད་དང་ལུང་གི་མཚན་ཉིད་ནི་གཅིག་ལ་གཅིག་ལྟོས་ནས་དེ་གཉི་ག་ཁོང་དུ་ཆུད་པར་འགྱུར་ཏེ་དེ་ཉིད་ཡིད་ཆེས་པའི་ལུང་གི་ཚད་མས་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ། །དེ་ལྟར་ན་འཐད་པས་སྒྲུབ་པའི་རིགས་པ་དེ་ནི་མངོན་སུམ་གྱི་ཚད་མ་དང་རྗེས་སུ་
དཔག་པའི་ཚད་མ་དང་ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ན་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་དང་བཤད་པ་དང་སྨྲས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའོ། །རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་
རིགས་པ་སྟེ། དེ་ཡང་མཚན་ཉིད་ལྔས་ཡོངས་སུ་དག་པར་བསྟན་པ་དེའི་མཇུག་བསྡུ་བ་སྟོན་ཏོ། །དེ་ལ་དེ་ལྟར་ན་ཞེས་བྱ་བ་ནི་སྔར་འཐད་པས་སྒྲུབ་པའི་རིགས་པ་མཚན་ཉིད་ལྔས་ཡོངས་སུ་དག་པར་བསྟན་པ་དེ་ལྟར་ནའོ། །འཐད་པས་སྒྲུབ་པའི་རིགས་པ་དེ་ནི་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་
དང་བཤད་པ་དང་། སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་སྨོས་པ་དེའོ། །མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་ཡིད་ཆེས་པའི་ལུང་གི་ཚད་མས་མཚན་ཉིད་
ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བ་ལ་མངོན་སུམ་གྱི་ཚད་མ་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་ཞེས་སྨོས་པ་ཚད་མ་བཞི་པོ་དབང་པོའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་དང་། རང་རིག་པའི་ཤེས་པ་དང་། རྣལ་འབྱོར་པའི་ཤེས་པ་སོ་སོའི་ཤེས་པའོ། །རྗེས་སུ་དཔག་པའི་ཚད་མ་ཞེས་བྱ་བ་ནི་
เล่ม ๒๐๖ · หน้า 161a
སྔར་བཤད་པ་ཞེས་སྨོས་པ་སྟེ། རྗེས་སུ་དཔག་པའི་ཚད་མ་གཉིས་པོ་རང་གི་དོན་དུ་རྗེས་སུ་དཔག་པ་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པའམ་སྨྲ་བ་པོ་གཞན་དག་གིས་བཤད་པའོ། །ཡིད་ཆེས་པའི་ལུང་གི་ཚད་མ་
ཞེས་བྱ་བ་ནི་སྔར་སྨྲས་པ་ཞེས་སྨོས་པ་སྟེ། ཡིད་ཆེས་པའི་ལུང་གི་ཚད་མ་གཉིས་པོ་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་དང་། དེས་བསྟན་པའི་ལུང་གི་ཚིག་འགལ་བ་མེད་པ་གཏན་ལ་ཕབ་པས་སྟོན་པ་ཐམས་ཅད་མཁྱེན་པས་གསུངས་པའོ། །འཐད་པས་སྒྲུབ་པའི་རིགས་པ་དེ་ནི་ཚད་མ་དེ་གསུམ་
གྱིས་ཡོངས་སུ་དག་པ་ཡིན། ཚད་མ་དེ་གསུམ་ནི་མཚན་ཉིད་ལྔ་པོ་དག་གིས་ཡོངས་སུ་དག་པ་ཡིན་ནོ་ཞེས་བྱ་བ་སྦྱར་ཏེ། མངོན་སུམ་གྱི་ཚད་མ་སོ་སོའི་ཤེས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་གྱི་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་
ཤེས་པར་བྱ་སྟེ། དེ་ཉིད་མངོན་སུམ་གྱི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟར་མངོན་སུམ་གྱི་ཚད་མའི་འཐད་པས་
སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ། དེ་གཉིས་ཀྱང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་གཅིག་པར་རིག་པར་བྱའོ། །རྗེས་སུ་དཔག་པའི་ཚད་མ་བཤད་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་
བའི་རྒྱུ་དང་རྐྱེན་ནི་རྗེས་སུ་དཔག་པ་ལ་ལོག་པར་ཞུགས་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་སྟེ། དེ་ཉིད་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། དེ་ལ་གནས་པ་མངོན་
སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ལྟར་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་
เล่ม ๒๐๖ · หน้า 161b
སྦྱར་བའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ། དེ་དང་དེ་གཉིས་ཀྱང་མཚན་གཞི་དང་། མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །ཡོངས་སུ་དག་པའི་མཚན་ཉིད་ཀྱིས་ནི་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་
དག་པ་དེ་གཉི་ག་ཡོངས་སུ་དག་པ་ཡིན་ཏེ། དེ་ཡང་གཉིས་དང་མཚན་གཞི་དང་མཚན་ཉིད་ཀྱི་ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །ཡིད་ཆེས་པའི་ལུང་གི་ཚད་མའི་སྨྲས་པའི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྒྱུ་དང་རྐྱེན་ནི་དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་
དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བར་ཤེས་པ་སྟེ། དེ་ཉིད་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན་ནོ། །དེ་མཚན་ཉིད་ལྔ་པོ་དག་ལས་གང་གིས་ཡོངས་སུ་དག་པ་ཡིན་ཞེ་ན། ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་
པར་བསྟན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་སྟེ། དེ་ལྟར་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་དེ་ནི་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་སྟོན་པའི་མཚན་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ལ་དེ་གཉིས་དང་མཚན་གཞི་དང་མཚན་ཉིད་ཀྱི་
ཚུལ་གྱིས་ངོ་བོ་ཉིད་གཅིག་པར་རིག་པར་བྱའོ། །དེ་ལ་ཡོངས་སུ་དག་པའི་མཚན་ཉིད་ལྔ་པོ་དེ་དག་གི་མཚན་གཞི་ཡོངས་སུ་དག་པ་གང་ཞེ་ན། ཚད་མ་གསུམ་པོ་དག་སྟེ། དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱི་མཚན་གཞི་ནི་མངོན་སུམ་གྱི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་
ཡོངས་སུ་དག་པ་ཡིན། དེ་ལ་གནས་པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ཀྱི་མཚན་གཞི་ནི་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པ་ཡིན། ཡོངས་སུ་དག་པའི་མཚན་ཉིད་ཀྱི་མཚན་གཞི་ནི་
མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་པར་ཅི་རིགས་པར་ལུང་ཤིན་ཏུ་རྣམ་པར་དག་པ་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ཀྱི་མཚན་གཞི་ནི་ཡིད་ཆེས་པའི་ལུང་གི་ཚད་མའི་འཐད་པས་སྒྲུབ་པའི་རིགས་པ་ཡོངས་སུ་དག་
เล่ม ๒๐๖ · หน้า 162a
པ་ཡིན་ཏེ། དེ་ལྟར་མཚན་ཉིད་དང་མཚན་གཞི་དང་མངོན་སུམ་གྱི་ཚད་མ་ཡོངས་སུ་དག་པ་གསུམ་པོ་དེ་དག་གིས་རང་རང་གི་དོན་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱེད་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཞེས་བྱའོ། །དེ་ལ་ཚད་མ་ནི་ཅིའི་ཕྱིར་གསུངས། ཚད་མའི་
ཚིག་གི་དོན་ནི་ཅི་ཡིན། ཚད་མ་གསུམ་ནི་ཅིའི་ཕྱིར་གསུངས་ཤེ་ན། འཇིག་རྟེན་ན་དུས་གསུམ་གྱི་སེམས་ཅན་དག་ཚད་མ་ཡིན་པ་ཚད་མར་སྟོན་ཅིང་ཚད་མར་མི་རུང་བ་ལ་ཚད་མར་འཛིན་པ་བྱུང་བ་དང་འབྱུང་བར་འགྱུར་བ་མཁྱེན་ནས། དེ་དག་གི་ལོག་པར་ལྟ་བའི་དྲ་བ་བསལ་བའི་ཕྱིར་ཚད་མ་
འདི་དག་གསུངས་སོ། །ཚད་མ་ཞེས་བྱ་བ་ནི་ཅི་རིང་ཐུང་སོར་ལ་སོགས་པས་གཞལ་བ་དང་། མང་ཉུང་བྲེ་ལ་སོགས་པས་གཞལ་བ་དང་། ལྕི་ཡང་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ནོ། །ཚད་མ་གསུམ་དུ་གསུངས་པ་ནི་གཞལ་བྱ་རྣམ་པ་གསུམ་ཡོད་པའི་ཕྱིར་ཏེ། གཞལ་བྱ་རྣམ་པ་
གསུམ་ནི་གཞལ་བྱ་མངོན་སུམ་གྱི་དོན་དང་ལྐོག་ཏུ་གྱུར་པའི་དོན་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ཏོ། སོ་སོའི་ཤེས་པའི་དོན་དང་བཤད་པའི་དོན་དང་གསུངས་པའི་དོན་ཅེས་བྱ་བ་དང་གོ་རིམས་བཞིན་ནོ། །དེ་ལ་མངོན་སུམ་གྱི་དོན་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་དུས་དང་། སྐད་ཅིག་མ་གཅིག་དང་། རང་
གི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་། རང་བཞིན་གྱིས་མ་བསྐལ་བའི་ཡུལ་ལོ། །ལྐོག་ཏུ་གྱུར་པའི་དོན་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པའི་དུས་དང་། སྐད་ཅིག་མ་སྔ་ཕྱིའི་རྒྱུན་དང་། སྤྱིའི་མཚན་ཉིད་ཀྱི་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་པའི་ཡུལ་ལོ། །
ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ཞེས་བྱ་བ་ནི་དུས་གསུམ་དང་། སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་དང་། རང་དང་སྤྱིའི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བ་དང་། མ་བསྐལ་བ་གཉི་གའི་ཡུལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། །གཞལ་བྱ་གསུམ་འཇལ་བའི་ཚད་མ་ནི་
མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་དང་གོ་རིམས་བཞིན་ནོ། །ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་
เล่ม ๒๐๖ · หน้า 162b
མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། གཞན་གྱི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དང་ཡོངས་སུ་མ་འདྲེས་པའི་མཚན་ཉིད་དང་། ལུང་ཤིན་ཏུ་རྣམ་པར་མ་དག་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་སྔར་སོ་སོའི་ཤེས་པ་དང་། བཤད་པ་དང་
སྨྲས་པའི་དོན་སྒྲུབ་པ་དང་། ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་གང་དག་ཡིན་པ་དེ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་ནོ་ཞེས་གསུངས་པས་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་གྱིས་ཡུལ་མངོན་སུམ་གྱི་དོན་དང་ཤིན་ཏུ་ལྐོག་ཏུ་གྱུར་
པའི་དོན་རྣམ་པ་གསུམ་པོ་དག་སྒྲུབ་པ་དང་ལེགས་པར་ཁོང་དུ་ཆུད་པར་བྱ་བའི་རྒྱུ་དང་རྐྱེན་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་དང་། རྗེས་སུ་དཔག་པས་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་དང་། དེ་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པ་
དང་། དེས་བསྟན་པའི་ལུང་ལ་ཚིག་འགལ་བ་མེད་པས་མ་ནོར་བ་ནི་འཐད་པས་སྒྲུབ་པའི་རིགས་པ་ཡིན་པར་བསྟན་པའི་ཚད་མ་གསུམ་པོ་དེ་དག་ནི་མཚན་ཉིད་ལྔ་སྔར་བསྟན་པ་དག་གིས་ནི་ཡོངས་སུ་དག་སྟེ། ཚད་མར་རུང་གི་མཚན་ཉིད་བདུན་པོ་འདི་དག་གིས་ཡོངས་སུ་མ་དག་སྟེ་ཚད་མར་མི་
རུང་བར་སྟོན་ཏེ། དེ་ལ་མངོན་སུམ་གྱི་ཚད་མ་ནི་སྔར་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བས་མ་ནོར་བར་ཤེས་པ་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་ཡོངས་སུ་དག་ལ། དེ་ལས་བཟློག་པ་ཡོངས་སུ་མ་དག་པ་ཡིན་པས་འདིར་དེའི་མ་དག་པ་མཚན་ཉིད་བདུན་དང་དམིགས་ཀྱིས་སྦྱར་བ་ནི་
མེད་དོ། །འོན་ཀྱང་འདིར་ཡོངས་སུ་མ་དག་པའི་མཚན་ཉིད་རྣམ་པ་བདུན་ལས་དང་པོ་བཞིའི་ནང་ནས་ཆོས་ཅན་དང་མ་རྟོགས་པ་ལོག་པར་དམིགས་པ་བྱུང་ངོ་ཅོག་ནི་མངོན་སུམ་ཡོངས་སུ་མ་དག་པ་ཡིན་པ་ཡང་ཅི་རིགས་པར་རིག་པར་བྱའོ། །རྗེས་སུ་དཔག་པའི་ཚད་མ་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་
རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་པ་ཡིན་པས་དེ་ལ་གཏན་ཚིགས་དང་དཔེའི་སྐྱོན་རྣམ་པ་དུ་མ་ཡོད་པས་དེ་དག་མ་བསལ་ན་རྗེས་སུ་དཔག་པའི་མཚན་ཉིད་ཡོངས་སུ་མ་དག་པར་བསྟན་པའི་ཕྱིར་འདིར་གཙོ་ཆེར་སྟོན་ཏེ། རྗེས་སུ་དཔག་པའི་མཚན་ཉིད་མ་དག་པ་བཞིའི་སྐྱོན་ནི་འདིར་ཡོངས་སུ་མ་
เล่ม ๒๐๖ · หน้า 163a
དག་པའི་མཚན་ཉིད་དང་པོ་དྲུག་གིས་སྟོན་ཏོ། །ཡིད་ཆེས་པའི་ལུང་གི་ཚད་མའི་མཚན་ཉིད་དང་། མི་མཐུན་པའི་སྐྱོན་ནི་འདིར་ལུང་ཤིན་ཏུ་རྣམ་པར་མ་དག་པ་བསྟན་པའི་མཚན་ཉིད་ཀྱིས་སྟོན་ཏོ། །དེ་ལ་རྗེས་སུ་དཔག་པའི་ཚད་མ་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་
གྱི་དོན་དུ་རྗེས་སུ་དཔག་པ་ལ་གཏན་ཚིགས་ཀྱི་སྐྱོན་གསུམ་པོ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཞེས་སྔར་སྨོས་པ་ལ་མ་གྲུབ་པའི་སྐྱོན་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ཁས་མི་ལེན་ཅིང་ཕྱོགས་ཀྱི་ཆོས་མ་གྲུབ་པ་རྣམས་ལ་གཞི་མ་གྲུབ་པ་དང་། རང་ལ་མ་གྲུབ་པ་དང་གཞན་ལ་མ་
གྲུབ་པ་ལ་སོགས་པའི་སྐྱོན་ཡོད་ཀྱི། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་ཁས་ལེན་ཅིང་ཕྱོགས་ཀྱི་ཆོས་གྲུབ་པ་རྣམས་ལ་མེད་ལ། འགལ་བའི་སྐྱོན་ཡང་སྒྲུབ་པར་བྱེད་པ་ལས་བསྒྲུབ་པ་ལོག་པར་བསྒྲུབ་པ་དཔེར་ན་སྒྲ་ནི་རྟག་པ་སྟེ། བྱས་པའི་ཕྱིར་རོ་ཞེས་ཟེར་བ་དང་། སྒྲ་ནི་མི་རྟག་པ་སྟེ་
རྩོལ་བ་ལས་མི་འབྱུང་བའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུ་དག་ལ་ཡོད་ཀྱི། འདིར་བསྒྲུབ་པར་བྱ་བ་ལས་ལོག་པར་སྒྲུབ་པར་མི་བྱེད་པ་དག་ལ་མེད་པས་དེའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་མ་གྲུབ་པ་དང་འགལ་བའི་སྐྱོན་ནི་བཀའ་མ་སྩལ་ཏེ། ཤེས་པར་འདོད་ན་ནི་ལུང་དང་ཚད་མ་གཞན་དག་ལས་རིག་པར་
བྱའོ། །འདིར་ནི་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་དང་དཔེའི་སྐྱོན་གྱིས་དཔེ་ལྟར་སྣང་བ་གཙོ་ཆེར་བཀའ་སྩལ་ཏེ། དེ་གཉིས་ཀྱི་བསྒྲུབ་པ་ལ་གཅིག་ཏུ་མ་ངེས་པའི་ཕྱིར་རྗེས་སུ་དཔག་པ་ཡོངས་སུ་མ་དག་པ་ཡིན་པར་སྟོན་ཏོ། །དེ་ལ་མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་ལྟར་སྣང་བ་
ནི་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དང་། ཐུན་མོང་གི་མ་ངེས་པ་དང་། ཐུན་མོང་མ་ཡིན་པའི་མ་ངེས་པ་སྟེ་ཡོངས་སུ་དག་པའི་མཚན་ཉིད་བཞི་དང་གོ་རིམས་བཞིན་ནོ། །དེ་ལ་
མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་རྩོལ་བ་ལས་འབྱུང་བར་སྒྲུབ་པ་དག་གིས་སྦྱོར་བའི་ཚིག་ལས་འདི་སྐད་ཅེས་ཡང་སྒྲ་འདི་རྩོལ་བ་ལས་འབྱུང་སྟེ་མི་རྟག་པའི་ཕྱིར་རོ། །གང་དང་གང་ན་མི་རྟག་པ་དེ་ནི་རྩོལ་བ་ལས་འབྱུང་སྟེ། ཆོས་མཐུན་
เล่ม ๒๐๖ · หน้า 163b
པའི་དཔེ་ནི་བུམ་པ་ལ་སོགས་པ་བཞིན་ནོ། །གང་དང་གང་རྟག་པ་དེ་ནི་རྩོལ་བ་ལས་མི་འབྱུང་སྟེ། ཆོས་མི་མཐུན་པའི་དཔེ་ནི་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལྟར་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་ལས་རང་དང་གཞན་གྱི་དོན་
རྗེས་སུ་དཔག་པ་ཡིན་པས་འདིར་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་
རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་ཆོས་ཅན་ཞེས་བྱའོ། །དེ་ལྟར་ཆོས་ཅན་དེ་ལ་སྒྲུབ་པར་
བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་རྗེས་སུ་དཔག་པར་བྱ་བ་ཡོད་པ་ཉིད་ཀྱི་ཚུལ་ཡང་རུང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བ་ལ་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་བ་ལས་འབྱུང་བ་དེའི་ཕྱིར་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །
ཡོད་པ་ཉིད་ཅེས་བྱ་བ་ནི་བརྩལ་བ་ལས་བྱུང་བ་དེའི་ཆོས་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པ་ཉིད་དེ། དེའི་ཕྱིར་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་མཐུན་པའི་
ཕྱོགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་ཡོད་པས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ཡང་རུང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་
བ་ལས་བྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་བརྩལ་བ་ལས་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་འབྱུང་
เล่ม ๒๐๖ · หน้า 164a
བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་མེད་པ་ཉིད་དུ་ངེས་ན་ནི་དེའི་ཚེ་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པ་མི་མཐུན་པའི་ཕྱོགས་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བའི་ཚུལ་ཡང་
རུང་བས་གཏན་ཚིགས་མ་ངེས་པ་མེད་པའི་ཕྱིར་ཡོངས་སུ་དག་པར་འགྱུར་བ་ཞིག་ན་མི་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་མ་ངེས་ཏེ། འདི་ལྟར་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལ་ནི་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་
མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པས་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མེད་པ་ཡིན་ཡང་མི་མཐུན་པའི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་དུ་ངེས་པས་མི་མཐུན་པའི་ཕྱོགས་ཀྱི་
ཆོས་གཅིག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་སྟོན་ཏོ། །དེ་ལ་དེ་ལས་ཞེས་བྱ་བ་ནི་མཐུན་པའི་
ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དང་ནམ་མཁའ་ལྟ་བུ་དེ་ལས་སོ། །གཞན་དང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་གཞན་དང་མི་མཐུན་པའི་ཕྱོགས་
ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་གཞན་པ་བརྩལ་བ་ལས་འབྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་
དང་ངོ་། །མཐུན་པར་དམིགས་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་ཕྱོགས། དཔེར་ན་སྒྲ་བརྩལ་བ་ལས་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་བྱུང་བ་དེའི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་
เล่ม ๒๐๖ · หน้า 164b
ཏོག་ལ་སོགས་པ་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་མི་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ལྟ་བུའོ། །དེ་ལྟར་ན་དེ་ལས་གཞན་དང་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་
དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ནི་ཚད་མར་མི་རུང་བར་རིག་པར་བྱའོ། །དེ་ལ་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་གཏན་ཚིགས་ལྟ་བུ་སྟེ། དེ་ཡང་སྒྲ་ནི་བརྩལ་བ་ལས་མི་
འབྱུང་སྟེ་རྟག་པའི་ཕྱིར་རོ། །ཆོས་མཐུན་པའི་དཔེ་ནི་ནམ་མཁའ་དང་། གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པའོ། །ཆོས་མི་མཐུན་པའི་དཔེ་ནི་བུམ་པ་ལ་སོགས་པ་ལྟ་བུའོ་ཞེས་ཟེར་རོ། །དེ་ལ་ཡང་རྗེས་སུ་དཔག་གོ་ཅོག་ནི་ཚུལ་གསུམ་པ་ཉིད་ཀྱི་རྟགས་རང་དང་གཞན་གྱི་དོན་དུ་རྗེས་སུ་དཔག་
པ་ཡིན་པས། འདིར་ཡང་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་དང་སྦྱར་དགོས་ཏེ། འདིར་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་སྒྲ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་
པར་བྱ་བའི་ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་གཅིག་ལ་གྲུབ་པ་དེའི་ཕྱིར་ཆོས་ཅན་ཞེས་བྱ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་ཀྱི་ཚུལ་རུང་བས་ཀྱང་རྗེས་སུ་དཔག་པར་བྱ་བའི་
ཆོས་ཅན་སྒྲ་དེ་ལ་བསྒྲུབ་པར་བྱ་བའི་བརྩལ་བ་ལས་མི་འབྱུང་བ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པར་གཅིག་ལ་མ་གྲུབ་པས་འདིར་རྗེས་སུ་དཔག་པར་བྱ་བ་ལས་ཡོད་པ་ཉིད་ཀྱི་ཚུལ་ཡང་མི་རུང་ངོ་། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་
ལ་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི། བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་ལའོ། །མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མི་མཐུན་པའི་དཔེ་བུམ་པ་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་
เล่ม ๒๐๖ · หน้า 165a
མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པ་སྟེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཞེས་བྱའོ། །དེ་ལྟར་མི་མཐུན་པའི་ཕྱོགས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་
ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་མེད་པ་ཉིད་དུ་ངེས་པར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པར་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཚུལ་ནི་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་ལས་མི་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་
དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་བརྩལ་བ་ལས་མི་འབྱུང་བ་དེའི་ཆོས་མཐུན་པའི་དཔེ་ནམ་མཁའ་དང་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལ་བསྒྲུབ་པར་བྱ་བའི་ཆོས་བརྩལ་བ་ལས་མི་འབྱུང་བའི་སྤྱི་དང་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་
ཡོད་པ་ཉིད་ཡིན་ན་ནི་དེའི་ཚེ་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཡིན་པས་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཅེས་བྱ་བའི་ཚུལ་རུང་བ་ཞིག་ན་མཐུན་པའི་ཕྱོགས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་མ་
ཡིན་ཏེ། འདི་ལྟར་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་མ་ཡིན་པས་མཐུན་པའི་ཕྱོགས་གཅིག་ལ་མེད་པ་ཉིད་ཡིན་ལ། མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལ་
སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་ཉིད་ཙམ་དུ་ཟད་པས་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟག་པའི་ཕྱིར་ཞེས་བྱ་བ་དེ་ཡོད་པ་དེ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཞེས་བྱ་སྟེ། དེ་ནི་དེ་ལས་གཞན་དང་མི་
མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བ་སྟོན་ཏོ། །དེ་ལ་དེ་ལས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲུབ་པ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་ལྟ་བུ་དེ་ལས་སོ། །གཞན་དང་
เล่ม ๒๐๖ · หน้า 165b
ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་གཞན་པ་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དང་སྟེ། དཔེར་ན་སྒྲ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ནམ་མཁའ་དེ་ལས་གཞན་པ་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་
ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་དང་ངོ་། །མི་མཐུན་པའི་དམིགས་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་ཡོད་པའི་དོན་ཏོ། །དཔེར་ན་སྒྲ་ལ་བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་
དེའི་ཚེ་མཐུན་པའི་ཕྱོགས་ཀྱི་ཆོས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་དེ་ལས་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་རྟོགས་པའི་ཕྱིར་བྱ་བ་དེ་མེད་པ་ལྟ་བུའོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་སྒྲུབ་པར་བྱེད་པའི་ཕྱོགས་ཀྱི་ཆོས་དེ་མེད་པར་གྲུབ་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་
ཞར་ལ་འགྲུབ་པས། དེའི་ཕྱིར་དེ་ལ་གཞན་དང་མི་མཐུན་པར་དམིགས་པ་ཞེས་བྱ་བ་དེ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ཡིན་པར་རིག་པར་བྱའོ། །མཚན་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ཡོངས་སུ་མ་དག་པའི་མཚན་ཉིད་ཡིན་ཏེ། དེས་ན་དེ་ཡང་ཚད་མར་མི་རུང་
བར་རིག་པར་བྱའོ། །ཡང་རྣམ་པ་གཞན་དུ་ན་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ནི་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་ཅེས་བྱ་བས་བསྟན་ལ། མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་ནི་དེ་ལས་གཞན་དང་མི་མཐུན་པར་དམིགས་
པའི་མཚན་ཉིད་ཅེས་བྱ་བས་བསྟན་པར་ཡང་སྦྱར་དུ་རུང་སྟེ། དེ་ལ་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པའི་མ་ངེས་པ་དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་སྦྱར་ན། དེ་ལས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་དེ་ལས་ཏེ། དཔེར་ན་སྒྲ་
བརྩལ་བ་ལས་མི་འབྱུང་བར་བསྒྲུབ་པ་དག་གི་བརྩལ་བ་ལས་མི་འབྱུང་བ་དེའི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་གློག་དང་ནགས་ཀྱི་མེ་ཏོག་ལ་སོགས་པ་ལྟ་བུ་དེ་ལའོ། །གཞན་དང་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཀྱི་ཕྱོགས་ཅིག་ཤོས་ལས་གཞན་པ་མཐུན་པའི་ཕྱོགས་ཀྱི་ཕྱོགས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด