ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๙ · หน้า 83a

གཞན་དག་ལ་རྒྱ་ཆེར་ཁ་དོན་བྱེད་དུ་འཇུག་པ་དེ་ལྟ་དེ་ལྟར་དེ་ཆོས་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པར་འགྱུར། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ཏེ་འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གཉིས་པའོ། །གཞན་ཡང་ལྷན་ཅིག་

ཉིད་དུ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་ཞིག་གིས་ཆོས་སྟོན་པར་བྱེད་པ་ན། ཇི་ལྟར་ཐོས་པ་དང་། ཇི་ལྟར་བཤད་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་རྒྱ་ཆེར་དབྱངས་ཀྱི་ཁ་ཏོན་དུ་བྱེད་པ་དང་། ཡང་ཇི་ལྟར་ཐོས་པ་དང་།

ཇི་ལྟར་བཤད་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་དེ། ཇི་ལྟ་ཇི་ལྟར་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་ལྟ་དེ་ལྟར་དེ་དོན་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པར་འགྱུར། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་

ཞིང་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་གསུམ་པའོ། །གཞན་ཡང་སྔར་བཤད་པ་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང་། ཇི་ལྟར་བཤད་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པ་རྣམས་ལ་སེམས་པར་བྱེད་འཇལ་བར་བྱེད་ཡོངས་སུ་རྟོགས་པར་བྱེད་དེ། ཇི་ལྟ་ཇི་ལྟར་

དེ་དག་ལ་སེམས་པར་བྱེད་པ་དང་འཇལ་བར་བྱེད་པ་དང་ཡོངས་སུ་རྟོགས་པར་བྱེད་པ་དེ་ལྟ་དེ་ལྟར་དེ་ཆོས་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པར་འགྱུར། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པའོ། །གཞན་ཡང་སྔར་

བཤད་པ་མི་བྱེད་མོད་ཀྱི། དེ་ཏིང་ངེ་འཛིན་གྱི་མཚན་མ་བཟང་པོ་ལེགས་པར་འཛིན་པར་བྱེད། ལེགས་པར་སྟོན་པར་བྱེད། ལེགས་པར་སྦྱོར་བར་བྱེད་དེ། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་མཚན་མོ་བཟང་པོ་ལེགས་པར་འཛིན་པར་བྱེད་པ་དང་། ལེགས་པར་སྟོན་པར་བྱེད་པ་དང་། ལེགས་པར་སྦྱོར་བར་

བྱེད་པ་དེ་ལྟ་དེ་ལྟར་དེ་ཆོས་རྣམས་ལ་དོན་སོ་སོ་ཡང་དག་པར་རིག་པར་འགྱུར། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཞིང་ཞེས་བྱ་བ་སྔ་མ་བཞིན་ཏེ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པའོ། །རྣམ་པར་གྲོལ་བ་སྐྱེ་བའི་སྒོར་གྱུར་པས་སྐྱེ་མཆེད་དག་གོ། །སྐྱེ་མཆེད་གཉིས་ལས་ཞེས་བྱ་

เล่ม ๒๐๙ · หน้า 83b

བ་ནི་མདོ་ལས་ཇི་ལྟར་དུ་རྒྱ་ཆེར་སེམས་ཅན་གཟུགས་ཅན་ལ་འདུ་ཤེས་མེད་ཅིང་སོ་སོར་འདུ་ཤེས་མེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ལྷ་འདུ་ཤེས་མེད་པའི་སེམས་ཅན་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་དང་པོ་ཡིན་ནོ། །སེམས་ཅན་གཟུགས་མེད་པ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་

ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ལྟ་བུ་སྟེ། འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་པ་ཡིན་ཏེ། སྐྱེ་མཆེད་འདི་གཉིས་ལས་འདུ་ཤེས་མེད་པའི་སེམས་

ཅན་ནི་སྐྱེ་མཆེད་བཅུས་བསྡུས་ཏེ། དེ་དག་ལ་འཆི་འཕོ་བ་དང་སྐྱེ་བའི་དུས་དག་ན་སེམས་དང་སེམས་ལས་བྱུང་བའི་ཡོད་པའི་ཕྱིར་རོ། །ཁམས་མང་པོ་པ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་ཞེས་བྱ་བ་ལ། མདོ་ལས་བཙུན་པ་ཇི་ཙམ་གྱིས་ན་མཁས་པ་ཁམས་ལ་མཁས་པ་ལགས། ཀུན་དགའ་

བོ་མཁས་པ་ནི་ཁམས་བཅོ་བརྒྱད་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ཡིན་ཏེ། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལ་སའི་ཁམས་དང་ཆུའི་ཁམས་དང་། མེའི་ཁམས་དང་རླུང་གི་ཁམས་ཞེས་བྱ་བ་དང་པོ་བཞི་

ནི་རེག་བྱའི་ཁམས་ཀྱིས་བསྡུས་སོ། །ནམ་མཁའི་ཁམས་ནི་གཟུགས་ཀྱི་ཁམས་ཀྱིས་སོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་དྲུག་གིས་བསྡུས་སོ། །ཡང་ཁམས་དྲུག་ཉིད་དེ་འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་།

གནོད་སེམས་མེད་པའི་ཁམས་དང་། རྣམ་པར་མི་འཚེ་བའི་ཁམས་ཏེ་འདི་དག་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །སྨྲས་པ། འོ་ན་འདོད་པའི་ཁམས་ནི་རྣམ་པ་ལྔ་དང་རྣམ་པ་ཉི་ཤུ་སྟེ། དམྱལ་བ་དང་ཡི་དགས་དང་དུད་འགྲོ་དང་མི་དང་ལྷ་རྣམ་པ་དྲུག་དང་། དམྱལ་བ་དང་བཅས་པ་གླིང་གི་དབྱེ་

བས་ཉི་ཤུ་སྟེ་དེ་དག་ཀྱང་དགེ་བ་དང་ཉོན་མོངས་པ་ཅན་དང་ལུང་མ་བསྟན་པ་ཡིན་པས་ཁམས་དེ་དག་ཁམས་བཅོ་བརྒྱད་ཀྱིས་བསྡུས་པ་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟ་ཡིན་མོད་ཀྱི། འདིར་ནི་འདོད་པའི་ཁམས་ཞེས་བྱ་བ་འདོད་པའི་འདོད་ཆགས་ལ་དགོངས་པས་ཐམས་ཅད་ཀྱིས་བསྡུས་པ་མ་

เล่ม ๒๐๙ · หน้า 84a

ཡིན་ཏེ། གཞན་དུ་ན་དེའི་ཁོངས་སུ་འདུ་བའི་ཕྱིར་གནོད་སེམས་ཀྱི་ཁམས་དང་རྣམ་པར་འཚེ་བའི་ཁམས་ལོགས་ཤིག་ཏུ་མི་བརྗོད་པར་འགྱུར་རོ། །ཡང་ཁམས་དྲུག་སྟེ་སྡུག་བསྔལ་གྱི་ཁམས་དང་བདེ་བའི་ཁམས་དང་ཡིད་མི་བདེ་བའི་ཁམས་དང་ཡིད་བདེ་བའི་ཁམས་དང་བཏང་སྙོམས་

ཀྱི་ཁམས་དང་མ་རིག་པའི་ཁམས་ཏེ་འདི་དག་ཀྱང་ཆོས་ཀྱི་ཁམས་ཀྱིས་བསྡུས་སོ། །ཡང་ཁམས་བཞི་སྟེ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ་གསུམ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་ལ། རྣམ་པར་ཤེས་པའི་

ཁམས་ནི་རྣམ་པར་ཤེས་པའི་ཁམས་དྲུག་གིས་སོ། །ཡང་ཁམས་གསུམ་སྟེ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ་དེ་ལ་འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །གཟུགས་ཀྱི་ཁམས་ནི་ཁམས་བཅུ་བཞིས་

བསྡུས་སོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་རྣམ་པར་ཤེས་པའི་ཁམས་ཀྱིས་བསྡུས་སོ། །ཡང་ཁམས་གསུམ་སྟེ་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་ཏེ་གཉིས་ཀྱིས་བསྡུས་པ་ནི་བཤད་ཟིན་ཏོ། །འགོག་པའི་ཁམས་ནི་

ཆོས་ཀྱི་ཁམས་སུ་འདུའོ། །ཡང་ཁམས་གསུམ་སྟེ་འདས་པའི་ཁམས་དང་མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་ཁམས་ཏེ་འདི་དག་སོ་སོར་བཅོ་བརྒྱད་ཀྱིས་བསྡུས་སོ། །ཡང་ཁམས་གསུམ་སྟེ་དམན་པའི་ཁམས་དང་། གྱ་ནོམ་པའི་ཁམས་དང་། བར་མའི་ཁམས་ཏེ།

གསུམ་པོ་འདི་དག་ཀྱང་ཅི་རིགས་པར་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །ཡང་ཁམས་གཞན་གསུམ་སྟེ་དགེ་བའི་ཁམས་དང་མི་དགེ་བའི་ཁམས་དང་ལུང་དུ་མ་བསྟན་པའི་ཁམས་ཏེ། འདི་དག་གི་དང་པོ་གཉིས་ཏེ། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཡིད་ཀྱི་ཁམས་དང་།

རྣམ་པར་ཤེས་པའི་ཁམས་དྲུག་དང་། ཆོས་ཀྱི་ཁམས་སུ་ཡང་འདུའོ། །གསུམ་པོ་ནི་བཅོ་བརྒྱད་པོ་ཐམས་ཅད་དུའོ། །ཡང་ཁམས་གསུམ་སྟེ་སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་ཏེ་དེ་ལ་སློབ་པ་དང་མི་སློབ་པ་དང་

เล่ม ๒๐๙ · หน้า 84b

མི་སློབ་པའི་ཁམས་ནི། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་དག་ཏུ་འདུའོ། །གསུམ་པོ་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་དུའོ། །ཡང་ཁམས་གཉིས་བཤད་དེ། ཟག་པ་དང་བཅས་པའི་ཁམས་དང་ཟག་པ་མེད་པའི་ཁམས་ཏེ། དང་པོ་ནི་ཁམས་

བཅོ་བརྒྱད་དུ་འདུའོ། །གཉིས་པ་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཆོས་ཀྱི་ཁམས་དག་ཏུའོ། །ཡང་གཉིས་ཏེ་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་སོ། །དང་པོ་ནི་ཁམས་བཅོ་བརྒྱད་དུ་འདུའོ། །གཉིས་པ་ནི་ཆོས་ཀྱི་ཁམས་སུ་འདུ་སྟེ། དེ་ལྟར་དེ་དག་

ནི་ཁམས་བཞི་བཅུ་རྩ་བཞི་རྣམས་དེ་ལྟར་བཅོ་བརྒྱད་ཀྱིས་བསྡུས་པར་འགྱུར་ཞིང་དྲུག་ཅུ་རྩ་གཉིས་སུ་ཡང་འགྱུར་རོ། །གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་ནི་ནམ་མཁའ་དང་རྣམ་པར་ཤེས་པ་གཉིས་ཀྱིའོ། །སའི་ཁམས་ལ་སོགས་པ་རྣམས་ཀྱི་ནི། སྲ་གཤེར་དྲོ་ཉིད་གཡོ་བ་

རྣམས། །ཞེས་བྱ་བར་བཤད་ཟིན་ཏོ། །གལ་ཏེ་རྣམ་ཤེས་སོ་སོ་རྣམ་རིག་པ་ཞེས་བྱ་བར་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་བཤད་པ་མ་ཡིན་ནམ་ཞེ་ན། སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཀྱི་ཁྱད་པར་ཞེས་བྱ་བ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཕན་ཚུན་ལས་

ཁམས་ཉིད་ཀྱི་ཁྱད་པར་ཞེས་ཤེས་པར་བྱ་བ་མ་ཡིན་ནོ། །ཅི་འདིར་རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་སུ་འདོད་པ་དེས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་དེ་ལྟ་བུ་མ་ཡིན་མོད། ས་ལ་སོགས་པ་རྣམས་ལ་སྲ་བ་ལ་སོགས་པ་ཁྱད་པར་མེད་པ་ལ་ཡང་ས་ལ་སོགས་པའི་ཁམས་

ཐ་དད་པས་སོ། །ནམ་མཁའི་མཚན་ཉིད་བཤད་པ་ནམ་མཁའི་ཁམས་མ་ཡིན་པ་དེའི་ཕྱིར་རྣམ་པར་ཤེས་པར་མི་བྱའོ། །ཅི་ནམ་མཁའི་ཁམས་གཞན་དུ་ན་ཞེས་བྱ་བ་ལ་དེ་ཉིད་ཀྱི་ཕྱིར། ཅི་ནམ་མཁའ་ཉིད་ནམ་མཁའི་ཁམས་ཡིན་ལ་ཞེས་རྒྱ་ཆེར་གསུངས་སོ། །བུ་ག་ཞེས་བྱ་བ་ཅི་ཞིག་

ཡིན། རིག་པར་བྱ་ཞེས་བྱ་བ་ལ་ནམ་མཁའ་བཞིན་དུ་བུ་གའི་དོན་ཡང་མ་རྟོགས་པའི་ཕྱིར་རམ། བུ་ག་ནི་ནམ་མཁའ་ཉིད་ཡིན་ནོ་སྙམ་དུ་ལོག་པར་རྟོགས་པའི་ཕྱིར་འདྲི་བའོ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་བྱ་བ་ནི་གལ་ཏེ་བུ་ག་ནམ་མཁའི་ཁམས་ཡིན་ལ། ནམ་མཁའི་

เล่ม ๒๐๙ · หน้า 85a

ཁམས་ཀྱང་བུ་ག་ཡིན་ན་ནི། དེར་ཡང་དེ་ལྟར་འགྱུར་བས་ཐུག་པ་མེད་པར་འགྱུར་བ་ཞིག་གོ། །ལོའི་སྒྲ་ནི་རྡུལ་ཕྲ་རབ་རྣམས་ལ་ཕན་ཚུན་རེག་པ་མེད་པའི་ཕྱིར་བསགས་པ་ལ་གདོན་མི་ཟ་བར་བུ་ག་ཡོད་པར་འགྱུར་བས་མ་རངས་པའི་དོན་ཏོ། །དེ་ཉིད་ཐོགས་པའི་ཉེ་འཁོར་

གྱི་གཟུགས་ཞེས་བཤད་པ་ལ་དེ་ཉིད་ནི་ནམ་མཁའི་ཁམས་སོ། །གཞན་དག་ན་རེ་ཐོགས་པ་བདེན་པར་བཤད་པ་བུ་གའི་ཁྱད་པར་འགའ་ཞིག་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་ཚིག་ཏུ་བསྟན་པའི་ཕྱིར་ཞེས་ཟེར་རོ། །མུན་པ་ནི་མཚན་མོའི་རང་བཞིན་དང་སྣང་བ་ནི་ཉིན་མོའི་རང་བཞིན་

ནོ། །ཐོགས་པ་ཞེས་བྱ་བསགས་པའི་གཟུགས། །ཤིན་ཏུ་གནོད་པ་བྱར་རུང་བ། །ཞེས་བྱ་བ་རྐང་པ་གཉིས་པོ་འདི་དག་གི་རྐང་པ་དང་པོ་ཨ་གྷཾ་ཀི་ལི་ཙི་ཏ་སྠི་ཞེས་པའི་ཨ་ཡིག་བཟུང་ནས། རྐང་པ་གཉིས་པ་རཱུ་པ་མི་ཏྱརྠ་གྷ་ཏ་ཞེས་པའི་གྷ་ཡིག་དག་དང་ངེས་པའི་ཚིག་གི་ཚོགས་སྦྱར་ཏེ། ཨ་གྷ་

ཞེས་པ་ནི་ཐོགས་པ་ཞེས་བྱའོ། །བསགས་པ་ནི་ཚོགས་པའོ། །བསགས་པར་གནས་པ་ནི་བསགས་པ་ལ་གནས་ཤིང་འདུས་པ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་གནོད་པར་བྱར་རུང་བ། །ཞེས་བྱ་བ་ནི་གནོད་པར་བྱེད་པ་དང་གནོད་པར་བྱེད་པར་བྱར་རུང་བ་ཞེས་དགོངས་པའོ། །

ནམ་མཁའི་ཁམས་ནི་གནོད་པར་བྱེད་པ་ཉིད་དང་གནོད་པར་བྱར་རུང་བ་དེ་ལ་སྒྲིབ་པ་མེད་པ་དེའི་ཉེ་འཁོར་ཏེ་ཀུན་ནས་ཁོར་ཡུག་ཏུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་དེའི་རིགས་སོ། །ཉེ་འཁོར་གྱི་གཟུགས་ཞེས་བྱ་བ་གཟུགས་ཀྱི་ཁམས་དང་སྐྱེ་མཆེད་དང་ཕུང་པོའི་

རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །སྣང་དང་མུན་པ་ཞེས་བྱ་བ་ནི་ཁ་དོག་གི་ཁྱད་པར་རོ། །མདོ་སྡེ་པ་རྣམས་ན་རེ། བསྟན་བཅོས་ལས་ནི་ནམ་མཁའི་ཁམས་ཀྱི་མཚན་ཉིད་ནམ་མཁའ་ལས་ཐ་དད་པ་ཡོད་པ་མ་ཡིན་ཞིང་། ནམ་མཁའི་ཁམས་དང་ནམ་མཁའ་ཡང་རྫས་མ་ཡིན་པའི་ཕྱིར་

ནམ་མཁའི་ཁམས་རྫས་སུ་མེད་ཅེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། ནམ་མཁའི་ཁམས་ནི་ནམ་མཁའ་ལས་ཐ་དད་པར་ཡོད་དེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ནམ་མཁའ་ནི་གཟུགས་མེད་པ་བསྟན་དུ་མེད་པ་ཐོགས་པ་མེད་པ་སྟེ། དེ་ནི་ཅི་ལ་ཡང་བརྟེན་པར་མི་འགྱུར་རོ། །

เล่ม ๒๐๙ · หน้า 85b

འོན་ཀྱང་འཇིག་རྟེན་ན་ནམ་མཁའ་གདགས་པ་ཡོད་དོ་ཞེས་གསུངས་པའི་ཕྱིར་ཡོད་པ་ཉིད་དང་ཐ་དད་པ་གཉིས་ཀ་ཤིན་ཏུ་གསལ་བར་གསུངས་སོ་ཞེས་ཟེར་རོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ནམ་མཁའི་ཁམས་སྤངས་པར་བསྟན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་གང་གི་

ཕྱིར་སེམས་དེའི་ཁམས་ལྔ་ལས་འདོད་ཆགས་དང་བྲལ་བ་རྣམ་པར་གྲོལ་བར་འགྱུར་ལ། དེ་ནས་དེའི་རྣམ་པར་ཤེས་པ་ཉིད་ལྷག་མར་ལུས་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ནམ་མཁའ་ནི་སྤངས་པར་བསྙད་པར་རིགས་པ་ཡང་མ་ཡིན་ཏེ་ཟག་པ་མེད་པའི་ཕྱིར་རོ། །ནང་དང་

ཕྱི་གསུངས་པའི་ཕྱིར་ཏེ་ནང་གི་ནམ་མཁའི་ཁམས་ནི་མིག་གི་བུ་ག་གང་ཡིན་པ་དང་ཞེས་རྒྱ་ཆེར་གསུངས་སོ། །ཕྱིའི་ནམ་མཁའ་གང་ཡིན་པ་ནམ་མཁར་གྱུར་པའོ། །འདུས་མ་བྱས་ལ་ནི་ནང་དང་ཕྱི་ཞེས་རུང་བ་མ་ཡིན་ནོ། །དཔེ་སྟོན་སྡེ་པ་ན་རེ་སྣང་བ་དང་ནམ་མཁའ་ནི་གཞན་མ་ཡིན་པ་

ཉིད་དེ། སྣང་བ་ཉིད་ཀྱང་ནམ་མཁའི་ཁམས་ཉིད་དུ་རྟོགས་པར་བྱའོ་ཞེས་ཟེར་རོ། །མདོ་དང་འགལ་བའི་གནས་མེད་དེ་ནམ་མཁའ་ཉིད་རྫས་སུ་སྒྲུབ་པ་ལ་ཕྱི་མ་འདིར་རྣམ་པར་དཔྱད་པ་མ་ཡིན་ནོ། །སྤངས་པའི་ཚིག་ཀྱང་ཉོན་མོངས་པ་ལ་འཇུག་པར་ཁས་བླངས་པའི་ཕྱིར་འགལ་བ་མེད་

དོ། །གཞན་དུ་ན་འབྱུང་བ་སྤངས་པ་ཙམ་ཁོ་ན་བརྗོད་དགོས་སོ། །དེ་སྤངས་པ་ཁོ་ན་ལྷག་མ་རྒྱུར་བྱས་པའི་གཟུགས་སྤངས་པ་བཞིན་ནམ་མཁའི་ཁམས་ཀྱང་སྤངས་པར་གྲུབ་པོ། །ནང་དང་ཕྱི་ཡང་བརྟེན་པའི་དབྱེ་བས་འགལ་བ་མེད་དོ། །གང་གསུངས་པ་ལ་སོགས་པ་ལྟར་སྐྱེས་

བུར་གདགས་པའི་ཉེ་བར་ལེན་པའི་ཕྱིར་དང་དེ་ལ་བརྟེན་ནས་མངལ་དུ་འཇུག་པར་གསུངས་པའི་ཕྱིར་རོ། །འདུས་བྱས་དང་ཟག་བཅས་དང་ནམ་མཁའི་ཁམས་ཞེས་བྱ་བ་རྒྱུ་གཉིས་ཀྱིས་འདི་འགལ་ཏེ། འདུས་བྱས་ཇི་ལྟ་བ་ཉིད་ཀྱིས་ཟག་པ་དང་བཅས་པ་ཉིད་ལ་ཁྱབ་སྟེ། དེ་བཞིན་དུ་

གཟུགས་ཀྱི་སྐྱེ་མཆེད་ཉིད་ཀྱིས་ཀྱང་ཞེས་བྱ་སྟེ་ཞར་ལ་བྱུང་བས་ཆོག་གོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁམས་དྲུག་པོ་འདི་དག་ནི་ཞེས་རྒྱུ་རྒྱས་པར་སྨྲས་ཏེ། སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་མདོ་

เล่ม ๒๐๙ · หน้า 86a

ལས་གསུངས་པའི་ཕྱིར་ཁམས་དྲུག་ལ་བརྟེན་ནས་མངལ་དུ་འཇུག་པར་འགྱུར་རོ། །སའི་ཁམས་ལ་སོགས་པ་ལྟར་སྐྱེ་བའི་རྟེན་ཉིད་དུ་འདོད་པའི་ཕྱིར་རྣམ་པར་ཤེས་པའི་ཁམས་ཀྱང་ཟག་པ་དང་བཅས་པ་ཉིད་དོ། །སྐྱེ་བ་ནི་ནང་གི་སྐྱེ་མཆེད་རྣམས་ཏེ་དེ་ནི་རྟེན་ནོ། །

དེ་དག་མེད་ན་སྐྱེ་བ་མེད་པའམ་འཇུག་པ་མེད་པར་སོ་སོར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་སྐྱེ་བ་ཉིང་མཚམས་སྦྱོར་བའི་སེམས་ལས་ཞེས་རྒྱ་ཆེར་གསུངས་སོ། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་རྒྱུན་གཅོད་པ་དང་། གནོད་པར་བྱེད་པ་དང་ཡོངས་

སུ་གཅོད་པ་ལ་སོགས་པར་འཇུག་པའི་ཕྱིར་རོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་དང་གསོས་འདེབས་པ་དང་སྤེལ་བར་བྱེད་པའི་གཞིར་གྱུར་པ་ཞེས་ཟེར་ཏེ། འདི་ལ་སྐྱེད་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་ཏེ། ཉིང་མཚམས་སྦྱོར་བའི་ས་བོན་ཡིན་པའི་ཕྱིར་རོ། །གསོ་བར་བྱེད་པ་

ནི་འབྱུང་བ་རྣམས་ཏེ་རྟེན་དུ་གྱུར་པའི་ཕྱིར་རོ། །སྤེལ་བར་བྱེད་པ་ནི་ནམ་མཁའི་ཁམས་ཏེ་གོ་འབྱེད་པའི་ཕྱིར་རོ། །ཆོས་དེ་དག་ཐམས་ཅད་ཀྱི་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་ཇི་ལྟར་རིགས་པར་བསྡུས་སོ། །ད་ནི་ཆོས་རབ་ཏུ་རྣམ་པར་དབྱེ་བ་ལ་ཕན་པ་དེ་དག་གི་དོན་གྱི་རྣམ་པ་

བསམ་པར་བྱ་སྟེ་དེ་ལ་ཁམས་རྣམས་སུ་གཟུགས་དང་སེམས་རྣམ་པར་ཕྱེ་སྟེ་བསྟན་པས་ཟག་པ་དང་བཅས་པའི་རྣམ་པ་ལ་སོགས་པ་རྣམས་བདེན་པ་བདེ་བླག་ཏུ་ཁོངས་སུ་ཆུད་པས་ཁམས་རྣམས་ཁོ་ན་ལས་བརྩམས་ཏེ་བསམ་པར་བྱའི། ཕུང་པོ་དང་སྐྱེ་མཆེད་དག་ལས་བརྩམས་ཏེ་མ་ཡིན་

ནོ། །དེ་ཉིད་ཀྱི་ཕྱིར་གང་དག་ཁམས་བཅོ་བརྒྱད་བསྟན་པ་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །བསྟན་ཡོད་འདིར་ནི་ཞེས་བྱ་བ་ལ་ཁམས་ཞེས་སྐབས་དང་སྦྱོར་བ་ཡང་གང་ཞིག་ཡིན་པ་མི་ཤེས་པས་དེའི་ཕྱིར་དེ་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །གཟུགས་ཞེས་བྱ་བ་ལ་གཟུགས་ནི་བསྟན་པ་

ཉིད་དེ་གཟུགས་ཞེས་བྱ་བ་འཇུག་པའི་རྒྱུ་ཉིད་ཀྱིས་སྔར་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། འཆད་པར་འགྱུར་བ་ལ་བལྟོས་ནས་གཙོ་བོར་བསྟན་པར་བྱ་བའི་ཕྱིར་རོ། །དེར་བཤད་པའི་གཟུགས་ཅན་རྣམས་ཁོ་ན་ལ་དེར་ཁྱད་པར་གྱི་དོན་རིགས་ཀྱི། གཟུགས་ཅན་མ་ཡིན་པ་རྣམས་ལ་མ་

เล่ม ๒๐๙ · หน้า 86b

ཡིན་པ་དང་ལྷན་ཅིག་ཏུ་བསྟན་པས་འདི་ལ་ཉེས་པ་མེད་དོ། །བསྟན་པ་ཞེས་བྱ་བ་འདི་ཡང་གང་ཞིག་ཅེ་ན་འདི་ནི་འདི་ནའོ། །འདི་ནི་ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པའི་སྟོབས་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་ལ་སྟེ། དེའི་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་ལ་དེ་དང་ལྷན་ཅིག་

གིས་ཞེས་བསྙད་དོ། །དེ་བཞིན་དུ་ཁྱད་པར་གང་གིས་བསྟན་པར་ནུས་པའི་ཁྱད་པར་དེས་འདི་བསྟན་པར་བྱ་བས་ན་བསྟན་པ་ཞེས་བྱ་སྟེ། དེ་ཡང་མིག་གི་དབང་པོའི་ཡུལ་ཉིད་དོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ན་རེ། འདི་ནི་འདི་ནའོ་ཆེ་གེ་མོ་ཞིག་ནའོ་ཞེས་བསྙད་པ་འདི་

ཉིད་བསྟན་པ་ཡིན་ལ། གང་ཞིག་ལ་དེ་ཡོད་པས་ན་བསྟན་དུ་ཡོད་པ་སྟེ། དམིགས་པ་དང་བཅས་པ་བཞིན་ནོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། གཉིས་བསྟན་པར་ལྷན་ཅིག་མཐོང་བས་ངེས་པའི་ཕྱིར་མིག་དང་གཟུགས་དག་ཅིག་ཅར་སྐྱེའོ་ཞེས་ཟེར་རོ། །

གཞན་དག་ན་རེ་བསྟན་དུ་ཡོད་པ་ཞེས་བྱ་བ་ནི་མེ་ལོང་ལ་སོགས་པ་རྣམས་ལ་གཟུགས་བརྙན་སྣང་བ་ཇི་ལྟ་བ་དེ་ལྟར་འདི་བསྟན་དུ་ཡོད་པའོ། །བྲག་ཅ་ལ་སོགས་པ་ལ་ནི་ཐལ་བར་མི་འགྱུར་ཏེ་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ་ཞེས་ཟེར་རོ། །བསྟན་དུ་ཡོད་པའི་མཚན་ཉིད་ཇི་སྐད་བཤད་པ་བཟློག་པའི་

སྒོ་ནས་ལྷག་མ་རྣམས་ནི་བསྟན་དུ་མེད་པའོ་ཞེས་བཤད་པར་འགྱུར་རོ། །ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་བྱ་བ་ལ་གཟུགས་ཅན་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་

པའི་ཕྱིར་གཟུགས་ཅན་དུ་ཐ་སྙད་གདགས་སུ་ཡོད་པས་བཅུ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པ་ལས་ཀྱང་བཅུ་གང་དག་ཅེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་དག་ལ་གཟུགས་སུ་རུང་བའི་གཟུགས་ཡོད་པས་གཟུགས་སུ་རུང་བ་དང་། རྟེན་དང་བརྟེན་པའི་གཟུགས་སམ་ཇི་ལྟར་

སྲིད་པ་འདི་དག་ལ་ཡོད་པས་གཟུགས་སུ་རུང་བའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་ཐལ་བར་མི་འགྱུར་ཏེ། མིག་ལ་སོགས་པ་ཀུན་ཏུ་འཛིན་པའི་དོན་གྱིས་དེ་དག་གི་རྟེན་མ་ཡིན་པའི་ཕྱིར་རོ། །ཐོགས་པ་ཞེས་བྱ་བ་ནི་རྡུགས་པ་སྟེ། དེ་འདི་ལ་ཡོད་པས་ཐོགས་པ་དང་བཅས་

เล่ม ๒๐๙ · หน้า 87a

པའོ། །དེ་ཡང་རྣམ་པ་དང་ལྡན་པའམ་རྣམ་པ་ཐམས་ཅད་དུ་མ་ཡིན་པར་ཐོགས་པ་དང་བཅས་པར་འདོད་ཅེ་ན། དེ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། དཔེར་ན་ལག་པ་ལ་ལག་པ་ཐོགས་པ་ནི་རང་གི་ཡུལ་དུ་དེ་སྐྱེ་བ་ལ་གེགས་སུ་གྱུར་པའི་ཕྱིར་ཏེ་

དེར་དམིགས་པ་ལ་དེ་ལྟར་བརྗོད་དོ། །རྡོ་བ་ལ་ལག་པ་ཐོགས་པ་ཡང་དེ་བཞིན་ཏེ་དེའི་ཡུལ་དུ་མི་སྐྱེ་བ་ཡིན་གྱི་འཇོམས་པ་མ་ཡིན་ནོ། །རྡོ་བ་ཡང་དེ་གཉིས་ལ་ཞེས་བྱ་བ་ལག་པའི་ཡུལ་དུ་རྡོ་བ་དག་དེའི་ཡུལ་དུ་མི་སྐྱེ་བ་ལ་ཐོགས་པ་བརྗོད་དོ། །ཡུལ་ལ་ཐོགས་པ་ནི་ཡུལ་ཅན་རྣམས་

ཡུལ་ལ་ཐོགས་པའོ། །མིག་ཆུའི་ཡུལ་གྱི་གཟུགས་རྣམས་ལ་མི་ཐོགས་ལས་ཐད་ལ་མ་ཡིན་པ་ཡང་ཡོད་དོ། །ཆུ་ལ་ཡང་ཉེ་བ་ལ་སོགས་པ་རྣམས་ཐོགས་པས་དེའི་ཕྱིར་མི་ཕལ་ཆེའི་ལྟ་བུའོ་ཞེས་གསུངས་སོ། །གཉིས་ཀར་མ་ཡིན་པ་ཡོད་དེ་ཞེས་རྒྱས་པར་འབྱུང་བ་ལ། མངལ་

དུ་ངེས་པར་འཆི་བ་དང་། དམིགས་པ་གཞན་ལ་སེམས་གཡེང་བ་དང་། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་འདུ་ཤེས་མེད་པ་མངོན་དུ་གྱུར་པ་དང་། འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་རྣམས་ཀྱི་མིག་ནི་གཉི་གར་ཡང་མི་ཐོགས་སོ། །

ཕ་བོང་ཞེས་བྱ་བ་ནི་ལྤགས་བྱེའུའོ། །མི་ཕལ་ཆེའི་ལྟ་བུ་ཞེས་བྱ་བ་ལ། ཕལ་ཆེ་བ་སྨོས་པ་ནི་ཁ་ཅིག་གི་མཚན་མོར་ཡང་འཇུག་སྟེ་ལས་དང་སྨན་ལ་བལྟོས་པའི་ཕྱིར་རོ། །གཉི་གར་མ་ཡིན་པ་ཞེས་བྱ་བ་ནི་མངལ་དུ་ངེས་པར་འཆི་བ་ནས་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པའི་བར་རོ། །

དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་གི་དམིགས་པ་འཛིན་པ་སྟེ། དེའི་ཕྱིར་འདི་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ནའི་རང་གི་དམིགས་པ་དག་ལ་རྣམ་པར་གཞག་གོ། །ཡང་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན་ནུས་པ་སྟེ། འདི་ལྟར་གང་

ཞིག་གང་ལ་ནུས་པར་འགྱུར་བ་དེ་ནི་དེར་དེའི་ཡུལ་ཡིན་ནོ་ཞེས་སྨྲ་བ་པོར་འགྱུར་རོ། །གང་ཞིག་དེའི་སྣང་བ་སྐྱེས་པ་ལས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་ཅིང་དམིགས་པ་དེ་ནི་དམིགས་པའོ། །ཐོགས་པ་ནི་རྡུགས་པ་ཡིན་ལ། འཇུག་པ་མ་རྡུགས་པ་ནི་མ་རྡུགས་པ་ཡིན་ནོ་

เล่ม ๒๐๙ · หน้า 87b

ཞེས་འཇིག་རྟེན་ན་གྲགས་པ་དེའི་ཕྱིར། ཡང་ཇི་ལྟར་ན་རང་གི་ཡུལ་ལམ་ཞེས་དྲི་བ་རྒྱ་ཆེར་འབྱུང་ངོ་། །དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པའམ་དབང་པོ་ཡང་རུང་སྟེ། གཟུགས་ལ་སོགས་པའི་ཆ་ཤས་གང་ཞིག་ཏུ་ཞུགས་པ་དེ་ལས་

གཞན་མི་འཛིན་པའི་ཕྱིར་རོ། །གང་ཞིག་གང་གིས་བསྒྲིབས་པ་དེ་ནི་དེ་ལས་གཞན་དུ་མི་འཇུག་པ་ཡིན་པ་དེ་བཞིན་དུ་འདིར་ཡང་རུང་བའི་ཡུལ་ལས་གཞན་དུ་འཇུག་པ་ཐོགས་པ་ཡིན་ནོ། །དམིགས་པ་ལ་ཐོགས་པས་དོགས་པ་དང་བཅས་པར་རྣམ་པར་གཞག་གོ། །རང་གི་

ཡུལ་ལ་འཇུག་པ་ཡང་ཅི་ཞེ་ན། དེའི་ཡུལ་དང་དབང་པོ་དེར་དམིགས་པ་ལས་རྣམ་པར་ཤེས་པ་སྐྱེ་བ་སྟེ། དེ་ལ་གཞན་དག་ན་རེ། ཡུལ་གང་ཡིན་པ་དེ་མིག་གིས་དམིགས་པ་ཉིད་དང་། རྣམ་པར་ཤེས་པ་ཡུལ་ཅན་གྱི་ངོ་བོ་དང་། མིག་གི་རྣམ་པར་ཤེས་པ་ནི་འཛིན་པ་པོའི་ངོ་བོ་སྟེ།

གལ་ཏེ་དེ་ལྟར་མི་འཇུག་ན་དེ་ནི་དེ་ལ་ཐོགས་པ་ཞེས་བརྗོད་པར་བྱའོ་ཞེས་ཟེར་རོ། །དམིགས་པ་ལ་ཐོགས་པ་ནི་རང་གི་ཡུལ་དུ་གཞན་སྐྱེ་བ་ལ་གེགས་བྱེད་པ་སྟེ། དེ་ཡང་སེམས་ལ་ནི་གཟུགས་ཉིད་དོ། །ཁམས་བཅུ་ཐོགས་པ་དང་བཅས་པ་དང་། ཐོགས་པ་ཡང་རྣམ་པ་གསུམ་

མོ་ཞེས་བྱ་བ་བཤད་པ་དེ་ལ། ཐོགས་པ་གང་གིས་ཐོགས་པ་དང་བཅས་པ་མི་ཤེས་པ་དེའི་ཕྱིར་དེ་ལྟ་བས་ན་འདིར་བཅུ་པོ་འདི་དག་ནི་སྒྲིབ་པ་ལ་ཐོགས་པས་ཞེས་རྒྱ་ཆེར་འབྱུང་ངོ་། །ཕན་ཚུན་སྒྲིབ་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་ཕན་ཚུན་སྒྲིབ་པར་

བྱེད་དོ་ཞེས་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲིབ་པ་ལ་ཐོགས་པ་ནི་གཟུགས་ལ་སོགས་པ་རྣམས་དང་མིག་ལ་སོགས་པ་རྣམས་སོ། །ཡུལ་ལ་ཐོགས་པ་ནི་མིག་ལ་སོགས་པ་རྣམས་དང་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །

དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ནའོ། །དེའི་ཕྱིར་མུ་བཞི་དང་ཚིག་ཕྱི་མ་སྦྱོར་བར་ཡང་འགྱུར་རོ། །སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ཞེས་བྱ་བ་ལ། གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་གང་ཡིན་པ་

เล่ม ๒๐๙ · หน้า 89a

ནི་རྣམ་པར་སྨིན་པ་ལས་སྐྱེས་པར་སྒྲུབ་པར་ནུས་པ་ཁོ་ནའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་དུས་ཡོངས་སུ་འགྱུར་བ་ཡང་ངོ་ཞེས་པ་མ་ཏེ་ཤྭཱ་པ་ཀསྟཙྪེ་ནཻ་བ་སྲེད་པའི་ཚོགས་དྲུག་རྣམ་པར་གཞག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་ནས་ཡིད་ཀྱི་

འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པའི་བར་ཏེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པ་མ་ཡིན་པའི་ཚོར་བ་ལ་སོགས་པ་མངོན་པར་བརྗོད་པ་བཞིན་དུ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་མཚུངས་པ་དེ་མ་ཐག་པར་ཁས་བླང་བར་བྱའོ། །འདི་ལྟར་མིག་གི་འདུས་ཏེ་རེག་

པ་ལས་སྐྱེས་པའི་ཚོར་བ་ལ་སོགས་པ་རྣམས་འདུས་ཏེ་རེག་པའི་དེ་མ་ཐག་ཏུ་སྐྱེ་བར་འདོད་དོ། །རྣམ་པ་གཉིས་ཀྱང་སྲོག་ཆགས་རྣམས་ཀྱི་ཉོན་མོངས་པ་ཆུང་ངུ་དང་ཉོན་མོངས་པ་ཆེན་པོ་དག་གོ། །དེ་ལ་ཉོན་མོངས་པ་ཆུང་ངུ་ནི་ཕྱིན་ཅི་ལོག་གི་རྟོག་པ་སྔོན་དུ་འགྲོ་བ་ཅན་ནོ། །ཉོན་མོངས་

པ་སྔོན་དུ་གྱུར་པ་ནི་ཉོན་མོངས་པ་ཆེན་པོ་སྟེ་ཡུལ་དང་མཚུངས་པར་ལྡན་པ་ཉིད་དོ། །དེའི་ཕྱིར་འགའ་ཞིག་ལ་ཉོན་མོངས་པ་ཅན་གྱི་ཡིད་སྔོན་དུ་འགྲོ་བ་ལས་རྣམ་པར་ཤེས་པ་པ་སྐྱེའོ། །འགའ་ཞིག་ལ་ཉོན་མོངས་པ་ཅན་མ་ཡིན་པ་སྔོན་དུ་འགྲོ་བས་ཞེས་བྱ་བ་མ་ཆགས་པ་ལ་སོགས་པའི་རང་བཞིན་

ནོ། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་ཆོས་ལྔ་པོ་དེ་དག་ནི་རང་གི་ངོ་བོས་དགེ་བ་ཡིན་གྱི་གཞན་དང་མཚུངས་པར་ལྡན་པས་ནི་མ་ཡིན་ནོ། །ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གཞན་དག་མ་ཆགས་པ་ལ་སོགས་

པ་དང་མཚུངས་པར་ལྡན་པ་དེ་དག་ནི་མཚུངས་པར་ལྡན་པ་ཁོ་ནས་དགེ་བ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ། །མ་ཆགས་ལ་སོགས་པས་ཀུན་ནས་བསླང་བས་སྐྱེ་བ་ལ་སོགས་པ་དང་ལྡན་པ་མ་ཡིན་པ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་སྟེ། འདི་དག་གི་དགེ་བ་ཉིད་

ནི་ཀུན་ནས་སློང་བའི་དབང་གིས་ཡིན་གྱི་མཚུངས་པར་ལྡན་པ་དང་རང་གི་ངོ་བོས་ནི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་ཞེས་བྱ་བ་ནི་དོན་དམ་པས་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་ཞེས་བྱ་བ་ལ། ཆགས་པ་དང་སྡང་བ་དང་རྨོངས་པ་དང་། ངོ་ཚ་

เล่ม ๒๐๙ · หน้า 89b

མེད་པ་དང་ཁྲེལ་མེད་པ་ནི་རང་གི་ངོ་བོས་མི་དགེ་བའོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་སོ། །སྐྱེ་བ་ལ་སོགས་པ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ཀུན་ནས་སློང་བའི་སྒོ་ནས་སོ། །གཞན་ནི་ལུང་

དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི། གང་ཞིག་རང་གི་ངོ་བོས་དགེ་བ་དང་མི་དགེ་བ་མ་ཡིན་པ་དང་། དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་དང་། དེ་དག་གིས་ཀུན་ནས་བསླང་བ་མ་ཡིན་པ་སྟེ་དཔེར་ན་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ལུང་དུ་མ་བསྟན་

པའི་སེམས་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་དང་། ཇི་ལྟར་བཤད་པའི་སེམས་དང་སེམས་ལས་བྱུང་བའི་ཀུན་ནས་སློང་བ་ལྡན་པ་མ་ཡིན་པ་དག་གོ། །ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་ཀུན་སློང་གི་དབང་གིས་དགེ་བ་དང་མི་དགེ་བ་ཉིད་དོ་ཞེས་བྱ་བ་དེའི་ཕྱིར།

གཟུགས་དང་སྒྲའི་ཁམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལས་གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བའི་ལུས་ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་ལས་ཐ་དད་པའི་གཟུགས་དང་སྒྲ་

ཐམས་ཅད་དོ། །དགེ་བ་ལ་སོགས་པའི་དབྱེ་བ་བཤད་ཟིན་ཏོ། །གཏོགས་པ་ནི་མ་བྲལ་བ་སྟེ། འདོད་པའི་ཁམས་ཀྱི་རང་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁམ་གྱི་ཟས་ནི་གཟུགས་ཀྱི་ཁམས་ན་ཡོད་པར་མི་འགྱུར་བ་ཅི་ལས་ཤེ་ན། འདི་ནི་དགོས་པ་མེད་པའི་ཕྱིར་ཏེ།

གཟུགས་མེད་པའི་ཁམས་ན་གཟུགས་ལ་སོགས་པ་བཞིན་དུ་དགོས་པ་མེད་པ་ཉིད་དོ། །ཡང་ཁམ་གྱི་ཟས་ལ་འདོད་ཆགས་དང་བྲལ་བ་རྣམས་གཟུགས་ཀྱི་ཁམས་སུ་སྐྱེ་བར་རྟོགས་པར་བྱ་སྟེ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བཞིན་

ནོ། །གཟུགས་ལ་སོགས་པ་རྣམས་ཞེས་བྱ་བ་ལ། དྲི་དང་རོ་དག་མེད་པའི་ཕྱིར་སྣ་དང་ལྕེའི་རྣམ་པར་ཤེས་པ་དག་ཀྱང་མེད་དོ། །དམིགས་པ་མེད་པའི་ཕྱིར་ཡུལ་འགའ་ལ་ཡང་རྣམ་པར་ཤེས་པ་མི་སྐྱེ་སྟེ། དཔེར་ན་གཟུགས་མེད་པའི་ཁམས་སུ་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་

เล่ม ๒๐๙ · หน้า 91a

དེ་ཡིན་ན་ཞེས་བྱ་བ་ནི་ཤུགས་ཀྱིས་མ་ངེས་པ་སྟེ། བསྟན་དུ་ཡོད་པ་རྣམས་ཁོ་ན་མཛེས་ཀྱི་བསྟན་དུ་མེད་པ་རྣམས་ནི་མ་ཡིན་པས་རྟེན་ཁོ་ནས་ཆོག་གི་ཞེས་རྒྱ་ཆེར་འབྱུང་ངོ་། །དེའི་ཕྱིར་དབང་པོ་མེད་པའི་རྟེན་ནི་འཁྲུལ་པ་ཉིད་དོ་ཞེས་བྱ་བ་དེ་ལ། མིག་

ལ་སོགས་པའི་རྟེན་ནི་ཆོས་མཐུན་པའི་སྒོ་ནས་ཡིན་ལ། ཕོའི་དབང་པོའི་རྟེན་ནི་ཆོས་མི་མཐུན་པའི་སྒོ་ནས་སོ། །དེ་ལ་དགོས་པ་ལ་ཡང་རྟེན་སྲིད་པ་ལ་སྔར་དབང་པོའི་དགོས་པ་བཤད་པར་གྱུར་པ་དེའི་ཕྱིར་སླར་ཡང་དེ་མི་སྲིད་པར་རིགས་པ་ནི་མ་ངེས་པ་མ་ཡིན་པ་ཉིད་དོ། །ཕོའི་དབང་

པོའི་རྟེན་གྱིས་ནི་དེར་མཛེས་པ་ལ་སོགས་པའི་དགོས་པ་མི་བསྒྲུབ་པས་དགོས་པ་མེད་པའི་ཕྱིར་དྲི་དང་རོ་བཞིན་དུ་མི་སྲིད་པ་རིགས་ཀྱི་སྣ་དང་ལྕེའི་རྟེན་ནི་མཛེས་པ་དང་མངོན་པར་བརྗོད་པའི་དགོས་པ་དང་ལྡན་པའི་ཕྱིར་དབང་པོ་མེད་པར་སྲིད་པར་རིགས་སོ། །དགོས་པ་ལ་བལྟོས་ནས་

སྐྱེ་བར་བརྗོད་པ་མེད་ཀྱི། དབང་པོ་ལ་བལྟོས་ནས་རྟེན་སྐྱེའོ་ཞེས་པ་རིགས་པར་ཁས་བླང་བར་བྱའོ། །དགོས་པ་དང་བཅས་པ་འབའ་ཞིག་ཏུ་མ་ཟད་ཀྱི་དགོས་པ་མེད་པར་ཡང་དབང་པོ་མངོན་པར་འགྲུབ་པར་འགྱུར་རོ། །ཇི་ལྟར་དེ་དེ་དང་སྐལ་བ་མཉམ་པ་རྣམས་ཉིད་ཀྱང་ཁྱད་པར་ཉེ་

བར་བཟུང་ནས་སྣ་དང་ལྕེའི་དབང་པོ་གང་ཡིན་པ་དེ་ལ་ས་ནཱ་ལཾ་རྒྱུ་ལ་འཁྲུལ་པའི་ཕྱིར་རོ་སྙམ་དུ་སེམས་སོ། །དོན་འདི་ནི་དཔེ་མེད་པར་བསྟན་པར་མི་ནུས་པས། དཔེར་ན་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་ལྟ་བུའོ་ཞེས་དཔེ་གསུངས་ཏེ། ངེས་པ་སྨོས་པ་ནི་འཆི་བར་མ་ངེས་པ་རྣམས་

ལ་ཕྱོགས་གཅིག་དགོས་པ་དང་བཅས་པའི་ཕྱིར་ཏེ་སྐྱེས་པས་གཟུགས་ལ་སོགས་པ་མཐོང་བ་སྲིད་པར་འགྱུར་ཞེས་དགོས་པ་མེད་ཀྱང་མངལ་དུ་ངེས་པར་འཆི་བའི་ལྟར་གཟུགས་ཀྱི་ཁམས་སུ་ཡང་དབང་པོ་དག་སྐྱེའོ། །མངལ་དུ་ངེས་པར་འཆི་བ་ལ་རྒྱུ་མེད་པ་མ་ཡིན་པ་བཞིན་གཟུགས་

ཀྱི་ཁམས་སུ་སྣ་དང་ལྕེའི་དབང་པོ་དག་མངོན་པར་འགྲུབ་པའི་རྒྱུ་ཡོད་པ་མ་ཡིན་པས་དེ་ན་དེ་དག་མེད་དེ། མིག་ལ་སོགས་པ་ནི་ཆོས་མཐུན་པའི་སྒོ་ནས་སོ། །ཕོའི་དབང་པོ་ནི་ཆོས་མི་མཐུན་པའི་སྒོ་ནས་སོ། །སྣ་དང་ལྕེའི་དབང་པོ་དག་དེ་ན་རྒྱུ་མེད་པ་མི་སྲིད་དོ་སྙམ་སྟེ། དབང་པོ་

เล่ม ๒๐๙ · หน้า 91b

སྐྱེ་བའི་རྒྱུ་གང་ཞེ་ན་ཞེས་བྱ་བའོ། །དབང་པོ་ལ་སྲེད་པ་དང་བཅས་པའི་ལས་ཀྱི་ཁྱད་པར་རོ་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་ལ་བདག་ཏུ་ཆགས་པ་དང་ལྡན་པའི་ཡུལ་མངོན་པར་ཞེན་པའི་ཕྱིར་ཏེ། དེ་ཉེ་བར་ལོངས་སྤྱོད་པའི་དབང་པོ་ལ་སྲེད་པ་དང་བཅས་པའི་ལས་ཀྱི་ཁྱད་པར་རོ། །གང་ཡང་ཡུལ་

ལ་སྲེད་པ་དང་བྲལ་བ་དེ་དབང་པོ་ལས་ཀྱང་སྲེད་པ་དང་བྲལ་བ་ཡིན་པས་ཞེས་བྱ་བ་ལ། ཡུལ་སོ་སོར་མྱོང་བ་བྱས་པའི་ཕྱིར་དབང་པོ་འདོད་དེ་དཔེར་ན་གང་ཞིག་འཁྲིག་པའི་རེག་པ་ལ་འདོད་ཆགས་དང་བྲལ་བ་དེ་ནི་ཕོའི་དབང་པོ་ལས་ཀྱང་འདོད་ཆགས་དང་བྲལ་བ་བཞིན་ནོ། །དེའི་ཕྱིར་སྣ་དང་

ལྕེའི་དབང་པོ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དེ་ན་དེ་དག་གི་རྒྱུ་ལས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ་ཕོའི་དབང་པོའི་རྒྱུ་བཞིན་ནོ། །ཅི་སྟེ་ཡུལ་འདོད་ཆགས་དང་བྲལ་ཡང་དབང་པོ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ་ཞེ་ན། རྒྱུ་མེད་པའི་སྣ་དང་ལྕེ་དག་དེར་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་

གལ་ཏེ་རྒྱུ་མེད་པར་སྐྱེ་ན་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་འགྱུར། གལ་ཏེ་འདོད་ཆགས་དང་བྲལ་བར་གྱུར་པའི་ཕྱིར་རྒྱུ་དང་བཅས་པས་སྐྱེ་བ་མི་མཛེས་པའི་ཕྱིར་ཡིན་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ་ཞེའོ། །རྫོགས་པའི་སངས་རྒྱས་དང་འཁོར་ལོས་སྒྱུར་བ་ལྟར་འདོམས་ཀྱི་

སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་པར་འགྱུར། འདོམས་ཀྱི་སྦ་བ་ནི་ཕོའི་དབང་པོའོ། །འདོམས་ནི་གང་གིས་ཕོའི་དབང་པོ་དེ་བསྡུམས་པའོ། །གང་དག་ལ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡོད་པ་དེ་དག་གི་ཞེས་ཚིག་བསྡུའོ། །ཕོའི་དབང་པོ་ལ་འདོད་ཆགས་

དང་བྲལ་བ་རྣམས་དེར་སྐྱེ་བས་ཕོའི་དབང་པོ་མངོན་པར་མི་འགྲུབ་སྟེ། དེ་ལ་འདོད་ཆགས་དང་བྲལ་བ་རྣམས་ལ་ནི་དེའི་རྟེན་མངོན་པར་མི་འགྲུབ་པར་རྟོགས་པར་བྱའོ། །སློབ་དཔོན་འདུས་བཟང་ན་རེ་གང་ཞིག་དབང་པོ་ལ་འདོད་ཆགས་དང་བྲལ་བ་དེ་ངེས་པར་དེའི་རྟེན་ལས་ཀྱང་ངོ་ཞེས་ཟེར་རོ། །

དེ་ཉིད་ཀྱི་ཕྱིར་སྣ་དང་ལྕེའི་རྟེན་མངོན་པར་གྲུབ་པས་དེ་དག་སྣ་དང་ལྕེ་ལ་འདོད་ཆགས་བྲལ་བ་ཞེས་བྱ་བ་མ་ཡིན་པར་ངེས་པར་བྱའོ། །གང་ཞིག་རྟེན་ལ་འདོད་ཆགས་དང་མ་བྲལ་བ་དེ་ནི་ངེས་པར་དབང་པོ་ལས་ཀྱང་ཞེས་སོ། །དབང་པོ་ལ་སྲེད་པ་དང་བྲལ་ཡང་དེའི་རྟེན་ལ་སྲེད་པ་མེད་པ་འགའ་

เล่ม ๒๐๙ · หน้า 92a

ཞིག་དགོས་པའི་དབང་གིས་མི་འགལ་ཏེ་རྣམ་པར་ཤེས་པའི་རྟེན་བཞིན་ནོ། །དཔེར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་སྲེད་པ་དང་བྲལ་ཡང་དགོས་པའི་དབང་གིས་དེའི་རྟེན་ལ་སྲེད་པ་དང་བྲལ་བ་མ་ཡིན་པ་སྟེ་བསམ་གཏན་གཉིས་པ་སོགས་པར་

སྐྱེའོ། །དེ་བཞིན་དུ་ཡང་ཡུལ་ལ་སྲེད་པ་དང་བྲལ་ཡང་དགོས་པའི་དབང་གིས་དབང་པོ་ལ་སྲེད་པ་ཡང་མ་བྲལ་བའོ་ཞེས་བརྗོད་པའམ་བསྟན་པར་ནུས་ཏེ། ཇི་སྐད་བཤད་པའི་དགོས་པའི་ཁྱད་པར་ལས་དབང་པོ་ལ་གནོད་པར་མི་འགྱུར་ཞེས་སོ། །སྣ་དང་ལྕེའི་དབང་པོ་དག་གཟུགས་ཀྱི་ཁམས་

སུ་སྐྱེ་བ་དེ་ལྟ་བུ་འདི་མི་རིགས་པ་དེ་ལྟར་ཁས་མ་བླངས་པའི་ཕྱིར་རོ། །དེ་ན་འདི་དཔེར་བརྗོད་པ་རབ་ཏུ་སྒྲུབ་པའི་ཕྱིར་བསྟན་པ་གང་ཡིན་པ་དེ་རྣམས་ཀྱང་མ་འབྲེལ་བ་ཉིད་དེ། གཞུང་མངས་པའི་འཇིགས་པས་དེ་དག་ལ་རྣམ་པར་དཔྱད་དོ། །དགོས་པའི་དབང་གིས་འབྱུང་བ་ཡང་མ་ཡིན་

ནོ། །དགོས་པའི་དབང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་ནི་དེ་ལྟར་མི་བརྗོད་ཀྱི། རྒྱུ་ཡོད་ན་མི་མཛེས་པར་བྱེད་པ་བཞིན་དུ་ཡང་འབྱུང་བར་འགྱུར་བ་ཉིད་དོ། །འོ་ན་ནི་མདོ་ལས་དབང་པོ་རྣམས་ཞེས་བྱ་བ་ལ་

སོགས་པ་འདིས་ནི་ཁས་བླངས་པ་ལ་གནོད་པ་གསུངས་པའོ། །ད་ནི་དབང་པོ་གང་དག་ཞེས་བྱ་བ་ལ་སོགས་པ་འགལ་བ་སྤོང་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འདོད་པའི་ཁམས་སུ་གང་ཡིན་པ་དེའི་དབང་དུ་བྱས་ནས་མདོ་ལས་བཤད་པ་ཡང་ཁས་བླངས་ཏེ།

དེ་བཞིན་དུ་དེ་ན་ཕོའི་དབང་པོ་ཡང་ཡོད་པར་ཐལ་ཏེ་སྣ་དང་ལྕེའི་དབང་པོ་བཞིན་ནོ། །དེ་ལྟར་བཅུ་བཞི་བཤད་པ་ནི་རྣལ་འབྱོར་སྤྱོད་པ་རྣམས་སོ། །ལུས་ཀྱི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདི་ལ་བདག་ཏུ་ང་རྒྱལ་བཞག་པས་ན་སྐྱེ་མཆེད་དྲུག་ལུས་ཡིན་ཏེ་ངའམ་ངའོ་སྙམ་དུ་བསམ་པའི་

ཕྱིར་རོ། །དེའི་ཕྱིར་ཁྱད་པར་མེད་པར་སྐྱེ་མཆེད་དྲུག་ལ་སྲེད་པ་འཇུག་གོ། །ཡུལ་གྱི་སྒོ་ནས་ནི་མ་ཡིན་པས་ཞེས་བྱ་བ་ནི་ཡུལ་གྱི་དམིགས་པའི་སྒོ་ནས་མ་ཡིན་པ་སྟེ། དེའི་ཕྱིར་ཡུལ་ལ་འདོད་ཆགས་དང་བྲལ་བས་དེའི་འཛིན་པར་བྱེད་པ་དབང་པོ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །

เล่ม ๒๐๙ · หน้า 92b

འཁྲིག་པའི་རེག་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་ཕོའི་དབང་པོ་ལས་འདོད་ཆགས་པར་བྲལ་བར་འགྱུར་ཏེ། འཁྲིག་པའི་རེག་པའི་སྒོ་ནས་དེ་ལ་སྲེད་པ་འཇུག་པའི་ཕྱིར་ཏེ། འཁྲིག་པའི་རེག་པ་དམིགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཕོའི་དབང་པོ་ཡང་ལུས་ཀྱི་

དབང་པོའི་བདག་ཉིད་ཡིན་པའི་ཕྱིར་སྐྱེ་མཆེད་དྲུག་གིས་བསྡུས་པ་མ་ཡིན་ནམ། དེའི་ཕྱིར་དེ་ལ་ལུས་ཀྱི་སྒོ་ནས་སྲེད་པ་འཇུག་པར་ཐལ་བར་འགྱུར་རོ་ཞེ་ན། འདིར་ཕོའི་དབང་པོ་ཡང་དག་པར་འགྲུབ་པའི་ལས་ནི་འཁྲིག་པའི་རེག་པ་ལ་སྲེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེའི་ཕྱིར་འདི་

ལ་ཡུལ་གྱི་སྒོ་ནས་སྲེད་པ་ཀུན་ཏུ་སྤྱོད་ཀྱི་ལུས་ཀྱི་སྒོ་ནས་ནི་མ་ཡིན་ནོ། །རྟེན་དང་དམིགས་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་རྟེན་དང་གཟུགས་ལ་སོགས་པ་རྣམས་དམིགས་པའོ། །འདི་ལྟར་རྟེན་དང་དམིགས་པ་མེད་པའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ནི་མིག་ལ་

སོགས་པ་རྣམས་དང་གཟུགས་ལ་སོགས་པ་རྣམས་མེད་པའི་ཕྱིར་མིག་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་རྣམས་ཡོད་པ་མ་ཡིན་ནོ། །གང་དག་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་ཞེས་བྱ་བ་ལ། འདིར་སློབ་དཔོན་ལ་རྒོལ་བར་བྱེད་པ་ནི་ནམ་མཁའ་དང་སོ་སོར་

བརྟགས་པའི་འགོག་པ་ཡོད་པ་མ་ཡིན་ཡང་ཟག་པའི་གཉེན་པོ་ཡིན་པའི་ཕྱིར་ཟག་པ་མེད་པའི་ཕྱིར་ཟག་པ་མེད་པ་ཉིད་དུ་ཡོངས་སུ་བརྟག་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཟག་པའི་གཉེན་པོ་ཉིད་ཀྱིས་ཟག་པ་མེད་པ་ཉིད་དུ་བརྗོད་པ་མ་ཡིན་ནོ། །འཇིག་རྟེན་པའི་ལམ་ནི་ཟག་པ་

མེད་པ་ཉིད་དུ་མ་གྱུར་པའོ། །སོ་སོར་བརྟགས་པའི་འགོག་པ་ནི་རྣམ་པར་གྲོལ་བ་དང་ཁྱད་པར་གྱི་ལམ་ཡང་ཟག་པ་དང་བཅས་པ་ཉིད་དོ་ཞེས་རྒོལ་བ་དང་དགོས་པ་རྣམ་པར་མི་ཤེས་སོ། །བཅོ་ལྔ་པོ་དེ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་དེ་ལ་ཡང་རྒོལ་བར་བྱེད་པ་

ནི་ཉོན་མོངས་པའི་ཐོབ་པ་མེད་པའི་ཕྱིར་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་རྒྱས་པར་མི་འགྱུར་བ་རྣམས་ཟག་པ་མེད་པ་རྣམ་པར་ཤེས་པའི་ཚོགས་ལ་སོགས་པ་རྣམས་ལམ་གྱི་དབང་གིས་ཡོངས་སུ་ཤེས་པར་དམིགས་པ་རྣམས་ཟག་པ་མེད་པ་ཉིད་དུ་འགྱུར་རོ། །སོ་སོར་བརྟགས་

เล่ม ๒๐๙ · หน้า 93a

པའི་འགོག་པ་ཐོབ་པ་བཞིན་ཞེས་བྱ་བ་གཟུགས་ལ་སོགས་པ་རྣམས་ཀྱང་ཉོན་མོངས་པའི་ཐོབ་པ་མེད་པའི་ཕྱིར་དང་ཉོན་མོངས་པ་དང་མཚུངས་པར་ལྡན་པ་མེད་པའི་ཕྱིར་རྒྱས་པར་མི་འགྱུར་ཏེ་དེ་ལྟར་དེ་ཡང་ཟག་པ་མེད་པར་འགྱུར་རོ། །གཟུགས་ལ་སོགས་

པ་ལ་ནི་ཐལ་བར་མི་འགྱུར་ཏེ་ཡོངས་སུ་ཤེས་པ་ལ་དམིགས་པའི་ཕྱིར་རོ། །ཡང་ཅི་འདིར་ཡོངས་སུ་ཤེས་པ་ལ་དམིགས་པ་ཉིད་ཟག་པ་མེད་པའི་རྒྱུ་ཡིན་ཞེ་ན། ཇི་ལྟར་རྒྱས་པར་མི་འགྱུར་བ་ཉིད་ཡོངས་སུ་ཤེས་པ་ལ་དེར་དམིགས་པ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་

རྣམས་ལ་འཁྲུག་པར་བྱེད་པས་རྒྱུ་མ་ཡིན་ནོ། །རྒྱས་པར་མི་འགྱུར་བ་ཉིད་ཀྱང་གཟུགས་ལ་སོགས་པ་རྣམས་ལ་ཞེས་བཤད་པ་དེ་བཞིན་ནོ། །ཉོན་མོངས་པའི་ཐོབ་པ་ལས་སམ་མཚུངས་པར་ལྡན་པ་ལས་ཟག་པ་དང་བཅས་པར་འདོད་པ་མ་ཡིན་ཏེ། ཟག་པ་མེད་པ་རྣམས་དགེ་བ་ཟག་པ་དང་

བཅས་པའི་ཟག་པ་བཅས་པ་ཟག་པ་མེད་པར་ཐལ་བར་འགྱུར་རོ། །འོ་ན་ཅི་ཕྲ་རྒྱས་རྣམས་ཟག་པ་མེད་པ་རྣམས་རྒྱས་པར་འགྱུར་བ་དང་རྒྱུད་གཞན་གྱི་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པའི་ཁམས་དམིགས་པ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ལ་སོགས་པ་རྣམས་ལ་སྟེ། དེ་བས་ན་

ཟག་པ་དང་བཅས་པ་འདི་དག་གཟུགས་ལ་སོགས་པ་བཞིན་ནོ། །གཞན་ཡང་དེ་ལྟ་བུ་ནི་མདོ་དང་འགལ་བར་འགྱུར་ཏེ། ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ཇི་སྲིད་མིག་ནས་གཟུགས་ལ་སོགས་པ་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། གང་

ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ནང་དུ་ཚོར་བ་སྐྱེ་བ་བདེ་བའམ་སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའམ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལམ་གྱི་བདེན་པས་བསྡུས་པའི་ཆོས་ཀྱི་ཁམས་ནི་ཟག་པ་མེད་པའི་སྡོམ་པ་སེམས་ལས་བྱུང་བ་རྣམས་སོ། །

མི་ལྡན་པ་དང་ཟག་པ་མེད་པ་ཡིད་ཀྱི་ཁམས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་ལམ་གྱིས་བསྡུས་སོ། །ཟག་པ་མེད་པའི་རྣམ་པར་ཤེས་པ་དང་འདུས་མ་བྱས་ནི་ཆོས་ཀྱི་ཁམས་བསྡུས་པ་ཉིད་དོ། །རྟོག་དང་དཔྱོད་དང་བཅས་པ་ནི། །ཞེས་བྱ་བ་ལ། ནིའི་སྒྲ་ནི་རྟོག་པ་དང་དཔྱོད་པ་དང་བཅས་པ་ཁོ་

เล่ม ๒๐๙ · หน้า 93b

ནའོ་ཞེས་ངེས་པར་གཟུང་བའི་དོན་ཏེ། དེའི་ཕྱིར་འདི་དག་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅིའི་ཕྱིར་འདི་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་ཞེ་ན། འདི་ལྟར་དེ་དག་ཁ་ཕྱི་རོལ་དུ་བལྟས་པའི་རྩིང་བ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཡི་གེའོ། །དེ་ལྟར་

ཡིན་དང་ཁ་ནང་དུ་ཕྱོགས་པའི་རྒྱུ་མེད་པ་རྣམས་རྟག་ཏུ་སྦྱོར་བ་མཐོང་བའི་ཕྱིར་རོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལ་སཱདྷྱ་སྱ་བྱ་བྷི་ཙཱ་རོ་ན་ཧེ་ཏོ་ན་ཙ་སཱ་དྷྱ་བྱ་བྷི་ཙཱ་རནྣ་ཧེ་ཏུ་པྲ་ཡཏྣཱཪྻ་ཀ་ཏྭཱ་དེ་ཏཏྐི་ལ་པ་དང་མི་ཏི་ཀཱ་ར་ཎཱནྟ་ར་མཱ་ཧ། རྟོག་པ་དང་དཔྱོད་པ་དང་བཅས་པའི་ས་ནི་དེ་ཡོད་པའི་

ཕྱིར་ཞེས་བྱའོ། །ཐ་མ་གསུམ་ཞེས་བྱ་བ་ལ་གཉི་ག་ངེས་པར་གཟུང་བ་ལ་ཡང་སྐྱོན་མེད་དོ། །མཐར་འདོན་པས་ནི་ཐ་མའོ། །ལྡན་པ་མ་ཡིན་པ་ལ་རྟོག་པ་དང་དཔྱོད་པ་དང་མཚུངས་པར་ལྡན་པ་མེད་པས་རྟོག་པ་དང་བཅས་པ་མི་སྲིད་པས་དེའི་ཕྱིར་མཚུངས་པར་ལྡན་པ་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་སྨོས་པས་རྟོག་པ་དང་དཔྱོད་པ་གཉིས་ལ་ཐལ་བར་འགྱུར་ལ། དེ་དག་ལ་རྟོག་པ་དང་དཔྱོད་པ་གཉིས་པ་མེད་པས་རྟོག་པ་དང་དཔྱོད་པ་དང་བཅས་པ་མི་སྲིད་དོ། །དེའི་ཕྱིར་རྟོག་པ་དང་དཔྱོད་པ་དག་ལས་གཞན་པ་ཞེས་བྱ་བ་སྨོས་སོ། །

བསམ་གཏན་དང་པོའི་གོང་ན་རྟོག་པ་མེད་པའི་ཕྱིར་དང་། བསམ་གཏན་ཁྱད་པར་ཅན་གྱི་གོང་ན་དཔྱོད་པ་མེད་པའི་ཕྱིར་དང་། ཁམས་ཐ་མ་གསུམ་ཡིན་པའི་ཕྱིར་འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ཞེས་བྱ་བ་གསུངས་ཏེ། འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་

ན་ནི་གང་ཞིག་རྟོག་པ་དང་དཔྱོད་པ་དང་མཚུངས་པར་མི་ལྡན་པར་འགྱུར་བ། རྟོག་པ་དང་དཔྱོད་པ་སྤངས་པའི་སེམས་ལས་བྱུང་བའི་རྣམ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་རྣམ་པར་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱིས་རྣམ་པར་དཔྱོད་པ་ཉིད་དེ། མཚུངས་པར་ལྡན་

པའི་རྟོག་པ་ཞེས་བྱ་བའི་དོན་ཏོ། །རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་གྱི་གོང་ན་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་ཀྱང་གཉི་ག་མ་ཡིན་པ་སྟེ། ཐམས་ཅད་སྨོས་པ་ནི་འདུས་བྱས་དང་འདུས་མ་

เล่ม ๒๐๙ · หน้า 94a

བྱས་བསྡུ་བར་བྱ་བའི་ཕྱིར་དང་། ས་ཐམས་ཅད་བསྡུ་བར་བྱ་བའི་ཕྱིར་རོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་རྟོག་པ་མེད་པའི་ཕྱིར་དང་། དཔྱོད་པ་གཉིས་པ་མེད་པའི་ཕྱིར་ཏེ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཡིན་ནོ་ཞེས་བྱ་བར་བསྙེགས་སོ། །

དཔྱོད་པ་ནི་རྟག་ཏུ་དཔྱོད་པ་མེད་ཅིང་རྣམ་པར་རྟོག་པ་ཙམ་སྟེ་རྣམ་པར་རྟོག་པ་ཡང་ཞེས་བྱ་བ་རྣམ་པ་གསུམ་མོ། །རྟོག་པ་ནི་རྟག་ཏུ་རྣམ་པར་རྟོག་པ་མེད་ཅིང་རྟག་ཏུ་དཔྱོད་པ་ཙམ་སྟེ་དཔྱོད་པ་མ་ཡིན་ཞེས་སོ། །འདོད་པའི་ཁམས་དང་བསམ་གཏན་དང་པོའི་ཞེས་རྒྱ་ཆེར་འབྱུང་བ་ལ།

རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་པ་འདི་དག་གི་ནང་དུ་མི་འདུ་ན་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ། དཔྱོད་པ་མེད་པའི་ཕྱིར་ཅིག་ཤོས་ཀྱི་རྣམ་པ་དག་གི་ནང་དུ་འདུ་བར་མི་འགྱུར་ཏེ། རྣམ་པར་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ། །གལ་ཏེ་རྣམ་

པར་རྟོག་པ་གཉིས་པ་མེད་པའི་ཕྱིར་བརྗོད་པར་མི་བྱ་བར་གྱུར་ན་ཅི་ཞིག་མཚུངས་པར་ལྡན་པར་འགྱུར་ཞེ་ན། དེ་ལ་ཚོར་བ་གཉིས་པ་ཡོད་དེ་དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་ཞེས་བྱ་བ་ནུས་པ་མེད་པའི་རྒྱུའི་རང་བཞིན་དང་མཚུངས་པར་ལྡན་པར་ཐལ་བའམ། ཁྱད་པར་མེད་ཀྱང་མཚུངས་

པར་ལྡན་པ་ཁས་བླངས་པས་དེའི་ཕྱིར་རང་བཞིན་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བརྗོད་པར་བྱའོ། །རྣམ་པར་རྟོག་པ་གཉིས་པ་མེད་པའི་ཕྱིར་ནི་མ་ཡིན་ཞེས་སོ། །གཞན་ལ་གཞན་དང་མཚུངས་པར་ལྡན་པ་ཞེས་རབ་ཏུ་གྲུབ་པ་ནི་དེའི་ཚོགས་ལ་རྣམ་པར་དཔྱོད་པ་བཞིན་མ་ཡིན་ནོ། །

རྣམ་པར་རྟོག་པ་གཉིས་པ་ཡོད་ཅེས་པ་དེའི་ཕྱིར་རྣམ་པར་རྟོག་པ་གཉིས་པ་མེད་ཅེས་གསུངས་ཏེ། གང་བཤད་པའི་ཚོར་བ་གཉིས་པ་ཡོད་དོ། །དེ་དང་མཚུངས་པར་ལྡན་པ་མ་ཡིན་པ་ཡོད་ཅེས་བྱ་བ་འདི་ལ་ཡང་རིམ་པ་བཞིན་དུ་རྒོལ་བར་བྱེད་དེ། གལ་ཏེ་ཡང་དེའི་ཚོགས་ལ་ཚོར་བ་གཉིས་

པ་ཡོད་པ་མ་ཡིན་པར་གྱུར་ན། ཅི་ཞིག་གིས་དེ་ཉིད་དེ་དང་མཚུངས་པར་ལྡན་པར་དཔྱོད་པར་བྱེད་དེ་འདུ་ཤེས་ལ་སོགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་པ་ལ་གང་གི་ཕྱིར་དེ་ན་དཔྱོད་པ་རྣམ་པ་གསུམ་པོ་དག་ཏུ་མི་འདུ་བར་གྱུར་པའོ། །རྟོག་པ་དང་བཅས་དཔྱོད་པ་བཅས་པ་དག་ན་ཞེས་བྱ་བ་

เล่ม ๒๐๙ · หน้า 94b

ལ། འདོད་པའི་ཁམས་དང་བསམ་གཏན་དང་པོ་ནའོ། །རྣམ་པ་དང་པོ་ནི་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པ་གཉིས་པ་ནི་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། རྟོག་པ་གཉིས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་ལྡན་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི་

རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ཞེས་བྱ་བ་ལ་དེ་དག་དང་མཚུངས་པར་མི་ལྡན་པའི་ཕྱིར་རྟོག་པ་དང་དཔྱོད་པ་སྤངས་པའོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་ཞེས་རྒྱ་ཆེར་འབྱུང་བ་ལ།

རྟོག་པ་ནི་རྣམ་པར་རྟོག་པ་ཡིན་ན་དེ་དང་མཚུངས་པར་ལྡན་པ་རྣམས་ཇི་ལྟར་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ། ཡང་རྣམ་པར་རྟོག་པ་མེད་པ་དག་ཅེས་གང་དུ་བཤད་ཅེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་དེ་དང་དེ་ལས་རྣམ་པར་རྟོག་པ་ཅན་ཉིད་དུ་བསྟན་པས་དོན་གྱིས་ན་རྣམ་པར་ཤེས་

པའི་ཚོགས་ལྔ་ནི་རྟོག་པ་མེད་པར་བཤད་དོ། །ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་བྱ་བ་ལ། ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པས་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་རྣམ་པ་བརྒྱད་ཐུགས་པར་བཞག་ནས་གཞན་དུ་གྲག་གོའི་སྒྲ་རབ་ཏུ་སྦྱར་ཏེ། རྣམ་པར་

རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་གོ་ཞེས་སོ། །དཔེར་ན་རྟ་རྐང་པ་གཅིག་པ་ལ་རྐང་པའི་བྱ་བ་མི་ནུས་པའི་ཕྱིར་རྐང་མེད་ཅེས་བྱ་བ་དེ་བཞིན་དུ་དམིགས་པ་ངེས་པར་རྟོག་པ་དང་མངོན་པར་བརྗོད་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་གཅིག་པ་དག་ལ་ཡང་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །

གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པར་རྟོག་པ་གཅིག་པ་ཡོད་པ་མ་ཡིན་ནམ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་རིགས་ལ་བསམས་ནས་དེ་སྐད་བཤད་དོ། །སེམས་རྩིང་བས་རྟོག་པའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པར་རྣམ་པར་རྟོག་སྟེ་རྟོག་པར་བྱེད་པའི་བདག་ཉིད་ཡིན་

པའི་ཕྱིར་རོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་དང་འདྲ་བར་འཇུག་པའི་ཤེས་རབ་དང་དྲན་པ་དག་ལ་ཡང་རྣམ་པར་རྟོག་པར་བཤད་དེ། འདི་ལྟར་རྣམ་པ་མེད་པར་དམིགས་པ་ཐམས་ཅད་ལ་གསལ་བའི་ཕྱིར་འཇུག་པར་བྱེད་པ་གསལ་བའི་ཁྱད་པར་ལ་འཇུག་ལ་འདུ་ཤེས་ཀྱི་མ་

เล่ม ๒๐๙ · หน้า 95a

ཡིན་ནོ། །མི་གསལ་བ་ངེས་པར་མ་གཟུང་བའི་ཕྱིར་མོས་པ་མ་ཡིན་པའི་གཞི་དང་དམིགས་པ་དང་རྣམ་པ་དང་དུས་མཉམ་པ་ཉིད་ཀྱིས་འཇུག་པའི་སེམས་ལས་བྱུང་བ་རྣམས་ལ་འཇུག་པའི་དུས་ཀྱི་དབྱེ་བ་ལས་རྣམ་པར་རྟོག་པའི་རང་བཞིན་ཁོ་ན་རྣམ་པར་རྟོག་

པར་མོས་པ་དཀའོ། །འདིར་སེམས་ལས་བྱུང་བའི་རང་བཞིན་སྟོན་པ་སྐབས་སུ་མ་བབ་པོ་ཞེ་ན། དེའི་ཕྱིར་དེ་ནི་འོག་ནས་སེམས་ལས་བྱུང་བ་དག་གི་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་ནི་གནས་སྐབས་ཀྱི་བཞག་པ་དེ་ཉིད་ཀྱི་

མཚན་ཉིད་ནི་འདིར་ངེས་པར་བརྗོད་པར་བྱ་དགོས་ཏེ་གཞན་དུ་སྐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་གཞན་དག་གིས་རང་བཞིན་ཅི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་དང་ཡིད་ལས་བྱུང་བ་ཡང་ཡོད་ལ།

ཡིད་ལས་བྱུང་བ་ལ་རྣམ་པར་གཞག་པ་དང་མཉམ་པར་མ་བཞག་པ་ཡང་ཡོད་པས་དེའི་ཕྱིར། ཡིད་ཀྱི་ཞེས་བྱ་བ་དང་གཡེང་བ་ཞེས་ཁྱད་པར་གཉིས་ཉེ་བར་གཟུང་ངོ་། །སྙོམས་པར་འཇུག་པའི་ཤེས་རབ་ནི་ངེས་པར་རྟོག་པ་མི་སྐྱེ་བའོ། །གཡེང་བ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་

པ་ལ་བརྗོད་དེ། མཉམ་པར་གཞག་པ་མ་ཡིན་པ་ཤེས་པ་ནི་དེས་མིང་ལ་བལྟོས་ཏེ་ཡུལ་ལ་འཇུག་པ་སྐྱེ་བར་བྱེད་དོ། །མཉམ་པར་གཞག་པ་ནི་མིང་ལ་མི་ལྟོས་པ་ཁོ་ནར་དོན་ལ་འཇུག་སྟེ། དེའི་ཕྱིར་མཉམ་པར་གཞག་པ་མ་ཡིན་པའི་ཤེས་རབ་ནི་གཡེང་བ་ཞེས་བྱའོ། །དེ་ཉིད་ཀྱི་

ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་མ་ཡིན་ནོ། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་བྱ་བ་ལ་ཐམས་ཅད་སྨོས་པ་ནི་མཉམ་པར་གཞག་པ་ཉེ་བར་གཟུང་བའི་དོན་ཏོ། །ཡིད་སྨོས་པ་ནི་མིག་

གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་དྲན་པ་གསལ་བར་བྱ་བའི་ཕྱིར་རོ། །དམིགས་པ་མངོན་པར་བརྗོད་པ་ཡིན་པའི་ཕྱིར་དང་སྙོམས་པར་འཇུག་པའི་མིང་ལ་བལྟོས་པའི་ཕྱིར་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པ་ཐམས་ཅད་ཡིད་ལས་བྱུང་བའི་

เล่ม ๒๐๙ · หน้า 95b

དྲན་པ་སྟེ་དྲན་པར་བྱེད་པའི་རྣམ་པར་རྟོག་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མི་གཡེང་བའི་ཕྱིར་དང་ཁྱད་པར་དུ་རྣམ་པར་རྟོག་པའི་མཚན་ཉིད་མེད་པའི་ཕྱིར་རྣམ་པར་རྟོག་པ་ཞེས་མི་བྱ་བ་དེ་ལ་འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་

མཉམ་པར་མ་བཞག་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་གསུམ་གྱིས་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ། །བསམ་གཏན་དང་པོ་ནི་མཉམ་པར་གཞག་པའོ། །གཉིས་པ་ལ་སོགས་པ་རྣམས་སུ་ཡང་མཉམ་པར་མ་བཞག་པའོ། །གཉིས་དག་

གིས་མཉམ་པར་གཞག་པ་ཉིད་ཀྱིས་སོ། །དམིགས་པ་ཞེས་སེམས་ཀྱི་ཁམས་བདུན་ནོ་ཞེས་བྱ་བ་ལ། བདུན་ནི་དམིགས་པ་དང་བཅས་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བྱའོ། །འདི་གང་ལས་ཤེ་ན་ཆོས་ཀྱི་ཕྱེད་ཀྱང་ཞེས་འབྱུང་བའི་ཕྱིར་རོ། །འདི་ལ་དམིགས་པ་ཡོད་པས་ན་དམིགས་པ་

དང་བཅས་པའོ། །ཡུལ་དང་སྤྱོད་ཡུལ་དང་དམིགས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཆོས་ཀྱི་ཕྱེད་ཀྱང་ཞེས་བྱ་བ་ལ་དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །གཞན་དག་ན་རེ་ངེས་པར་གཟུང་བའི་དོན་ཏེ་ཞེས་ཟེར་རོ། །དེ་ལྟར་ན་སེམས་དང་སེམས་ལས་བྱུང་བ་རྣམས་ལས་གཞན་པ་རྣམས་

ནི་དམིགས་པ་མེད་པའོ་ཞེས་བྱ་བར་གྲུབ་པོ། །འདོད་པ་གཞན་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁ་ཅིག་རྡུལ་ཕྲ་རབ་རེ་རེ་བ་ཡུལ་གྱི་དངོས་པོར་འཐད་ཀྱི་མཐའ་དག་ཡུལ་གྱི་དངོས་པོར་མི་འཐད་དོ་ཞེས་ཟེར་རོ། །སློབ་དཔོན་དཔལ་ལེན་ན་རེ་ཡུལ་རྣམས་རྫས་མེད་པ་སྟེ། རྣམ་པར་ཤེས་པའི་

ཚོགས་ལྔ་པོ་བསགས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྣམ་པར་ཤེས་པའི་ཚོགས་ལྔ་པོའི་ཡུལ་རྫས་སུ་ཡོད་པ་ཁོ་ན་སྟེ། རྡུལ་ཕྲ་རབ་ཚོགས་པ་ཡུལ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་དེ་རྣམས་ཉིད་དེ་ལྟར་འདུས་པ་ལས་མིག་ལ་སོགས་པའི་རྣམ་པར་

ཤེས་པའི་སྐྱེ་བ་ལ་རྒྱུར་འགྱུར་རོ། །འདུས་པ་མ་ཡིན་པ་མེད་པར་གྱུར་པའམ་དེ་དག་འདུས་པའི་རྫས་ཡུལ་ཡིན་པའི་ཕྱིར་རེ་རེ་དམིགས་པར་འགྱུར་བ་མ་ཡིན་ནོ་ཞེས་ཟེར་རོ། །འདུས་པ་མ་ཡིན་པའི་ཡུལ་ལ་རྣམ་པར་མི་རྟོག་པའི་ཕྱིར་དང་འདུས་པ་ཞེས་བྱ་བ་འགའ་ཞིག་དངོས་

เล่ม ๒๐๙ · หน้า 96a

པོར་ཡོད་པས་གང་ལ་རྣམ་པར་རྟོག་པ་མེད་པར་མཐོང་བ་ནས་རེག་པའི་བར་དུ་སྐྱེ་བར་འགྱུར་ཏེ། འདུས་པའི་ཡུལ་ཉིད་མ་ཡིན་ན་སྔོན་པོ་དང་སེར་པོའོ་སྙམ་དུ་ཞེན་པར་མི་འགྱུར་ཞིང་མིག་གི་རྣམ་པར་ཤེས་པས་ཁ་དོག་སྔོན་པོ་མ་བཟུང་བར་ཡིད་ཀྱི་རྣམ་པར་

ཤེས་པ་ལ་སྔོན་པོའོ་སྙམ་དུ་རྣམ་པར་རྟོག་པའི་ནུས་པ་ཡོད་པ་མ་ཡིན་པས་ཚོགས་པ་མེད་ན་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམས་རྫས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བཅོམ་ལྡན་འདས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནས་ཡིད་དང་ཆོས་ལ་

བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཚོགས་པ་མ་ཡིན་པ་གཟུགས་ལ་སོགས་པའི་རང་བཞིན་ཞེས་བྱ་བ་ལ། དེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་གཟུང་བ་མ་ཡིན་ནོ། །གལ་ཏེ་དོན་དམ་པའི་ཡུལ་ཅན་རྣམ་པར་ཤེས་པའི་ཚོགས་ལྔ་ཅི་ལས་

ཤེ་ན། དེ་རྣམས་འདོད་ཆགས་དང་བྲལ་བའི་རང་གི་མཚན་ཉིད་ཀྱི་ཡུལ་མ་ཡིན་པའི་ཕྱིར་དང་ཁ་ཕྱི་རོལ་ཏུ་བལྟས་པའི་ཕྱིར་དང་། མཉམ་པར་མ་བཞག་པའི་ཕྱིར་དང་རྣམ་པར་མི་རྟོག་པའི་ཕྱིར་དང་། ལན་ཅིག་ཚོགས་པའི་ཕྱིར་དང་ཉུང་བའི་ཕྱིར་རོ། །དེའི་ཕྱིར་དམིགས་པ་དང་བཅས་པའི་

ཆོས་ཀྱི་ཁམས་ཉིད་ཀྱང་ཞེས་བྱ་སྟེ། རིག་པ་དེ་དག་ལས་ལྔ་ནི་དོན་དམ་པ་ལ་དམིགས་པ་དང་ལྷག་མ་ཡུལ་ཞེས་བྱ་བ་ནི་ཀུན་རྫོབ་ལ་དམིགས་པ་ཡང་མ་ཡིན་ནོ་ཞེས་བྱ་སྟེ་ཞར་ལས་བྱུང་བས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། མ་ཟིན་དགུ་ཞེས་བྱ་བ་ལ། འདིར་དང་གི་སྒྲ་དང་པོ་ནི་

བསྡུ་བའི་དོན་ཏོ། །གཉིས་པ་ནི་སྒྲའི་རྣམ་གྲངས་གསལ་བར་བྱེད་པའི་དོན་ཏོ། །ཁ་ཅིག་ན་རེ་སྒྲ་ཡང་དབང་པོ་དང་ཐ་མི་དད་པ་ཡོད་དོ་ཞེས་ཟེར་རོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར། དགུ་ནི་མ་ཟིན་པ་ཁོ་ནའོ་ཞེས་ཤེས་པར་བྱའོ། །ཆོས་ཀྱི་ཁམས་ཀྱི་ཕྱེད་

ཀྱི་དམིགས་པ་དང་བཅས་པར་བཤད་ཀྱི་ཐམས་ཅད་ནི་མ་ཡིན་པ་མ་ཟིན་པ་ནི་ཐམས་ཅད་འདོད་པ་ཉིད་དེ། དེའི་ཕྱིར་བརྒྱད་པའི་ཕྱེད་དང་བཅས་ཏེ་ཞེས་གསུངས་སོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར་དགུ་ནི་མ་ཡིན་པ་ཁོ་ནའོ་ཞེས་ཤེས་པར་བྱའོ། །ཆོས་

เล่ม ๒๐๙ · หน้า 96b

ཀྱི་ཁམས་ཀྱི་ཕྱེད་དམིགས་པ་དང་བཅས་པར་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ལ། མི་ཟིན་པར་ནི་ཐམས་ཅད་འདོད་པ་ཉིད་དེ། དེའི་ཕྱིར་བརྒྱད་པའི་ཕྱེད་དང་བཅས་ཏེ་ཞེས་གསུངས་སོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་བྱ་བ་ལ་བརྩམས་པར་མ་གྱུར་ན་ནི་ཟིན་པ་

ཁོ་ནའོ་ཞེས་བྱ་བར་ཤེས་པར་འགྱུར་བ་ཞིག་གོ། །ད་ལྟར་བྱུང་བ་རྣམས་ནི་ཟིན་པ་ཡིན་ཏེ་དེ་དག་ལ་ཕན་བཏགས་པ་དང་གནོད་པ་བྱས་ན་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་བཏགས་པ་དང་གནོད་པ་བྱས་པར་འགྱུར་བའི་ཕྱིར་རོ། །འདས་པ་དང་མ་འོངས་པ་རྣམས་ནི་

མ་ཟིན་པ་ཡིན་ཏེ། དེ་དག་ལ་ཕན་བཏགས་པ་དང་གནོད་པ་མི་སྲིད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དབང་པོ་དང་ཐ་མི་དད་པ་རྣམས་དང་དབང་པོ་ནི་གྲུབ་པ་དང་བདེ་བ་ལྷན་ཅིག་པའི་ཕྱིར་དབང་པོ་བཞིན་ཐ་མི་དད་དོ། །གཞན་དག་ནི་ད་ལྟར་བ་ཡིན་ཡང་མ་ཟིན་པ་རྣམས་ཏེ། གང་

དག་ལུས་འདི་ལ་དབང་པོ་དང་ཐ་དད་པར་གནས་པ་རྣམས་སོ། །འདི་ལྟ་སྟེ་རྩ་བ་མ་གཏོགས་པའི་ཞེས་བྱ་བ་ལ། སྐྲ་དང་བ་སྤུ་དང་སེན་མོ་དང་སོ་དག་གི་རྩ་བ་ནི་ལུས་ཀྱི་དབང་པོ་དང་ཐ་མི་དད་པས་སྤངས་པའི་ཕྱིར་ཏེ། འདི་ལྟར་སྐྲ་ལ་སོགས་པ་རྩ་བ་ནས་བཏོན་ན་ཚོར་བ་འབྱུང་གི་བཅད་ན་ནི་

མ་ཡིན་ནོ། །དེ་ལྟར་རེ་ཞིག་ནང་དག་ལ་ཡོད་པའོ། །ཕྱི་རོལ་དག་ལ་ཡོད་པ་བཤད་པ་ནི་ས་དང་ཆུ་ལ་སོགས་པ་རྣམས་ལ་ཡོད་པ་ཞེས་བྱ་བ་སྟེ། སོགས་པ་སྨོས་པ་ནི་མེ་དང་རླུང་དང་ཤིང་དང་སོ་ཕག་ལ་སོགས་པ་དག་སྡུད་དོ། །འདུ་བྱེད་རྣམས་བདག་མེད་པ་ཡིན་དང་འཛིན་པ་

པོ་མེད་པས་མིག་ལ་སོགས་པ་རྣམས་ལ་ཟིན་པ་ཉིད་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི་ཟིན་པ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བའོ། །བསྟན་བཅོས་ལས་ནི་བདག་གིས་ལུས་སུ་གཏོགས་པའི་ཞེས་འབྱུང་ངོ་། །དེ་ཡང་ཅི་ཞིག་ཅེ་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་བདག་གིར་

བྱས་པ་གང་ཡིན་པའོ། །བདག་གིར་བྱས་པ་ཞེས་བྱ་བ་ནི་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོར་ཉེ་བར་བཟུང་བའོ། །སེམས་དང་སེམས་ལས་བྱུང་བ་གཟུགས་ཅན་མ་ཡིན་པ་ཡུལ་ན་མི་གནས་པ་རྣམས་ཀྱིས་རྟེན་གྱི་དངོས་པོ་ཉེ་བར་བཟུང་བ་ནི་མོས་

เล่ม ๒๐๙ · หน้า 97a

པར་དཀའོ་ཞེ་ན། དེའི་ཕྱིར་ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་ཉེ་བར་བཟུང་བ་ཡིན་གྱི་དེ་ལ་གནས་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པ་རྣམས་ལ་མིག་སྨན་ལ་སོགས་པས་ཕན་བཏགས་ན་རྣམ་པར་ཤེས་

པ་གསལ་ཞིང་མ་འཁྲུགས་པ་སྐྱེ་ལ་རླུང་ལ་སོགས་པས་གནོད་པ་བྱས་ན་མི་གསལ་བ་དང་འཁྲུག་པ་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཚོར་བ་བདེ་བ་དང་སྡུག་བསྔལ་དང་མཚུངས་པར་ལྡན་པ་རྣམས་སྐྱེས་ན་མིག་ལ་སོགས་པ་རྣམས་འཕེལ་བ་དང་འགྲིབ་པར་འགྱུར་

ཏེ་དེ་ལྟར་ཕན་ཚུན་མཐུན་པར་བྱེད་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་མིག་ལ་སོགས་པ་རྣམས་ཀྱི་ཟིན་པ་ཉིད་དུ་ཐལ་བར་འགྱུར་བ་སྤང་བའི་ཕྱིར། འཇིག་རྟེན་ན་སེམས་པ་དང་བཅས་པའོ་ཞེས་བརྗོད་པ་གང་ཡིན་པའོ་ཞེས་བྱ་བ་གསུངས་ཏེ། གང་ཞིག་ལ་

འཇིག་རྟེན་ན་སེམས་པ་དང་བཅས་པའོ་ཞེས་བརྗོད་ཅེ་ན། རྟེན་གང་ལ་གནོད་པ་བྱས་པ་སྡུག་བསྔལ་འབྱུང་བ་དང་། གང་ཞིག་འདིས་རྩྭ་ཀུ་ཤ་དང་ཚ་རྒོད་དང་མེ་དང་ཚེར་མ་དང་གནམ་ལྕགས་ལ་སོགས་པ་དག་ལས་བསྲུང་བ་དང་། གང་ཞིག་འདོད་པ་དང་ཁྲོ་བ་དང་མྱ་ངན་དང་

འཇིགས་པ་དང་དགའ་བ་ལ་སོགས་པ་དག་གི་རྣམ་པར་འགྱུར་བའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་འཛིན་པ་ཡིན་པའི་ཕྱིར་ཟིན་པའོ་ཞེས་མི་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་གཟུགས་གང་ཞིག་ལ་གཟིར་བའམ་བཅད་པ་ན་སྡུག་བསྔལ་འབྱུང་ཞིང་བཟློག་པས་བདེ་བ་

འབྱུང་བ་དེ་ནི་ཟིན་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ལུས་སུ་གཏོགས་པ་འདི་ལ་ང་དང་ངའོ་སྙམ་པའི་ང་རྒྱལ་གྱིས་ཡོངས་སུ་ཟིན་པ་ནི་ཟིན་པའོ་ཞེས་ཟེར་རོ། །དེ་ལྟ་ནི་མ་ཡིན་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཟིན་པ་ཡིན་པར་འགྱུར་དུ་འོང་ངོ་། །ང་རྒྱལ་ཉིད་ཀྱིས་

ནི་དུས་སུ་མི་འདུད་པའི་ཕྱིར་དང་གཟུགས་ཉིད་ཀྱི་ཕྱིར་ཏེ། ཉེ་བར་ལེན་པར་བྱེད་པ་དང་། ཉེ་བར་ལེན་པའི་བྱེད་པ་པོའི་གཟུགས་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་ལུས་ཀྱི་དབང་པོ་དང་ཐ་མི་དད་པ་གང་ཡིན་པ་དེ་ཟིན་པའོ་ཞེས་ཟེར་རོ། །ལུས་ཀྱི་དབང་པོའི་ཟིན་པ་དེ་ལྟ་བུ་ལ་ནི་དཔྱད་

เล่ม ๒๐๙ · หน้า 97b

པར་བྱ་སྟེ། དེ་ལྟར་ན་གཟུགས་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་དབང་པོ་མ་ཡིན་པའི་ཕྱིར་དང་རྟེན་མ་ཡིན་པས་མ་ཟིན་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དབང་པོ་དང་ཐ་མི་དད་པའི་གཟུགས་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་རྟེན་ཡིན་པས་འདི་ལ་

ཉེས་པ་མེད་དེ། རེག་བྱ་རྣམ་པ་གཉིས་ཡིན་ཏེ་ཞེས་ངེས་པར་གཟུང་སྟེ། ལྷག་མ་གཟུགས་ཅན་དགུ་པོ་ནི། འབྱུང་འགྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང་ཞེས་གསུངས་པའི་ཕྱིར་རོ། །འབྱུང་བ་རྣམས་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྐྱེད་པ་ལ་སོགས་པའི་ངོ་བོས་འབྱུང་བ་རྣམས་དེའི་རྒྱུར་

གྱུར་པའི་ཕྱིར་འབྱུང་བ་རྣམས་ལ་ཡོད་པ་ཞེས་བརྗོད་དོ། །ལྷག་མ་ཞེས་སྨོས་པས་གཟུགས་ཅན་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བས་གཟུགས་ཅན་ཞེས་བྱ་བ་སྨོས་སོ། །ཆོས་ཀྱི་ཁམས་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས་གཟུགས་ཅན་ཉིད་ཡིན་པ་དེའི་དགུ་པོ་

ཞེས་བྱ་བ་སྨོས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་བ་ལས་གྱུར་པ་ཡིན་པས་དེ་བསྡུ་བར་བྱ་བའི་ཕྱིར་ཆོས་ཁམས་ཕྱོགས་གཅིག་ཀྱང་ཞེས་བྱ་བ་སྨོས་སོ། །ཀྱང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །གཞན་དག་ན་རེ་ཀྱང་གི་སྒྲ་ནི་ཁམས་འབྱུང་བའི་བདག་ཉིད་ཁོ་ན་ཡོད་པ་

མ་ཡིན་པ་ཉིད་དུ་བསྟན་པའི་དོན་ཏོ་ཞེས་ཟེར་རོ། །ལྷག་མ་རྣམས་ནི་མ་བརྩམས་པ་ཁོ་ནས་གཉི་ག་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མོ་ཞེས་ཟེར་ཏེ་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་འབྱུང་བ་ལས་གྱུར་པ་ཡིན་པ་རྣམ་པར་བཅད་པའི་དོན་ཏོ། །དེ་ལྟ་

ཡིན་དང་དྲི་བ་དང་ལན་མི་འཐད་དོ་ཞེའོ། །སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མོ་ཞེས་བྱ་བ་དེ་ནི་དེ་ལྟ་མ་ཡིན་ནོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བས་རྒྱུ་སྨྲས་པ། འབྱུང་བ་རྣམས་ནི་བཞི་ཉིད་དང་སྲ་བ་ལ་སོགས་པ་མཚན་ཉིད་དུ་ངེས་པར་གཟུང་བའི་ཕྱིར་ཞེས་བྱ་བ་སྟེ། མདོ་ལས་

བཞི་ཉིད་དུ་ངེས་པར་གཟུང་བའི་ཕྱིར་དང་། སྲ་བ་ལ་སོགས་པ་མཚན་ཉིད་དུ་ངེས་པར་གཟུང་བའི་ཕྱིར་རོ། །དེ་ལ་འདི་དག་ནི་འབྱུང་བ་ཆེན་པོ་བཞི་སྟེ་ཞེས་བཞིར་ངེས་པར་གཟུང་བ་དང་། སའི་ཁམས་གང་ཞེ་ན་སྲ་བ་ཉིད་དོ་ཞེས་རྒྱ་ཆེར་འབྱུང་སྟེ་སྲ་བ་ལ་སོགས་པའི་མཚན་ཉིད་ངེས་པར་གཟུང་

เล่ม ๒๐๙ · หน้า 98a

བ་དང་བཞིའི་ངེས་པར་བཟུང་བས་ནི་འབྱུང་བ་ཆེན་པོ་བཅུ་དག་མེད་དོ་ཞེས་སྟོན་ཏོ། །གལ་ཏེ་འབྱུང་བ་ལས་ཐ་དད་པའི་འབྱུང་བ་ལས་གྱུར་པ་མེད་ན། དེ་ལྟ་ཡིན་དང་སྐྱེ་མཆེད་བཞིའམ་གཅིག་གོ་ཞེས་བརྗོད་དགོས་ཀྱི་བཅུ་ཞེས་མ་ཡིན་ནོ། །སྲ་བ་ལ་སོགས་པའི་

མཚན་ཉིད་དུ་ངེས་པར་བཟུང་བས་ནི་མིག་ལ་སོགས་པ་རྣམས་དང་གཟུགས་ལ་སོགས་པ་རྣམས་འབྱུང་བ་དག་གི་ནང་དུ་མ་འདུས་པར་སྟོན་ཏེ། སྲ་བ་ལ་སོགས་པའི་རང་གི་ངོ་བོ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ་ཚོར་བ་ལ་སོགས་པ་བཞིན་ནོ། །ཡང་ཇི་ལྟར་དེ་རྣམས་འབྱུང་བ་དག་དང་མཚན་ཉིད་

མི་མཐུན་པར་ཁོང་དུ་ཆུད་ཅེ་ན། འབྱུང་བ་དེ་དག་རེག་བྱ་ཡིན་པའི་ཕྱིར་དང་རེག་པའི་ཡུལ་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པ་རྣམས་ཀྱི་ནི་གཟུགས་ལ་སོགས་པ་རྣམས་ཡིན་གྱི་རེག་བྱ་ནི་མ་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་རྣམས་བལྟ་བར་བྱ་བ་དང་བསྣམ་པར་བྱ་བ་མྱང་བར་བྱ་

བ་དང་མིག་ལ་སོགས་པ་རྣམས་ཀྱང་ལྟ་བར་བྱེད་པ་དང་སྣོམ་པར་བྱེད་པ་དང་མྱོང་བར་བྱེད་པ་ཡིན་གྱི་རེག་པར་མི་བྱེད་པའི་ཕྱིར་རེག་བྱ་ནི་མ་ཡིན་ནོ། །འབྱུང་བའི་བདག་ཉིད་ཅན་ཁྱད་པར་མེད་པའི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་དབང་པོ་ཐམས་ཅད་ཀྱི་གཟུང་བར་བྱ་བར་འགྱུར་ན། དེ་ནི་

ཡོད་པ་ཡང་མ་ཡིན་ཏེ། མིག་ལ་སོགས་པས་ཀྱང་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་རྣམས་ཀྱིས་ནི་སྲ་བ་ལ་སོགས་པ་སྟེ། སྲ་བ་དང་གཤེར་བ་དང་དྲོ་བ་དང་ཡང་ཞིང་གཡོ་བ་ཉིད་དང་མི་འཛིན་ཏེ། དེའི་ཕྱིར་ས་ལ་སོགས་པ་དག་གཟུགས་ལ་སོགས་པའི་བདག་ཉིད་མ་ཡིན་ནོ། །ལུས་ཀྱི་དབང་

པོས་ཀྱང་ཁ་དོག་ལ་སོགས་པ་སྟེ། ཁ་དོག་དང་སྒྲ་དང་དྲི་དང་རོ་དག་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་འབྱུང་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །མིག་ལ་སོགས་པ་རྣམས་ནི་ཡུལ་ཅན་ཡིན་པའི་ཕྱིར་དང་། ཡུལ་ངེས་པའི་ཕྱིར་ཡུལ་དག་

དང་ཕན་ཚུན་རང་བཞིན་ཐ་དད་པར་ཁོང་དུ་ཆུད་པར་བྱའོ། །མདོ་ལས་འབྱུང་བ་རྣམ་བཞི་ཉིད་དུ་ངེས་པར་བཟུང་བ་དང་སྲ་བ་ལ་སོགས་པའི་རང་བཞིན་ངེས་པར་བཟུང་བའི་ཕྱིར་ཁ་དོག་ལ་སོགས་པ་རྣམས་ལུས་ཀྱི་དབང་པོའི་གཟུང་བར་བྱ་བ་ལས་བཟློག་པ་ཡིན་པས་སྐྱེ་མཆེད་བཅུ་པོ་རྣམས་ནི་འབྱུང་བ་

เล่ม ๒๐๙ · หน้า 98b

ཙམ་མ་ཡིན་པར་གྲུབ་པོ། །གཟུགས་སུ་རུང་བས་ན་གཟུགས་ཏེ་གནོད་པ་བྱར་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འདི་ལ་ཡོད་པས་ན་མིག་ལ་སོགས་པའི་སྐྱེ་མཆེད་གཟུགས་ཅན་ཞེས་བྱའོ། །རེག་བྱའི་སྐྱེ་མཆེད་ཁོ་ན་འབྱུང་བ་ཆེན་པོ་བཞི་དག་གོ་ཞེས་བྱ་བར་གསུངས་ཀྱི་མིག་ལ་

སོགས་པའི་སྐྱེ་མཆེད་རྣམས་ནི་མ་ཡིན་ཏེ། འབྱུང་བ་ལས་ཐ་དད་པའི་འཇམ་པ་ཉིད་ལ་སོགས་པ་རེག་བྱའི་སྐྱེ་མཆེད་དུ་གསུངས་པས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བྱའོ། །རེག་བྱའི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཁོ་ནས་འབྱུང་བ་རྣམས་བསྡུས་པའི་ཕྱིར་ལྷག་མ་མིག་ལ་སོགས་

པ་དང་འཇམ་པ་ཉིད་ལ་སོགས་པ་ནི་འབྱུང་བ་དག་མ་ཡིན་ནོ་ཞེས་བྱ་བ་གསལ་བར་ཀུན་ཏུ་བསྟན་པ་ཡིན་ནོ། །ཐམས་ཅད་འབྱུང་བའི་བདག་ཉིད་ཡིན་ཏེ་རེག་བྱའི་སྐྱེ་མཆེད་ཁོ་ན་རྣམ་པ་གཉིས་སུ་བསྟན་གྱི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་མ་ཡིན་པ་དང་མིག་ལ་སོགས་པའི་སྐྱེ་མཆེད་

རྣམས་ཁོ་ན་རྣམ་པ་གཅིག་ཏུ་བསྟན་གྱི་རིག་བྱའི་སྐྱེ་མཆེད་མ་ཡིན་པ་ཞེས་བྱ་བ་འདི་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་རང་གི་ངོ་བོ་ཐ་དད་པས་རྒྱུ་གཞན་པ་མ་ཡིན་ཏེ། དེའི་ཕྱིར་མདོ་དང་འགལ་བས་སྐྱེ་མཆེད་བཅུ་པོ་རྣམས་འབྱུང་བ་ཙམ་མ་ཡིན་ནོ། །འོ་ན་མདོ་ལས་ཞེས་རྒྱ་ཆེར་

འབྱུང་བ་ལ། གལ་ཏེ་མིག་འབྱུང་བའི་རང་བཞིན་མ་ཡིན་ན། ཅིའི་ཕྱིར་འདི་སྐད་དུ། མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར་གྱུར་པ་གང་ཡིན་པ་ཞེས་བྱ་བ་ཞེས་གསུངས་ཤེ་ན། མིག་ལ་སོགས་པའི་འབྱུང་བ་ཚོགས་པའི་བདག་ཉིད་གང་ཡིན་པ་དེ་ལ་ནི་འདིར་དབང་པོ་རྣམས་འབྱུང་བའི་

རང་བཞིན་དུ་བསྟན་པ་འཐད་ཅིང་གོང་བུ་སྨོས་པ་ཡང་དོན་དང་བཅས་པའོ། །གང་ཡང་འབྱུང་བ་དང་མཚན་ཉིད་མི་མཐུན་པ་དེ་ལ་ནི་དབང་པོ་རྣམས་འབྱུང་བའི་རང་བཞིན་དུ་བསྟན་པ་མི་འཐད་དེ། ཆ་ཤས་མ་ཡིན་པའི་ཕྱིར་དང་། དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །གོང་བུ་སྨོས་པ་ཡང་དོན་མེད་དོ། །

མཁྲང་བར་གྱུར་པ་ཞེས་བྱ་བ་ནི་མཁྲང་བའི་རྣམ་པའོ། །དེ་དང་ཐ་མི་དད་པར་འཇུག་པ་ཞེས་རྒྱ་ཆེར་འབྱུང་བ་ལ། དེ་ལ་མིག་དེ་དང་ཐ་མི་དད་པར་འཇུག་པའི་ངང་ཚུལ་ཡོད་པས་ན་ཐ་མི་དད་པར་འཇུག་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། མིག་གི་དབང་པོ་ཡང་ཡིན་པ་དང་ལྷན་ཅིག་འཇུག་

เล่ม ๒๐๙ · หน้า 99a

པའི་ཤའི་གོང་བུ་དེའི་རྟེན་དུ་གྱུར་པ་ལ་མིག་གི་ཤའི་གོང་བུ་གང་ཡིན་པ་ཞེས་པ་འདི་ཉེ་བར་བཏགས་ཏེ་རྟེན་ལ་བརྟེན་པས་བཏགས་པའི་ཕྱིར་རོ། །དེ་ལྟ་བུ་ཡང་ཤའི་གོང་བུ་སྨོས་པའི་ནུས་པ་ལས་ཡིན་ནོ། །མིག་ནི་ཤའི་གོང་བུའི་བདག་ཉིད་མ་ཡིན་ཏེ་དང་པོའི་བདག་

ཉིད་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་གདགས་པའི་ཕྱིར་དེ་སྐད་གསུངས་ཏེ། འཇིག་རྟེན་ན་ནི་དེའི་རྟེན་ཤའི་གོང་བུ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་ཅན་ལ་མིག་ཏུ་འདུ་ཤེས་ཀྱི་དབང་པོ་ལ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དུ་ན་

མིག་ལ་ཞེས་བྱ་བ་ཁོ་ན་ཞིག་བཤད་པར་འགྱུར་རོ། །ཡང་རྒྱུ་མཚན་གྱི་བདུན་པ་བརྗོད་པས་རྟོག་པར་འགྱུར་ཏེ། དེ་ལས་དབང་པོ་ཐ་མི་དད་པར་འཇུག་པའི་གོང་བུ་མཐའ་དག་གི་རྟེན་འབྱུང་བ་རྣམས་རྗེས་སུ་བཟུང་བས་ན། དེ་ཉིད་ཀྱི་ཕྱིར་བདུན་པས་བསྟན་པ་ཞེས་བྱ་སྟེ་རྟེན་གྱི་ཤའི་གོང་

བུ་མཐའ་དག་གཟུང་བའི་དོན་ཏོ། །གལ་ཏེ་མིག་ལ་སོགས་པ་རྣམས་དང་གཟུགས་ལ་སོགས་པ་རྣམས་འབྱུང་བའི་བདག་ཉིད་མ་ཡིན་ན། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ཏེ་ཞེས་བྱ་བའི་སྟོན་པའི་གསུང་དང་འགལ་བར་འགྱུར་ཏེ། ས་ལ་སོགས་པའི་ཁམས་རྣམས་གཟུགས་

ལ་སོགས་པའི་ཁམས་དང་མིག་ལ་སོགས་པའི་ཁམས་རྣམས་ལས་ཐ་དད་པར་ཡོད་ན་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ་ཞེ་ན་མངལ་དུ་འཇུག་པའི་རྫས་ཀྱི་གཞི་བསྟན་པར་བྱ་བའི་ཕྱིར་ཏེ། མདོ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེ་ལ་ནུར་ནུར་

པོ་ལ་སོགས་པའི་གནས་སྐབས་ནི་སེམས་ཅན་གྱི་རྫས་ཀྱི་གཞི་སྟེ། དེ་བསྟན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཡོད་བཞིན་དུ་ཁམས་དྲུག་ཏུ་གསུངས་ཏེ། དེ་ལ་གཞན་དག་ན་རེ་རེག་པའི་སྐྱེ་མཆེད་རྣམས་དང་མིག་ལ་སོགས་པ་རྣམས་འབྱུང་བ་བཞི་ཚན་གྱི་བདག་ཉིད་དེ་རེག་པའི་སྐྱེ་

མཆེད་རྣམས་ནི་རྣམ་པར་ཤེས་པ་སྐྱེ་བའི་རྩ་བའི་རྫས་ཡིན་པ་དང་། མིག་ལ་སོགས་པ་རྣམས་ཀྱང་འབྱུང་བ་ལ་བརྟེན་པའི་ཕྱིར་འབྱུང་བ་རྣམས་ནི་རྩ་བའོ་ཞེས་ཟེར་རོ། །གཞན་དག་ནི་ཉིང་མཚམས་སྦྱོར་བར་འབྲེལ་བའི་ཚེ། མིག་ལ་སོགས་པ་རྣམས་མེད་པས་དེ་དག་མ་གསུངས་

เล่ม ๒๐๙ · หน้า 99b

ལ། དེའི་ཚེ་ལུས་ཀྱི་དབང་པོ་ཡོད་མོད་ཀྱི་དེའི་དེའི་གནས་སྐབས་ན་གྲང་བ་ལ་སོགས་པ་ཡོངས་སུ་གཅོད་པར་མི་ནུས་པས་ཡོད་ཀྱང་རང་གི་དགོས་པ་མི་བྱེད་པ་གང་ཡིན་པ་དེ་ནི་དགོས་པ་དང་མི་ལྡན་པ་ཉིད་ཀྱི་རྒྱུ་དང་བཅས་པར་རྣམ་པར་མི་འཇོག་གོ་སྙམ་དུ་སེམས་སོ། །དེ་ཉིད་ཀྱི་ཕྱིར་ཁམས་དྲུག་པོ་

འདི་དག་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ཏེ། ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་འཕོ་བའི་སེམས་ཀྱི་བར་དུ་དགོས་པ་དང་བཅས་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཅི་ལྡང་བའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་ཉིད་དོ། །

ལུས་ཀྱི་དབང་པོ་ལ་ཡང་འོ་ན་སྐལ་བ་མཉམ་པའི་རྒྱུ་སྦྱིན་པའི་ཕྱིར་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་སྐྱེས་པའི་རྟེན་གྱི་དངོས་པོ་ནི་ལུས་ཀྱི་དབང་པོའི་དགོས་པའོ། །སྐལ་བ་མཉམ་པའི་རྒྱུ་སྦྱིན་པ་མ་ཡིན་ཏེ། གཞན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྫས་ཀྱི་གཞི་

བསྟན་པ་ཡང་སྲ་བ་ལ་སོགས་པ་རྣམས་ཉིད་དེ། གཟུགས་ལ་སོགས་པ་རྣམས་ཀྱི་རྟེན་རྫས་གཞན་མ་ཡིན་པའི་གཟུགས་ལ་སོགས་པ་རྣམས་མ་ཡིན་ནོ། །སྲ་བ་ལ་སོགས་པ་རྣམས་ཞེས་བྱ་བ་ལ་སེམས་ཁོ་ན་འཆིང་བ་དང་ཐར་བར་འོས་ཀྱི་གཞན་ནི་མ་ཡིན་ཏེ། ཚོར་བ་ལ་སོགས་

པ་རྣམས་སེམས་ཀྱི་རྟེན་དང་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཁ་ཅིག་ན་རེ་བདག་མེད་པར་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་རྒྱུ་གང་ལས་རྟེན་ནི་སྲ་བ་ཉིད་ལས་གཞན་པ་ཁ་དོག་ལ་སོགས་པ་རྣམས་མ་ཡིན་ཞེ་ན། ཚོགས་པ་ཐམས་ཅད་ལ་ཁྱབ་པ་ས་ལ་སོགས་

པའི་མཚན་ཉིད་ལ་ཡོད་ཀྱི་ཁ་དོག་ལ་སོགས་པ་མ་ཡིན་ཏེ། འདི་དག་རྟེན་ཉིད་དང་ཁ་དོག་ལ་སོགས་པ་སྐྱེད་པ་དང་ཆེན་པོ་ཉིད་དུ་གྲུབ་པ་མ་ཡིན་ནོ། །འདི་སྟོན་པའི་དགོངས་པ་པ་ཡིན་གྱི་ཡང་འབྱུང་བ་ཙམ་ཞིག་བཞེད་པ་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། ཡང་

རེག་པའི་སྐྱེ་མཆེད་དྲུག་གསུངས་པའི་ཕྱིར་ཏེ། མདོ་འདི་ཉིད་ལས་ཀྱང་རེག་པའི་སྐྱེ་མཆེད་དྲུག་གསུངས་པ་ནི་མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་ཀྱི་བར་དྲུག་གསུངས་ཏེ་དེའི་ཕྱིར་འབྱུང་བ་ཙམ་མ་ཡིན་པའི་ཕྱིར་ཁམས་དྲུག་གསུངས་པ་

เล่ม ๒๐๙ · หน้า 100a

ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་མིག་ལ་སོགས་པ་ལྔ་པོ་རྣམས་སའི་ཁམས་ལ་སོགས་པ་ལས་ཐ་མི་དད་པའི་ཕྱིར་རེག་པའི་སྐྱེ་མཆེད་དྲུག་ཅེས་ཡང་མི་གསུང་བར་འགྱུར་རོ། །དེ་ལ་མིག་ཉིད་རེག་པའི་སྐྱེ་མཆེད་ཡིན་པ་ནི་མིག་གི་རེག་

པའི་སྐྱེ་མཆེད་དེ། ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་ནི་སེམས་ལས་བྱུང་བའི་ཆོས་རེག་པའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །ཅི་ཡིན་ཞེ་ན་ཁམས་དྲུག་ཙམ་ཡིན་པའི་ཕྱིར་མདོ་ལས་ཁམས་དྲུག་གསུངས་

ཀྱི་འབྱུང་བ་ལས་གྱུར་པ་ནི་ཡོད་པ་ཡིན་ནོ། །འོ་ན་ཅི་ཞེ་ན་རྫས་ཀྱི་གཞི་བསྟན་པའི་ཕྱིར་ཞེས་སྦྱར་རོ། །གལ་ཏེ་མདོ་ལས་སའི་ཁམས་ལ་སོགས་པ་ལྟར་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་རྣམས་མ་གསུངས་པས་དེ་རྣམས་མེད་པར་འདོད་ན། དེ་ལྟར་ན་ཚོར་བ་ལ་

སོགས་པ་སེམས་ལས་བྱུང་བ་རྣམས་ཀྱང་མ་གསུངས་པས་དེ་དག་ཀྱང་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཇི་ལྟར་འབྱུང་བ་རྣམས་ཁོ་ནས་འབྱུང་བ་ལས་བྱུང་བ་ཡིན་པ་དེ་བཞིན་དུ་སེམས་ཉིད་སེམས་ལས་བྱུང་བ་ཡིན་གྱི་སེམས་ལས་དོན་གཞན་དུ་གྱུར་པ་ནི་མ་ཡིན་པས་ཐལ་བ་འདིར་

མི་འགྱུར་རོ་ཞེ་ན། དེའི་ཕྱིར་སེམས་ཉིད་ཅེས་བྱ་བ་ལ་སོགས་པ་རྒྱ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན་མདོ་དང་འགལ་བའི་ཕྱིར་ཏེ། མདོ་ལས་འདུ་ཤེས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །ཡང་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་གསུངས་པའི་ཕྱིར་ཏེ་མདོ་ལས་ཞེས་བྱ་

བར་སྦྱར་རོ། །སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་བྱ་བར་ཁས་བླངས་པ་ནི་མི་རིགས་ཏེ། གང་གི་ཕྱིར་སེམས་འདོད་ཆགས་དང་བཅས། སེམས་ཞེ་སྡང་དང་བཅས། སེམས་གཏི་མུག་དང་བཅས་ཞེས་གསུངས་པའི་ཕྱིར་རོ། །འབྱུང་བ་ཙམ་ནི་འགའ་ཞིག་

ཡོངས་སུ་སྤང་བར་བཤད་དོ། །ལུས་ཀྱི་རྟེན་ལ་སོགས་པའི་འབྱུང་བ་བཞིན་སྲ་བ་ལ་སོགས་པ་སྣ་ཚོགས་པར་འགྱུར་ཏེ་འགའ་ཞིག་ནི་གཟུང་བའོ། །འགའ་ཞིག་ནི་འཛིན་པའོ། །འགའ་ཞིག་མིག་གི་དབང་པོའི་གཟུང་བའོ། །སྲ་བ་ལ་སོགས་པ་སྣ་ཚོགས་པ་དང་སྣ་ཚོགས་པ་

เล่ม ๒๐๙ · หน้า 100b

མ་ཡིན་པ་འདི་ལྟར་ཐ་དད་དེ། སྲ་བ་ལ་སོགས་པ་མིག་གིས་གཟུང་བར་བྱ་བ་མ་ཡིན་ཞིང་ཁ་དོག་ལ་སོགས་པ་ཡང་ལུས་ཀྱིས་མ་ཡིན་ནོ། །ཨཻ་ཧྱེ་ཏཾ་ན་གི་ཧྲི་ཏ་མི་བྱེ་ཀེ། ཁ་དོག་ལ་སོགས་པ་རྣམས་ཀྱང་ངོ་། །དེ་ལ་འབྱུང་བ་ཙམ་ཉིད་དེ་རྣམས་ཀྱང་རྣམ་པ་སྣ་ཚོགས་པ་སོ་སོར་ངེས་པའི་

དབང་པོའི་གཟུང་བར་བྱ་བ་རྣམས་སོ། །དེ་ལ་གལ་ཏེ་ལུས་ཀྱི་དབང་པོའི་གཟུང་བར་བྱ་བའི་དབང་དུ་བྱས་ནས་བཤད་པ་ལ་སོགས་པ་རྣམས་ནི་མིག་གིས་གཟུང་བྱ་མ་ཡིན་ཏེ། དབང་པོའི་གཟུང་བྱ་གཞན་མ་ཡིན་ནོ། །ཁ་དོག་ལ་སོགས་པ་རྣམས་ཀྱང་ལུས་ཀྱིས་མ་ཡིན་ནོ། །ཨི་ཏྱེ་ཏཏྤ་རེ་ཎཱ་བྷྻུ་པ་

གམྱ་ཏ་ཨེ་བ་ན་ཏྭེ་ཏཱ་པ་ཏཱ། གཟུགས་ལ་སོགས་པ་འབྱུང་བའི་བདག་ཉིད་དགག་པར་འགྱུར་རོ། །རིགས་གཅིག་ལ་ཡང་སྣ་ཚོགས་པ་མཐོང་སྟེ་ཚོར་བ་ལ་སོགས་པ་བཞིན་ནོ། །དཔེར་ན་ཚོར་བ་ཁ་ཅིག་ནི་ཕན་འདོགས་པ་དང་། ཁ་ཅིག་ནི་གནོད་པ་དང་། ཁ་ཅིག་རྣམ་པ་གཉིས་ཀ་ཡིན་པ་ལྟ་བུའོ། །

གང་བཤད་པའི་དཀར་པོ་པྲ་བི་ར་ལ་སོགས་པ་མཚོན་པའི་དོན་དུ་ཁ་དོག་ལ་སོགས་པ་རྣམས་ལ་ཞེས་བྱ་བ་དེ་ལ་འབྱུང་བ་རྣམས་ཀྱི་མཆོག་དང་ཐ་མའི་དབྱེ་བས་དཀར་པོ་ལ་སོགས་པའི་དབྱེ་བ་བཤད་ཅེས་བྱ་སྟེ། འབྱུང་བ་ཚོགས་པའི་བདག་ཉིད་ཀྱི་གཟུགས་ལ་སོགས་པ་རྣམས་སོ་ཞེས་དགོངས་

པའོ། །དེ་ལ་ནི་ད་མུ་ཏྟ་ར་ས་ཏྱཾ་ཁ་དོག་ལ་སོགས་པ་རྣམས་ལ་ཡོད་པ་འབྱུང་བ་རྣམས་ལ་ནི་བཱཪྻ་སུ་ནར་ཁ་དོག་ལ་སོགས་པའི་འབྱུང་བ་རྣམས་ཉིད་ཅེས་རྒྱུ་མངོན་པར་བརྗོད་པའི་ཕྱིར་རོ། །གང་བཤད་པའི་མདོ་ལ་མི་བརྟེན་པ་དང་བརྟེན་པའི་དབྱེ་བའི་དབང་དུ་བྱས་ནས་ན་བྱ་ཧཱ་ནྱ་ཏེ། གང་གི་ཕྱིར་

རྒྱུར་བྱས་པའི་གཟུགས་ཀྱི་རང་བཞིན་རྣམས་འབྱུང་བ་རྣམས་བརྟེན་པ་དང་། རེག་བྱ་བཅུ་གཅིག་པ་བསྡུས་པ་རྣམས་མ་བརྟེན་པ་རྣམས་སོ་ཞེས་པ་འདི་ལ་ཡང་ལན་དུ་མི་སྦྱར་རོ། །དེ་ནི་འདོད་པ་ཙམ་སྟེ། གཞི་ཉིད་དང་སྲ་བ་ཉིད་དང་སོགས་ངེས་པར་གཟུང་བའི་ཕྱིར་རོ། །དེ་ལྟར་

རྒྱུ་ཅིས་གཞན་ལ་མི་བརྟེན་པ་ཉིད་ཅེ་ན། འབྱུང་བ་ཆེན་པོའི་དབང་དུ་བྱས་ནས་གསུངས་པར་ཁས་བླང་བར་བྱའོ་ཞེས་སོ། །གཟུགས་ཅན་བཅུ་ནི་བསགས་པའོ། །ཞེས་བྱ་བ་ལ་གཟུགས་ཅན་བཅུ་ཁོ་ན་བསགས་པ་ཞེས་བྱ་བར་ངེས་པར་གཟུང་བ་ཉིད་ཀྱིས་གཞན་བརྒྱད་བསགས་པ་མ་ཡིན་

เล่ม ๒๐๙ · หน้า 101a

པ་ཞེས་བྱ་བར་རྟོགས་སོ། །ཡང་ཇི་ལྟར་ན་དེ་དག་བསགས་པ་ཡིན་ཞེ་ན། དེའི་ཕྱིར་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་གཟུང་ངོ་། །གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་མི་མཁས་པ་བཞི་ཡིན། །ཞེས་བྱ་བ་ལ་ཕྱི་རོལ་སྨོས་པ་ནི་ནང་གི་ཁམས་

བསལ་བར་བྱ་བའི་ཕྱིར་རོ། །བཞི་སྨོས་པ་ནི་སྒྲ་དང་ཆོས་ཀྱི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །དགྲ་སྟ་དང་ཤིང་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ལ། སོགས་པའི་སྒྲ་ནི་རེ་རེ་དང་སྦྱར་བར་བྱའོ། །དགྲ་སྟ་དང་རལ་གྲི་ཞེས་བྱ་བ་ལ་སོགས་པ་ནི་གཅོད་པར་བྱེད་པའོ། །ཤིང་

དང་རྩྭ་དང་ལུས་ཞེས་བྱ་བ་ལ་སོགས་པ་ནི་གཅད་པར་བྱའོ། །འདིར་དང་གི་སྒྲ་ནི་གཉིས་ཆར་ལ་གཉིས་ཀ་བསྟན་པའི་དོན་ཏོ། །འདིར་ནི་གྲགས་པའི་དབང་གིས་ཐ་དད་ཕྱིར་དཔེར་བརྗོད་དོ། །སོ་སོ་བ་གཉིས་སུ་མེད་པར་མངོན་པར་སྦྱར་བ་ལ་སྐྱོན་མེད་དོ། །ཉིད་ཅེས་བྱ་བ་ནི་ངེས་པར་

གཟུང་བའི་དོན་ཏོ། །ཕྱི་རོལ་གྱི་ཁོ་ནའོ་སྙམ་དུ་དགོངས་སོ། །བདག་ཉིད་དུ་རེད་མ་ཐག་ཏུ་འཇིགས་པའི་འདུ་ཤེས་ཐམས་ཅད་ལ་བྱ་བ་མེད་པས་གཅོད་པ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན་ཞེས་བྱ་བ་ནི། ཡང་ན་སྐད་ཅིག་མ་ཉིད་ཀྱི་ཕྱིར་གཅད་པར་བྱ་བ་དང་གཅོད་པར་བྱེད་པ་མེད་ན་གཅོད་

པ་ཞེས་བྱ་བའི་ཆོས་ཅི་ཞིག་ཅེས་བྱ་བའོ། །འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་རྣམ་པར་འབྱེད་པ་སྐྱེད་པའོ་ཞེས་བྱ་བ་ལ་འབྲེལ་པ་སྐྱེད་པ་ནི་གཅད་པར་བྱ་བ་ཞེས་བྱའོ། །གཅོད་པ་ཞེས་བྱ་བ་གཅད་པར་བྱ་བའི་རྒྱུན་ལས་དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་གཅིག་

ལ་རྣམ་པར་འབྱེད་པ་སྐྱེ་བ་མེད་པའི་ཕྱིར་དང་། འབྲེལ་པ་དང་རྣམ་པར་འབྱེད་པའི་དུས་གཉིས་ཀྱང་རྫས་ཀྱི་སྐད་ཅིག་གཅིག་ལ་མི་སྲིད་པས་འདུས་པའི་རྒྱུན་ལ་ཞེས་བྱ་བ་སྨོས་སོ། །ལུས་ཀྱི་དབང་པོ་ལ་སོགས་པ་ནི་གཅད་པར་བྱ་བ་མ་ཡིན་ཞེས་བྱ་བ་ལ། ལུས་ཀྱི་དབང་པོ་ལ་སོགས་པ་

དག་ལ་ནི་རྣམ་པ་དེ་ལྟ་བུའི་གཅོད་པ་དེ་མི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡན་ལག་མ་ལུས་པར་བཅད་ན་དེ་དག་ལ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །མ་ལུས་པ་སྨོས་པ་ནི་ཡན་ལག་འཕྲོ་དང་བཅས་པ་བཅད་ན་དབང་པོ་ལ་རྣམ་པར་དབྱེ་བ་མཐོང་བའི་ཕྱིར་རོ། །འདི་ལ་ཡང་ཚིག་ཙམ་གྱིས་དད་པར་

เล่ม ๒๐๙ · หน้า 101b

མི་འགྱུར་རོ་ཞེ་ན། དེའི་ཕྱིར་དབང་པོ་རྣམས་ལ་ནི་གཉིས་སུ་འགྱུར་བ་མེད་དོ་ཞེས་བྱ་བ་གསུངས་སོ། །ནིའི་སྒྲ་ནི་དབང་པོ་རྣམས་ནི་གཅོད་པར་བྱེད་པའི་རྐྱེན་གྱིས་རྣམ་པ་གཉིས་སུ་བྱར་མི་ནུས་པ་ཉིད་དོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །དེ་ཉིད་ལ་རྒྱུ་སྨྲས་པ། བཅས་པའི་ཡན་ལག་

ལ་དབང་པོ་མེད་པའི་ཕྱིར་རོ། །དེ་ཡང་ཡན་ལག་དེས་ཡུལ་འཛིན་པ་ལ་ཤེས་ཏེ། འདི་ནི་རབ་ཏུ་གྲགས་པས་མ་བཤད་དོ། །དེ་ལྟ་ན་གལ་ཏེ་སྣའི་རྩེ་མོ་བཅད་པ་སླར་སྦྱར་བ་ལུས་ཀྱི་རྣམ་པར་ཤེས་པ་ཇི་ལྟར་བསྐྱེད་ཅེ་ན། རྒྱས་པ་ལས་བྱུང་བའི་དབང་པོ་སྐྱེ་བའི་ཕྱིར་ཉེས་པ་མེད་དེ། འདིས་

ནི་དུད་འགྲོའི་ཁྱད་པར་འགའ་ཞིག་གི་མཇུག་མ་བཅད་པ་སླར་སྐྱེ་བ་ཡང་རྣམ་པར་བཤད་པ་ཡིན་ནོ། །གཅོད་པར་བྱེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། དང་བའི་མཚན་ཉིད་ཅན་རྣམས་ནི་ནོར་བུའི་འོད་བཞིན་དུ་དང་བའི་ཕྱིར་རོ། །ནོར་བུའི་འོད་ནི་གཅད་པར་བྱ་བ་མ་ཡིན་ཏེ། ནོར་བུ་མ་

ལུས་པར་བཅད་ན་དེ་གཉིས་སུ་མེད་པའི་ཕྱིར་ཏེ། འདི་ནི་ངེས་པར་གཟུང་བ་ལས་རྙེད་པར་འགྱུར་རོ། །སྒྲ་ཡང་མ་ཡིན་ཏེ་ཆད་པའི་ཕྱིར་རོ་ཞེས་བྱ་བ་ལ། གཟུགས་ལ་སོགས་པ་དང་ལྷན་ཅིག་རྒྱུན་མི་འཇུག་པས་དེའི་ཕྱིར་འདི་ལ་དྲུག་མཚན་འདི་དག་ཡོད་པ་མ་ཡིན་ནོ། །བསྲེག་པ་

ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། རྒྱུའི་རྒྱུན་ལས་མེ་ལ་སོགས་པའི་རྐྱེན་གྱི་རྒྱུ་ཅན་འབྲས་བུ་མི་འདྲ་བ་སྐྱེ་བའོ། །དབང་པོ་རྣམས་ནི་མ་ཡིན་ཏེ་དང་བའི་ཕྱིར་རོ་ཞེས་བྱ་བ་ལ། དང་བའི་ཕྱིར་དེ་ཥཱ་མ་གྣིདྷ་རེ་བ་བྱཱནྣ་བི་ཀཱ་རོ་བི་ཀཱ་རཤྩ་དཱ་ཧ། བསྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་བྱ་བ་ལ།

ཨ་ཀྵེ་པ་པ་ད་མ་གཅོད་པ་ལ་སོགས་པ་རྣམས་ལ་ཡང་འབྱུང་བ་གཙོ་བོ་ལ་རྣམ་པར་དཔྱད་པར་བྱ་བས་ན་ཁམས་བཞི་པོ་ཁོ་ན་གཅོད་པར་བྱེད་པའོ། །ན་གྭ་ཙི་ཏེ་ཀ་བྱ་ཙི་ཏ་ནུས་པ་མཐོང་བའི་ཕྱིར་རོ། །དེ་ལ་སྲ་བ་ལ་སོགས་པ་རྣམས་ན་རེ་ཞིག་དགྲ་སྟ་དང་རླུང་གི་རྒྱུ་དང་མེ་དང་རླུང་གི་ཕུང་པོ་

རྣམ་པར་ཤེས་པ་ལ་ཚ་བར་འདུག་པ་སྟེ། ཤིང་དང་རི་བོ་དང་བུད་ཤིང་དང་ཡལ་ག་ལ་སོགས་པ་རྣམ་པ་གཉིས་ཀྱི་དངོས་པོར་ནུས་པ་མཐོང་བས་སོ། །རོ་ལ་སོགས་པ་རྣམས་ལ་ཡང་སྟེ། ཕྱེ་དང་རྒྱ་སྲན་ཀུ་ལཏྠ་ལ་སོགས་པ་མཉམ་པར་བསགས་པ་ལས་རྒྱམ་ཚ་དང་རྡོ་བ་ལ་སོགས་

เล่ม ๒๐๙ · หน้า 102a

པ་གཅོད་པས་སོ། །དེ་ལ་སྲ་བ་ལ་སོགས་པ་རྣམས་ཀྱིས་བྱས་པ་ཁོ་ན་གཅད་པ་ཞེས་བྱ་བ་རིགས་པ་མ་ཡིན་ཏེ། དེ་ཉིད་ལས་གཞན་པ་སྲ་བ་ལ་སོགས་པ་རྣམས་ཀྱིས་མ་བཅད་པའི་ཕྱིར་རོ། །སྲ་བ་ལ་སོགས་པ་རྣམས་ནི་རང་བཞིན་དང་ཁྱད་པར་འགའ་ཡང་

མེད་དོ། །རོ་ལ་སོགས་པ་རྣམས་ཇི་ལྟ་བ་དེ་ཉིད་ཀྱང་སྲེག་པར་བྱེད་དེ། མེ་དང་ཕྲད་པ་ལས་དུ་བ་ལ་སོགས་པའི་རྣམ་འགྱུར་རྣམས་ཀྱིས་སོ། །དེ་ཡང་ལག་པས་འཇལ་བ་སོགས་བྱེད་པས་ན་གཞལ་བའོ། །བསྲེག་པ་དང་གཞལ་བ་དག་ལ་མི་མཐུན་པར་སྨྲ་བ་ནི་རིགས་ཏེ། ཕྱོགས་

གཉིས་ཀ་རིག་པར་མཐོང་བའི་ཕྱིར་རོ། །ཁ་ཅིག་ན་རེ་མེའི་ཁམས་ཤས་ཆེ་བར་འཇུག་པ་ཁོ་ན་སྲེག་པར་བྱེད་པ་ཉིད་ཡིན་ཏེ། མེའི་ཁམས་ཉིད་སྨིན་པར་བྱེད་པ་ཡིན་པའི་ཕྱིར་དང་། སའི་ཁམས་ལ་སོགས་པའི་བྱེད་པ་གཞན་དང་ལྡན་པའི་ཕྱིར་དང་། སའི་ཕུང་པོ་ལ་སོགས་པ་

རྣམས་ཀྱིས་སྲེག་པ་མི་སྲིད་པའི་ཕྱིར་དང་འབྱུང་བ་གཞན་ཟིལ་གྱིས་མནན་ནས་མེའི་ཁམས་ཀྱི་བྱ་བ་ཐོབ་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་ཕྱི་རོལ་གྱི་ཁམས་བཞི་པོ་འབྱུང་བ་མེ་ཤས་ཆེ་བ་ཁོ་ན་སྲེག་པར་བྱེད་དེ། གལ་ཏེ་མེའི་ཁམས་ཁོ་ན་སྲེག་པར་བྱེད་ན་ནི་ལྷན་ཅིག་ཏུ་གྱུར་པའི་

འབྱུང་བ་རྣམས་དང་། དེ་དག་ལ་བརྟེན་པ་རྒྱུར་བྱས་པའི་གཟུགས་ཀྱང་སྲེག་པར་བྱེད་པར་འགྱུར་ཞིང་། ཁམས་བཞི་པོ་ཐམས་ཅད་ཉིད་སྲེག་པ་ཞེས་བྱ་བ་རྣམ་པར་འགྱུར་བའི་རྒྱུ་ཡིན་གྱི། མེའི་ཁམས་ཁོ་ན་ནི་སྲེག་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །ཕྱི་རོལ་གྱི་ཁམས་བཞི་པོ་ཉིད་

གཞལ་བ་ལ་ནི་མཐའ་དག་སྲང་མགོ་དམའ་བའི་རྒྱུ་ཡིན་པའི་ཕྱིར་ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ཏེ། ཡང་བ་རྣམས་ལ་སྲང་མགོ་དམའ་བའི་རྒྱུ་མི་སྲིད་པའི་ཕྱིར་རོ། །ལྕི་བ་ཉིད་ཀྱི་ལྷན་ཅིག་བྱེད་པ་དང་ལྡན་པའི་རྫས་རྣམས་སྲང་མགོ་དམའ་བའི་རྒྱུ་ཉིད་དུ་སྨྲའི་ཡང་བ་ཉིད་ཀྱི་ལྷན་ཅིག་

བྱེད་པ་དང་ལྡན་པ་རྣམས་ནི་མ་ཡིན་ཏེ། དེ་ལྟ་ན་ཡང་དེར་ལྕི་བ་ཉིད་ནུས་པ་དང་ལྡན་པར་འདོད་དོ་ཞེས་དེ་ལྟར་བསམ་པར་བྱའོ། །རྣམ་པར་སྨིན་ལས་སྐྱེས་པ་དང་། །རྒྱས་ལས་བྱུང་བ་ནང་གི་ལྔ། །ཞེས་བྱ་བ་ལ། ལྔ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །ནང་གི་

เล่ม ๒๐๙ · หน้า 102b

ཞེས་བྱ་བ་ནི་ཡུལ་གྱི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །འདིར་ཡང་ནང་གི་ལྔ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བའོ་ཞེས་ངེས་པར་གཟུང་བར་བྱའོ། །འདི་གང་ལས་ཤེ་ན་གང་གི་ཕྱིར་རྒྱུ་མཐུན་པ་ནི་མེད་དོ་ཞེས་གསུངས་པས་སོ། །གལ་ཏེ་མིག་ལ་སོགས་

པ་ལྔར་སྐྱེས་པ་རྣམས་ནི་མིག་ལ་སོགས་པ་ཕྱིས་སྐྱེས་པ་རྣམས་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུས་རྒྱུ་མ་ཡིན་ནམ། རྒྱུ་མཐུན་པ་ཡང་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་ཡིན་ནོ་ཞེ་ན། ཇི་ལྟར་རྒྱུ་མཐུན་དུ་ཡོད་པ་མ་ཡིན་པ་དེ་ལས་ཐ་དད་པའི་རྒྱུ་མཐུན་མེད་པའི་ཕྱིར་ཡོད་པ་

མ་ཡིན་ཞེས་བཤད་ཀྱིས་མེད་པ་ནི་མ་ཡིན་ཏེ། ཇི་ལྟར་རྣམ་པར་སྨིན་པ་ལས་ཐ་དད་པའི་རྒྱས་པ་ལས་བྱུང་བ་ཡོད་པ་དང་རྒྱས་པ་ལས་བྱུང་བ་ལས་ཐ་དད་པའི་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ། ཇི་ལྟར་ཤི་བ་ལ་རྒྱུ་མཐུན་པ་ལས་བྱུང་བའི་གཟུགས་ལ་སོགས་པ་དམིགས་པ་དེ་བཞིན་

དུ་དེ་དག་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱུ་མཐུན་པ་ནི་དེ་ལས་ཐ་དད་པར་དམིགས་པ་མེད་དེ། དེའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་མ་གཏོགས་པའི་རྒྱུ་མཐུན་པ་མེད་པའི་ཕྱིར་མིག་ལ་སོགས་པ་ལ་རྒྱུ་མཐུན་པ་ལས་བྱུང་བ་མེད་པར་བཤད་དོ། །ལས་

ཀྱི་རྣམ་པ་ཞེས་བཤད་པ་དེའི་འབྲས་བུ་མི་འདྲ་བར་སྨིན་པས་ན་རྣམ་པར་སྨིན་པའོ། །གལ་ཏེ་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པ་གཞན་དང་འབྲེལ་བ་མ་ཡིན་ན། ཇི་ལྟར་དེ་དག་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །

འོ་ན་ཅི་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ་བར་གྱི་ཚིག་མི་མངོན་པར་བྱས་པའོ། །འབྲས་བུའི་དུས་སུ་ཕྱིན་པའི་ངག་གི་ལས་ནི་ཞེས་བྱ་བ་ལ། དུས་གང་གི་ཚེ་བར་མེད་པར་ལས་ལས་འབྲས་བུ་སྐྱེ་བ་ནི་འབྲས་བུའི་དུས་ཏེ། དེ་ཚེ་ལས་དེ་རྣམ་

པར་སྨིན་པར་འགྱུར་བས་རྣམ་པར་སྨིན་པ་ཞེས་བྱའོ། །འདི་སྐད་བསྟན་པར་འགྱུར་ཏེ་བར་མེད་པར་འབྲས་བུ་བསྐྱེད་པར་རུང་བའི་ལས་ལས་སྐྱེས་པས་ན་རྣམ་པར་སྨིན་པ་ལས་སྐྱེས་པའོ། །གལ་ཏེ་འབྲས་བུ་ལ་མངོན་དུ་ཕྱོགས་པའི་ལས་རྣམ་པར་སྨིན་པར་འགྱུར་བས་རྣམ་

เล่ม ๒๐๙ · หน้า 103a

པར་སྨིན་པ་ཡིན་ན། འོ་ན་འབྲས་བུ་ཇི་ལྟར་རྣམ་པར་སྨིན་པ་ཡིན་ཞེ་ན། དེའི་ཕྱིར་འབྲས་བུ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་པས་རྣམ་པར་སྨིན་པའོ་ཞེས་བྱ་བ་གསུངས་སོ། །རྣམ་པར་སྨིན་པ་དང་བྲལ་བའི་རྒྱུ་ལ་སྨིན་པས་རྣམ་པར་སྨིན་པའོ། །གཞན་དག་ན་རེ།

རྣམ་པར་སྨིན་པ་ལས་སྐྱེས་པས་རྣམ་པར་སྨིན་པའོ་ཞེས་ཟེར་རོ། །རྒྱས་པ་ལ་ཡོད་པ་ནི་རྒྱས་པ་ལས་བྱུང་བ་དག་སྟེ་སྡེ་ཚན་བཞིན་ནོ། །ཡང་ན་རྒྱས་པ་ཉིད་རྒྱས་པ་ལས་བྱུང་བ་དག་སྟེ་རང་གི་དོན་ལ་འཕེལ་བ་བྱས་པའི་སྒྲ་འདུལ་བ་པ་ཞེས་པ་ལྟ་བུའོ། །ལེགས་པར་བྱ་བ་ནི་ཁྲུས་

དང་བསྐུ་མཉེ་དང་འབད་རྩོལ་དང་བསྐུ་བྱུག་ལ་སོགས་པའོ། །ཁྱད་པར་གྱི་སྒྲ་ནི་རེ་རེ་དང་སྦྱར་རོ། །ཟས་ལ་སོགས་པ་ཡོད་ཀྱང་མི་ཚངས་པར་སྤྱོད་པས་རྒྱས་པ་ལས་བྱུང་བ་ལ་གནོད་པར་མཐོང་བའི་ཕྱིར་རོ། །ཚངས་པར་སྤྱོད་པས་ནི་མི་གནོད་པ་ཙམ་དུ་ཟད་ཀྱི། རྒྱས་པ་ནི་ཟས་

ལ་སོགས་པ་དག་ཁོ་ནས་ཡིན་ནོ། །ཟས་ལ་སོགས་པ་དག་ནི་རྣམ་པར་སྨིན་པ་ལ་ཕན་འདོགས་པར་བྱེད་དེ། དེ་ཉིད་ཀྱི་ཕྱིར་རྒྱས་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུད་ལ་ཕྱིར་བཞིན་དུ་ཀུན་ཏུ་བསྲུང་ངོ་ཞེས་བྱ་བ་གསུངས་སོ། །རྣམ་པར་སྨིན་པའི་རྒྱུད་ནི་འགྲོ་བ་ལ་སོགས་པའི་བྱ་

བ་ལ་ནུས་པ་མེད་པའི་ཕྱིར་སྟོབས་ཆུང་བ་ཡིན་ལ། རྒྱས་པའི་རྒྱུད་ནི་སྟོབས་ཆུང་བ་རི་བོ་དང་འདྲ་བ་དེ་གནས་པར་བྱ་བའི་ཕྱིར་ཕྱིའི་རི་བོ་དང་འདྲ་བར་འགྱུར་རོ། །རྒྱས་པ་ལས་བྱུང་བ་མེད་པར་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མེད་ཀྱི། རྣམ་པར་སྨིན་པ་ལས་སྐྱེས་པ་མེད་པར་རྒྱས་པ་

ལས་བྱུང་བ་ནི་ཡོད་པར་འགྱུར་ཏེ་དཔེར་ན་ལྷའི་མིག་བཞིན་ནོ། །རྣམ་པར་སྨིན་པ་ལས་བྱུང་བ་ཁོ་ན་བཀག་པས། སྒྲ་ནི་རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་ཏེ། མགྲིན་པ་ལ་སོགས་པའི་འབྱུང་བ་ཆེན་པོ་རྒྱས་པ་ལས་བྱུང་བ་

དང་ཐ་མི་དད་པར་འདུག་པའི་སྒྲ་ནི་རྒྱས་པ་ལས་བྱུང་བའོ། །རྒྱུ་མཐུན་པ་ལས་བྱུང་བའི་བྱུང་བ་དང་ཐ་མི་དད་པར་འདུག་པ་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །སྒྲ་ནི་རྣམ་སྨིན་ལས་སྐྱེད་མིན། །ཞེས་བྱ་བ་ལ་ཚིག་ཙམ་གྱིས་འདོད་པ་མི་འགྲུབ་པས་དེའི་རྒྱུ་དྲིས་པ་དང་། འདོད་དགུར་འབྱུང་བའི་

เล่ม ๒๐๙ · หน้า 103b

ཕྱིར་རོ་ཞེས་གསུངས་ཏེ། མིག་ལ་སོགས་པ་རྣམ་པར་སྨིན་པ་ཅན་ནི་འདོད་ཀྱང་མི་འབྱུང་ལ་མི་འདོད་ཀྱང་འབྱུང་གི་སྒྲ་ནི་དེ་ལྟ་བུ་མ་ཡིན་ཏེ། བརྗོད་པར་འདོད་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་ནི་རྣམ་པར་ཆད་ནས་ཡང་སྐྱེ་བ་ཡང་མ་ཡིན་ན།

སྒྲ་ནི་སྐྱེ་བ་ཡང་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པའི་ཆོས་ལས་འདས་པའི་ཕྱིར་སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །བསྟན་བཅོས་དང་འགལ་བ་བརྗོད་པའི་ཕྱིར། འོ་ན་གང་བསྟན་བཅོས་བཏགས་པ་ལས་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། འགྲུབ་པ་བདེན་མོད་ཀྱི་འདི་

ནི་རྣམ་པར་སྨིན་པ་མ་ཡིན་པས་བསྟན་བཅོས་དང་འགལ་བ་མེད་དོ། །འོ་ན་ཅི་ཡིན་ཞེ་ན། ཁ་ཅིག་ན་རེ་བརྒྱུད་པ་འདི་ནི་གསུམ་པ་ཡིན་ཏེ། དེ་ལྟ་ན་ཚིག་རྩུབ་པོ་སྤོང་བ་སྒྲའི་རྒྱུའི་རྒྱུ་ཡིན་གྱི་དངོས་སུ་མ་ཡིན་ལ། སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དེ་ལྟར་ཡང་མ་ཡིན་ནོ་ཞེས་ཟེར་རོ། །

ཁ་ཅིག་ན་རེ་གང་གི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་རྣམ་པར་སྨིན་པ་ལས་སྐྱེས་པ་སྐྱེ་བར་མི་རིགས་ཏེ། དེའི་ཕྱིར་བརྒྱུད་པ་འདི་ནི་བཞི་པའམ་ལྔ་པ་ཡིན་ཏེ། ཟས་དང་ལེགས་པར་བྱ་བའི་ཁྱད་པར་དག་གིས་བསྐྱེད་ཀྱང་རྣམ་པར་སྨིན་པ་ལས་སྐྱེས་པའི་འབྱུང་བ་རྣམས་ལ་བརྟེན་ནས་

སྐྱེ་བ་དེ་དག་ལས་རྒྱས་པ་ལས་བྱུང་བ་རྣམས་ཏེ་ཞེས་བརྗོད་དོ། །དེ་དག་ལ་ནི་རྒྱུ་མཐུན་པ་ལས་བྱུང་བ་རྣམས་ཏེ། དེ་རྣམས་ནི་དེ་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་ལ་ནི་སྒྲའོ་ཞེས་ཟེར་རོ། །རྒྱས་པ་ལས་བྱུང་བ་རྣམས་ལ་རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་

པ་ལས་བྱུང་བ་རྣམས་ལ་རྒྱུ་མཐུན་པ་ལས་བྱུང་བ་དང་། གང་གི་ཕྱིར་འབྱུང་བ་ལ་ལྟོས་པར་སྒྲའི་གནས་སྐབས་ཇི་ལྟ་བ་ལས་ལུང་དུ་མ་བསྟན་པ་ལས་དགེ་བ་དང་མི་དགེ་བ་དང་། ཟིན་པ་རྣམས་ལ་མ་ཟིན་པ་དང་། ལུས་ཀྱི་དབང་པོའི་ཡུལ་རྣམས་ལ་རྣ་བའི་དབང་པོའི་ཡུལ་དང་། དེ་བཞིན་

དུ་རྣམ་པར་སྨིན་པ་ལས་སྐྱེས་པ་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་པ་རྣམས་སུ་འགྱུར་རོ། །དེ་ལྟ་ན་འོ་ན་ལུས་ཀྱི་ཚོར་བ་ཡང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། དེ་ལ་གང་ཞིག་དངོས་ཀྱི་ལས་ཀྱི་འབྲས་བུ་ཡིན་པ་དེ་ནི་རྣམ་པར་སྨིན་པར་འགྱུར་གྱི། ལས་ལས་སྐྱེས་པའི་འབྱུང་བ་ལས་སྐྱེས་

เล่ม ๒๐๙ · หน้า 104a

པ་ནི་མ་ཡིན་ཏེ། སྒྲ་བཞིན་ནོ་སྙམ་དུ་དགོངས་སོ། །གལ་ཏེ་སྒྲ་བཞིན་དུ་རིགས་པ་དང་འགལ་བར་འགྱུར་ན་ཞེས་བྱ་བ་ལ། རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ལས་ལས་སྐྱེས་པའི་འབྱུང་བ་ལས་བྱུང་བ་ཉིད་རྣམ་པར་སྨིན་པའི་མཚན་

ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཇི་སྐད་བཤད་པ་འདོད་ཀྱང་མི་འབྱུང་ལ་མི་འདོད་ཀྱང་འབྱུང་བ་འདི་རྣམ་པར་སྨིན་པའི་མཚན་ཉིད་དེ། ལས་ཀྱི་འབྱུང་བ་ལས་བྱུང་བའི་ཚོར་བ་ལ་ནི་མི་འགལ་ཏེ་མིག་ལ་སོགས་པ་བཞིན་ནོ། །སྒྲ་ལ་ནི་མི་སྲིད་དེ་འདི་དེ་དགུར་འབྱུང་བའི་ཕྱིར་རོ། །

དེ་ལ་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ཉེ་བར་འདུས་པ་མེད་ཀྱང་འབྱུང་ཞིང་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ལོག་ཀྱང་མི་ལྡོག་པའི་ཚོར་བ་བདེ་བ་དང་སྡུག་བསྔལ་དེ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ལ། གང་ཞིག་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཉེ་བར་ཚོགས་པ་ལས་

བྱུང་ཞིང་། དེ་མེད་ན་མི་འབྱུང་བ་དེ་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །སློབ་དཔོན་འདུས་བཟང་ན་རེ། ལུས་ཀྱི་ཚོར་བ་ཐམས་ཅད་ལས་ལས་སྐྱེས་པ་དང་འབྱུང་བ་རྒྱུ་མཐུན་པ་མ་ཡིན་ཞིང་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མ་ཡིན་ལ། འབྱུང་བ་ལས་ཐ་དད་པ་རྣམས་ཀྱང་རྣམ་པར་སྨིན་

པ་ལས་སྐྱེས་པ་མ་ཡིན་ཏེ། དེ་བསྐྱེད་པའི་རྒྱུ་མཚན་གྱི་ཕྱིར་རོ། །ལུས་དང་རེག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་ལུས་ཀྱི་ཚོར་བ་དེ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་འབྱུང་བའི་རྒྱུ་རྐྱེན་ཁོ་ནའོ། །དེ་གལ་ཏེ་རྣམ་པར་སྨིན་པ་ཡོངས་སུ་རྟོག་ན་རྣམ་པར་སྨིན་པའི་

ཆོས་ལས་འདས་པར་འགལ་ལོ། །རྣམ་པར་སྨིན་པ་མ་ཡིན་པ་ལ་ནི་འགལ་བ་མེད་དོ་ཞེས་ཟེར་རོ། །དེ་ལ་གང་གི་ཕྱིར་རྣམ་པར་སྨིན་པའི་ཆོས་ལས་འདས་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བ་འདི་ཉིད་སྦྱར་གྱི་ལྷག་མ་ནི་མ་སྦྱར་བའི་ཕྱིར་གཞུང་ཁ་བསྐང་བའི་ཆེད་ཁོ་ནར་

གསུངས་པ་མཚོན་པར་བྱ་སྟེ་གཞན་རྣམ་གསུམ་ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་ཅེས་བྱ་བ་ལ། རྒྱུ་མཐུན་པ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱའོ། །གང་དག་སྐལ་བ་

เล่ม ๒๐๙ · หน้า 104b

མཉམ་པ་དང་། ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་ཅིང་རྣམ་པར་སྨིན་པ་ལས་ཐ་དད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །གང་དག་རྣམ་པར་སྨིན་པ་རྒྱུས་བསྐྱེད་པ་དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །དེ་ལ་ཆོས་ཀུན་ནས་ཉོན་མོངས་པ་ཅན་གང་དག་ཀུན་ཏུ་འགྲོ་བའི་

རྒྱུས་བསྐྱེད་པ་དེ་དག་ནི་སྐལ་བ་མཉམ་པའི་རྒྱུས་བསྐྱེད་པ་ཡང་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པ་ཁོ་ན་ཡིན་གྱི། ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་པ་མ་ཡིན་པ་ཡང་ཡོད་དེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་སོ། །རྒྱས་པ་ལས་བྱུང་བ་རྣམས་ནི་མེད་དེ།

ཅིའི་ཕྱིར་ཞེ་ན། ཐོགས་པ་མེད་པ་རྣམས་ལ་རྒྱས་པ་མེད་པའི་ཕྱིར་རོ། །གཟུགས་ཅན་རྣམས་ཕན་ཚུན་ཐོགས་པས་བར་མཚམས་མེད་པར་གནས་པ་ལ་སོགས་པ་ཞེས་བརྗོད་དེ། འདི་ནི་ཐོགས་པ་མེད་པ་དག་ལ་མི་སྲིད་པས་དེ་དག་ལ་རྒྱས་པ་ལས་བྱུང་བ་མེད་དོ། །ཁ་ཅིག་ན་རེ་རྒྱས་

པ་ལས་བྱུང་བ་ཡོད་པ་ལ་ཡང་སྔོན་གྱི་རྒྱུའི་ནུས་པའི་མཐུ་ལྷག་པ་ལས་ཆེས་རྒྱས་པར་སྐྱེའོ་ཞེས་ཟེར་རོ། །གཟུགས་ཅན་རྣམས་ལ་ཡང་འཕེལ་བ་དང་ཁྱད་པར་དུ་འཕགས་པ་དང་ཡང་བ་ཞེས་བཤད་པ་དེ་ནི་རྒྱུ་མཐུན་པ་བཞིན་དུ་ལྡན་པའོ། །གང་ཞིག་སྔོན་གྱི་རྒྱུའི་ནུས་པའི་མཐུ་ལྷག་པ་

ལས་བྱུང་བ་ནི་རྒྱུ་མཐུན་པ་ཉིད་ལ་ཡང་དེ་ལྟར་བཤད་དོ། །སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུའི་སྒོ་ནས་སྐྱེས་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དང་རྒྱུ་མཐུན་པ་ལས་བྱུང་བའི་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རྒྱས་པ་ལས་བྱུང་བ་ཡོད་ཀྱང་རྡུལ་ཕྲ་རབ་བསགས་པ་མེད་པའི་ཕྱིར་རྒྱས་

པ་ལས་བྱུང་བ་ཞེས་བྱ་བ་ལ་བརྗོད་དོ། །གཞན་རྣམ་གསུམ་ཞེས་བྱ་བ་ནི་རྣམ་པ་གཉིས་དང་རྣམ་པ་གཅིག་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་ངོ་། །དེ་ལ་རྣམ་པར་སྨིན་པའི་དབང་པོ་དང་ཐ་མི་དད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །རྒྱས་པ་ལས་བྱུང་བའི་དབང་པོ་དང་ཐ་མི་

དད་པར་འདུག་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དག་གོ། །ལྷག་མ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །གཟུགས་ལ་སོགས་པ་ཐུན་མོང་གི་ལོངས་སྤྱོད་རྣམས་རྣམ་པར་སྨིན་པ་ཉིད་དུ་མི་རུང་སྟེ། ཨཱཀྵེ་པ་བ་ད་པ་བྱ་ཏཱ་ནི་ཏ་སྱ་རྣམ་པར་སྨིན་པ་དང་བདག་པོའི་འབྲས་བུ་ཡང་སྟེ། འདི་

เล่ม ๒๐๙ · หน้า 105a

བདག་པོའི་འབྲས་བུ་ཉིད་ཅེས་བྱའོ། །རྣམ་པར་སྨིན་པ་ལ་ཡང་དེ་ལྟར་ཐུན་མོང་དུ་ལོངས་སྤྱད་པ་ཉིད་མི་འགལ་ལོ་ཞེ་ན། དེ་ལྟ་ན་མིག་ལ་སོགས་པ་རྣམས་ལ་ཡང་ཐལ་བར་འགྱུར་རོ། །འདོད་པ་ཉིད་དོ་ཞེ་ན། ཤ་ཟ་ལ་སོགས་པ་ཞུགས་པའི་མིག་ལ་

སོགས་པས་མཐོང་བ་ལ་སོགས་པ་འདི་ཡང་གཞན་གྱི་རྐྱེན་གྱིས་གྲུབ་པས་རང་གི་གྲུབ་པའི་མཐའ་དང་འགལ་ལོ། །ཅི་ལྟར་གཞན་གྱི་མིག་གིས་གཞན་ལ་མཐོང་བ་བྱེད་པར་འགྱུར། གང་བཤད་པ་གང་ཞིག་དབང་པོའི་རྟེན་དེ་དང་ཐ་མི་དད་པའི་ཚོར་བ་ནི་ལོངས་སྤྱོད་ཅེས་བྱ་སྟེ།

འདི་ལ་ཐུན་མོང་བ་མེད་དོ། །ཐུན་མོང་བའི་ལོངས་སྤྱོད་ཉིད་ནི་ཟིན་པའི་གཟུགས་ལ་སོགས་པ་རྣམས་སོ་སྙམ་པ་འདི་ལ་ཡང་ཅི་འདི་ལ་མཐོང་བ་ལ་སོགས་པ་ལ་ལོངས་སྤྱོད་དུ་འདོད་དམ། འོན་ཏེ་ཚོར་བ་ཡིན་ཞེས་པ་སྦྱར་བར་བྱའོ། །འདུས་མ་བྱས་ནི་དགེ་བ་དང་རྟག་པའི་ཕྱིར་རམ། འདུས་

བྱས་ཐམས་ཅད་ཡོངས་སུ་བོར་བས་དོན་དུ་གཉེར་བའི་ཕྱིར་སྙིང་པོ་སྟེ། གཞན་དག་ན་རེ་རྟག་པའི་ཕྱིར་སྙིང་པོ་ཉིད་རྫས་ཞེས་བྱའོ། །གསེར་ལ་སོགས་པ་བཞིན་གྱིས་ཡོད་པ་ཉིད་ཙམ་ནི་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །འདི་དག་གི་སྐད་ཅིག་མ་ལ་ནི་རྒྱུ་

མཐུན་པ་ཡོད་པ་མ་ཡིན་པས་སྐད་ཅིག་མ་སྟེ་གང་གི་ཕྱིར་ལམ་གྱི་སྐད་ཅིག་མ་དང་པོ་ནི་སྐལ་བ་མཉམ་པའི་རྒྱུ་མེད་པར་སྐྱེ་བས་རྒྱུ་མཐུན་ལས་བྱུང་བ་མ་ཡིན་ནོ། །འདུས་བྱས་ཀྱི་ཆོས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་

མ་ནི་སྐལ་བ་མཉམ་པའི་རྒྱུ་ལ་བལྟོས་པ་མེད་པར་སྐྱེ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ཆེས་སྟོབས་དང་ལྡན་པའི་ཕྱིར་རོ། །དེ་སྟོབས་དང་ལྡན་པ་ཉིད་ནི་འཕགས་པའི་ལམ་དང་རྣམ་པ་མཚུངས་པའི་ཆོས་དུ་མས་གསོས་བཏབ་ཅིང་དེའི་བདག་ཉིད་དུ་གྱུར་པ་ནི་དོན་དེ་ལ་རབ་ཏུ་སྦྱོར་བའི་

ཕྱིར་རོ། །རྒྱུད་གཅིག་ལ་མིག་ལ་སོགས་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་ཏེ། གཉི་གའི་བྱ་བ་མཐོང་བའི་ཕྱིར་རོ། །མིག་ལ་སོགས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཁོ་ན་སྟེ་རྒྱས་པ་ལས་བྱུང་བ་མ་ཡིན་ནོ། །སློབ་དཔོན་དཔལ་ལེན་ནི་སྒྲ་ཡང་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ།

เล่ม ๒๐๙ · หน้า 105b

གང་གི་ཕྱིར་རྒྱུ་གཞན་གྱི་རྣམ་པར་སྨིན་པའི་རང་བཞིན་རྣམས་སོ་ཞེས་ཟེར་རོ། །རྫས་སྤྱིའི་དབྱེ་བ་ལས་མིག་ལ་སོགས་པ་རྣམས་རྟེན་དང་རྒྱུད་གཅིག་ལ་རྣམ་པ་གཉིས་ཏེ་དེའི་རྒྱུའི་དབྱེ་བ་ལས་སོ། །དེ་ཉིད་ཀྱི་ཕྱིར་མིག་ལ་རྒྱུ་མཐུན་པ་ཡོད་པ་མ་ཡིན་ནོ། །དེའི་ཐ་དད་པའི་རྒྱུ་མེད་པའི་

ཕྱིར་ཞེས་བྱ་བས་འདི་ལ་གནོད་པ་མེད་དོ། །ཅི་སྟེ་སྤྱིའི་རྒྱུད་མངོན་པར་བརྗོད་པའོ་ཞེས་བྱ་བ་ནི་སྐྱོན་མེད་དོ། །མིག་གི་རྣམ་པར་ཤེས་པའི་མཚུངས་པར་ལྡན་པ་སྐྱེད་པ་དེའི་བྱ་བ་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་མེད་པ་ཉིད་དེ། མིག་དེའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་རྒྱས་པ་ལས་

བྱུང་བ་མ་ཡིན་པས་རིགས་པ་མངོན་པར་བརྗོད་པར་འདོད་པ་ནི་ལྷའི་མིག་གོ། །དེའི་རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་མེད་པར་ཐལ་བ་ལས། ནུས་པ་མེད་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་མིག་སྟེ། རྒྱས་པ་ལས་བྱུང་བ་མེད་པར་དེའི་རྣམ་པར་ཤེས་པ་སྐྱེ་བར་འདོད་ཅེས་པ་གཉི་ག་དེར་

བསྐྱེད་པ་ལས་ནུས་པ་དང་ལྡན་ནོ། །དབང་པོ་རྣམས་ནི་དེ་ལྟ་མ་ཡིན་ནོ། །གཉིས་ཁས་བླངས་པ་ལ་ཁ་ཅིག་ཆོས་ཉིད་ཀྱིས་ཡོད་དོ། །གང་བཤད་པ། རྣམ་པར་སྨིན་པ་ལས་སྐྱེས་པའི་རྒྱུའི་ཕྱིར་སྒྲ་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་སྔར་ཉིད་དུ་དེ་ལ་སོ་སོར་བྱས་ཏེ། འདོད་པའི་རྗེས་

སུ་བྱེད་པའི་ཕྱིར་ལུས་ཀྱི་རྣམ་པར་རིག་བྱེད་བཞིན་དུ་སྒྲ་ཡང་རྣམ་པར་སྨིན་པ་མ་ཡིན་ཞེས་བྱ་སྟེ། རྒྱུའི་ཆོས་ཐམས་ཅད་འབྲས་བུ་ལ་འགྱུར་བ་མ་ཡིན་ནོ། །གཞན་དུ་ན་སྒྲའི་རྒྱུ་ཉིད་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད་ཀྱིས་དེར་འགྱུར་རོ། །དེའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་

ཀྱང་རྣམ་པར་སྨིན་པ་མ་ཡིན་པ་ལས་སྐྱེ་བའི་རྒྱུ་ལ་འགལ་ལོ། །འདོད་པའི་ཁམས་ན་ཞེས་རྒྱ་ཆེར་འབྱུང་བ་ལ། ཆོས་འདས་པ་དང་མ་འོངས་པ་རྣམས་ནི་དགེ་བ་དང་ཉོན་མོངས་པ་ཅན་དང་ལྡན་ལ། ད་ལྟར་བྱུང་བ་ནི་ལུང་དུ་མ་བསྟན་པ་དང་ལྡན་པ་ཉིད་ཡིན་ཏེ། ལུང་བསྟན་མིན་ཐོབ་ལྷན་ཅིག་

སྟེ། །ཞེས་གསུངས་པའི་ཕྱིར་རོ། །འདོད་པའི་ཁམས་སྨོས་པ་ནི་གཟུགས་ཀྱི་ཁམས་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །རིམ་པ་སྨོས་པ་ནི་རྫུས་ཏེ་སྐྱེ་བ་བསལ་བའི་ཕྱིར་རོ། །གང་གི་ཕྱིར་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནི་ཉིང་མཚམས་སྦྱོར་བའི་གནས་སྐབས་ནས་བཟུང་ནས་

เล่ม ๒๐๙ · หน้า 106a

མིག་གི་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་དང་ལྡན་པ་ཁོ་ན་ཡིན་གྱི་མིག་གི་ཁམས་དང་ནི་མ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་མིག་གི་ཁམས་ཁོ་ན་དང་མི་ལྡན་པ་ལྡན་པ་འཐོབ་ཀྱི། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ནོ། །སྔར་ཁོ་ན་ནས་ལྡན་

ཟིན་པའི་ཕྱིར་རོ། །གཟུགས་མེད་པར་སྐྱེས་པ་རྣམས་གཉི་ག་དང་མི་ལྡན་པའི་ཕྱིར་གཟུགས་མེད་པ་ནས་ཤི་འཕོས་ནས་ཞེས་བཤད་དོ། །བསམ་གཏན་གཉིས་པ་ལ་སོགས་པ་སྨོས་པ་ནི། དེ་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་མེད་པའི་ཕྱིར་སྐྱེ་བ་ན་ཞེས་བྱ་བ་སྲིད་པ་བར་མའི་

གནས་སྐབས་སུ་དེ་དབང་པོ་མ་ཚང་བ་མ་ཡིན་པའི་ཕྱིར་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ལྟ་བར་བྱེད་དོ། །དེ་དག་མིག་གི་ཁམས་དང་ནི་མི་ལྡན་པ་ཡོད་པ་མ་ཡིན་ཏེ། དེ་དག་དབང་པོ་མ་ཚང་བ་མེད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་དེའི་ས་མེད་པའི་ཕྱིར་བསམ་

གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དེ། དེའི་ཕྱིར་ལྟ་བའི་ཚེ་ཁོ་ན་མིག་གི་རྣམ་པར་ཤེས་པ་དང་ལྡན་པ་འཐོབ་ཀྱི་མིག་གི་ཁམས་དང་ནི་མ་ཡིན་ནོ། །དེ་དག་ནས་ཤི་འཕོས་ནས་ས་འོག་མར་སྐྱེ་བ་ནའོ་ཞེས་བྱ་བ་ནི། བསམ་གཏན་གཉིས་པ་

ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་ནམ་འདོད་པའི་ཁམས་སུ་སྐྱེ་བ་སྟེ། དེ་ནི་མིག་གི་ཁམས་དང་ལྡན་ཟིན་པ་ཁོ་ན་ཡིན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་ཁོ་ན་དང་མི་ལྡན་པ་ལས། སྲིད་པ་བར་མ་དོའི་གནས་སྐབས་སུ་ལྡན་པ་འཐོབ་པོ། །གཟུགས་མེད་པའི་ཁམས་ནས་ཤི་

འཕོས་ནས་ཞེས་བྱ་བ་ལ། དེ་ནི་སྔར་ནས་གཉི་ག་དང་མི་ལྡན་པ་ལས་ཚངས་པའི་འཇིག་རྟེན་ནམ་འདོད་པའི་ཁམས་སུ་སྐྱེ་བ་ན་ཅིག་ཅར་ལྡན་པ་འཐོབ་པོ། །གཉི་ག་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དུ་

སྐྱེ་བ་དང་། ཚངས་པའི་འཇིག་རྟེན་ནས་དེ་ཉིད་དུ་སྐྱེ་བ་ནའོ། །འདོད་པའི་ཁམས་སུ་ཡང་མིག་ཐོབ་པ་ཉམས་པའོ། །མུ་དང་པོ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ཞེས་རྒྱ་ཆེར་འབྱུང་བ་ལ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ནི་མིག་གི་ཁམས་ཁོ་ན་དང་

เล่ม ๒๐๙ · หน้า 106b

ལྡན་གྱི་མིག་གི་རྣམ་པར་ཤེས་པ་ནི་མངོན་དུ་མི་བྱེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ཏེ་རང་གི་ས་པ་མེད་པའི་ཕྱིར་དང་བསམ་གཏན་དང་པོའི་ས་པ་ཡང་མངོན་དུ་མ་བྱས་པའི་ཕྱིར་རོ། །མུ་གཉིས་པ་ནི་འདོད་པའི་ཁམས་ན་ཞེས་རྒྱ་ཆེར་འབྱུང་སྟེ། དེ་ནི་མིག་གི་རྣམ་པར་ཤེས་པ་མ་འོངས་

པ་ཁོ་ན་དང་ལྡན་གྱི་མིག་གི་ཁམས་དང་ནི་མ་ཡིན་ནོ། །མ་ཐོབ་པ་ནི་དམུས་ལོང་ངོ་། །ཉམས་པ་ནི་མིག་ལ་གནོད་པ་བྱས་པས་ལོང་བའོ། །བསམ་གཏན་དང་པོར་སྐྱེས་པ་ནི་དེ་ན་དབང་པོ་མ་ཚང་བ་མེད་པའི་ཕྱིར་མིག་མ་ཐོབ་པ་དང་ཉམས་པ་ཞེས་མི་བྱའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་

ནི་གཟུགས་མེད་པར་སྐྱེས་པ་སྟེ་དེ་ནི་གཉི་ག་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་མིག་གི་ཁམས་དང་གཟུགས་ཀྱི་ཁམས་དག་དང་ཞེས་རྒྱ་ཆེར་འབྱུང་སྟེ། གང་མིག་གི་ཁམས་དང་མི་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་དང་ཡིན་ནམ་ཞེ་ན་འདི་ལ་ནི་མུ་བཞི་མེད་དོ། །འོ་ན་ཅི་ཞེ་ན་ཚིག་ཕྱི་མ་དང་

སྦྱོར་བ་སྟེ། གང་གཟུགས་ཀྱི་ཁམས་དང་མི་ལྡན་པ་ཐོབ་པ་དེ་མིག་གི་ཁམས་དང་ཡིན་ཏེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །མིག་གི་ཁམས་ཁོ་ན་དང་མི་ལྡན་པ་ལྡན་པ་འཐོབ་པ་ཡིན་གྱི་སྔ་ནས་ལྡན་པའི་ཕྱིར་གཟུགས་ཀྱི་

ཁམས་དང་མ་ཡིན་པ་ཡོད་དེ་རིམ་གྱིས་མིག་གི་དབང་པོ་ཐོབ་པའོ། །གང་མིག་གི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡིན་ནམ་ཞེ་ན་འདིར་ཡང་མུ་བཞི་མི་རིགས་ཏེ། འོ་ན་ཅི་ཞེ་ན་ཚིག་སྔ་མ་དང་སྦྱོར་བ་སྟེ། གང་མིག་གི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནོ། །གཟུགས་

ཀྱི་ཁམས་ཁོ་ན་དང་ཡིན་གྱི་མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ་མིག་མ་ཐོབ་པ་དང་ཉམས་པའོ། །གང་མིག་གི་རྣམ་པར་ཤེས་པ་དང་མི་ལྡན་པ་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ན། དེར་མུ་བཞི་སྟེ་མུ་དང་པོ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་

དུ་བྱེད་པ་དང་། བསམ་གཏན་གཉིས་པ་ལ་སོགས་པ་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉིས་པ་ནི་གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པ་དག་ཏུ་སྐྱེ་བ་ན་སྟེ། དེ་ནི་གཟུགས་ཀྱི་ཁམས་ཁོ་ན་དང་མི་ལྡན་པ་ལྡན་པ་འཐོབ་ཀྱི།

เล่ม ๒๐๙ · หน้า 107a

མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པ་ས་པའི་མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །མུ་གསུམ་པ་ནི་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་བསམ་གཏན་དང་པོ་དག་ཏུ་སྐྱེ་བ་ན་སྟེ།

དེ་ནི་གཟུགས་ཀྱི་ཁམས་དང་མི་ལྡན་པ་འཐོབ་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནོ། །མུ་བཞི་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པ་དེ་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་དང་། འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་དེ་དག་དེ་ནས་ཤི་འཕོས་ནས་

དེ་དག་ཉིད་དུ་སྐྱེ་བའོ། །གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནམ་ཞེ་ན། འདིར་ཡང་ཚིག་སྔ་མ་དང་སྦྱོར་བ་སྟེ། གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ཏེ། འདོད་པའི་ཁམས་དང་བསམ་

གཏན་དང་པོར་སྐྱེས་པ་དང་། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །གཟུགས་ཀྱི་ཁམས་ཁོ་ན་དང་ཡིན་གྱི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་མིག་གི་རྣམ་པར་

ཤེས་པ་མངོན་དུ་མི་བྱེད་པ་ནའོ། །དམུས་ལོང་འདོད་པའི་ཁམས་སུ་སྐྱེ་བ་ན། དེའི་ས་པ་ལས་གཞན་པའི་སྲིད་པའི་མིག་གི་རྣམ་པར་ཤེས་པའི་ཁམས་འཐོབ་པོ། །དེ་ལྟར་སྲིད་པ་འཆོལ་བ་ཡོངས་སུ་སྤང་བའམ། རྣམ་པར་སྨིན་པ་ལ་སོགས་པའི་དབང་གིས་སྲིད་པ་རྣམ་པར་

གཞག་པར་བྱའོ་ཞེས་སོ། །ཨཱ་ཀྵེ་པ་པ་ད་འདི་ལ་ཡང་དགོངས་པ་མི་ཤེས་ཏེ། གལ་ཏེ་དམུས་ལོང་སྐྱེ་བ་ལས་སྔར་གཞན་དུ་མེད་དེ་ཁྱད་པར་ལས་བྱུང་བའི་དོན་མེད་དོ། །སྐྱེ་བ་ན་མིག་གི་རྣམ་པར་ཤེས་པ་འཐོབ་པ་མ་ཡིན་ཏེ་སྔོན་ཉིད་དུ་ལྡན་པའི་ཕྱིར་རོ། །སྲེད་པའི་དབང་གིས་སྲིད་པ་

རྣམ་པར་གཞག་པ་དང་། རྣམ་པར་སྨིན་པའི་དབང་གིས་སྐྱེ་བ་རྣམ་པར་གཞག་པ་འདི་ལ་མི་འཐད་པ་ཅི་ཞིག་ཡོད། ནང་གི་བཅུ་གཉིས་ཞེས་བྱ་བ་ལ། འདི་ཅི་ཞིག་ཏུ་གཟུང་བར་བྱ་ཞེ་ན། གཉི་ག་ལྟར་ཡང་ངེས་པར་གཟུང་བར་བྱ་སྟེ། འདིས་གཞན་དག་ཕྱིའི་ཞེས་བྱ་བ་བཤད་

เล่ม ๒๐๙ · หน้า 107b

པར་འགྱུར་རོ། །གྲངས་ཙམ་ཞིག་བསྟན་པས་ཁྱད་པར་རྟོགས་པར་མི་འགྱུར་བས་དེའི་ཕྱིར་བཅུ་གཉིས་གང་དག་ཅེ་ན་ཞེས་དྲིས་སོ། །དེ་དམིགས་ཀྱིས་དགར་བའི་ཕྱིར། གཟུགས་ལ་སོགས་མ་གཏོགས་ཞེས་བྱ་བ་གསུངས་སོ། །བདག་གི་དབང་དུ་བྱས་པས་ན་ནང་གི་སྟེ།

ནང་གི་ཉིད་ནི་ནང་གིའོ། །བདག་མེད་ན་ཇི་ལྟར་ནང་གིའམ་ཕྱིར་འགྱུར་ཏེ། ཚུལ་ཁྲིམས་མེད་པར་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་ལྷག་པར་མི་འགྱུར་བ་བཞིན་ནོ་ཞེ་ན། སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་ཞེས་རྒྱ་ཆེར་འབྱུང་སྟེ། བདག་ཏུ་སྨྲ་བ་རྣམས་ཀྱི་ངར་འཛིན་པའི་

རྟེན་ལ་བདག་ཅེས་བརྗོད་དེ། འདི་ལྟར་བདག་གི་ཡོན་ཏན་ཉིད་དམ། བདག་གི་ཡུལ་ཅན་ཉིད་དུ་རྟོག་པས་ཀྱང་འཛིན་པ་འཇུག་གོ། །ངར་འཛིན་པ་ཡང་སེམས་ལ་བརྟེན་ཏེ་དེ་ལས་མ་གཏོགས་པའི་བདག་མེད་པའི་ཕྱིར་རོ། །འདི་ལ་བདག་ཏུ་ང་རྒྱལ་བཞག་པས་ན་སེམས་ཁོ་ན་

བདག་ཡིན་ལ། སེམས་ལས་བྱུང་བ་རྣམས་དང་སེམས་ལ་བརྟེན་པའི་ཕྱིར་སེམས་ཁོ་ན་ལ་བདག་ཏུ་ཉེ་བར་འདོགས་སོ། །འདིར་སེམས་ལ་བདག་ཏུ་འདོགས་སོ་ཞེས་བྱ་བ་འདི་ཡང་ཇི་ལྟར་རྟོགས་ཤེ་ན་དེའི་ཕྱིར། མཁས་པས་བདག་ཉིད་དུལ་བས་ནི། །ཞེས་རྒྱ་ཆེར་འབྱུང་ངོ་། །

འདི་ཡང་ལུང་གཞན་ལ་བལྟོས་ཏེ་དོན་དེ་ཉིད་ཀྱི་ཤེས་བྱེད་ཡིན་གྱི། ཡན་གར་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་ལས་ཞེས་རྒྱ་ཆེར་གསུངས་ཏེ། འདི་ལས་ནི། སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་སེམས་དུལ་བ་གསུངས་སོ། །དེའི་ཕྱིར་འདིར་

བདག་གི་སྒྲ་སེམས་ཁོ་ན་ལ་མངོན་པར་བཞེད་དོ་ཞེས་བྱ་བར་ཤེས་པར་བྱའོ། །བདག་ཉིད་ལེགས་པར་དུལ་བ་ཡི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་སོ། །རྟེན་གྱི་དངོས་པོར་ཉེ་བར་གྱུར་པའི་ཕྱིར་ན་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམས་ལ་གང་ཞིག་གཟུགས་

ལ་སོགས་པ་དག་ཡོད་པ་མ་ཡིན་པས། སེམས་ཡུལ་ན་མི་གནས་པའི་རྟེན་གྱི་དངོས་པོ་གང་ཞིག་ཡོད་ཅེ་ན། ཁྱད་པར་གང་ཞིག་ཡོད་ན་སེམས་དེ་དག་འགྱུར་བའི་རྗེས་སུ་བྱེད་པར་འགྱུར་ལ། དེ་དག་འགྱུར་བའི་རྗེས་སུ་བྱེད་པ་ལས་ཀྱང་རྣམ་པར་ཤེས་པ་དེ་ཡུལ་ན་མི་གནས་ཀྱང་མིག་ལ་

เล่ม ๒๐๙ · หน้า 108a

སོགས་པ་དག་ཁོ་ན་ལ་མངོན་གྱི། གཟུགས་ལ་སོགས་པ་དག་ལ་ནི་མ་ཡིན་ཏེ། འདི་ལྟར་ཚོར་བ་བདེ་བ་དང་སྡུག་བསྔལ་དང་མཚུངས་པར་ལྡན་པ་དེ་ནི་ལུས་ཀྱི་ཡུལ་ལ་ཡོངས་སུ་གཅོད་ཀྱི། གཟུགས་ལ་སོགས་པའི་ཡུལ་གྱི་ཕྱོགས་ལ་ནི་མ་ཡིན་ནོ། །

དེའི་ཕྱིར་ཁྱད་པར་འདི་ལས་མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་རྣམས་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུར་ཁྱད་པར་མེད་ཀྱང་རྟེན་ཉིད་དང་ཡུལ་ཉིད་དུ་འགྲུབ་པ་ཡིན་ཏེ། དེའི་ཕྱིར་ནང་གི་དང་ཕྱིའི་ཉིད་ཀྱང་ཡིན་པའོ། །འདི་ལ་སྐྱེད་པ་དང་གནས་པ་གཅིག་དང་འགོག་པ་འབྲས་

བུ་གཅིག་ལ་སོགས་པ་རྣམས་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ལ་རྒྱུ་ཅི་ཞེ་ན། གནས་བརྟན་འདུས་བཟང་ནི། སེམས་ལ་ནང་དང་སེམས་ལས་བྱུང་བ་རྣམས་ལ་ཕྱི་ཞེས་ཟེར་རོ། །གཟུགས་ལ་སོགས་པ་ཡུལ་གྱི་ངོ་བོ་ཡིན་པའི་ཕྱིར་རིང་བ་ཉིད་ཕྱིའི་རྒྱུ་དང་། མིག་ལ་སོགས་

པ་སེམས་དང་སེམས་ལས་བྱུང་བའི་རྟེན་གྱི་ངོ་བོ་ཡིན་པའི་ཕྱིར་ཉེ་བ་ཉིད་དང་ནང་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པའི་རྒྱུད་དུ་ཡོངས་སུ་དྲི་བ་ནི། གཞུང་ཁ་བསྐང་བ་འབའ་ཞིག་ཏུ་མངོན་ཏེ། གང་བཤད་པ་སེམས་ལས་བྱུང་བ་རྣམས་ཁོ་ན་སུ་ཏ་རེ། ནང་ཉིད་དང་

སེམས་ཀྱི་རྟེན་ཉིད་དུ་ཉེ་བར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡང་མ་འབྲེལ་བ་ལྟ་བུར་མངོན་ནོ། །གང་གི་ཕྱིར་ཕན་འདོགས་པ་ཉེ་བ་དང་རིང་བ་ཉིད་ཀྱིས་ནང་དང་ཕྱི་རོལ་དུ་འདོད་ན། མིག་ལ་སོགས་པ་ཐུན་མོང་མ་ཡིན་པའི་རྟེན་གྱི་དངོས་པོས་ཕན་འདོགས་པ་ཉིད་ཀྱིས་ཉེ་བ་དང་ནང་ཞེས་

བརྗོད་པར་བྱ་ཞིང་། གཟུགས་ལ་སོགས་པ་རྣམས་ནི་ཡུལ་གྱི་ངོ་བོས་ཕན་འདོགས་པ་ཉིད་ཀྱི་རིང་བ་དང་ཕྱི་རོལ་ཏེ་དེ་ལྟར་རྒྱ་ཆེར་རྣམ་པར་བཤད་དོ། །གང་ཡང་སེམས་གང་ཅི་ཡང་རུང་བ་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་ཐམས་ཅད་ནང་ཡིན་ནོ་ཞེས་པ་ནི། ངར་འཛིན་པའི་རྟེན་ཡིན་པའི་

ཕྱིར་སེམས་སུ་གདགས་པར་མི་རུང་སྟེ། བདག་གི་ཡུལ་ནི་ངར་འཛིན་པའོ་ཞེས་བདག་ཏུ་སྨྲ་བ་རྣམས་ལ་རབ་ཏུ་གྲགས་པས་དེ་ཉིད་ཀྱི་ཕྱིར་དེ་ལྟར་བཤད་དོ། །བདག་གི་དངོས་པོ་ཡང་བདག་ཏུ་འཛིན་པའི་རྟེན་ཡིན་པའི་ཕྱིར་སེམས་ལ་བདག་ཏུ་ཉེ་བར་བཏགས་ཏེ། དེའི་ཕྱིར་ནང་དང་ཕྱི་རོལ་

เล่ม ๒๐๙ · หน้า 108b

ཏུ་རྣམ་པར་གཞག་གོ། །གང་ཡང་འདོད་ཆགས་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་ཐམས་ཅད་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཁྱད་པར་གྱི་རྒྱུ་མེད་པས་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་སེམས་ལ་བདག་ཅེས་བཏགས་པས་བདག་ཏུ་ནི་མི་འགྱུར་ཏེ་དེའི་རང་བཞིན་གཞན་ཡིན་པའི་

ཕྱིར་རོ། །གཞན་ལ་ཡང་བདག་ཏུ་འཛིན་པ་ལ་འགལ་བ་མེད་དོ། །པདྨ་ཅན་བཞིན་འདོད་ཆགས་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་དེའི་སེམས་ཉོན་མོངས་པ་ཅན་ཁོ་ནར་འགྱུར་བ་ནོ་པ་ཙཪྻ་(ཉེ་བར་མི་སྲིད་དོ།།) ཏེ། དེ་ལྟར་ཡུལ་ལ་རྣམ་པར་གཞག་གོ། །ས་(དེ་ཉིད་)ཨེ་པཱ་(སྨྲས་)ཧ་ས་(རྟག་ཏུ་)ཏ་ཏ་མ་བདག་དེ་ཡང་ངར་འཛིན་པའི་

རྟེན་ཡིན་པའི་ཕྱིར་སེམས་ནི་རྟག་ཏུ་ཡུལ་ལ་ན་ཏ་ཏི་འདི་འགའ་ཞིག་གི་ཚེ་ཡུལ་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ཏེ་སེམས་ལས་བྱུང་བ་རྣམས་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། ཡིད་སྔོན་དུ་འགྲོ་བའི་ཕྱིར་དང་། གཅིག་པུར་སྤྱོད་པར་གསུངས་པའི་

ཕྱིར་ཐལ་བ་མེད་དོ། །དེ་ལ་བརྟེན་པ་ཁོ་ན་ཡུལ་དུ་འགྱུར་བའི་ཕྱིར་སེམས་ལས་བྱུང་བ་རྣམས་ཀྱང་སེམས་དུལ་བས་དུལ་བར་བསྟན་པ་ལྟ་བུའོ། །ངེས་པར་བསྟན་པ་འདི་རྣམས་ནི་སེམས་གཙོ་བོ་སྟེ་པྲ་ཏི་རཱུ་པ་ཀཱ་(རྒྱ་དཔེ་ན་ཏི་མེད།) ནི་སེམས་ལས་བྱུང་བ་རྣམས་ཡུལ་རྣམས་ལ་པ་(རྟག་ཏུ་)ཏ་ཏ་མ་(གནས་པ་)པྲ་ཏི་ཥེ་དྷ་ཀཱ་(རྣམ་ཤེས་)ནི་བསྟན་

དུ་བསྟན་པའི་རྒྱུ་མཚན་གཙོ་བོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ས་(རྟག་ཏུ་)ཏ་ཏ་མ་ཏ་ན་(འདོད་པའམ་བཞེད་པ།) ཙཱརྱཾ་(སྤྱོད་པ་མིན་)བ་ལང་གི་སྒྲ་བཞིན་ཆགས་ཏེ། གང་གི་ཕྱིར་གཞན་ལ་སྒྲའི་རྒྱུ་མཚན་ཡོད་ཀྱང་མི་འཇུག་པ་དེའི་ཕྱིར་སེམས་སེམས་ལས་བྱུང་བ་རྣམས་ལ་ཐལ་བ་འདིར་ཡང་ནི་

བཱརྻཿགང་ཡང་སེམས་ལས་བྱུང་བ་རྣམས་ཀྱང་བདག་དང་འཇིག་ཚོགས་ལ་ལྟ་བ་ཅི་ཡིས་ཤེ་ན། དེ་ལྟར་ཡང་ཉེ་བར་ལེན་པའི་ཕུང་པོའི་ཡུལ་ཡིན་པའི་ཕྱིར་རོ། །འདིར་རྟེན་དང་དམིགས་པའི་ངོ་བོས་ངར་འཛིན་པའི་རྟེན་ཉིད་སེམས་ལ་འདོད་ཀྱི་དམིགས་

པའི་ངོ་བོ་ཁོ་ནས་མ་ཡིན་པ་སེམས་ལས་བྱུང་བ་རྣམས་ལ་ངར་འཛིན་པའི་རྟེན་ཉིད་མེད་དོ། །གལ་ཏེ་ནང་གི་མིག་ལ་སོགས་པ་དག་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོ་ཡིན་ན། དེ་ལྟ་འོ་ན་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་ཡིད་ཀྱི་

เล่ม ๒๐๙ · หน้า 109a

ཁམས་ཉིད་དུ་མ་གྱུར་པ་ཞེས་བྱ་བ་ནི་དྲུག་པོ་འདས་མ་ཐག་པའི་གནས་སྐབས་མ་ཐོབ་པའོ། །ད་ལྟར་བྱུང་བའམ་མ་འོངས་པ་ནི་སེམས་ཀྱི་རྟེན་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པ་འདས་པའི་གནས་སྐབས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་

ཁམས་ཉིད་དུ་རྣམ་པར་གཞག་པ་མ་ཡིན་ནོ། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་དེའི་ཚེ་ཡིད་ཀྱི་ཁམས་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །གང་གི་ཚེ་ཡིན་པ་དེའི་ཚེ་ན་ཡང་ཞེས་བྱ་བ་ལ་འདས་པའམ་ད་ལྟར་བྱུང་བ་ཡིན་ཡང་རུང་སྟེ།

མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དེ་དག་སྟེ་ཡིད་ཀྱི་ཁམས་ནི་མ་ཡིན་ནོ། །རྣམ་པར་ཤེས་པ་འདས་པ་ལ་ནི་སྔར་མ་བྱུང་བའི་ཡིད་ཀྱི་ཁམས་ཉིད་དུ་འགྱུར་བའམ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་ཉིད་སྔར་ཡོད་པའམ་ལྡོག་པ་མེད་དེ། རྣམ་

པར་ཤེས་པ་ཉིད་རྣམ་པར་ཤེས་པ་གཞན་གྱི་རྟེན་གྱི་དངོས་པོས་ཡིད་ཀྱི་ཁམས་སུ་འཇོག་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་ལས་མི་འདའོ། །དེ་ལྟ་མ་ཡིན་ན་ཞེས་གསུངས་པ་ལ། གལ་ཏེ་རྣམ་པར་ཤེས་པ་ད་ལྟར་བྱུང་བ་དང་མ་འོངས་པ་ཡིད་ཀྱི་ཁམས་སུ་མི་

འགྱུར་ན་ནི་འདས་པ་ཡང་ཡིད་ཀྱི་ཁམས་དང་མིག་ལ་སོགས་པའི་ཤེས་པར་མི་འགྱུར་རོ། །དེ་ལྟ་ཡིན་ན་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་གྱུར་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཁམས་

བཅོ་བརྒྱད་པོ་དག་ནི་ཞེས་རྒྱ་ཆེར་གསུངས་སོ། །ཡང་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན། དེའི་ཕྱིར་གལ་ཏེ་ཡང་རྣམ་པར་ཤེས་པ་མ་འོངས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ལ་རྒྱུ་བཤད་པ་ནི་མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་དོ་ཞེས་བྱ་བ་སྟེ། འཁྲུལ་པ་རྣམས་

ནི་མ་འོངས་པ་གཞན་དག་ཡིན་པ་ད་ལྟར་བྱུང་བ་གཞན་དག་ཡིན་ལ་འདས་པ་གཞན་ཡིན་པ་སྟེ། ཐམས་ཅད་འབད་པ་དོན་མེད་པར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་དག་ལ་ཡང་སོ་དྷཱ་ཁྱ་ནི་རུ་པཱ་ཁྱ་ཏྭེ་ནཱ་ནཱ་× (དེ་དུས་བཤད་པ་ཉེ་བར་བཤད་པ་མེད་པ་ཉིད་ཀྱི་×།) མཚན་ཉིད་

เล่ม ๒๐๙ · หน้า 109b

མི་མཐུན་པའི་ཕྱིར་ཕན་ཚུན་འཇུག་པ་ཡང་མི་རིགས་ཏེ། དེའི་རྣམ་པར་ཤེས་པ་རྣམས་རྣམ་པར་ཤེས་པ་གཞན་གྱི་རྟེན་གྱི་དངོས་པོ་རང་བཞིན་དུ་དུས་ཐམས་ཅད་དུ་ཡོད་པས་དེ་ནི་འདས་པ་རྣམས་ལ་འཁྲུལ་པ་མེད་དོ་ཞེས་བཤད་དོ། །དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་དང་

ཡིན་དེ་ཡིད་དོ། །ཞེས་སོ། །ཆོས་ཞེས་བྱ་བ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་བ་ལ། རྟེན་དང་བཅས་པ་ཁོ་ནའོ་ཞེས་ངེས་པར་གཟུང་བ་སྟེ་ལྷག་མ་ནི། དེ་དང་མཚུངས་པ་དག་ཀྱང་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་རྟེན་དང་བཅས་པའི་ཡུལ་གྱི་མཚན་ཉིད་དེ།

ཡུལ་གང་ཞིག་རྣམ་པར་ཤེས་པ་གང་གི་ཡུལ་དུ་ངེས་ལ། དེ་ལྟ་ཡིན་དང་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཀྱི་ཁམས་ཐུན་མོང་མ་ཡིན་པའི་ཡུལ་དུ་ངེས་པ་ཉིད་ཀྱི་ཕྱིར། གལ་ཏེ་དེ་ལ་རྣམ་པར་ཤེས་པ་དེ་སྐྱེས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །སྐྱེ་བའི་ཆོས་ཅན་ཞེས་

བྱ་བ་ནི་མི་སྐྱེ་བའི་ཆོས་ཅན་ལས་ཁྱད་པར་དུ་བྱེད་པའོ། །དེ་ལྟར་ན་དེ་ནི་ཡུལ་གཟུང་བ་འཛིན་པར་འགྱུར་བས་རྟེན་པ་དང་བཅས་པ་ཞེས་བྱའོ། །གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ནི་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར། གང་ལ་ཡིད་ཀྱི་

རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་དུས་གསུམ་པའམ་དུས་མེད་པ་གང་ཡིན་པ་དེ་ནི་འགའ་ཡང་མེད་དོ། །མཐའ་ཡས་པ་ཞེས་བྱ་བ་ནི་ཡོངས་སུ་བགྲང་དུ་མེད་པའི་ཕྱིར་རོ། །རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་། དམིགས་

པ་མཚུངས་པའི་ཕྱིར་དང་། ཤིན་ཏུ་ཉེ་བའི་ཕྱིར་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་ལ་དམིགས་པ་མ་ཡིན་ནོ། །ལྷན་ཅིག་འབྱུང་བ་སྨོས་པས་མཚུངས་པར་ལྡན་པ་ཡང་གཟུང་ངོ་། །འོ་ན་ཁམས་བཅོས་རྒྱད་པ་ཐམས་ཅད་བདག་མེད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། ཆོས་ཀྱི་

ཁམས་བཞིན་དུ་རྟེན་པ་དང་བཅས་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། དེ་དག་ནི་རང་གི་བྱེད་པ་ལ་བལྟོས་ནས་རྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །རང་གི་ཡུལ་གྱི་བྱེད་པས་ཞེས་ཡུལ་སྨོས་པ་ནི་སྐལ་བ་མཉམ་པའི་རྒྱུའི་རྟེན་ལ་སོགས་

เล่ม ๒๐๙ · หน้า 110a

པའི་དངོས་པོའི་བྱེད་པ་གཞན་བཟློག་པའི་དོན་ཏོ། །གཟུགས་རྣམས་མ་མཐོང་བར་འགག་པ་དང་ཞེས་བྱ་བ་ལ། མིག་ད་ལྟར་བ་ནི་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་འགག་པ་ཞེས་བྱ་སྟེ། མི་རྟག་པ་ཉིད་ཀྱི་བྱེད་པ་གནས་པའི་ཕྱིར་རོ། །མ་འོངས་པ་ནི་

སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་འགག་པར་འགྱུར་བ་ཞེས་བྱ་སྟེ། དེ་ནི་གདོན་མི་ཟ་བར་ཇི་ལྟར་སྐྱེ་བ་དེ་བཞིན་དུ་འགག་པར་འགྱུར་བ་ཡིན་ནོ། །རྣམ་པར་ཤེས་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་ཞེས་བྱ་བ་ནི། ཇི་ལྟར་མིག་ད་ལྟར་བ་འགའ་ཞིག་ནི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ལ།

འགའ་ཞིག་ནི་མི་ལྡན་པ་ཡིན་པ་དེ་བཞིན་དུ་མི་སྐྱེ་བའི་ཆོས་ཅན་ཡང་ཡིན་ནོ། །ཡིད་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ན་དེ་དང་འདྲ་བ་ཡིན་ཏེ། སྐྱེས་པ་གདོན་མི་ཟ་བར་དམིགས་པ་འཛིན་པ་ཡིན་ནོ། །འདི་ལྟར་དམིགས་པ་མེད་པའི་ཤེས་པ་སྐྱེ་བ་ནི་ཡོད་པ་མ་ཡིན་ནོ། །རང་གི་དབང་

པོའི་བྱེད་པས་ཞེས་བྱ་བ་ལ། དབང་པོའི་བྱེད་པ་སྨོས་པ་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པའི་བྱེད་པ་བསལ་བར་བྱེད་པའི་ཕྱིར་རོ། །དྲི་ལ་སོགས་པ་ནི་གང་དག་གཅིག་གིས་ཞེས་བྱ་བ་ལ། རེས་འགའ་ཞིག་རྐྱེན་ཉེ་ན་དེ་དག་ཉིད་གཞན་གྱི་སྣ་ལ་སོགས་པའི་ཡུལ་དུ་སྐྱེས་

ནས་དེ་དག་གི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ། །གལ་ཏེ་ཆོས་ཀྱི་ཁམས་ཀྱང་ཐུན་མོང་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་རྒྱུད་དུ་མའི་དབང་གིས་རྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ཉིད་དུ་ཅིའི་ཕྱིར་རྣམ་པར་མི་འཇོག་ཅེ་ན། གཟུགས་ནི་ད་ལྟར་བྱུང་བ་ཁོ་ན་

མཐོང་གི་འདས་པ་དང་མ་འོངས་པ་དང་མི་སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། རེག་བྱའི་བར་དུ་ཡང་དེ་དང་འདྲ་སྟེ། ད་ལྟར་བྱུང་བའི་རེག་བྱ་ཁོ་ན་ལ་རེག་གི་འདས་པ་དང་མ་འོངས་པ་དང་ནི་སྐྱེ་བའི་ཆོས་ཅན་ལ་ནི་མ་ཡིན་ནོ་ཞེས་སོ། །དེའི་ཕྱིར་གཟུགས་རྣམས་ཀྱི་རྟེན་པ་དང་བཅས་པ་དང་དེ་དང་

མཚུངས་པའི་ངོ་བོ་རྒྱུད་ཀྱི་དབང་གི་བྱ་བ་བྱེད་པ་ལས་རྣམ་པར་གཞག་པའོ། །ཆོས་ཞེས་བྱ་བ་རྣམས་ལ་ནི་རྣམ་པར་རྟོག་པ་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། དེ་ནི་དུས་གསུམ་དང་དུས་སུ་མ་གཏོགས་པ་ལ་ཡང་ཡུལ་ཡིན་པའི་ཕྱིར་རོ། །རྒྱུད་ཀྱི་དབང་གིས་མ་ཡིན་པར་ཅིའི་ཕྱིར་རྣམ་

เล่ม ๒๐๙ · หน้า 110b

པར་འཇོག་པར་མི་ནུས་ཤེ་ན། ཀརྟུཾ་ཀོ་(རྒྱ་དཔེ་གཅིག་ན་བཀྟུཾ་ཟེར།) འདི་དག་ཇི་ལྟར་བརྟེན་པ་དང་བཅས་པ་ཞེས་ཤེས་པར་མི་འགྱུར་རོ། །དེའི་ཕྱིར་བརྟེན་པ་དང་བཅས་པ་ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་གསུངས་ཏེ། རྟེན་པར་བྱེད་པས་ན་བརྟེན་པའོ། །དེ་འདི་ལ་ཡོད་པས་བརྟེན་པ་དང་བཅས་པའོ། །

དེ་ཡང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་རྟེན་པར་བྱེད་པ་གང་ཡིན་པ་སྟེ། རྟེན་དང་བརྟེན་པ་དང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་བྱེད་པ་ལ་རྟེན་པར་བྱེད་པས་བརྟེན་པ་སྟེ།

གང་ཞིག་གང་གི་བྱེད་པ་ཡིན་པ་དེ་དེ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་རྟེན་པའོ། །དཔེར་ན་མིག་གི་དབང་པོའི་བྱེད་པ་ལྟ་བ་ཡིན་པ་དང་། རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། གཟུགས་ཀྱི་དེ་དག་གི་ཡུལ་གྱི་དངོས་པོར་གནས་པར་བྱེད་པ་ལྟ་བུ་སྟེ་དེ་བཞིན་དུ་གཞན་ཡང་བརྗོད་

པར་བྱའོ། །འདི་ནི་སྔར་རང་གི་ལས་བྱེད་པ་བརྟེན་པ་དང་བཅས་པའོ་ཞེས་བཤད་དོ། །ཡང་ན་འབྲས་བུ་རེག་པ་མཚུངས་པའི་ཕྱིར་ཏེ་བརྟེན་པ་མཚུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟར་རེག་པའི་ནི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྟེན་པར་བྱེད་པས་བརྟེན་པ་སྟེ།

དེ་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར་བརྟེན་པ་མཚུངས་པས་རྟེན་མཚུངས་ཏེ་རེག་པ་མཚུངས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་རེག་པ་ནི་སེམས་ལས་བྱུང་བའི་ཆོས་འབྲས་བུ་མཚུངས་པ་དེས་ན་རྒྱུའི་དངོས་པོར་མཚུངས་པའི་ཕྱིར་ཏེ་འདྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །

གང་དག་བརྟེན་པ་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་ལ། དེ་དག་ནི་བརྟེན་པ་དང་བཅས་པ་དེ་དག་དང་རིགས་མཐུན་པས་མཚུངས་པའི་ཕྱིར་དེ་དང་མཚུངས་པ་སྟེ་དེ་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གཉི་ག་ཡང་ལྟ་བ་དང་སྐྱེ་མཆེད་གཅིག་དང་ཁམས་གཅིག་ཡིན་ནའོ། །

ཡང་ཕན་ཚུན་རྒྱུ་ཡིན་པའི་ཕྱིར་རིགས་འདྲ་བ་སྟེ་ཕན་ཚུན་འབྲེལ་བའི་ཕྱིར་དང་། ཕན་ཚུན་འདྲེན་པར་བྱ་བའི་ཕྱིར་དང་། མཐོང་བས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ་ཞེས་རྒྱ་ཆེར་འབྱུང་བ་ལ། དེ་ལ་གང་དག་མཐོང་བའི་ལམ་གྱིས་སྤོང་བར་འགྱུར་བ་དེ་དག་ནི་མཐོང་བས་སྤོང་

เล่ม ๒๐๙ · หน้า 111a

བར་བྱ་བ་སྟེ། རྣམ་པ་དགུ་ཅར་ཡང་ལམ་རྣམ་པ་གཅིག་གིས་སྤོང་བ་གང་ཡིན་པ་དེ་དག་ནི་མཐོང་བས་སྤོང་བར་བྱ་བ་རྣམས་སོ། །རྣམ་པ་དགུ་ལམ་རྣམ་པ་དགུ་ཉིད་ཀྱིས་སྤོང་བ་གང་ཡིན་པ་དེ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །གཟུགས་ཅན་

སྨོས་པ་ནི་གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །བཅུ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །ལྔ་ཡང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་གཏོགས་པ་མིག་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་དག་གོ། །ཐ་མ་ནི་རྣམ་

གསུམ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ་ཞེས་ངེས་པར་གཟུང་སྟེ། བདེན་པ་དག་ལ་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་ཕྱིར་དང་། དམིགས་པ་མེད་པའི་ཕྱིར་དང་། ཁ་ཕྱི་རོལ་ཏུ་བལྟས་པའི་ཕྱིར་གཞན་རྣམས་ལ་ཡང་

རྟོགས་པར་བྱའོ། །ཡང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །འདོན་པའི་གོ་རིམས་མཐའ་ན་ཡོད་པའི་ཕྱིར་ཐ་མའོ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་ནི་ཁམས་གསུམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བ་དག་གོ། །དེ་དག་དང་ལྷན་ཅིག་འབྱུང་བ་སྨོས་པ་ནི་དེ་དག་དང་མཚུངས་པར་ལྡན་པ་

སེམས་དང་སེམས་ལས་བྱུང་བ་རྣམས་དང་། དེ་དག་གི་མཚན་ཉིད་དང་། ཕྲ་རྒྱས་རྣམས་ཀྱི་མཐུན་པའི་མཚན་ཉིད་རྣམས་གཟུང་ངོ་། །དེའི་ཐོབ་པ་རྣམས་ནི་མ་ཡིན་ནོ། །དེའི་ཕྱིར་ཐོབ་པ་རྣམས་ནི་སྔར་སྐྱེས་པ་དང་ཕྱིས་སྐྱེ་བ་ཡང་ཡོད་པས་དེ་དག་སོ་སོ་སྨོས་པས་དེའི་ཐོབ་པ་རྣམས་ཀྱང་འཁོར་དང་

བཅས་པ་སྟེ། རྗེས་སུ་འབྲང་བ་རྗེས་ཀྱི་ཐོབ་པ་དང་ཐོབ་པའི་མཚན་ཉིད་རྣམས་སོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །ལྷག་མ་མཚུངས་པར་ལྡན་པ་ཕྲ་རྒྱས་དག་དང་ལྷན་ཅིག་

པ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་ནི་ཆོས་ཀྱི་ཁམས་སོ། །ཧ་ཅང་ཐལ་བར་འགྱུར་བ་ཡོད་པས་ཟག་པ་མེད་པ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཟག་པ་སྨོས་སོ། །ཁ་ཅིག་ན་རེ་གང་གི་ཕྱིར་སོ་སོའི་སྐྱེ་བོ་ཉིད་དང་ངན་སོང་བའི་ལུས་དང་ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་

เล่ม ๒๐๙ · หน้า 111b

བའི་ཕྱིར་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལ་སོགས་པ་ལྟར་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། འདི་ལྟར་ལམ་གྱི་སྐད་ཅིག་དང་པོ་སྐྱེས་པ་ན་སོ་སོའི་སྐྱེ་བོ་ཉིད་དང་མི་ལྡན་པ་འཐོབ་པ་དང་། རྒྱུན་དུ་ཞུགས་པ་ལོག་པར་མི་ལྟུང་བ་ཆོས་ཅན་ནོ་ཞེས་ཀྱང་བཤད་ན། ངན་སོང་

བའི་ལུས་དང་ངག་གི་ལས་མ་སྤངས་པར་ནི་ངན་སོང་ཟད་པར་ཡང་མི་རིགས་སོ། །བདག་གི་དམྱལ་བ་ཟད་དོ་ཞེས་རྒྱ་ཆེར་གསུངས་ཤིང་ཟད་པ་དང་སྤངས་པ་ལས་བདག་གི་སྐྱེ་བ་ཟད་དོ་ཞེས་དགྲ་བཅོམ་པ་ཉིད་བརྡ་སྤྲོད་པས་དེའི་ཕྱིར་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། དེ་དང་ལྷན་ཅིག་

འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་ཉུང་བར་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་ལན་བརྗོད་པར་བྱ་སྟེ། སོ་སོའི་སྐྱེ་བོ་ཉིད་དང་། ངན་སོང་བའི་ལུས་དང་ངག་གི་ལས་དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར། མདོར་བསྡུ་བ་ནི་འདི་ཡིན་

ནོ། །ཞེས་གསུངས་ཏེ། ཉོན་མོངས་ཅན་མིན་མཐོང་སྤང་མིན། །ཞེས་བྱ་བ་འདིས་སོ་སོའི་སྐྱེ་བོ་ཉིད་སྤང་བར་བྱ་བ་མ་ཡིན་ནོ་ཞེས་སྟོན་ཏོ། །གཟུགས་མིན་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་ཅན་ཡིན་ཡང་ངན་སོང་བའི་ལུས་དང་ངག་གི་ལས་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་སྟོན་

ཏོ། །དྲུག་པ་མིན་སྐྱེས་མིན་ཞེས་བྱ་བ་འདིས་ནི་ཉོན་མོངས་པ་ཅན་ཡིན་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་བཅུ་ནི་བསྒོམ་པས་སྤང་བྱ་ཡིན། ལྔ་ཡང་ཞེས་བཤད་ན་ཡང་ཅིའི་ཕྱིར། གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་བརྗོད་

ཅེ་ན། ངེས་པར་བྱ་བའི་ཕྱིར་རོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཞེས་བཤད་པ་དེར་ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ལ། ཉོན་མོངས་པ་ཅན་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞིང་། ཉོན་

མོངས་པ་ཅན་ཡིན་ཡང་ཚོར་བ་ལ་སོགས་པ་དྲུག་པ་ལས་སྐྱེས་པ་མ་ཡིན་པས་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་ངེས་པར་བྱེད་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་ལ་གཟུགས་ཀྱང་མ་ཡིན་ཏེ་མིག་ལ་སོགས་པ་བཞིན་ཞེས་

เล่ม ๒๐๙ · หน้า 112a

རྗེས་སུ་འགྲོ་བ་སྟོན་པར་བྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པ་དང་ལུང་མ་བསྟན་པ་ཡང་ངོ་། །སོ་སོའི་སྐྱེ་བོ་ཉིད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ཕྱོགས་ཆོས་དང་གཏན་ཚིགས་སྟོན་པར་བྱེད་དོ། །མི་དགེ་བའི་

ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེ་ཉོན་མོངས་པ་ཅན་མ་ཡིན་པ་མི་རིགས་སོ། །དེ་ལྟར་ལོག་པར་རྟོག་པ་ལ་དེ་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་ཞེས་རྒྱ་ཆེར་གསུངས་སོ། །གལ་ཏེ་དེ་དགེ་བ་ཡིན་པར་གྱུར་ན་ནི་དགེ་བའི་རྩ་བ་ཆད་པ་རྣམས་

སོ་སོའི་སྐྱེ་བོ་མ་ཡིན་པར་འགྱུར་ཏེ། དགེ་བ་ཡིན་པའི་ཕྱིར་དང་དེ་ཡང་ཆད་པའི་ཕྱིར་རོ། །དེ་ནི་འདོད་པ་ཡང་མ་ཡིན་ཏེ་དེའི་ཕྱིར་དགེ་བ་ཡང་མ་ཡིན་ནོ། །མི་དགེ་བ་ཡང་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ། །གཞན་དུ་སོ་སོ་སྐྱེ་བོ་ནི་འདོད་པའི་

འདོད་ཆགས་བྲལ་བའི་སོ་སོ་སྐྱེ་བོར་འགྱུར་རོ། །སྐྱེ་བ་དང་རྟེན་དང་འབྲེལ་བའི་ཕྱིར་དེ་དང་ལྡན་པར་འགྱུར་ཞིང་གཞན་དུ་སྐྱེ་བ་ནི་ཁམས་དང་ས་གཞན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་ཉོན་མོངས་པ་ཅན་ཡང་མི་རིགས་སོ། །ལུས་དང་ངག་གི་ལས་ནི་གཟུགས་ཡིན་ན།

གཟུགས་ནི་ཉོན་མོངས་པ་ཅན་ནམ་ཉོན་མོངས་པ་ཅན་མ་ཡིན་ཡང་རུང་སྟེ། མཐོང་བས་སྤང་བར་བྱ་བ་ཅུང་ཟད་མེད་དོ། །ཅིའི་ཕྱིར་ཞེ་ན། བདེན་པ་རྣམས་ལ་ལོག་པར་རྟོག་པའི་ཕྱིར་དང་། རྩ་བའི་ཆོས་ཉིད་དུ་ཡོད་པ་ལ་མི་དམིགས་པའི་ཕྱིར་རྒྱུ་ཁྱད་པར་མེད་པའོ། །མཐོང་

བས་སྤང་བར་བྱ་བ་རྣམས་ནི་སྐྱེ་བ་ལ་སོགས་པ་རྣམས་ཀྱིས་མཐའ་དུ་མར་འགྱུར་རོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཡང་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་དེ་སྤོང་ན་ནི་བཟོད་པ་སྐྱེ་བ་

ན་ཡང་དེ་ལ་སྤང་བར་བྱ་བ་རྣམས་དང་ལྡན་པའི་ཕྱིར་འཕགས་པ་ཡང་སོ་སོ་སྐྱེ་བོར་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། དེ་ལྟ་ན་སོ་སོ་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་མ་ཐོབ་པའོ་ཞེས་བྱ་བའི་བསྟན་བཅོས་དང་འགལ་ལོ་ཞེས་ཟེར་རོ། །དེ་ལ་དམིགས་པའི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด