ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๙ · หน้า 112b
ཉོན་མོངས་པ་སྤོང་བ་ལས་དེ་སྤོང་གི་གཟུགས་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོའི་རྣམ་པ་ནི་འཆིང་བའི་གཙོ་བོ་མ་ཡིན་ཡང་འཇུག་པར་གང་བརྗོད་པ་ནི་རང་བཞིན་གྱིས་སྤོང་བའི་ཡུལ་དང་འབྲེལ་བར་ཡང་གང་བཤད་པ་
དམིགས་པས་སྤང་བའོ། །ཆོས་མངོན་པ་པ་རྣམས་ཀྱིས་དེ་ལ་གང་ཞིག་གཉེན་པོ་སྐྱེས་པ་དང་སྤང་བ་ཐོབ་པ་དེའི་རང་བཞིན་སྤངས་པ་སྟེ། དཔེར་ན་ཀུན་ཏུ་སྦྱོར་བ་འབྲས་བུ་གཅིག་པ་རྣམས་ཀྱི་སྤང་བ་གང་ཡིན་པ་གཞི་གང་དང་མི་ལྡན་པའོ། །ཐོབ་པ་ལས་ཐམས་ཅད་དུ་དེ་
ལ་དམིགས་པའི་ཟག་པ་ཐམས་ཅད་སྤངས་པ་མ་ཡིན་ནམ་ཞེ་ན། མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་སྤང་བར་བྱ་བའི་ཀུན་ཏུ་སྦྱོར་བ་དང་དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་རིམ་གྱིས་སྤོང་བར་བྱེད་པ་ན་བྲལ་བའི་ཐོབ་པ་རྣམས་སོ་སོ་བ་དག་སྐྱེ་བས་དེ་དག་
སྤོང་བར་བྱེད་ཅེས་བྱའོ། །གཟུགས་ལ་ནི་དེའི་རྗེས་སུ་འགྲོ་བ་དང་རིགས་རྣམས་དང་གཞན་ཡང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ལ་དེ་ལྟར་བྲལ་བའི་ཐོབ་པ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཇི་ལྟ་བར་བར་ཆད་མེད་པའི་ལམ་གྱིས་སྤང་བར་བྱ་བ་ཉིད་དུ་རིགས་སོ། །མཐོང་
བའི་ལམ་གྱིས་ནི་ས་འགའ་ཞིག་དང་ཆགས་པ་དང་བྲལ་བར་བྱེད་པ་མ་ཡིན་པས་ཅི་ལྟར་ན་གཟུགས་དེ་སྤང་བྱ་ཡིན་པར་འགྱུར། ངན་སོང་བའི་ཆོས་རྣམས་ནི་བདེན་པ་མཐོང་བ་རྣམས་ལ་རྐྱེན་མ་ཚང་བས་མི་སྐྱེ་སྟེ། དེའི་ཡུལ་ཉོན་མོངས་པ་རྣམས་སྤངས་པ་ལས་ཏེ། དེ་དག་སྤང་བ་ཞེས་བྱ་
བ་སྤོང་བ་གཞན་དུ་སྐྱེད་པར་བྱེད་པ་འདོད་ཆགས་ལ་སོགས་པ་རྣམས་ཡིན་ནོ། །ཅིའི་ཕྱིར་ལྟ་བ་ལ་སོགས་པ་རྣམས་བཞིན་དུ་མཐོང་བས་སྤང་བར་བྱ་བ་ཉིད་དུ་མི་བརྗོད་ཅེ་ན་དེ་ལྟར་ངེས་པར་བརྗོད་པར་བྱའོ། །བདེན་པ་རྣམས་ལ་ལོག་པར་མི་རྟོག་པའི་ཕྱིར་ཞེས་པ་འདི་ཉིད་རྒྱུ་ལ་དམིགས་པའི་
དབང་གིས་སོ། །གང་གི་ཕྱིར་འདོད་ཆགས་ལ་སོགས་པ་སྤོང་བའི་གནས་སྐབས་སུ་གལ་ཏེ་དེ་ལ་དམིགས་པའི་ཉོན་མོངས་པ་སྤང་བའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་སྤོང་བར་བྱེད་དེ་འཕགས་པའི་གང་ཟག་ལྔ་པོ་རྣམས་ཇི་ལྟར་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་མི་འགྱུར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་
เล่ม ๒๐๙ · หน้า 113a
པའི་དུས་སུ་དེའི་ཐོབ་པ་རྣམ་པར་ཉམས་པའི་ཕྱིར་དང་མཐོང་བའི་ལམ་ལས་དུས་ཕྱིས་བསྒོམ་པས་སྤང་བར་བྱ་བ་དེ་ལ་མ་སྐྱེས་པས་འཕགས་པའི་ལམ་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་རོ། །གང་གི་ཕྱིར་སྔར་དེས་བྱས་པའི་སྤངས་པ་མ་ཡིན་པ་ཞེས་བྱ་བ་ཕྱིས་
སྤོང་བར་བྱེད་དོ། །ཡང་རྣམ་པར་ཉམས་པ་དང་སྤངས་པ་དག་ལ་ཁྱད་པར་ཅི་ཞེ་ན་ཡོད་དེ། གང་གི་ཕྱིར་རྣམ་པར་ཉམས་པ་ནི་དམིགས་པ་ལས་ཉོན་མོངས་པ་སྐྱེ་བ་སྲིད་ཀྱི་སྤང་བ་ནི་དམིགས་པ་ལས་མ་ཡིན་པའོ། །གལ་ཏེ་དེ་ལྟ་ན་འོ་ན། དད་པའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་
མ་རྣམས་ཀྱི་ལྡན། །ཞེས་ཅི་སྟེ་བརྗོད་ཅེ་ན། ཚུལ་དེ་ནི་ཉོན་མོངས་པ་ཅན་ཡིན་ལ། སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་པས་འགལ་བ་མེད་དོ། །ལྟ་བ་ནི་སྤང་བྱ་ཉོན་མོངས་པ་ཅན་མ་ཡིན་ཞེས་བྱ་བ་ལ་སོགས་པ་འདོད་པར་གྲགས་པའི་དབང་དུ་བྱས་ནས་བཤད་པ་
དེའི་ཕྱིར་རྣམ་པར་དཔྱད་པར་བྱ་སྟེ། ཇི་ལྟར་སོ་སོ་སྐྱེ་བོ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ས་མཐོང་བས་སྤང་བར་བྱ་བ་ཞེས་བྱ་བའི་ཚིག་གིས་འཕངས་པ་བདེན་པ་རྣམས་ལ་ལོག་པར་མི་བསྒྲུབ་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཡང་སྤང་
བའི་ཕྱིར་ཞེས་རྒྱུ་གསུངས་པ་འདི་ལ་རྣམ་པར་དཔྱད་པ་ནི། ཟག་པ་མེད་པའི་སྐད་ཅིག་དང་པོ་ལ་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལུགས་ངན་པ་སྟེ། དེ་ལྟར་གྱུར་པའི་ཚིག་གིས་འཕངས་པའི་དགོངས་པ་ཅི་ཞེ་ན། སྐྱེ་བར་བྱེད་པ་ན་དེ་མ་སྤངས་པའི་ཕྱིར་ཟག་
པ་མེད་པ་སྐད་ཅིག་དང་པོ་ན་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་མི་འགྱུར་ཞེས་པའོ། །འདི་ཡང་ལུགས་ངན་པ་སྟེ་རང་གི་ལུགས་དང་གཞན་གྱི་ལུགས་དག་ནི་སྐྱེ་བ་དང་གནས་པ་དང་འགག་པའི་གནས་སྐབས་རྣམས་སུ་ལམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་
ནི་སྤང་བྱའི་དབྱེ་བ་ལས་འདོད་དེ་སྤངས་པའི་ཐོབ་པ་ཕྲ་རྒྱས་ཀྱི་ཐོབ་པ་དང་འགལ་བ་ཀུན་ཏུ་འཛིན་པ་དང་ལམ་གྱི་སྤངས་པའི་བྲལ་བ་ཐོབ་པ་འདྲེན་པར་བྱེད་ཅིང་འགག་བཞིན་པའི་ལམ་གྱིས་དེའི་སྒྲིབ་པ་སྤོང་བར་བྱེད་དོ། །འདི་ལ་ནི་གཞན་དུ་ཡང་རྣམ་པར་དཔྱད་པ་ཉིད་དོ། །གཏམ་
เล่ม ๒๐๙ · หน้า 113b
རྣམ་པར་འཕྲོས་པ་ཞར་ལས་བྱུང་བས་ཆོག་གོ། །སློབ་དཔོན་འདུས་བཟང་ན་རེ། མིག་གི་སྐྱེ་མཆེད་ལ་སོགས་པ་ལ་ཡང་ཚོར་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ཁ་ཕྱི་རོལ་ཏུ་བལྟས་
པས་འཇུག་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལས་ཡང་ཁ་ཕྱི་རོལ་ཏུ་བལྟས་པས་འཇུག་པ་རྒྱུ་ཅིས་མཐོང་བས་སྔང་བར་བྱ་བ་མ་ཡིན། དེ་ཉིད་ལ་གཏན་ཚིགས་བརྗོད་པར་བྱ་དགོས་ཏེ་བདེན་པ་རྣམས་ལ་ལོག་པར་མི་རྟོག་པའི་ཕྱིར་དེ་ལས་ཁ་ཕྱི་རོལ་ཏུ་བལྟས་པའི་རྒྱུ་ཡིན་ནོ། །མིག་
དང་ཆོས་ཀྱི་ཁམས་ཕྱོགས་ནི་ལྟ་བ་ཡིན་ཞེས་འབྱུང་སྟེ། དེ་ལ་ཆོས་ཐམས་ཅད་ཀྱི་ནང་ནས་ལྟ་བའི་རང་བཞིན་ནི་ཆོས་གཉིས་ཡིན་ཏེ་གཟུགས་ཅན་རྣམས་ལས་ནི་མིག་གི་དབང་པོའོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་ཤེས་བྱ་ལ་རྟོག་པ་རྒྱུ་བ་གསལ་བ་ཅན་གྱི་ཤེས་རབ་ཁ་ནང་དུ་བལྟས་
པར་ཞུགས་པའོ། །དེ་ལ་རེ་ཞིག་མིག་གི་མཚན་ཉིད་ནི་དེ་ལ་ལྟ་བ་ཡང་དག་པར་སྒྲུབ་པར་བྱེད་ཅིང་ཀུན་ཏུ་ལྟ་བའི་ཕྱིར་དང་། ལོང་བ་དང་འགལ་བའི་ཕྱིར་དང་གསལ་བར་ལྟ་བའི་ཕྱིར་རོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་བཞིན་དུ་ཕྲ་རྒྱས་
ཀྱི་རང་བཞིན་ཡིན་པའི་ཕྱིར་ཕྲ་རྒྱས་བསྟན་པའི་སྐབས་སུ་བབ་པར་འགྱུར་བས་འདིར་མ་བརྗོད་ཅིང་། ལྷག་མ་ལྟ་བ་བཞི་པོ་དག་གིས་རང་གི་ངོ་བོ་ནི་གཞན་དུ་སྟོན་པའི་སྐབས་མེད་པས་འདི་ཉིད་དུ་དེ་དག་གི་ངོ་བོ་བསྟན་ཏོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་
པའི་ཤེས་རབ་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་ཟག་པ་མེད་པ་ཡོད་པས་དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་པ་དང་བཅས་པའོ་ཞེས་ཁྱད་པར་རྣམ་པ་གསུམ་བརྗོད་དོ། །སློབ་པའི་ཟག་པ་མེད་པའི་ཤེས་རབ་ནི་སློབ་པའི་ལྟ་བ་སྟེ།
སློབ་པ་སྨོས་པ་ནི་མི་སློབ་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཟག་པ་མེད་པ་སྨོས་པ་ནི་ཟག་པ་དང་བཅས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །མི་སློབ་པའི་ཟག་པ་མེད་པའི་ཤེས་རབ་ནི་མི་སློབ་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་བསྟན་པ་ཉིད་ཀྱིས་འདི་དག་གསུམ་ཆར་ཡང་
เล่ม ๒๐๙ · หน้า 114a
བསྟན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱི་སོ་སོ་སྐྱེ་བོ་དང་སློབ་པ་དང་མི་སློབ་པའི་ས་བསྟན་པར་བྱ་བའི་ཕྱིར་དང་། སྐྱེ་བའི་རིམ་པ་བསྟན་པར་བྱ་བའི་ཕྱིར་རྣམ་པ་གསུམ་དུ་དབྱེ་བར་བྱའོ། །སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་མཚན་མོ་དང་
ཉིན་མོའི་གཟུགས་ལ་ལྟ་བ་བཞིན་དུ་ཞེས་རྒྱ་ཆེར་འབྱུང་སྟེ། དེ་ལ་སྣང་བ་དང་བྲལ་བའི་ཕྱིར་དང་མུན་པས་ཟིལ་གྱིས་གནོན་པའི་ཕྱིར་མཚན་མོ་སྒང་གཤོང་སྤེལ་མ་དག་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ཀྱི་ལྟ་བའོ། །དེ་ནས་འཇིག་རྟེན་
པའི་ཡང་དག་པའི་ལྟ་བ་ཆེས་ཡོངས་སུ་དག་པར་འགྱུར་ཏེ། སྤྲིན་དང་བྲལ་བའི་ཟླ་བའི་འོད་ཀྱིས་མུན་པ་བཅོམ་པའི་མཚན་མོ་གཟུགས་དམིགས་པའི་ཕྱིར་རོ། །དེ་ནས་སློབ་པའི་ལྟ་བ་ནི་ཉི་མའི་དཀྱིལ་འཁོར་གྱིས་གཡོགས་པའི་ཉིན་མོ་གཟུགས་མཐོང་བ་བཞིན་ནོ། །མི་སློབ་པའི་
ལྟ་བ་ནི་དེ་བས་ཆེས་ཁྱད་པར་དུ་འཕགས་པ་སྟེ། སྤྲིན་མེད་པའི་ཉི་མའི་འོད་ཟེར་གྱིས་མུན་པ་བསལ་བའི་ཉིན་མོ་གཟུགས་དམིགས་པ་བཞིན་ནོ། །རྣལ་འབྱོར་པ་རྣམས་ཇི་ལྟ་ཇི་ལྟར་ཤེས་རབ་གོམས་པའི་སྒོ་ནས་སྙིང་གི་མུན་པ་སྤོང་བ་དེ་ལྟ་དེ་ལྟར་དམིགས་པ་རྣམ་པར་དག་པ་
ཁྱད་པར་དུ་འགྱུར་ཏེ། འདི་ལྟར་དམིགས་པ་ལ་རྣམ་པར་དག་པ་དང་མ་དག་པ་ནི་ཅུང་ཟད་ཀྱང་མེད་ཀྱི་རྣམ་པར་དག་པས་རྣམ་པར་དག་པར་འགྱུར་ཞེས་བྱ་བ་ནི། བློ་དྲི་མ་ཅན་ཉིད་དག་པར་བྱས་པ་ལ་ངེས་པར་གཟུང་བར་བྱའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ལྟ་བ་རྣམས་ནི་
རྣམ་པ་ལྔ་སྟེ། ལུང་དུ་མ་བསྟན་པ་དང་། ཉོན་མོངས་པ་ཅན་དང་། དགེ་བའི་སེམས་ཟག་པ་དང་བཅས་པ་དང་། སློབ་པ་དང་མི་སློབ་པའི་དབྱེ་བས་སོ། །དེ་ལ་ལུང་དུ་མ་བསྟན་པའི་རིགས་ལས་ནི། མིག་གི་དབང་པོ་ལྟ་བ་ཡིན་གྱི། རྣ་བ་ལ་སོགས་པ་དང་། ཤེས་རབ་མ་
བསྒྲིབས་ལ་ལུང་དུ་མ་བསྟན་པ་ཐམས་ཅད་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་རིགས་ལས་ནི་ལྟ་བ་ལྔ་པོ་དེ་དག་ལས་གཞན་པའི་ཤེས་རབ་ལྟ་བ་མ་ཡིན་ཏེ། དེ་ཡང་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་འདྲེས་པའི་མ་རིག་པ་དང་། ཐེ་ཚོམ་དང་ལྷན་ཅིག་སྐྱེས་
เล่ม ๒๐๙ · หน้า 114b
པའོ། །སློབ་པའི་རིགས་ལས་ནི་ལྟ་བ་མ་ཡིན་པའི་ཤེས་རབ་འགའ་ཡང་མེད་དོ། །མི་སློབ་པའི་རིགས་ལ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་ལྟ་བ་མ་ཡིན་ནོ། །དགེ་བ་ཟག་པ་དང་བཅས་པའི་རིགས་ལས་ནི། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །
རེ་ཞིག་དགེ་བ་ཟག་པ་དང་བཅས་པ་བཏགས་པ་འགའ་ཞིག་ལྟ་བ་མ་ཡིན་ཏེ། འགའ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔས་མངོན་པར་བསྒྲུབས་པ་རྣམ་པར་རིག་བྱེད་མ་ཡིན་པའི་ཀུན་སློང་དུ་གྱུར་པ་འཆི་བའི་མཐར་གྱུར་པའི་དགེ་བ་ཟག་པ་དང་བཅས་པ་རྣམས་སོ། །འོན་ཏེ་ཅིའི་
ཕྱིར་འཇིག་རྟེན་པའི་ལྟ་བ་དགེ་བ་ཟག་པ་དང་བཅས་པ་ཉིད་དུ་ཁྱད་པར་མེད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་བྱའི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ཞེ་ན། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །
ཞེས་བྱ་བ་འབྱུང་སྟེ། རྟོག་པར་བྱེད་པ་ན་ལྟ་བ་ཡིན་ཏེ། ངེས་པར་སེམས་པ་ལ་ཞུགས་པ་ཡིན་པའི་ཕྱིར་རོ། །ངེས་པར་རྟོག་པ་ནི་ཡུལ་ངེས་པར་སེམས་པ་སྔོན་དུ་འགྲོ་བ་ཅན་ངེས་པར་འདྲེན་པར་བྱེད་པ་ཅན་ཡིན་ན་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལྟ་མ་ཡིན་ཏེ་
ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ཞེས་བྱ་བ་ནི། ཇི་ལྟར་ངེས་པར་སེམས་པ་ལ་འཇུག་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་རྟོག་པར་བྱེད་པ་མ་ཡིན་ཞིང་ལྟ་བ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་
ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་རབ་གཞན་ལ་རྟོག་པ་ལ་སེམས་པར་མ་ཞུགས་པའི་ཕྱིར་རྟོག་པར་བྱེད་པ་མ་ཡིན་པས་ལྟ་བ་མ་ཡིན་ཏེ། དེ་ཡང་སྔར་ཉིད་དུ་རྒྱས་པར་བཤད་ཟིན་ཏོ། །གལ་ཏེ་རྟོག་པར་བྱེད་པ་ཡིན་པའི་ཕྱིར་ཤེས་རབ་ལྟ་བ་ཡིན་ན་ནི། འོ་ན་ནི་མིག་དང་རྟོག་
པར་བྱེད་པ་ཉིད་མེད་ན་ཇི་ལྟར་ལྟ་བ་ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ་ཞེས་བྱ་བ་ལ། མིག་ནི་གཟུགས་ལ་ལྟ་བའི་དོན་གྱིས་ལྟ་བ་ཞེས་བརྗོད་དེ། ངེས་པར་རྟོག་པའི་དོན་གྱིས་ནི་མ་ཡིན་ལ། ཤེས་རབ་ནི་ངེས་པར་བྱེད་པའི་དོན་གྱིས་ཡིན་གྱི། ལྟ་བའི་དོན་གྱིས་མ་ཡིན་
เล่ม ๒๐๙ · หน้า 115a
པས་གཉི་ག་ཡང་ལྟ་བ་ཉིད་ཡིན་པར་འགལ་བ་མེད་དོ། །གང་ཤེས་པ་དང་མཐོང་བ་ལ་གང་བརྗོད་པ་དེའི་དོན་ལ་མངོན་སུམ་དུ་འཇུག་པ་ཉིད་ཀྱིས་ལྟ་བར་བྱེད་པའི་དོན་གྱིས་མ་ཡིན་ཞིང་རྟོག་པར་བྱེད་པས་ཀྱང་མ་ཡིན་ནོ། །གང་གི་ཕྱིར་མིག་གིས་གཟུགས་
རྣམས་མཐོང་ཞེས་བྱ་བ་ལ། གཟུགས་མཐོང་བ་ནི་གཟུགས་ལ་བལྟ་བ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་ལྟ་བའི་དོན་གྱིས་མིག་ལ་བལྟ་བ་ཞེས་བྱའོ། །རྣམ་པར་ཤེས་པ་གཞན་དང་ལྡན་པས་ཀྱང་ཞེས་བྱ་བ་ནི། རྣམ་པར་ཤེས་པ་གཞན་མངོན་དུ་གྱུར་པས་ཀྱང་ཞེས་བྱ་བའི་
དོན་ཏོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རང་གི་རྣམ་པར་ཤེས་པ་ལ་བལྟོས་པ་མེད་པ་རྣམས་ལ་ཡང་ཉན་པ་ལ་སོགས་པ་ཁས་བླངས་པའི་ཕྱིར་དང་། ཡུལ་ཐམས་ཅད་ཅིག་ཅར་དམིགས་པར་ཐལ་བར་འགྱུར་རོ་ཞེ་ན། མིག་ཐམས་ཅད་ཀྱི་མཐོང་བ་ནི་མ་ཡིན་པ་ཉིད་དེ། མིག་
འགའ་ཞིག་ཁོ་ནས་བལྟ་བར་ཁས་བླངས་པའི་ཕྱིར་རོ། །རྣམ་པར་ཤེས་པ་དང་བཅས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པའོ། །རྣམ་པར་ཤེས་པ་རྣམས་ནི་ཅིག་ཅར་དབང་པོ་རྣམས་ལ་གནས་པ་ཡང་མ་ཡིན་པས་ཡུལ་ཐམས་ཅད་ཅིག་ཅར་དམིགས་པར་ཐལ་བར་
ཡང་མི་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། རྣམ་པར་ཤེས་པ་ཁོ་ན་ལྟ་བ་ལ་ནུས་པ་དང་ལྡན་པར་སྣང་བའི་ཕྱིར་རྣམ་པར་ཤེས་པ་ཉིད་ཀྱིས་མཐོང་བར་འགྱུར་རོ་ཞེ་ན། འདི་ལ་སློབ་དཔོན་འདུས་བཟང་ན་རེ། རྣམ་པར་ཤེས་པའི་རྟེན་རྣམ་པར་ཤེས་པ་དང་ལྷན་ཅིག་
སྐྱེས་པའི་འབྱུང་བ་ཆེན་པོ་ཉེ་བར་བསགས་པ་ལས་མིག་གིས་བལྟ་བར་ནུས་ཀྱི་དེ་ལ་བརྟེན་པའི་རྣམ་པར་ཤེས་པས་མཐོང་ཞེས་བྱ་བ་ནི་མ་ཡིན་ཏེ། གང་གི་ཕྱིར་དམིགས་པའི་རྒྱུ་ཡོད་ན་དམིགས་པར་འགྱུར་བ་དེའི་ཕྱིར་དམིགས་པའི་རྒྱུ་ཉིད་དམིགས་པའོ་ཞེས་བྱ་བ་ནི་རིགས་པར་
བརྗོད་པའོ་ཞེས་ཟེར་རོ། །འདི་ཡང་མ་གྲུབ་པ་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་རྟེན་བདག་གི་ཁྱད་པར་ལས་གྱུར་པ་ནི་འགའ་ཡང་མ་བཤད་དོ། །མདོ་ལས་ཀྱང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་གསུངས་ཀྱི། རྣམ་པར་ཤེས་པ་དང་གཟུགས་
เล่ม ๒๐๙ · หน้า 115b
ལ་བརྟེན་ནས་མིག་སྐྱེའོ་ཞེས་འགའ་ཡང་མ་གསུངས་པས་དེའི་ཕྱིར་རྣམ་པར་ཤེས་པ་མིག་གི་རྒྱུའོ་ཞེས་བྱ་བ་ནི་རང་གི་རྣམ་པར་རྟོག་པ་ཙམ་སྟེ། གལ་ཏེ་རྣམ་པར་ཤེས་པའི་རྒྱུ་རྒྱས་པ་ལས་བྱུང་བའི་ཁྱད་པར་ལས་རྟེན་པ་དང་བཅས་པའི་མིག་གིས་མཐོང་བར་འདོད་ན། དེ་ལྟ་ན་
དེ་དང་མཚུངས་པའི་མིག་གིས་ཀྱང་མཐོང་བར་ཐལ་བར་འགྱུར་རོ། །རྟེན་པ་དང་བཅས་པའི་རྒྱུ་ཉེ་བར་བསགས་པའི་ཕྱིར་ཆེས་ཁྱད་པར་དུ་འཕགས་པར་མཐོང་བ་ཞེས་བྱ་བ་འདིའི་ཁྱད་པར་དུ་འགྱུར་རོ། །ཅི་སྟེ་རྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ལས་རྣམ་པར་ཤེས་པས་བྱས་
པའི་རང་བཞིན་གྱི་དབྱེ་བར་འདོད་ན། དེ་ལྟ་ན་ཡང་ཁམས་དང་སྐྱེ་མཆེད་རིགས་པ་ཉིད་དུ་འགལ་བས་ཅི་ལས་ངེས་པར་བྱ། མིག་ལ་བརྟེན་པའི་རྣམ་པར་ཤེས་པས་མཐོང་བ་མ་ཡིན་ཞེས་བྱ་བ་བསྟན་བཅོས་ལ་སོགས་པ་རྣམ་པར་ཤེས་པའི་ཁྱད་པར་ལས་མིག་གི་རྣམ་པར་ཤེས་པ་
རིགས་གཅིག་པ་ལ་མཐོང་བ་དང་མཐོང་བ་མ་ཡིན་པ་མི་རུང་ངོ་། །གལ་ཏེ་རྟེན་གྱི་ཁྱད་པར་ལས་འདིའི་ཁྱད་པར་རོ་ཞེ་ན། རྟེན་གྱི་ཁྱད་པར་ལས་ཆོས་གཞན་ཉིད་དུ་འགྱུར་བ་མེད་དོ། །འདི་དེ་ལྟ་མ་ཡིན་ན་རྣམ་པར་ཤེས་པའི་རིགས་སུ་ཁྱད་པར་མེད་ཀྱང་གང་གི་ཕྱིར་སྭ་ག་ཏ་ཁྱད་པར་
འདི་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་དང་དམིགས་པ་རྣམས་ལས་ཐ་དད་པའི་དམིགས་པ་དང་རྟེན་ནོ། །དེ་ནས་ཁྱད་པར་ལས་གཞན་པ་ཉིད་རྣམ་པར་ཤེས་པ་རྣམས་ལ་ཡང་འདི་ཉིད་མཐོང་ངོ་ཞེས་ཅིའི་ཕྱིར་མི་འདོད། ཇི་ལྟར་མིག་གི་རིགས་སུ་ཁྱད་པར་མེད་པ་ལ་བལྟ་བ་
དང་མི་བལྟ་བ་ཉིད་ཡིན་པ་དེ་ལྟར་རྣམ་པར་ཤེས་པ་ལ་ཡང་ཅིའི་ཕྱིར་མི་འདོད། གང་གི་ཕྱིར་མིག་ལ་རྒྱས་པ་ལས་བྱུང་བའི་ཁྱད་པར་ཡོད་དོ་ཞེ་ན། རྒྱས་པ་ལས་བྱུང་བའི་ཁྱད་པར་མེད་དེ། རང་བཞིན་གཞན་དུ་འགྱུར་བར་མཚུངས་སོ། །འདིའི་མཐོང་བ་ཡང་ཅི་མིག་ཉིད་དམ་
འོན་ཏེ་མིག་མ་ཡིན་པ་འགའ་ཞིག །གལ་ཏེ་མིག་ཉིད་ཡིན་ན། དེ་ལྟ་ན་རྟེན་བཅས་དང་དེ་མཚུངས་ཀྱི་དབྱེ་བ་མི་རིགས་ཏེ། གཉི་ག་མིག་ཉིད་ཡིན་པའི་ཕྱིར་ལྟ་བ་དེ་ཅི་ཞིག་ཁྱད་པར་དུ་བྱེད། མིག་ནི་ལྟ་བས་ཁྱད་པར་དུ་བྱེད་ཅིང་ལྟ་བ་ཡང་མིག་གིས་སོ་ཞེ་ན། སྔོན་བྱེད་པའི་རྣམ་པ་
เล่ม ๒๐๙ · หน้า 116a
བསྟན་པའོ། །ཅི་སྟེ་མིག་ལྟ་བ་ཡང་ཅི། །དེའི་ལྟ་བ་གཟུགས་ལ་ལྟ་བ་ཡིན་ན། འདི་ཡང་མིག་གི་དབྱེ་བ་མི་ཤེས་སོ། །མིག་གཞན་རྣམ་པར་ཤེས་པ་བཞིན་གཞན་མ་ཡིན་པའི་རང་བཞིན་ཉིད་ཡོད་པ་མ་ཡིན་ན་ཡང་ཅུང་ཟད་རྗེས་སུ་ལྟ་བ་དང་། དངོས་པོ་
ལས་གཞན་མ་ཡིན་པ་དེའི་རང་བཞིན་ལས་གཞན་པ་གང་ཡིན་པ་ཉིད་སྤང་བ་མེད་དོ། །གལ་ཏེ་མེད་ན་འདི་ཚིག་ཙམ་གྱིས་སྒྲུབ་པར་ཅི་ཞིག་ནུས། གསུམ་ཉིད་ཁས་བླངས་པར་གྱུར་པའི་དངོས་པོའི་བྱེད་པ་དེའི་རང་བཞིན་དེ་ལ་གལ་ཏེ་རང་བཞིན་ཐ་དད་ན། རང་བཞིན་མེད་པའི་
བྱེད་པ་ཁོ་ན་གཞན་ཉིད་ཉམས་སོ། །ཕན་ཚུན་ཐ་དད་པའི་རང་བཞིན་རྣམས་གཞན་ཉིད་དུ་མཐོང་བ་མེད་དོ། །ཅི་སྟེ་དངོས་པོའི་བྱེད་པ་རང་བཞིན་མེད་པ་ཉིད་ཀྱང་དེ་མེད་པར་ཐལ་བ་ལས་གཞན་མ་ཡིན་པ་ཉིད་རང་བཞིན་མེད་པ་ལ་ཡོད་པའི་རྗེས་སུ་འགྲོ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་
པ་དེའི་ཕྱིར་རྣམ་པར་ཤེས་པ་ལས་གཞན་པའི་མིག་དག་གིས་མཐོང་བ་མི་འཐད་དོ། །ཤེས་རབ་དེ་ཡང་རྣམ་པར་ཤེས་པ་ལྟ་བར་འགྱུར་རོ། །གཞན་དག་གིས་ཤེས་རབ་ལ་རྟོག་པར་བྱེད་པའི་བདག་ཉིད་ཀྱི་ཁྱད་པར་ཡོད་པས་རྣམ་པར་ཤེས་པས་ཀྱང་ད་ལྟ་བའི་གཟུགས་བཏགས་
པའི་རྣམ་པ་ཉིད་ཀྱི་ཁྱད་པར་ཅི་ཞིག་མི་འཛིན་ཞེ་ན། གང་བཤད་པ། གལ་ཏེ་མིག་གིས་མཐོང་བ་མ་ཡིན་པ་དེ་མེད་པའི་ཕྱིར་ལོང་བ་ཞེས་མི་བརྗོད་དོ། །དེ་ནི་དེ་ལྟ་བུ་མ་ཡིན་ཏེ་གང་གི་ཕྱིར་མིག་གིས་མཐོང་བ་ལ་ཐུན་མོང་མ་ཡིན་པའི་རྒྱུ་དེ་མེད་པའི་ཕྱིར་འདིས་ཡང་མཐོང་བར་མི་
འགྱུར་བས་ལོང་བ་ཞེས་བརྗོད་པ་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པས་མཐོང་ན་ལོང་བ་ཡང་མ་ཡིན་པར་ཐལ་བར་འགྱུར་རོ། །ལོང་བ་ལ་དེ་སྐྱེ་བ་མེད་པའི་ཕྱིར་མ་ཡིན་ཡང་འདས་པ་དང་མ་འོངས་པའི་མིག་གི་རྣམ་པར་ཤེས་པའི་རྫས་ཡོད་པ་དེ་ཐོབ་པའམ། དེ་ལས་འདས་པ་
པ་དང་མ་འོངས་པའི་མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་ཕྱིར་ལོང་བ་ཡང་མ་ཡིན་ཞེས་བྱ་བ་འདི་ལ་སྐྱོན་མེད་དོ་ཞེ་ན། གང་བཤད་པ། མིག་ཉིད་དེ་དང་དེར་མཐོང་བའི་སྒྲ་ཡིས་བཤད་པ་ཞེས་བྱ་བ་དེ་གནོད་བྱེད་མ་ཡིན་ཏེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །གང་བཤད་པ།
เล่ม ๒๐๙ · หน้า 116b
འཇིག་རྟེན་དང་འགལ་ཞེས་བྱ་བ་ལ་འདི་འཇིག་རྟེན་དང་འགལ་བ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཀྱིས་འཇིག་རྟེན་ན་མིག་གིས་མཐོང་ངོ་ཞེས་བྱ་བ་འཐད་དོ། །གང་བཤད་པ། གལ་ཏེ་རྣམ་པར་ཤེས་པ་ཁོ་ན་མཐོང་བ་ཡིན་ན་ཆོས་
གཅིག་དང་གཉིས་ཀྱི་བདག་ཉིད་དུ་འགྱུར་བས་ཤེས་རབ་ལ་ཡང་འདི་ཉིད་ཐལ་བར་འགྱུར་ཏེ། མཐོང་བ་དང་ཤེས་རབ་དག་ཐ་མི་དད་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་འདིར་ཅིའི་དོན་དུ་དབྱེ་བ་ཁས་ལེན་པར་བྱེད། དེའི་ཕྱིར་གཅིག་དང་གཉིས་ཀྱི་བདག་ཉིད་ཐལ་བར་
འགྱུར་རོ་ཞེས་ཟེར་ཏེ་ཞར་ལས་བྱུང་བས་ཆོག་གོ། །འདི་ནི་ཕྱོགས་ཙམ་ཞིག་ཡིན་གྱི་གཞུང་མངས་པའི་འཇིགས་པས་རྣམ་པར་དཔྱད་པ་རྒྱས་པར་ནི་མ་བྱས་སོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། ཅི་ལས་ཤེ་ན། གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་
ཕྱིར་ལོ། །ཞེས་བྱ་བ་ལ། ལོའི་སྒྲ་ནི་རྒྱུ་འདིས་ནི་རྣམ་པར་ཤེས་པ་མཐོང་བ་འགོག་པར་ནུས་པ་མ་ཡིན་ནོ་ཞེས་མི་འདོད་པར་བསྟན་པའི་དོན་དུའོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་ན་རྩིག་པ་ལ་སོགས་པ་དག་ལ་ཐོགས་པ་མེད་པའི་ཕྱིར་མ་ཆོད་པ་ལྟར་རྩིག་པས་
ཆོད་པའི་གཟུགས་ཀྱང་མཐོང་བར་འགྱུར་ན། ཆོད་པ་ནི་མཐོང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་གང་གིས་ན་ཆོད་པ་མི་མཐོང་བར་འགྱུར་བར་ལྟ་བའི་བདག་ཉིད་མ་ཡིན་པས་རྒྱུ་གཞན་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་གཟུགས་ཆོད་པ་མི་མཐོང་བའི་ཕྱིར་རྣམ་པར་ཤེས་པ་བལྟ་བའི་
བདག་ཉིད་ཅན་མ་ཡིན་ལ་བལྟ་བའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་ན་ཆོད་པ་ཡང་མི་མཐོང་ངོ་། །མིག་ནི་བལྟ་བའི་བདག་ཉིད་ཡིན་ཡང་བར་དུ་ཆོད་པ་ལ་ཐོགས་པས་བར་དུ་ཆོད་པའི་གཟུགས་མི་མཐོང་བ་དང་། ཐོགས་པ་མེད་པས་བར་དུ་མ་ཆོད་པར་མཐོང་བ་འགལ་བ་མེད་དོ། །
བསྒྲིབ་པ་ལ་ནི་མིག་གི་རྣམ་པར་ཤེས་པ་མི་སྐྱེ་བ་ཉིད་དེ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ལྟ་བའི་བདག་ཉིད་མ་ཡིན་པའི་ཕྱིར་བསྒྲིབ་པ་མི་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མ་སྐྱེས་པའི་ཕྱིར་མི་མཐོང་བའི་བདག་ཉིད་ཀྱི་རྒྱུ་ནི་མི་མཐོང་བའི་ཞེས་སྟོན་པར་བྱེད་དོ། །དེའི་ལུགས་
เล่ม ๒๐๙ · หน้า 117a
ལ་མིག་བཞིན་དུ་ཐོགས་པ་དང་བཅས་པ་ཉིད་ཀྱང་ཉེ་བར་དམིགས་པའི་ནུས་པ་ལ་སྒྲིབ་པས་མི་དམིགས་པ་བཞིན་དུ་དེ་ལྟར་འགྱུར་རོ་ཞེ་ན་འདི་ནི་མཚུངས་སོ། །ཅི་སྟེ་མི་སྐྱེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་ཤེས་པ་ཁོ་ན་
ཡུལ་ལ་བྱེད་པ་ཡིན་གྱི་མིག་མ་ཡིན་ཏེ། མིག་ནི་རྣམ་པར་ཤེས་པ་ཁོ་ནར་བྱེད་པ་ཡིན་ལ། རྣམ་པར་ཤེས་པ་ཡང་ཐོགས་པ་མེད་པ་ཡིན་ནོ། །དེའི་ཕྱིར་ཡུལ་དང་མིག་ཡོད་ན་རྣམ་པར་ཤེས་པ་ཅིའི་ཕྱིར་མི་སྐྱེ། །གང་གི་ལྟར་ན་མིག་གིས་མཐོང་
ཞིང་རྣམ་པར་ཤེས་པས་ཤེས་པ་དེའི་ལྟར་ན་ནི། རྣམ་པར་ཤེས་པ་རྟེན་མིག་དང་ལྷན་ཅིག་ཏུ་ཡུལ་གཅིག་ལ་འཇུག་པའི་ཕྱིར་གཟུགས་གང་ཞིག་མིག་གིས་མཐོང་བ་དེ་ཉིད་རྣམ་པར་ཤེས་པས་རྣམ་པར་ཤེས་སོ། །དེའི་ཕྱིར་རྟེན་དང་ལྷན་ཅིག་ཡུལ་ལ་འཇུག་ཅིང་
མིག་ཀྱང་ཐོགས་པ་དང་བཅས་པའི་ཕྱིར་ཆོད་པའི་གཟུགས་ལ་འཇུག་པ་མེད་ཅིང་མཐོང་བ་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་མི་སྐྱེ་བ་རུང་ངོ་། །གང་བཤད་པ། སྐྱེ་བ་ཉིད་དེའི་མཐོང་བ་དང་མཐོང་བ་ཉིད་ཀྱིས་སྐྱེ་བའོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་བཤད་པ། ཅི་ལྟར་སྐྱེ་
བ་མེད་པར་གྱུར་པ་དང་། ཅི་ལྟར་མཐོང་བར་འགྱུར་ཞེས་བྱ་བ་ཅི་ལྟར་སྐྱེ། མ་མཐོང་བའམ་ཅི་ལྟར་མཐོང་ཞེས་བྱ་བ་དང་། བྱེ་བྲག་ཏུ་སྨྲ་བའི་སྐྱེ་བ་ལས་གཞན་པའི་མཐོང་བ་ཞེས་བྱ་བ་ཡང་ཅི་ཞེ་ན། བྱེད་པའི་རིགས་ཡིན་པའི་ཕྱིར་མཐོང་བར་སྒྲུབ་པ་རྟེན་པ་དང་བཅས་
པའི་མིག་གཞན་ལ་གཞན་སྐྱེད་པ་མི་རུང་ངོ་། །འདུས་མ་བྱས་ཀྱང་དེར་ཐལ་བའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་བ་མེད་དོ། །ཐལ་བར་འགྱུར་བ་ལས་ཀྱང་བྱེད་པའམ་འདུས་བྱས་ཉིད་གཞན་བསྐྱེད་དོ་ཞེས་བྱ་བར་ཐལ་བའམ། དེར་ཡང་དེ་ལྟར་ཞེས་བྱ་བ་སྐབས་མ་ཡིན་
ནོ། །ཅི་སྟེ་ཉེས་པ་འདིར་མི་འགྱུར་ཏེ། དེ་ལྟར་སྐྱེད་པ་དང་མི་སྐྱེད་པ་གཞན་ཉིད་དོ་ཞེ་ན། དེ་ལྟ་ན་འོ་ན་སྐྱེ་བ་ཉིད་མཐོང་བ་དང་མཐོང་བ་ཉིད་སྐྱེ་བའོ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལ་ཡང་དེ་ཉིད་སྐྱོན་ཡིན་ནོ། །ཡང་སྐྱེད་པའི་སྒྲ་ཡིས་བདག་ཉིད་དུ་གྱུར་པ་ཙམ་དང་།
เล่ม ๒๐๙ · หน้า 117b
མཐོང་བའི་སྒྲ་ཡིས་བདག་ཉིད་ཀྱི་ཁྱད་པར་བརྗོད་དོ་ཞེ་ན། སྒྲ་དང་དོན་དག་ཐ་དད་པའི་ཕྱིར་མི་སྐྱེ་བ་ཉིད་མཐོང་བ་དང་མི་མཐོང་བ་ཉིད་སྐྱེད་པའོ་ཞེས་ཅིའི་ཕྱིར་མི་གཟུང་། གང་བཤད་པ། མཆིང་བུ་དང་ལྷང་ཚེར་ལ་སོགས་པས་ཆོད་པ་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཉིད་
དེ་ལ་མ་བསྒྲིབས་པ་ལ་སྐྱེ་བ་ཞེས་ཇི་ལྟར་བརྗོད་ཅེ་ན། དེ་ལ་ཡང་གཞན་གྱིས་བཤད་པ། གལ་ཏེ་རྣམ་པར་ཤེས་པས་མཐོང་བ་ན་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་སྟེ། ལྟ་བར་མི་བྱེད་པ་དེའི་ཕྱིར་མཐོང་བའི་བདག་ཉིད་ནི་མིག་གི་རྣམ་པར་ཤེས་པའོ་ཞེས་བྱ་བ་འདིར་
འདི་ལྟར་བཤད་དེ། སྐྱེ་བ་མེད་པའི་ཕྱིར་མ་མཐོང་བ་ནི་མཐོང་བའི་བདག་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ལྟར་བཤད་དོ། །འདི་ནི་ལན་དུ་མ་འབྲེལ་བ་ཉིད་དེ། བར་དུ་ཆོད་པ་ལ་ཡང་སྐྱེ་ཞེས་བྱའོ། །མིག་ཀྱང་ལུས་ཀྱི་དབང་པོ་བཞིན་དུ་ཞེས་རྒྱ་ཆེར་འབྱུང་བ་ལ། ལུས་
ཀྱི་དབང་པོ་བཞིན་དུ་ཞེས་བྱ་བ་ནི། ཐོགས་པ་དང་བཅས་པའི་ཕྱིར་བར་ཆོད་ཀྱིས་བར་དུ་བཅས་པའི་ཡུལ་དང་མ་ཕྲད་པའི་ཕྱིར་མི་རིག་གོ་ཞེས་བྱ་བར་མི་རིགས་ན། མིག་གི་དབང་པོ་ནི་ཡིད་ལྟར་མ་ཕྲད་པའི་ཡུལ་ཅན་ཡིན་པའི་ཕྱིར། བར་དུ་གཅོད་པས་ཅུང་ཟད་ཀྱང་བྱེད་པ་
མ་ཡིན་པས་བར་དུ་ཆོད་པའི་གཟུགས་ཀྱང་ཅི་སྟེ་མི་མཐོང་། སློབ་དཔོན་འདུས་བཟང་ན་རེ། དེ་ལ་གང་བཤད་པ། ཐོགས་པ་དང་བཅས་པ་ཉིད་ཀྱི་ཕྱིར་ཆོད་པ་དང་སྒྲིབ་པ་མེད་པ་ཞེས་བརྗོད་པར་བྱ་བ་དེ་མི་རིགས་ཏེ། ཡུལ་ལ་ཐོགས་པ་དེ་དང་དེར་ཐོགས་པ་དང་བཅས་པའི་
ཕྱིར་རོ། །ཆོད་པ་དང་སྒྲིབ་པ་མེད་པར་བཤད་པ་ནི། སྒྲིབ་པའི་ཐོགས་པ་མེད་པས་སོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་ཆོད་པ་སྨོས་པ་ནི་བྲལ་བའི་དོན་ཅན་ཏེ། མིག་གི་རྣམ་པར་ཤེས་པ་ཡང་ཡུལ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཞེས་བྱའོ། །མིག་ནི་ཐོགས་
པ་དང་བཅས་པ་ཉིད་ཀྱི་ཕྱིར། ཆོད་པ་དང་སྒྲིབ་པ་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །གང་བཤད་པ། མིག་དང་ཡུལ་གང་ཡིན་པ་དང་། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང་དེ་ཉིད་དང་ཅིག་ཅར་དུ་ཡིན། དེའི་ཕྱིར་ཇི་ལྟར་ཡུལ་དང་བཅས་པ་མི་སྣང་བར་བྱེད་པས་ཡུལ་
เล่ม ๒๐๙ · หน้า 118a
གཞན་ལ་མིག་འཇུག་པ་འགོག་པར་བྱེད་པའོ། །དེ་བཞིན་དུ་དེའི་རྣམ་པར་ཤེས་པ་ལ་ཡང་ཞེས་བྱ་བ་དེའི་དོན་དུ་འདི་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་དེ་ལ་ཡང་འཇུག་པའི་རྟེན་ཡུལ་གཅིག་ལ་འཇུག་པའི་ཕྱིར་ཞེས་བྱ་བ་འདི་ཡང་མ་འབྲེལ་ལོ། །འོ་ན་
འདིར་ཆོད་པར་བྱེད་པ་ཅི་ཞེ་ན། གང་གི་ཚེ་རྟེན་ཡུལ་གཅིག་པའི་ཕྱིར་མ་ཆོད་པའི་གཟུགས་གཞན་ལ་རྣམ་པར་ཤེས་པ་འཇུག་པར་མི་འགྱུར་བ་ཉིད་དོ། །དེའི་ཕྱིར་སྒྲིབ་པ་ནི་ཐོགས་པ་ཉིད་ལ་འདིར་མངོན་པར་འདོད་དེ། ཡུལ་ལ་ཐོགས་ཞེས་ཤེས་པར་བྱའོ། །
མཆིང་བུ་དང་། ལྷང་ཚེར་དང་། ཤེལ་དང་ཆུ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་མིག་ཐོགས་པ་དང་བཅས་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་རང་གི་ཡུལ་རྩིག་པ་ལ་སོགས་པས་ཆོད་པ་ལ་མི་འཇུག་ན། མཆིང་བུ་དང་ལྷང་ཚེར་ལ་སོགས་པས་ཆོད་པ་
ལ་ཡང་དེ་ཁོ་ན་ལྟར་མི་འཇུག་པར་འགྱུར་བ་ཞིག་ན། མཆིང་བུ་ལ་སོགས་པ་དག་གིས་བར་དུ་ཆོད་པ་ནི་མཐོང་བ་ཡིན་གྱི་རེག་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཐོགས་པ་དང་བཅས་པ་ཉིད་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ལ་སྣང་བ་ལ་གེགས་མེད་ན་ཞེས་བྱ་བ་འབྱུང་སྟེ།
མིག་ནི་སྣང་བའི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར། ལྷང་ཚེར་ལ་སོགས་པ་གང་ལ་སྣང་བ་ལ་གེགས་མེད་ན་དེས་གཟུགས་བསྒྲིབས་བཞིན་དུ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཉིད་ཡིན་པས་དེས་ཆོད་པའི་གཟུགས་ཀྱང་མཐོང་ལ། གང་དུ་རྩིག་པ་ལ་སོགས་པའི་
གེགས་ཡོད་ན་ནི། དེས་ཆོད་པའི་གཟུགས་ལ་མིག་གི་རྣམ་པར་ཤེས་པ་མི་སྐྱེ་སྟེ། ལྷན་ཅིག་བྱེད་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་བས་ན་མི་སྐྱེ་བའི་ཕྱིར་རྩིག་པ་ལ་སོགས་པ་དག་གིས་བསྒྲིབས་པ་མི་མཐོང་ངོ་། །གལ་ཏེ་མིག་ཁོ་ན་སྣང་བ་བཞིན་དུ་ཁ་ཅིག་འབྱུང་
བ་ཚོགས་པ་ལ་ཐོགས་པ་དང་ཐོགས་པ་མེད་པའི་ཕྱིར་དང་འགའ་ཞིག་ཐོགས་པ་མེད་པའི་ཕྱིར་ཆོད་པའི་གཟུགས་མཐོང་བ་དང་མི་མཐོང་བར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། མིག་ནི་ཐམས་ཅད་དུ་གེགས་མེད་ན་མ་ཕྲད་པའི་བྱེད་པ་ཅན་ཡིན་པའི་ཕྱིར་དང་།
เล่ม ๒๐๙ · หน้า 118b
སྣང་བ་ནི་དེ་ལྟ་མ་ཡིན་ཏེ་ཕྲད་པའི་བྱེད་པ་ཅན་ཡིན་པའི་ཕྱིར། སློབ་དཔོན་འདུས་བཟང་ན་རེ། རྩིག་པ་ལ་སོགས་པས་ཆོད་པ་ནི་སྣང་བ་མེད་པའི་ཕྱིར་མི་འཛིན་ནོ་ཞེས་ཟེར་རོ། །དེ་ལྟར་སྨྲ་བ་ནི་ཁ་ཅིག་ཏུ་སྣང་བ་མེད་ཀྱང་འཛིན་པའི་ཕྱིར་རོ། །འོ་ན་ཅི་ལྟར་འགའ་
ཞིག་ཏུ་གཟུགས་ཚོགས་བསྒྲིབ་པའི་བདག་ཉིད་ཡིན་པའི་ཕྱིར། མུན་པ་སྣང་བ་བཞིན་དུ་མཚུངས་སོ་ཞེ་ན། གང་གི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་མུན་པས་བསྒྲིབས་པ་མི་འཛིན་པ་ཡོད་ཀྱང་ཆོད་པ་འཛིན་པར་བཤད་པ་ནི། དེ་དག་བསྒྲིབས་པས་ཆོད་པ་འཛིན་གྱི་ཚོགས་
པ་ལ་སོགས་པས་ཆོད་པ་ནི་མ་ཡིན་ནོ། །རྩིག་པ་ལ་སོགས་པས་ཆོད་པ་མི་འཛིན་པའི་རྒྱུ་ཡང་ཅི་ཞེ་ན། ཤེལ་ལ་སོགས་པ་རྣམས་ཀྱིས་ཆོད་པ་འཛིན་པས་དྲིས་པ་ལ། དེ་ཉིད་བརྗོད་པར་མི་བྱ་སྟེ། དེ་ལ་རྒྱུ་གཞན་མེད་པའི་ཕྱིར་སྣང་བའི་གེགས་དང་གེགས་མ་ཡིན་
པ་ཞེས་བྱ་སྟེ། འདིས་ནི་མུན་པ་དང་སྣང་བ་དག་རྣམ་པར་བཤད་དོ། །མུན་པ་ནི་སྣང་བ་དང་འགལ་བ་སྟེ་དེ་མེད་པའི་ཡུལ་འཛིན་པ་ཉིད་ཀྱིས་དེ་དང་འདྲ་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་དེས་བསྒྲིབས་པ་མི་འཛིན་ཏོ། །མཚན་མོ་རྒྱུ་བ་རྣམས་ནི་རྣམ་པར་སྨིན་པ་ཉིད་ཀྱིས་དེ་
དང་འདྲ་བ་སྟེ། གང་ཞིག་མུན་པས་ཆོད་པའི་གཟུགས་ཀྱང་མཐོང་བར་བྱེད་དོ། །གཞན་དག་ལ་ཡང་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་དེ་དང་འདྲ་བ་ཡོད་དེ། གང་གིས་དེའི་ཁོང་ན་གནས་པ་མཐོང་བ་ལྟ་བུའོ། །མིག་ཐམས་ཅད་ཐམས་ཅད་དུ་ལྷན་ཅིག་བྱེད་པའི་རྒྱུ་
རྐྱེན་མ་ཡིན་ཏེ། སྣང་བ་ལ་འདོད་པ་ཅི། གང་དག་གིས་མིག་གི་རྣམ་པར་ཤེས་པ་སྣང་བ་ལ་མ་བལྟོས་པར་སྐྱེ་བ་དེ་དག་གི་ལྟར་ན་རྩིག་པ་ལ་སོགས་པས་ཆོད་པ་ལ་ནི་སྣང་བའི་གེགས་སུ་གྱུར་པ་དང་མི་སྐྱེ་བའི་ཕྱིར་མཐོང་བ་མ་ཡིན་ནོ། །ཤེལ་ལ་སོགས་པས་ཆོད་པ་ལ་ནི་སྣང་
བའི་གེགས་མེད་པའི་ཕྱིར་སྐྱེའོ། །དེའི་ཕྱིར་མཐོང་ཞེས་བརྗོད་པར་བྱའོ། །འོ་ན་གང་མདོ་ལས་ཞེས་བྱ་བས་ནི་ལུང་དང་འགལ་བ་སྟོན་པར་བྱེད་དོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་ན་ནི་འདི་སྐད་དུ། མིག་གི་རྣམ་པར་ཤེས་པས་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་
เล่ม ๒๐๙ · หน้า 119a
དེ་ལྟ་བུ་ཞིག་གསུང་བར་འགྱུར་བ་ཞིག་ན། མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་འཛིན་པར་མི་འགྱུར། མངོན་རྟགས་སུ་འཛིན་པར་མི་འགྱུར་ཞེས་བྱ་བ་དེ་སྐད་དུ་རྒྱ་ཆེར་གསུངས་པ་ཡང་ཡིན་ཏེ། དེའི་ཕྱིར་མིག་ཁོ་ནས་མཐོང་
གི་རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེ་ནི་དེ་ལྟར་མ་ཡིན་ཏེ། མདོ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །ཡང་འདིར་དགོངས་པ་ནི་དེ་ཡིན་ཞེ་ན། འདིར་དགོངས་པ་ནི་དེ་ལ་བརྟེན་ཏེ་ཞེས་བྱ་བ་འདི་ཡིན་ཏེ། ཡིད་ལ་བརྟེན་ནས་རྣམ་པར་ཤེས་པས་
གཟུགས་རྣམས་མཐོང་ནས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ལ་བརྟེན་ནས་རྣམ་པར་ཤེས་པས་ཞེས་བྱ་བ་ཡིན་གྱི་མིག་ཁོ་ནས་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་དཔེར་ན་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པར་བྱས་ནས་ཞེས་བྱ་བ་གསུངས་ཏེ།
མདོ་དེ་ཉིད་ལས་ཡིད་ཀྱིས་ཆོས་རྣམ་པར་ཤེས་པར་བྱས་ནས་མཚན་མར་འཛིན་པར་མི་འགྱུར་ན་དོན་རྟགས་སུ་འཛིན་པར་མི་འགྱུར་ཞེས་གསུངས་སོ། །ཡིད་ནི་འདས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། འདས་པ་ནི་བྱེད་པ་ཞིག་པའི་ཕྱིར་རམ་བརྗོད་དུ་མེད་པའི་ཕྱིར་ཡིད་
ཀྱིས་ཆོས་རྣམས་རྣམ་པར་མི་ཤེས་སོ། །འོ་ན་ཅི་ཞེ་ན། ད་ལྟར་བ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་ཞེས་བྱ་བར་རྟོགས་སོ། །ཡང་ན་བརྟེན་པའི་ལས་རྟེན་ལ་ཉེ་བར་བཏགས་པ་ཡིན་ཏེ་ཞེས་བྱ་བ་ལ། བརྟེན་པ་མིག་གི་རྣམ་པར་
ཤེས་པ་དེའི་ལས་གཟུགས་མཐོང་བ་དེའི་རྟེན་མིག་དག་ལ་ཉེ་བར་བཏགས་པ་ཡིན་ནོ། །མིག་གིས་གཟུགས་མཐོང་ནས་ཞེས་བྱ་བ་དེ་ཉིད་ལ་དཔེ་ནི། དཔེར་ན་ཁྲིའུ་དག་འབོད་དོ་ཞེས་བྱ་བ་སྟེ། བརྟེན་པའི་ལས་འབོད་པ་དེའི་རྟེན་ལ་ཉེ་བར་འདོགས་པ་བཞིན་ནོ། །ཇི་ལྟར་
མདོ་ལས། མིག་གི་རྣམ་པར་ཤེས་པར་བྱ་བའི་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ནི་དེའི་བརྟེན་པ་རྣམ་པར་ཤེས་པའི་ལས་ཡིན་གྱི་མིག་གི་མ་ཡིན་ཏེ། དེའི་ཕྱིར་བརྟེན་པའི་ལས་རྟེན་ལ་ཉེ་བར་བཏགས་སོ་ཞེས་ཤེས་པར་བྱའོ། །ཡང་ན་གཟུགས་སོ་སོར་རྣམ་པར་རིག་པའི་
เล่ม ๒๐๙ · หน้า 119b
རྟེན་གྱི་དངོས་པོ་དང་ཉེ་བའི་རྒྱུར་གྱུར་པའི་ཕྱིར་མིག་ལ་བརྟེན་ནས་རྣམ་པར་ཤེས་པར་བྱ་བས་ན། མིག་གི་རྣམ་པར་ཤེས་པར་བྱས་སོ། །མདོ་ལས་བྲམ་ཟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་མིག་གིས་མཐོང་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྒོ་ཉིད་དུ་ངེས་པར་
གསུངས། སྒོ་ནས་ནི་གཞན་གྱིས་མཐོང་བ་ཡིན་གྱི་སྒོས་ནི་མ་ཡིན་ཏེ། དེའི་ཕྱིར་མིག་གི་སྒོ་ནས་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེར་ནི་ལྟ་བ་ལ་སྒོ་ཞེས་བྱ་བར་ཟད་དོ་ཞེས་བྱ་བ་ལ། མདོ་དེར་ནི་ལྟ་བ་གང་ཡིན་པ་དེ་མིག་གི་ལས་ཡིན་ཞིང་
ལྟ་བ་དེ་ལ་སྒོ་ཞེས་བརྗོད་པ་ཡིན་ཏེ། དེའི་ཕྱིར་མིག་ཉིད་ཀྱིས་མཐོང་གི་རྣམ་པར་ཤེས་པས་ནི་མ་ཡིན་ནོ། །སྒོ་དང་ལྟ་བའི་སྒྲས་དོན་ཐ་མི་དད་པ་ཉིད་ཡིན་ན་ནི་བརྗོད་པ་དོན་མེད་པའི་ཕྱིར་འདིར་ནི་མི་རུང་ངོ་། །ཅི་ཞེ་ན་མིག་གིས་གཟུགས་རྣམས་མཐོང་བར་བྱ་བ་ལ་ལྟ་བ་ཡིན་
ནོ་ཞེས་དེ་སྐད་སྨྲ་བར་འགྱུར་བའོ། །གལ་ཏེ་གཟུགས་རྣམས་མཐོང་བ་ལ་གཟུགས་མཐོང་བ་ཉིད་སྒོར་གྱུར་པ་ཡིན་ན། གཞན་མཐོང་བ་ལ་སྒོར་གྱུར་པ་གང་ཞེ་ན། ཡིད་ནི་ཆོས་རྣམས་ཤེས་པར་བྱ་བ་ལ་སྒོ་ཡིན་ནོ་ཞེས་བྱ་བ་གསུངས་པ་དེར་ཡང་ཡིད་འདས་པ་ཁོ་ན་ཡིད་ཀྱི་
རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གྱུར་པས་སྒོ་ཞེས་གསུངས་ཏེ། ཡིད་འདས་པས་ཆོས་ཐམས་ཅད་རྣམ་པར་ཤེས་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་གཟུགས་མཐོང་བའི་རྟེན་ཡིན་པའི་ཕྱིར་མིག་ལ་སྒོ་ཞེས་གསུངས་ཀྱི། དེ་ལ་མཐོང་བའི་ནུས་པ་
ཡོད་པ་ནི་མ་ཡིན་ཏེ། བེམས་པོ་ཡིན་པའི་ཕྱིར་རོ། །གནས་བརྟན་འདུས་བཟང་ན་རེ། གང་གི་ཕྱིར་ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་གསུངས་པ་དེའི་ཕྱིར་འདིར་དགོངས་པ་ནི་དེ་ལ་བརྟེན་ནས་ཞེས་བྱ་བ་འདི་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདི་ནི་ཤེས་བྱེད་དུ་མི་འཐད་དོ། །
དེ་དག་རིགས་གཅིག་པའི་ཕྱིར་རོ། །གང་གི་ཕྱིར་དེའི་མཚན་ཉིད་ལས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡིད་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བརྗོད་པ་ན། དེར་ནི་མཚན་ཉིད་དུ་འགལ་བར་མི་འགྱུར་རོ། །གང་གི་ཕྱིར་ཡིད་རབ་ཏུ་སྤང་བས་སྨྲ་བའམ།
เล่ม ๒๐๙ · หน้า 120a
བྱེད་པ་འདས་པའི་རྣམ་པར་ཤེས་པ་ལས་ལུས་དང་ངག་གི་ལས་སློང་བར་བྱེད་པའི་ནུས་པ་མེད་པར་བརྗོད་ཅིང་། ད་ལྟ་བའི་རྣམ་པར་ཤེས་པ་ལ་མ་ཡིན་པས་ཡིད་ཉིད་རབ་ཏུ་གྲུབ་པོ། །འོ་ན་མདོ་དེ་ལས་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ཉིད་མིག་ལ་སོགས་
པར་བཞེད་ཀྱི་ཐམས་ཅད་མ་ཡིན་པ་ཅི་ཞེ་ན། རྟེན་བཅས་རྣམས་ལ་མཐོང་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་ཡིད་ཀྱང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་ལས་མངོན་པར་འདོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཡང་འདས་པ་ཁོ་ན་རྟེན་དུ་འགྱུར་གྱི་མ་
སྐྱེས་པ་དང་ད་ལྟར་བྱུང་བ་ཡང་མ་ཡིན་ཞེས་བྱའོ། །འདི་ཅི་ལྟར་ན་དེའི་ཤེས་བྱེད་མ་ཡིན་པ་ཉིད་ཡིན་ཞེ་ན། འདི་ན་ཕྱོགས་སྔ་མའི་བསམ་པ་མ་གཏོགས་པའི་ཕྱིར་དགག་པའི་ཕྱིར་ལན་བརྗོད་པ་ཐམས་ཅད་འབྲེལ་མེད་པར་འགྱུར་རོ། །གང་བཤད་པ། རྣམ་པར་ཤེས་པ་ལས་མཐོང་
བའི་ལས་རབ་ཏུ་མ་གྲགས་པ་ལ། རྟེན་ལ་དེར་བཏགས་པ་མི་རིགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ་རབ་ཏུ་གྲགས་པའི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་ན་མིག་གི་སྒོ་ནས་གཟུགས་དམིགས་པ་ལ་མཐོང་ཞེས་རྗོད་པར་བྱེད་དོ། །མིག་ལ་ཡོད་ཀྱང་གང་མཐོང་བ་མེད་དོ། །རྣམ་པར་
ཤེས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། རྣམ་པར་ཤེས་པ་ཁོ་ན་མཐོང་བ་ཞེས་བྱ་བར་ཤེས་པར་བྱའོ། །བྲམ་ཟེ་མིག་ནི་སྒོ་ཡིན་ནོ། །ཞེས་བྱ་བ་དེའི་དོན་གང་ཡིན་པ་རྣམས་ནི་གནས་བརྟན་འདུས་བཟང་གིས་བཤད་དོ། །དེ་དག་ནི་ཤིན་ཏུ་དབྱེ་དཀའ་བ་དང་གཞུང་མངས་པའི་འཇིགས་པས་
རྣམ་པར་དཔྱད་པ་མ་བྱས་སོ། །གལ་ཏེ་རྣམ་པར་ཤེས་པ་མཐོང་ན་གང་གིས་རྣམ་པར་ཤེས། གང་གི་ལྟར་ན་མིག་གིས་མཐོང་བ་དེའི་ལྟར་ན་ནི་རྣམ་པར་ཤེས་པས་གཟུགས་མཐོང་ངོ་། །རྣམ་པར་ཤེས་སོ་ཞེས་ཐ་སྙད་རིགས་ན། གང་གི་ལྟར་ན་རྣམ་པར་ཤེས་
པས་མཐོང་བ་དེའི་ལྟར་ན་ནི་གཞན་གྱི་རྣམ་པར་ཤེས་པ་མེད་པས་ཐ་སྙད་མེད་པར་འགྱུར་རོ། །མཐོང་བ་དང་རྣམ་པར་ཤེས་པ་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་གིས་གཟུགས་མཐོང་བ་དམིགས་པ་དེ་ཉིད་ཀྱིས་འདི་རྣམ་པར་ཤེས་པ་ཡིན་
เล่ม ๒๐๙ · หน้า 120b
ནོ། །གལ་ཏེ་དམིགས་པ་མཐོང་བ་ཡིན་ན་སྒྲ་ལ་སོགས་པ་དག་ཏུ་ཡང་དམིགས་པ་མཐོང་བར་འགྱུར་རོ་ཞེ་ན། ཐོག་མའི་དམིགས་པ་ལ་མཐོང་བ་རྣམ་པར་ཤེས་པར་འདོད་ཀྱི་དམིགས་པ་ཐམས་ཅད་ནི་མ་ཡིན་ནོ། །དཔེར་ན་ཤེས་རབ་འགའ་ཞིག་ལ་མཐོང་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
ལྟ་བའི་རང་བཞིན་བརྒྱད་མཐོང་བ་ཡང་ཡིན་ཞིང་། རབ་ཏུ་ཤེས་པ་ཡང་ཡིན་ལ། དེ་དག་ལས་གཞན་རྣམས་ནི་རབ་ཏུ་ཤེས་པ་ཁོ་ན་ཡིན་པ་དེ་བཞིན་དུ། མིག་གི་རྣམ་པར་ཤེས་པ་ནི་མཐོང་བ་ཡང་ཡིན་ཞིང་། རྣམ་པར་ཤེས་པ་ཡང་ཡིན་གྱི། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ནི་རྣམ་
པར་ཤེས་པ་ཁོ་ན་ཡིན་ནོ། །ཤེས་རབ་ནི་རྟོག་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་དང་དེ་ལ་མཐོང་བ་མེད་པའི་ཕྱིར་མཐོང་བ་ཞེས་བྱ་བར་མི་རུང་ངོ་། །དམིགས་པའི་བདག་ཉིད་ཀྱི་ཁྱད་པར་ལས་རྣམ་པར་ཤེས་པ་འགའ་ཞིག་ལ་ཁྱད་པར་ཡོད་པས་འགའ་ཞིག་བདག་མེད་པར་
མངོན་པར་མཐོང་བར་མི་རུང་ངོ་ཞེ་ན། རྣམ་པར་ཤེས་པ་ཡང་བསྟན་དུ་ཡོད་པའི་ཡུལ་ཉིད་ལ་ཁྱད་པར་ཡོད་པས་འདི་ནི་མཚུངས་ཏེ། སྔར་ཡང་ཁྱད་པར་བསྟན་ཟིན་ཏོ། །གཞན་དག་ན་རེ་གལ་ཏེ་མིག་གིས་མཐོང་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་མིག་འབྱེད་པ་ན་མཐོང་བ་ཞེས་
བརྗོད་པ་རྣམ་པར་ཤེས་པ་ལས་མ་གཏོགས་པའི་བྱ་བ་གཞན་འདྲ་བ་ཞིག་ཡོད་ལ། བྱ་བ་མེད་པར་ཡང་བྱེད་པ་པོ་ཉིད་མི་རིགས་ཏེ། འགྲོ་བ་ཉིད་བཞིན་ནོ་ཞེས་ཟེར་རོ། །དེ་ནི་གླན་གར་མི་རུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཞེས་བརྗོད་ན། དེ་ལ་
ནི་བྱེད་པ་པོ་དང་བྱ་བ་བྱེ་བྲག་ཀྱང་མེད་དེ། རྣམ་པར་ཤེས་པ་ལས་མ་གཏོགས་པའི་རྣམ་པར་ཤེས་པའི་བྱ་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་བྱེད་པ་པོ་ལས་མ་གཏོགས་པའི་བྱ་བ་མེད་པས་མིག་གིས་མཐོང་ངོ་ཞེས་བྱེད་པ་པོ་བསྟན་པར་འགྱུར་རོ། །གལ་ཏེ་འདིར་ཡང་དེ་གནས་སོ་
ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ། ཐམས་ཅད་དུ་དངོས་པོ་ཙམ་གྱི་བྱེད་པ་བསྟན་པའི་ཕྱིར་རོ། །དཔེར་ན་གྲིབ་མ་འགྲོའོ་མི་འགྲོའོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་རང་གི་རྐྱེན་དག་ལས་ཡུལ་གང་ལ་སྐྱེ་བ་དེའི་རྣམ་པར་སྐྱེད་པ་ལས་བྱ་བ་མེད་ཀྱང་དེ་ཉིད་ཀྱིས་ཡུལ་རྣམ་པར་ཤེས་པ་ཞེས་
เล่ม ๒๐๙ · หน้า 121a
བརྗོད་དོ། །གཞན་དག་ན་རེ་མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ་ཞེས་བྱ་བ་ལ། མཐོང་བ་ནི་བལྟ་བའོ། །དེའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ལ། མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ལས་ལ་བྱེད་པ་པོ་བཞིན་
འཇུག་པས་རབ་ཏུ་གྲགས་པའི་དཔེ་ཡང་མིག་ལ་འཇུག་སྟེ། དེའི་ཕྱིར་མིག་གིས་མཐོང་ཞེས་བརྗོད་པར་བྱའོ། །དཔེར་ན་སྒྲོགས་པའི་རྟེན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་དེ་ཉིད་ལ་འཇིག་རྟེན་ན་གྲགས་པའི་དཔེ་སྨྲས་པའོ། །དེ་ལྟ་ན་མིག་ཅེས་བྱ་བ་ལ། གལ་ཏེ་མཐོང་བའི་རྟེན་དུ་
གྱུར་པའི་ཕྱིར་མིག་གིས་མཐོང་ངོ་ཞེས་བྱ་བ་ཡིན་ན། དེ་ལྟ་ན་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་རྣམ་པར་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། བྱེད་པ་པོ་དང་བྱ་བའི་ཐ་སྙད་འདི་ནི་འཇིག་རྟེན་པ་ཡིན་ནོ། །འཇིག་རྟེན་ན་རྣམ་པར་ཤེས་པ་དེ་ནི་མཐོང་
བའོ་ཞེས་གྲགས་ཏེ་ཞེས་རྒྱ་ཆེར་འབྱུང་ངོ་། །བྱེ་བྲག་ཏུ་བཤད་པ་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། འཇིག་རྟེན་ན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་བསྟན་བཅོས་ལས་ཀྱང་དེ་མཐོང་བར་བརྗོད་དོ་ཞེས་སྟོན་ཏོ། །མིག་དང་ཕྲད་ཅིང་ཞེས་བྱ་བ་ནི་མིག་གིས་བལྟས་ཤིང་དེ་ལ་སྣང་
བར་གྱུར་པ་སྟེ། དེ་ཡུལ་གྱི་དངོས་པོར་གྱུར་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མཐོང་བའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་མཐོང་ངོ་ཞེས་བྱ་བ་ན། འོ་ན་ནི་གང་གི་རྟེན་དུ་གྱུར་པས་རྣམ་པར་ཤེས་པས་གཟུགས་རྣམ་པར་ཤེས་སོ་ཞེས་བརྗོད་དོ། །དེ་ལས་རྣམ་པར་
ཤེས་པ་ལས་ཐ་དད་པའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་ནི་ཡོད་ཙམ་གྱིས་ཞེས་བྱ་བ་སྨོས་སོ། །མིག་ནི་ཉེ་བ་ཙམ་གྱིས་མཐོང་ངོ་ཞེས་བསྟན་པར་མི་ནུས་ཏེ། དེ་དང་མཚུངས་པའི་མིག་ཀྱང་ཡོད་པའི་ཕྱིར་རོ། །རྣམ་པར་ཤེས་པ་
ནི་དེ་ལྟ་མ་ཡིན་པས་དེ་ཡོད་པ་ཙམ་གྱིས་གཟུགས་རྣམ་པར་ཤེས་སོ་ཞེས་བརྗོད་དེ། དཔེར་ན་ཉི་མས་ཉིན་མོར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །འདི་ལྟར་གླིང་རྣམས་ཀྱི་སྣང་བའི་གནས་ནི་ཉིན་མོ་ཡིན་ལ། དེ་ཡང་འོད་དང་བཅས་པའི་ཉི་མ་ལས་གཞན་ཡོད་པ་མ་ཡིན་ནོ། །
เล่ม ๒๐๙ · หน้า 121b
དེའི་ཕྱིར་ཉི་མ་ཡོད་པ་ལས་ཉིན་མོར་བྱེད་པའོ། །ཡང་ན་གལ་ཏེ་མཐོང་བའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་མཐོང་བ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་མཐོང་བ་མ་ཡིན་པ་ཉིད་དེ། ཡིད་ཁོ་ནས་རྣམ་པར་ཤེས་པར་བྱེད་པས་ན། རྣམ་པར་ཤེས་པ་ཞེས་ཐལ་བར་མི་
འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་གསུངས་མོད་ཀྱི། མིག་ལ་སོགས་པ་རྣམ་པར་ཤེས་པ་ལས་གཞན་པའི་བདག་ཉིད་དུ་ཡོད་པས་དེ་ལྟ་ན་ཡང་མཚུངས་པ་དེ་མ་ཐག་པ་འདས་པའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་
གྱི་རྟེན་དུ་འགྱུར་བས་ད་ལྟ་བའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་ཤེས་སོགས་བྱ་བར་མི་འགྱུར་ཏེ། འདས་པ་ཁོ་ནས་དོན་དམ་པ་ལས་རྣམ་པར་ཤེས་པའི་བྱ་བ་ད་ལྟར་བ་མ་ཡིན་པ་དེ་ལས་མ་གཏོགས་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་
ནི་ཡོད་པ་ཙམ་གྱིས་གཟུགས་རྣམ་པར་ཤེས་སོ་ཞེས་བྱ་སྟེ་ཉེ་བར་བཏགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མཐོང་བའི་རྟེན་གྱིས་མཐོང་ངོ་ཞེས་བྱ་བ་བཤད་པ་ལ། རྣ་བའི་རྣམ་པར་ཤེས་པའི་རྟེན་ཡང་འགའ་ཞིག་གི་ཚེ་མིག་གི་རྣམ་པར་ཤེས་པའི་དེ་མ་ཐག་པའི་
འདས་པར་གྱུར་པ་ན་དེས་སྒོ་རྣམ་པར་ཤེས་སོ་ཞེས་བྱ་བར་འགྱུར་བ་དེའི་ཕྱིར་རྣམ་པར་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣ་བའི་རྣམ་པར་ཤེས་པའི་དུས་སུ་མིག་གི་རྣམ་པར་ཤེས་པ་ཉེ་བ་མ་ཡིན་པས་དེ་ཡང་ཡོད་པ་ཙམ་གྱིས་གཟུགས་རྣམ་པར་ཤེས་སོ་
ཞེས་བརྗོད་དེ། དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་སྒྲ་རྣམ་པར་ཤེས་སོ་ཞེས་ཐལ་བར་འགྱུར་བ་མེད་དོ། །འདི་ནི་མིག་གིས་མཐོང་ངོ་། །རྣམ་པར་ཤེས་པས་རྣམ་པར་ཤེས་སོ་ཞེས་བྱ་བ་འདིའི་དགོངས་པ་གང་ཡིན་པ་དེ་ཡིན་ནོ། །གཞན་དག་ན་རེ་དེ་ལ་མཐོང་བ་དང་
རྣམ་པར་ཤེས་པ་དག་ཁྱད་པར་མེད་པར་བཤད་པ་ལ། དེའི་ཁྱད་པར་འཆད་པར་འདོད་པས་འདི་བཤད་དེ། མཐོང་བའི་རྟེན་དུ་གྱུར་པའི་ཕྱིར་མིག་གིས་མཐོང་ངོ་། །ཡོད་པ་ཙམ་གྱིས་རྣམ་པར་ཤེས་པས་རྣམ་པར་ཤེས་ཀྱི་འདིས་མཐོང་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་
เล่ม ๒๐๙ · หน้า 122a
མདོ་སྡེ་པ་རྣམས་ན་རེ་ཞེས་བྱ་བ་ལ། ཅི་མིག་གིས་མཐོང་ངམ་རྣམ་པར་ཤེས་པས་མཐོང་ཞེས་བྱ་བའི་སྐབས་གང་ཡིན་པ་དེར་རོ། །དེ་དག་ཇི་སྐད་ཟེར་ཞེ་ན། ནམ་མཁའ་བལྡད་པ་འདི་ཅི་དགོས་ཞེས་བྱ་བ་སྟེ། རྣམ་པར་དཔྱད་པ་འདི་
ནི་ནམ་མཁའ་འཆའ་བ་དང་འདྲ་བར་དགོས་པ་མེད་དེ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་རྣམ་པར་དཔྱད་པ་འདི་དགོས་པ་མེད་ཅེ་ན། དེའི་ཕྱིར་མིག་དང་གཟུགས་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། འབྲས་བུའི་ཡོད་པ་
ནི་རྒྱུའི་ཡོད་པ་སྔོན་དུ་འགྲོ་བ་ཡིན་ན་དེ་ལ་བལྟ་བ་ནི་སུ་ཞིག་མཐོང་བར་བྱེད་པ་སུ་ཞིག་ཡིན། འདི་ལ་ཚིག་ཙམ་གྱིས་དད་པར་མི་འགྱུར་ཞེ་ན། དེའི་ཕྱིར་འདི་ནི་བྱེད་པ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས། བྱེད་པ་མེད་པ་དང་ཞེས་བྱ་བ་ནི་རྒྱུའི་ཡོད་པ་ལས་ཐ་
དད་པའི་བྱ་བ་འགལ་བ་དེ། དེ་ལས་ཐ་དད་པའི་བྱ་བ་ཁས་བླངས་ན་སྐད་ཅིག་མར་འཇིག་པ་ལ་གནོད་པར་འགྱུར་ན། དངོས་པོ་རྣམས་སྐད་ཅིག་ཕན་ཆད་གནས་པ་ནི་ཚད་མ་དག་དང་འགལ་ལོ། །ཆོས་ཙམ་ཞེས་བྱ་བ་ནི་ནང་གི་བྱེད་པའི་སྐྱེས་བུ་འགོག་པར་བྱེད་པའོ། །
རྒྱུའི་བྱེད་པ་དང་ནང་གི་བྱེད་པའི་སྐྱེས་བུ་མེད་ཀྱང་རྒྱུ་དང་འབྲས་བུ་དག་ལ་རྒྱུ་དང་འབྲས་བུའི་འབྲེལ་པ་མི་འགལ་ལོ་ཞེས་བསྟན་པའི་ཕྱིར་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ་ཞེས་བྱ་བ་སྨོས་སོ། །ཐ་སྙད་གདགས་པའི་དོན་དུ་ཞེས་བྱ་བ་ནི། འཇིག་རྟེན་དང་བསྟན་བཅོས་སུའོ། །འདུན་
པའི་སྒོ་ནས་ཞེས་བྱ་བ་ནི་དོན་གྱི་མཚན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་པའོ། །འདི་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཐ་སྙད་པའི་དོན་ནི་བཏགས་པ་ཡིན་པའི་ཕྱིར་རོ། །དོན་དམ་པར་བཙལ་ན་མི་དམིགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བས་ནི་ཐ་སྙད་
པའི་དོན་ལ་མངོན་པར་ཞེན་པ་ནི་བཅོམ་ལྡན་འདས་ཀྱིས་དགག་པ་མཛད་དོ་ཞེས་སྟོན་པར་བྱེད་དོ། །ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བ་ལ། ལྗོངས་ཀྱི་མི་དང་ལྗོངས་ཀྱི་མིའི་ངེས་པ་སྟེ། གཏན་ལ་ཕབ་པའི་ངེས་པའི་ཚིག་གོ། །ཅིའི་ཕྱིར་
เล่ม ๒๐๙ · หน้า 122b
འདི་འདིས་ངེས་པར་བྱས་ཞེས་དེ་དག་ལ་མངོན་པར་ཞེན་པར་མི་བྱ་སྟེ། ཅིའི་ཕྱིར་འདི་ནི་ངེས་པའི་ཚིག་ཡིན་གྱི་ཐམས་ཅད་དོན་དང་ལྡན་པར་རྟོག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གྱི་མིང་ལ་རབ་ཏུ་བརྒྱུག་པར་མི་བྱའོ་ཞེས་བྱ་བ་ལ། རྟོག་པ་དང་རབ་ཏུ་བརྒྱུག་པར་བྱ་ཞེས་བྱ་
བ་འདི་ནི་དོན་གཅིག་གོ། །གཞན་དག་ན་རེ་ལུས་ལ་སོགས་པ་ལས་ཐ་དད་པའི་བདག་ནི་ཡོད་དེ་ཞེས་བྱ་བར་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའི་སྒོ་ནས་བདག་དང་སྲོག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ལྷག་པར་སྒྲོ་བཏགས་པར་མི་བྱའོ་ཞེས་ཟེར་ཏེ། དོན་
མེད་པའི་ཕྱིར་མིང་ཡང་མེད་དོ་ཞེས་བཏགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ན་ཞེས་བྱ་བ་ལ། འདི་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་རབ་ཏུ་གྲགས་པའི་ཆོས་མངོན་པ་བཤད་པའི་སྐབས་སུ་བབ་པས་དེའི་ཕྱིར་དེ་དག་
ཉིད་ཕྱོགས་ཕྱི་མར་གནས་པར་བྱེད་དོ། །གལ་ཏེ་གང་ཡང་རུང་བ་ཞིག་བཙུམས་ན། གཟུགས་གང་ཡང་རུང་བ་ཞིག་དམིགས་པའི་ཕྱིར་གཉི་གས་མཐོང་བར་ནུས་པར་གྲུབ་བཞིན་དུ། ཡང་ཅིའི་ཕྱིར་མིག་གཅིག་གིས་ཞེས་རྒྱས་པར་དཔྱོད་ཅེ་ན། གཉི་ག་ཕྱེ་ན་མཐོང་བ་གང་ཡིན་
པ་དེ། ཅི་རིམ་གྱིས་སམ་འོན་ཏེ་ཅིག་ཅར་ཡིན་ཞེས་བྱ་བ་འདི་མ་དཔྱད་པས་དེའི་ཕྱིར་དམིགས་ཀྱིས་ངེས་པར་བྱ་བའི་ཕྱིར་རྩོམ་མོ། །འདི་ལ་ངེས་པ་མེད་དེ་ཞེས་བྱ་བ་ལ། དེ་དག་གང་ཡང་རུང་བ་ཞིག་བཙུམས་པའམ་རྣམ་པར་ཉམས་ན་ཅིག་ཤོས་ཀྱིས་མཐོང་བའི་ནུས་པ་ལ་
གནོད་དོ་ཞེས་ཁ་ཅིག་གོ། །མིག་གིས་གཟུགས་མཐོང་ཡང་བཙུམས་པ་དང་ཉམས་པ་དག་གིས་ནི་མ་ཡིན་ནོ། །ཅིག་ཅར་དུ་མིག་གཉི་ག་དག་གིས་མཐོང་སྟེ། ཀྱང་གི་སྒྲས་ནི་གཅིག་གིས་ཀྱང་འདི་གཉིས་ཁོ་ནའམ་གཅིག་ཁོ་ནས་ཞེས་ངེས་པར་ནི་མི་གཟུང་ངོ་། །ངེས་པ་འདི་
གང་ལས་ཤེ་ན་གསལ་བར་མཐོང་བའི་ཕྱིར་རོ། །ཆོས་མངོན་པ་པ་སྨོས་པ་ནི། མདོ་སྡེ་པ་རྣམས་ལས་ཁ་ཅིག་གིས་ཀྱང་མཐོང་ངོ་ཞེས་འདོད་པ་བསྟན་པའི་ཕྱིར་རོ། །འདི་ལྟར་གཉི་ག་ཕྱེ་ན་ཞེས་རྒྱས་པར་འབྱུང་བ་ལ། མིག་གཅིག་བཙུམས་ན་གཟུགས་གང་ཞིག་རྒྱུན་
เล่ม ๒๐๙ · หน้า 123a
ཆགས་སུ་འཇུག་པ་མི་གསལ་བར་དམིགས་པ་དེ་གཉི་ག་ཕྱེ་བས་ཆེས་གསལ་བར་དམིགས་ཏེ། གཅིག་གིས་མཐོང་ན་ནི་སྔ་མ་དང་ཕྱི་མ་དག་ཏུ་མཐོང་བ་ཁྱད་པར་དུ་མི་འགྱུར་རོ། །གང་ཡང་རུང་བ་ཞིག་གཞན་དུ་གྱུར་ན་ནི་མ་ཡིན་ནོ་ཞེས་བྱ་བ་ལ།
གལ་ཏེ་ཕྱེ་བ་གང་ཡིན་པ་དེ་ཕྱེད་བཙུམས་པའམ་ཕྱེད་བཙུམས་པ་དེ་ཐམས་ཅད་ཕྱེ་བའམ། ཐམས་ཅད་བཙུམས་ན་དེས་ཟླ་བ་གཉིས་འཛིན་པར་མི་འགྱུར་ཏེ། དེའི་ཕྱིར་མིག་གཅིག་གིས་མཐོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་མིག་གཅིག་ཕྱེ་བ་དང་། གཉིས་པ་ཕྱེད་
བཙུམས་པ་ན་ཟླ་བ་གཉིས་འཛིན་པར་མི་འགྱུར་རོ། །གཅིག་ཕྱེད་བཙུམས་པའམ་ཕྱེ་བ་དག་གིས་ཟླ་བ་གཉིས་འཛིན་པར་མཐོང་བ་དེའི་ཕྱིར་གཉིས་ཀ་ཡང་དེར་ནུས་སོ་ཞེས་བྱ་བར་ངེས་པའོ། །རྣམ་གྲངས་མཐོང་བ་དཔེར་བརྗོད་པར་འགྱུར་རོ། །འདྲ་བ་མཐོང་བ་ལ་གཉིས་
ཉིད་དུ་མངོན་པར་བརྗོད་པའི་ཕྱིར་ཞེས་པའི་ཚིག་གིས་འཕངས་པའོ། །ཕྱེད་ཕྱེ་བ་དང་བཙུམས་པ་དག་གིས་ཟླ་བ་གཉིས་འཛིན་པ་རྟེན་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་གཉི་གའི་རྟེན་ཉིད་དུ་བཤད་དོ། །ཅིག་ཤོས་མ་ཡིན་པ་གཞན་དུ་འགྱུར་བས་ཟླ་བ་གཉིས་འཛིན་པའི་རྟེན་རྣམ་པར་འགྱུར་
བ་མེད་པའི་ཕྱིར་རོ། །གལ་ཏེ་གཉི་གས་མཐོང་ན་རྟེན་རྣམ་པར་ཆད་པས་རྣམ་པར་ཤེས་པ་རྣམ་པར་ཆད་པས་སེམས་ཅན་གཅིག་གི་མིག་གི་དབང་པོ་ལྟར་སྐད་ཅིག་མ་གཅིག་ལ་རྣམ་པར་ཤེས་པ་གཉིས་སུ་ཐལ་བར་འགྱུར་རོ་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པར་མ་ཆད་
པ་ལུས་ཀྱི་དབང་པོའི་རྟེན་ཡིན་པས། དེའི་ཕྱིར་མིག་གཅིག་ཉིད་ཀྱིས་མཐོང་གི་གཉིས་དག་གིས་མ་ཡིན་ཏེ། འཇུག་པ་མྱུར་བའི་ཕྱིར་དེར་མངོན་པར་ང་རྒྱལ་བ་ཙམ་ལ་གཉིས་དག་གིས་མཐོང་ཞེས་བྱའོ། །དེའི་ཕྱིར་རྟེན་རྣམ་པར་ཆད་པས་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །ཅིའི་
ཕྱིར་ཞེ་ན། ཡུལ་ནི་མི་གནས་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་འཁར་གཞོང་དང་རྒྱ་ཤུག་བཞིན་རྟེན་དང་བརྟེན་པའི་ངོ་བོས་མིག་ལ་གནས་ཏེ། དེ་དག་གྱུར་པས་འགྱུར་བའི་ཕྱིར་མིག་ལ་དེའི་རྟེན་ཞེས་བྱའོ། །དེའི་ཕྱིར་རྟེན་གཅིག་ལ་རག་ལས་པའི་ཕྱིར་དང་། ཡུལ་
เล่ม ๒๐๙ · หน้า 123b
ན་མི་གནས་པའི་ཕྱིར་མིག་རྒྱས་ཀྱང་རྣམ་པར་ཤེས་པ་གཅིག་སྐྱེད་པར་འགལ་བ་མེད་ན་གཉིས་ཀྱིས་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། དཔེར་ན་ལག་པ་གཉིས་ཀྱི་ཅིག་ཅར་དྲོ་བའི་འདུས་ཏེ་རེག་པ་ལས་ལུས་ཀྱི་རྣམ་པར་ཤེས་པ་རེ་རེ་རྣམ་པར་མ་ཆད་པར་སྐྱེ་སྟེ། སུན་
འབྱིན་པས་ཆོད་པ་ན་གཅིག་གིས་ཀྱང་རྣམ་པར་ཤེས་པ་དུ་མ་སྐྱེད་པར་ཐལ་བ་མེད་དོ། །ཐམས་ཅད་ཀྱི་རྐྱེན་ཉེ་ན་ཅིག་ཅར་རམ་རིམ་གྱིས་སྐྱེ་བར་སྨྲ་བ་རྣམས་རེ་ཤིག་མིག་གཡས་པའི་རྣམ་པར་ཤེས་པ་སྐྱེའི་ཅིག་ཤོས་ཀྱི་མ་ཡིན་ཞེས་བྱ་བ་འདི་ཅི་ལས་ཤེ་ན། ཐུན་མོང་
མ་ཡིན་པའི་རྒྱུ་དང་ཡུལ་དང་འབྲས་བུ་སྨྲ་བའི་བདག་ཉིད་མིག་གིས་མཐོང་བ་ལ་ཡང་ཡན་ལག་དུ་མས་རྣམ་པར་ཤེས་པ་སྐྱེད་པར་ཐལ་བར་འགྱུར་རོ། །ཐམས་ཅད་ཁྱད་པར་མེད་ན་རྡུལ་ཕྲ་རབ་གཅིག་ལ་རྟེན་པ་ཉིད་ཀྱང་མི་རུང་སྟེ། ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་ཡུལ་ན་མི་
གནས་པ་དེའི་རྟེན་རྣམ་པར་ཆད་པས་རྣམ་པར་ཆད་པའོ། །གཟུགས་བཞིན་དུ་ཞེས་བྱ་བ་ནི་མི་མཐུན་པའི་དཔེའོ། །གལ་ཏེ་ཡུལ་ན་མི་གནས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟར་མིག་གི་དབང་པོའི་རྟེན་གཟུགས་སོ་སོར་རྣམ་པར་རིག་པ་མིག་གི་རྣམ་པར་ཤེས་པ་
ཞེས་བྱ། ཅི་ལྟར་མིག་ལས་དེའི་རྣམ་པར་ཤེས་པའི་རྟེན་ཉིད་དེ་དང་དེར་མི་གནས་པའི་འགལ་བ་མེད་ཅེ་ན། སྐྱེད་པ་ལ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཉེ་བའི་རྒྱུ་མེད་པའི་ཕྱིར་གནས་དང་རྟེན་དུ་བརྗོད་དོ། །དེའི་གནས་སྐབས་སུ་གསུངས་པ་མ་ཡིན་པ་དེ་དེའི་རྟེན་དུ་གསུངས་པར་གྱུར་
ཞེ་ན་འབྲུའི་རྟེན་པ་བཞིན་ནོ། །ལྷས་བྱིན་རྒྱལ་པོ་ལ་བརྟེན་ཅིང་གནས་ཞེས་བརྟགས་པ་མཐོང་བའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་ཕན་པ་དང་གནོད་པའི་རྗེས་སུ་བྱེད་པའི་ཕྱིར་དེ་ལ་གནས་སོ་ཞེ་ན་མ་ཡིན་ཏེ། གྲིབ་མ་དང་འོད་དང་གཟུགས་བརྙན་ལ་སོགས་པ་དང་ཤིང་དང་བཅས་
པ་ལ་སོགས་པ་གནས་ལ་ཡང་། རྗེས་སུ་བྱེད་པ་མཐོང་བའི་ཕྱིར་ཏེ། རྒྱ་མཚོ་ཟླ་བ་ཟད་པ་དང་འཕེལ་བའི་རྗེས་སུ་བྱེད་པ་བཞིན་འདི་དག་དེ་ལ་གནས་པ་མ་ཡིན་ཏེ། དབང་པོ་རྣམས་ཡུལ་ལ་འཇུག་པ་གཅིག་པའི་ཕྱིར་རྣམ་པར་ཤེས་པས་ཤའི་གོང་བུ་སྐྱེ་བོ་སུན་འབྱིན་པ་རྫི་མ་དང་
เล่ม ๒๐๙ · หน้า 124a
ཐུར་མ་ལ་སོགས་པ་རྣམས་མི་འཛིན་ཏེ་ཆ་ཉེ་བར་གྱུར་པས་དབང་པོའི་ཡུལ་དུ་མི་གནས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡུལ་གྱིས་བསྐལ་པའི་གཟུགས་ཀྱང་མི་འཛིན་ནོ། །དེ་ལྟ་མ་ཡིན་ན་ཡུལ་གྱིས་བསྐལ་བའི་གཟུགས་འཛིན་པ་ལ་སུ་ཞིག་གེགས་བྱེད་པར་འགྱུར། གལ་
ཏེ་དབང་པོའི་ཡུལ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པའི་མིག་གིས་ཤའི་གོང་བུ་རྣམས་འཛིན་པར་འགྱུར་ན། གང་དུ་གཟུགས་ཀྱི་ཡུལ་ལ་དེ་མི་གནས་པས་དེ་འཛིན་པར་མི་འགྱུར་རོ། །དེའི་ཕྱིར་ཆོས་དེ་དག་གི་རྣམ་པར་ཤེས་པ་རྣམས་དེའི་རྟེན་ལ་སོགས་པ་ཉེ་བ་དང་རིང་བ་དག་མི་འཛིན་ཏེ།
ཐུན་མོང་མ་ཡིན་པའི་རྒྱུའི་ཡུལ་ཉིད་དོ། །གཞན་དག་ན་རེ་སེམས་དང་སེམས་ལས་བྱུང་བའི་འབྲས་བུ་ཉིད་ཀྱིས་མྱུ་གུ་ལ་སོགས་པ་བཞིན་ནོ། །གཟུགས་བརྙན་ལ་སོགས་པ་རྣམས་ལ་མཐའ་དུ་མའོ་ཞེས་ཟེར་རོ། །ཇི་ལྟར་ཐུན་མོང་མ་ཡིན་པའི་འབྲས་བུའི་ཡུལ་དེ་བཞིན་དུ་དེའི་
རྒྱུད་དུ་གཏོགས་པ་ལ་ཡང་རྣམ་པར་ཤེས་པ་དང་ཡིད་ནི་མིག་ལ་སོགས་པའི་ཡུལ་མ་ཡིན་ཞིང་། དེ་རྣམ་པར་ཤེས་པའི་རྒྱུད་མ་ཡིན་པའི་ཕྱིར་དེ་ལྟར་དབང་པོ་བརྟེན་པ་ཉིད་ཀྱང་རྣམ་པར་ཤེས་པ་ཆ་ཤས་དང་བཅས་པ་ཉིད་དང་དུ་མ་ཉིད་དུ་ཐལ་བར་འགྱུར་བ་སྔར་ཉིད་དུ་བཤད་དོ། །ཁྱད་
པར་མེད་པའི་ཕྱིར་ལྷག་མ་དབང་པོའི་རྡུལ་ཕྲ་རབ་བཞིན་དུ་རྡུལ་ཕྲ་རབ་གཅིག་ཀྱང་དེའི་རྟེན་དུ་མི་རུང་ངོ་། །ཅི་འདི་དག་ཡུལ་དང་ཕྲད་པ་ཞིག་གམ་ཞེས་བྱ་བ་ལ་སོགས་པ་ལ། ཐེ་ཚོམ་འདི་ག་ལས་ཤེ་ན། གཉི་ག་ཡང་བསྙད་པ་མཐོང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འདི་
སྐད་དུ་མིག་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་གཟུགས་རྣམས་ལ་ཐོགས་སོ་ཞེས་གསུངས་ན། མ་ཕྲད་པ་ལ་ནི་ཐོགས་པ་མི་རིགས་སོ། །སླར་ཡང་དེ་ལྷའི་མིག་གིས་སེམས་ཅན་རྣམས་ལ་བལྟའོ་ཞེས་རྒྱ་ཆེར་འབྱུང་བ་ལ། རིང་བ་གང་དག་ཡིན་པ་དང་ཉེ་བ་གང་དག་ཡིན་པ་
ཞེས་གསུངས་ན། ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་ཉེ་བ་དང་རིང་བའི་རྣམ་པར་གཞག་པ་མི་སྲིད་དོ། །གལ་ཏེ་ཡུལ་དང་ཕྲད་པའི་དབང་དུ་བྱས་ན་ཡུལ་འཛིན་པ་ཐམས་ཅད་ཕྲད་པ་ཉིད་དོ། །ཅི་སྟེ་བར་མཚམས་མེད་པར་ཕྲད་ན་དེའི་ཕྱིར། མིག་དང་ཡིད་དང་རྣ་བ་ནི། ཡུལ་དང་མ་
เล่ม ๒๐๙ · หน้า 124b
ཕྲད། འདི་ལྟར་གཟུགས་རྒྱང་རིང་པོ་ནས་མཐོང་ཞིང་ཞེས་བྱ་བ་འདིས་ནི་ཡུལ་དང་མ་ཕྲད་པའོ་ཞེས་བྱ་བར་ཤེས་པར་བྱེད་དོ། །མིག་ལ་ཡོད་པའི་མིག་སྨན་མི་མཐོང་ཞེས་བྱ་བ་འདིས་ནི་ཡུལ་དང་ཕྲད་པ་ཡིན་པ་ཟློག་པར་བྱེད་པའོ། །དེ་ལྟ་ཡིན་པས་ཡུལ་དང་མ་ཕྲད་པ་ཁོ་ནའོ་ཞེས་བྱ་
བར་ངེས་པར་གཟུང་བར་འགྱུར་རོ། །གང་གི་ཕྱིར་ཡུལ་དང་ཕྲད་པ་དང་མ་ཕྲད་པ་ཉིད་ནི་གཉི་ག་ཇི་ལྟ་བས་སྨོས་པས་ཡུལ་དང་ཕྲད་པ་ཉིད་བཟློག་པར་འགྱུར་རོ། །གང་དག་བརྟེན་ནས་བྱུང་སྟེ་ཡུལ་ལ་གནས་སོ་ཞེས་ཡུལ་དང་ཕྲད་པར་འདོད་པ་དེ་དག་གིས་ནི་ཡང་འདོད་པ་ཙམ་དུ་ཟད་དེ་
ཉེ་བ་དང་རིང་བ་དག་ལ་དུས་མཉམ་པར་རྟོགས་པའི་ཕྱིར་རོ། །ཆོས་འདི་ནི་ནག་པོ་ལ་སོགས་པ་འགྲོ་བ་དང་ལྡན་པ་རྣམས་ལ་མཐོང་བ་ཡང་མ་ཡིན་ནོ། །གལ་ཏེ་མིག་ནི་འོད་ཟེར་ཡིན་པའི་ཕྱིར་མར་མེ་བཞིན་དུ་ཐག་ཉེ་བ་དང་རིང་བ་དག་ལྷན་ཅིག་གསལ་བར་བྱེད་པ་མི་འགལ་ཞེ་ན། བལྟ་
བར་འདོད་པ་མུན་ཁུང་དུ་སྣང་བ་ཚོལ་བའི་ཕྱིར་འོད་ཟེར་ཉིད་མ་གྲུབ་པོ། །གལ་ཏེ་མིག་ནི་འོད་ཟེར་ཉུང་བའི་ཕྱིར་ཕྱི་རོལ་གྱི་སྣང་བ་ཚོལ་བར་བྱེད་དོ་ཞེ་ན། ཉུང་ངུ་ནི་མང་པོས་ཟིལ་གྱིས་གནོན་པར་མཐོང་བའི་ཕྱིར་དམིགས་པ་ཉིད་དུ་མི་འགྱུར་རོ། །དཔེ་དང་དཔེ་ཅན་མཚུངས་པ་ཡང་མ་ཡིན་
ཏེ། བར་མེད་པར་ཕྲད་པ་གསལ་བར་བྱེད་པའི་ཕྱིར་རོ། །མར་མེ་ནི་སྡོང་བུ་དང་མར་ལ་སོགས་པ་ཕྲད་པ་སྲེག་ཅིང་སྣང་བར་བྱེད་ན། མིག་ནི་མིག་སྨན་ལ་སོགས་པ་ཤིན་ཏུ་ཉེ་བ་རྣམས་འཛིན་པར་བྱེད་པ་མ་ཡིན་ནོ། །མར་མེ་ནི་བར་མེད་པར་ཐམས་ཅད་སྣང་བར་བྱེད་ན། མིག་ནི་མདུན་གྱི་རི་
བོ་དང་ཤིང་ལ་སོགས་པ་འཛིན་པར་བྱེད་པ་དེའི་ཕྱིར་མིག་ནི་མར་མེ་ལྟ་བུའོ་ཞེས་བྱ་བ་མ་ཡིན་ནོ། །གལ་ཏེ་མིག་ནི་འོད་ཟེར་ཡིན་པའི་ཕྱིར་མར་མེ་བཞིན་དུ་ཐག་ཉེ་བ་དང་རིང་བ་དག་ལན་ཅིག་གསལ་བར་བྱེད་པ་མི་འགལ་ལོ་ཞེ་ན། ཤེལ་ལ་སོགས་པས་ཆོད་པ་ཡང་དམིགས་པས་མ་ཕྲད་པ་འཛིན་པའི་
ཕྱིར་དང་ཐེ་ཚོམ་མཐོང་བའི་ཕྱིར་ན་མིག་ནི་ཡུལ་དང་ཕྲད་པ་མ་ཡིན་ནོ། །ཕྲད་པ་ཡིན་ན་ནི་རེང་རེང་པོར་བལྟ་བ་མཐོ་ཡོར་ལ་མི་ཡིན་སྙམ་དུ་དེའི་ཁྱད་པར་དག་ལ་ཐེ་ཚོམ་ཟ་བར་ཡང་མི་རིགས་ཏེ། རེང་རེང་པོ་དང་ཕྲད་པ་འཛིན་པས་ཁྱད་པར་མེད་དོ་སྙམ་པའི་གཏན་ཚིགས་ཅི། དཔག་ཚད་སྟོང་
เล่ม ๒๐๙ · หน้า 125a
ཕྲག་དུ་མས་བསྐལ་བ་དང་ཕྲད་པ་མི་སྲིད་པའི་ཡང་ཕྱིར་ཏེ། ལན་ཅིག་ཕྱེ་མ་ཐག་ཏུ་མིག་ཟླ་བ་དང་ཕྲད་དོ་ཞེས་བྱ་བར་བརྗོད་པར་ནི་མི་རིགས་ཏེ། དེའི་ཕྱིར་མིག་ནི་ཡུལ་དང་མ་ཕྲད་པ་ཉིད་ཡིན་ནོ། །དེ་བཞིན་དུ་སྒྲ་རྒྱང་རིང་པོ་ནས་ཐོས་སོ་ཞེས་བྱ་བ་རྣ་
བ་ཡུལ་དང་མ་ཕྲད་པ་ཉིད་ཀྱིས་ཤེས་པར་བྱ་བ་སྟེ། ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་སྣ་ལ་སོགས་པ་ལྟར་ཕྲད་པའི་ཡུལ་ཁོ་ན་རྟོགས་པར་འགྱུར་གྱི་རིང་བ་ནི་མ་ཡིན་ནོ། །སྒྲ་རྒྱང་རིང་པོ་ནས་ཐོས་སོ་ཞེས་བྱ་བ་ཇི་ལྟར་རྟོགས་ཤེ་ན། ཕྱོགས་ལ་སོགས་པའི་བྱེ་བྲག་གི་སྒོ་ནས་ངེས་
པའི་ཕྱིར་ཏེ། ལྷོ་ཕྱོགས་ཀྱི་སྒྲའོ། །བྱང་ཕྱོགས་ཀྱིའོ། །ཉེ་བའོ། །རིང་བའོ་ཞེས་དེ་ལྟར་ངེས་པའི་ཕྱིར་རོ། །ཕྲད་པ་ལ་དེ་མི་རིགས་ཏེ་དྲི་ལ་སོགས་པ་བཞིན་ནོ། །སྣང་ཡང་ཕྱོགས་ལ་སོགས་པས་བསྙད་པ་མཐོང་བ་མ་ཡིན་ནམ་ཞེ་ན་མཐོང་བ་ཡོད་དེ། དེ་ནི་ཡོངས་སུ་རྒྱུ་བའི་
རྗེས་སུ་ཕྱོགས་ཆེས་གསལ་བའི་དྲི་དམིགས་པ་ལས་རྗེས་སུ་རློམ་སེམས་པའོ། །ཡོངས་སུ་མི་རྒྱུ་བའི་མིག་དང་རྣ་བ་དག་དང་དེ་ལྟར་མཚུངས་པ་མེད་དོ། །ཉེ་བ་དང་རིང་བ་ལས་གསལ་བ་དང་མི་གསལ་བའི་སྒྲ་འཛིན་པའི་ཕྱིར་ཉེ་བ་ནི་ཕྲད་པ་འཛིན་པ་ཉིད་དོ། །ཐམས་ཅད་དུ་ཐུན་མོང་
མ་ཡིན་པའི་རྒྱུར་གྱུར་པས་ཐེ་ཚོམ་མེད་དོ། །རིང་བ་ལ་ནི་ཐམས་ཅད་དུ་ཐེ་ཚོམ་ཉིད་དུ་འགྱུར་ཏེ་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །ཡུལ་དང་ཕྲད་པ་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ན་ཞེས་བྱ་བ་ནི་མིའི་ཡུལ་དག་ནའོ། །གལ་ཏེ་མིག་ཡུལ་དང་མ་ཕྲད་པ་ཉིད་
ཀྱིས་རྣ་བ་ལ་སོགས་པ་དག་ལས་ཁྱད་པར་དུ་གྱུར་ན་ནི། བསམ་གཏན་པ་རྣམས་ལ་ལྷའི་མིག་གཟུགས་ཕྲ་བ་དང་ཆོད་པ་དང་ཐག་རིང་བ་ལ་སོགས་པ་འཛིན་པར་བྱེད་པ་སྐྱེ་བར་མི་འགལ་ཏེ། འབད་རྩོལ་གྱི་ཁྱད་པར་ལས་བྱུང་བའི་ཕྱིར་རོ། །འབྲས་བུའི་ཁྱད་པར་སྐྱེ་བ་དེ་ལྟར་རྣ་བ་ལ་
ཡང་བརྗོད་པར་བྱའོ། །ཡུལ་དང་ཕྲད་པ་ཉིད་ཡིན་ན་ནི་ལྷའི་དང་ལྷའི་མ་ཡིན་པ་དག་ལ་ཁྱད་པར་མེད་པའི་ཕྱིར་འབད་རྩོལ་དོན་མེད་པར་འགྱུར་རོ། །འདི་ནི་བསམ་གཏན་པ་རྣམས་ལ་ལྷའི་མིག་དང་རྣ་བ་སྐྱེ་བར་མི་འགྱུར་ཏེ། ཡིད་དང་སྣ་ལ་སོགས་པ་བཞིན་ནོ། །གལ་ཏེ་མིག་ཡུལ་དང་
เล่ม ๒๐๙ · หน้า 125b
མ་ཕྲད་པ་ཡིན་ན་ཅིའི་ཕྱིར་ཐག་རིང་བ་དང་ཞེས་བྱ་བ་ལ། གཞན་དུ་མི་འཛིན་པའི་རྒྱུ་ཡོད་པ་མ་ཡིན་ཏེ། གཞན་དུ་མ་ཕྲད་པ་འཛིན་ན་ལ་སོགས་པ་བཞིན་དུ་དེ་ཡང་མ་ཕྲད་པ་མི་སྣང་བ་ཉེ་བ་དག་ལ་ཡང་མཚུངས་པས་ན་མིག་ནི་ཡུལ་དང་མ་ཕྲད་པ་རུང་བ་མ་ཡིན་ནོ་ཞེ་ན། དེ་ལ་མ་ཕྲད་པ་འཛིན་
པའི་རྒྱུ་འདོད་པ་མ་ཡིན་ཏེ། འཇིག་པའི་རྒྱུ་ཡང་མ་ཕྲད་པའོ། །འོ་ན་ཅི་ཞེ་ན་ནུས་པའི་ཁྱད་པར་ལས་ཏེ། གཞན་དུ་ན་དབང་པོ་ཐམས་ཅད་ཀྱི་ཡུལ་ཐམས་ཅད་ཉིད་དུ་ཐལ་བར་འགྱུར་རོ། །ཡུལ་དང་མ་ཕྲད་པའི་བྱེད་པ་ཅན་རྣམས་ལ་ཡང་ནུས་པའི་ངེས་པ་མཐོང་སྟེ་རྡོ་ཁབ་ལེན་བཞིན་ནོ། །
ཁབ་ལེན་གྱིས་ཀྱང་མ་ཕྲད་པའི་ལྕགས་འདྲེན་པར་བྱེད་དེ། ཆོད་པ་དང་ཐག་རིང་བ་དང་མངོན་དུ་ཕྱོགས་པར་མི་གནས་པའི་ལྕགས་ཐམས་ཅད་འདྲེན་ནུས་པ་ནི་མ་ཡིན་པ་ཉིད་དོ། །དེ་བཞིན་དུ་མིག་ཀྱང་ཡུལ་དང་མ་ཕྲད་པ་ཡིན་མོད་ཀྱི། མ་ཕྲད་པ་ཐམས་ཅད་མཐོང་བ་ནི་མ་ཡིན་ནོ། །གཞན་ཡང་
ཕྲད་པ་ལ་དཔེར་བརྗོད་པ་མ་ཕྲད་ཀྱང་མ་ཆོད་ལ་གཟུགས་བརྙན་འབྱུང་བ་དེ་ལྟར་ཆོད་པ་དང་ཐག་རིང་བ་རྣམས་ལ་འབྱུང་བ་མ་ཡིན་པ་དེ་བཞིན་དུ་ཆོད་པ་དང་ཐག་རིང་བའི་ཡུལ་ལས་མིག་ལ་ཡུལ་གྱི་གཟུགས་བརྙན་གྱི་བདག་ཉིད་ཀྱི་རྣམ་པར་ཤེས་པ་མི་སྐྱེའོ་ཞེ་ན། ཡུལ་དང་ཕྲད་པ་ཉིད་ཡིན་ན་ཡང་
འདི་ཉིད་མཚུངས་སོ། །གཞན་དུ་བརྗོད་པར་བྱ་བ་མཚུངས་པར་སོ་སོར་གནས་པ་ལ་མིག་སྨན་ནམ་ཐུར་མ་ཕྲད་པ་མ་མཐོང་ངོ་། །གཞན་དུ་མཐོང་ངོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཅེ་ན། འདི་ལ་ནུས་པའི་ཡུལ་གྱི་རྣམ་པར་རྟོག་པ་ནི་རུང་བ་མ་ཡིན་ཏེ་ཕྲད་པ་ཁྱད་པར་མེད་པའི་ཕྱིར་རོ། །དབང་
པོའི་འཇུག་པ་ཕྱིའི་རྟེན་དང་ནང་གི་རྣམ་པ་ལས་ཀྱང་མ་ཡིན་ཏེ། ཡུལ་མི་འཛིན་པའི་ཕྱིར་རོ། །དེའི་ཕྱིར་མིག་ནི་ཡུལ་དང་མ་ཕྲད་པའོ། །ཇི་ལྟར་ཡང་སྣ་ལ་སོགས་པ་ཞེས་བྱ་བ་ལ། ནུས་པ་ཐ་དད་པས་སྣ་ལ་སོགས་པ་བཞིན་ནོ། །ཐམས་ཅད་ནི་མ་ཡིན་ཏེ། མིག་ནི་ཡུལ་དང་མ་
ཕྲད་པའོ་ཞེས་བྱ་བ་དེའི་ཤེས་པར་བྱེད་པ་ལས་ཕྱི་རོལ་ཏུ་རྟོགས་པར་བྱའོ། །ལྷན་ཅིག་སྐྱེས་པའི་དྲི་ལ་སོགས་པ་མི་འཛིན་པའི་ཕྱིར་ཞེས་བྱ་བ་ལ། གཞན་དག་ནང་གི་བདག་ཉིད་ཁོ་ནའི་གྲངས་ཀྱི་ཟས་ཀྱི་བྱ་བ་བྱེད་དོ་ཞེས་གསུངས་པའི་ཕྱིར། ནང་སྨོས་པས་དེ་ཟས་ཀྱི་བྱ་བ་བྱེད་དོ་ཞེས་
เล่ม ๒๐๙ · หน้า 126a
ཟེར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལ་ངེས་པ་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཁོ་ན་ཟས་ཏེ། ཟས་ཀྱི་བྱ་བ་བྱེད་པར་རྟོགས་པར་བྱེད་དོ་ཞེས་སོ། །མར་མེས་བུམ་པའི་གཟུགས་དང་ག་པུར་ལ་སོགས་པའི་དྲི་སྦྱར་བ་རྣམས་ཀྱིས་དྲི་དང་ལྡན་པ་
ལྟ་བུ་ནི་མ་ཡིན་ནོ། །ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། ཕྲེང་བ་ནི་ཕན་ཚུན་འདབ་ཆགས་པར་འབྱུང་བ་ཡིན་ལ། དེ་ཡང་ཡུལ་ན་མི་གནས་པའི་གཟུགས་ཅན་རྣམས་ཁོ་ན་ཡིན་ན། ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་ཏེ། དེའི་ཕྱིར་
རང་གི་ཡུལ་དང་ཕྲད་པ་ནི་མི་ནུས་པ་ཉིད་དོ། །གང་གི་ཕྱིར་ཕྲད་པར་འདོད་པ་ནི་ཕྲད་པའི་ཡུལ་འཛིན་པར་བྱེད་ཅིང་མ་ཕྲད་པ་ལ་ནི་དེ་ལྟར་རྣམ་པར་དཔྱོད་པ་རྩོམ་པར་བྱེད་དོ། །ཡིད་ནི་ཕྲེང་བ་ཉིད་དུ་མི་ནུས་པས་མིག་ལ་སོགས་པ་རྣམས་ལ་ཇི་ལྟ་བར་རྣམ་པར་དཔྱད་པ་ནི་མ་བྱས་སོ། །
གཞན་དག་ན་རེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་མི་འཛིན་པའི་ཕྱིར་ཡིད་ནི་མ་ཕྲད་པའི་ཡུལ་ཅན་ནོ་ཞེས་ཟེར་རོ། །དེ་དག་ནི་ལྷན་ཅིག་སྐྱེས་པའི་དྲི་ལ་སོགས་པ་ནི་འཛིན་པའི་ཕྱིར་མཐའ་དུ་མའོ། །ཡང་ཁ་ཅིག་ནི་རྣ་བའི་ནང་དུ་ཡང་ཞེས་བྱ་བ་ལ། ཡང་གི་
སྒྲ་ནི་ཐག་རིང་པོ་ནས་ཀྱང་ཐོས་པའི་རྣམ་པ་ཡུལ་དང་མ་ཕྲད་པ་ཡིན་པར་སེམས་སོ། །ཁ་ཅིག་ན་རེ་སྒྲ་རྒྱུན་ཆགས་པར་འཇུག་པའི་རིམ་པ་བ་རྣམ་པར་འདོད་པ་རྟོགས་པར་བྱེད་པའི་ཕྱིར་རྣ་བ་ནི་ཡུལ་དང་ཕྲད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་དེ་ལྟ་མ་ཡིན་ཏེ་ལག་པར་བཅངས་
པའི་དྲིལ་བུའི་སྒྲ་འགགས་མ་ཐག་ཏུ་སྒྲ་མི་ཐོས་པའི་ཕྱིར་རོ། །རེ་ཞིག་ཀྱང་གང་ཞིག་བར་ནས་ཆུ་རླབས་ཀྱི་ཚུལ་དུ་འོང་བའི་སྒྲ་དེ་འཛིན་པ་སུས་བཟློག །དེའི་ཕྱིར་དྲིལ་བུའི་ཡུལ་ན་གནས་པའི་སྒྲ་ཁོ་ན་འཛིན་གྱི་ཆུ་རླབས་ཀྱི་ཚུལ་དུ་རྣ་བུག་གི་བུ་གར་ཕྱིན་པ་ནི་མ་ཡིན་ནོ། །གལ་
ཏེ་མར་མེ་འགགས་པ་ནི་འོད་ལན་ཅིག་པ་བཞིན་དུ་སྒྲའི་རྒྱུ་འགགས་པ་ན་འབྲས་བུའི་སྒྲ་འགག་གོ་ཞེ་ན། འཇིག་པ་གཞན་མ་ཡིན་པས་འབྲས་བུའི་སྒྲ་འཇིག་པ་མ་ཡིན་ནོ། །སྐད་ཅིག་མ་དང་པོ་ཉིད་ཁས་བླང་བར་བྱ་ཞིང་རྒྱུད་ཐ་དད་པའི་ཕྱིར་རོ། །མར་མེ་དང་གསལ་བ་དག་སེམས་
เล่ม ๒๐๙ · หน้า 126b
དང་སེམས་ལས་བྱུང་བ་བཞིན་ནོ། །སྒྲ་ནི་མར་མེ་དང་མཚུངས་པ་མ་ཡིན་ཏེ། དེ་ལ་མར་མེ་དང་གསལ་བ་དག་མཚུངས་པའི་རྒྱུ་གྲུབ་པའི་ཕྱིར་རོ། །དེའི་ཀཱ་ར་ཎཱ་པཱ་ཡ་(ངན་སོང་གི་རྒྱུ།) ལན་ཅིག་ཞིག་པ་འགལ་བ་མེད་དེ་སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །རྒྱུད་ཐ་མི་དད་པ་ནི་སྒྲ་སྟེ། དེར་
རྒྱུ་མ་ཡིན་པ་འཇིག་པའི་ཕྱིར་འབྲས་བུ་འཇིག་པ་དང་། ས་བོན་འཇིག་པ་དང་མྱུ་གུ་འཇིག་པ་བཞིན་ནོ། །དེས་ན་རྒྱུ་ཐ་དད་པའི་ཕྱིར་སྒྲ་སྔ་མ་ཞིག་པ་དང་། སྒྲ་ཕྱི་མ་སྐྱེ་བས་དེ་འཛིན་པ་སུས་ཟློག་པར་བྱེད། དེའི་ཕྱིར་རྟེན་བརྟེན་པ་ལས་སྐྱེ་བ་ཉིད་སྒྲར་ཡིད་ཆེས་ཏེ་རྣ་
བའི་རྣམ་པར་ཤེས་པ་སྐྱེའོ། །ཕྲད་པར་ཡོངས་སུ་བརྟགས་ན་ནི་སྒྲ་ལ་ཐག་རིང་བ་དང་ཉེ་བ་ངེས་པར་མི་འགྱུར་ཏེ་རེག་བྱ་བཞིན་ནོ། །སྦྲང་བུའི་དར་དིར་གྱི་སྒྲ་ཡང་དབང་པོ་དང་ཉེ་བ་འཛིན་པར་བྱེད་དེ་རོ་ལ་སོགས་པ་བཞིན་ནོ། །བར་མེད་པས་ན་རྣ་བ་ཡུལ་དང་མ་ཕྲད་པ་ཉིད་དོ། །
ཡང་རྒྱུ་ཅིས་དེ་ལ་ཡང་དྲིལ་བུ་ལ་སོགས་པའི་གཟུགས་མིག་གིས་མ་དམིགས་ཤེ་ན། དཔེ་སྟོན་པ་རྣམས་ན་རེ། མིག་དང་གཟུགས་དག་ལ་ལྷན་ཅིག་བྱེད་པའི་རྒྱུ་སྣང་བ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། དམིགས་པ་ལ་གེགས་བྱེད་པའི་ཕྱིར་དང་། རྒྱུ་
ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་མུན་པ་དམིགས་པ་ལ་གེགས་བྱེད་པ་ཅི་ཞེ་ན། སྣང་བའི་གེགས་བྱེད་པའི་ཕྱིར་རོ། །ཅི་ཞེས་སྣང་བའི་གེགས་ལ་བལྟོས་པ་མེད་པའི་མིག་ལ་སོགས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དང་། གལ་ཏེ་སྣང་བའི་གེགས་ཀྱི་རྒྱུ་ལས་དེ་བཞིན་དུ་
ཡོད་པའི་མིག་གི་རྣམ་པར་ཤེས་པའི་དངོས་པོ་ལ་སོགས་པའི་རྒྱུའི་དོན་ཏེ། གཟུགས་ལ་སོགས་པ་བཞིན་སུས་ཟློག་པར་བྱེད། ཅི་སྟེ་སྣང་བའི་གེགས་ལ་བལྟོས་པ་མེད་པ་དེ་ལྟ་ན་ཡང་མུན་པས་ཆོད་པ་རྣམས་སུ་མར་མེའི་གཟུགས་ལ་སོགས་པ་རྣམས་འཛིན་པར་མི་འགྱུར་ཏེ། ཐམས་
ཅད་ཀྱང་རྒྱུ་དང་འབྲས་བུ་མ་ཚང་བའི་ཕྱིར་མི་སྐྱེ་བ་ཉིད་དོ། །གེགས་ཀྱི་རྒྱུ་ཡོད་པ་ལས་ནི་མ་ཡིན་ཏེ། གེགས་ཀྱི་རྒྱུ་ནི་དེའི་རྒྱུ་དང་འགལ་བ་ལས། དེ་ལྟར་རྣམ་པར་གཞག་པར་བྱའི་དངོས་སུ་ནི་མ་ཡིན་ནོ། །འདིར་གཞན་གྱི་ཕྱོགས་སུ་འབྱིན་པ་དང་། རང་གི་ཕྱོགས་གནས་པར་
เล่ม ๒๐๙ · หน้า 127a
བྱེད་པ་མང་དུ་བཤད་པ་གང་ཡིན་པ་དེ་དག་ནི་གཞུང་ལྕི་བའི་འཇིགས་པས་རྣམ་པར་དཔྱད་པ་མ་བྱས་སོ། །གསུམ་གཞན་དུ་ཞེས་བྱ་བ་ལ། གཞན་དུ་ཞེས་སྨོས་པ་ནི་ཡུལ་དང་ཕྲད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བྱ་བའི་ཕྱིར་རོ། །གལ་ཏེ་
ཡུལ་དང་ཕྲད་པ་དང་མ་ཕྲད་པ་ཡིན་པར་འདོད་ན་ནི་དེ་ལྟར་ན་གཞན་དུ་དང་གཞན་དུ་མ་ཡིན་པ་ཞེས་བྱ་བར་སྨྲ་བར་འགྱུར་རོ། །སྣ་ཇི་ལྟར་ཡུལ་དང་ཕྲད་པ་ཡིན་ཞེ་ན་ཞེས་བྱ་བ་ལ། གང་ལས་ཐེ་ཚོམ་ཟ་ཞེ་ན། དྲིའི་རྟེན་མེ་ཏོག་ལ་སོགས་པ་ཐག་རིང་པོ་ནས་འཛིན་པའི་ཕྱིར་ཏེ། རོ་
དང་རེག་བྱ་དག་ནི་དེ་ལྟ་མ་ཡིན་ནོ། །དབུགས་མ་རྔུབ་པར་དྲི་མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དབུགས་རྔུབ་པ་དང་བཅས་པས་དྲི་དང་ལྡན་པའི་མེ་ཏོག་གིས་བསྒོས་པའི་རླུང་སྣའི་དབང་པོ་དང་འདབ་ཆགས་པར་སྐྱེས་པ་ན་དྲི་འཛིན་པའི་ཕྱིར་རམ། དྲིའི་འབྱུང་བ་ཆེན་པོས་
དྲངས། སྣའི་དབང་པོ་དང་འདབ་ཆགས་པར་སྐྱེས་པའི་དྲི་འཛིན་པའི་ཕྱིར་དང་། དྲངས་པ་མེད་པས་མ་རྔུབས་པ་ལ་དྲི་དང་དབང་པོ་ཕྲད་པ་མེད་པ་དེའི་ཕྱིར་སྣ་ནི་ཡུལ་དང་ཕྲད་པ་ཉིད་དུ་ངེས་སོ། །ཡུལ་དང་མ་ཕྲད་པ་ཉིད་ཡིན་ན་ནི། མིག་དང་རྣ་བ་བཞིན་དུ་རྔུབ་པ་དང་བཅས་པས་
དང་། མ་རྔུབས་པ་གཉིས་ལ་ཁྱད་པར་འགའ་ཡང་མེད་པར་འགྱུར་ཏེ། དུས་ཐམས་ཅད་དུ་འཛིན་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། འདི་ནི་དོན་ཐ་དད་པ་མ་ཡིན་ཏེ། དབུགས་རྔུབ་པ་དང་བཅས་པས་དྲི་འཛིན་པ་ལ། དེ་ལ་ཕྲད་པར་འཛིན་པ་ཉིད་ཅི་
ལྟར་གྲུབ་པར་འགྱུར། གང་གི་ཚེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་མི་རེག་པ་དེའི་ཕྱིར། དབང་པོ་དང་པོ་ཉེ་བར་སྐྱེས་པའི་ཡུལ་འཛིན་པས་ཕྲད་པ་འཛིན་ནོ་ཞེས་ཟེར་རོ། །སྣ་དང་ལྕེ་དང་ལུས་ཞེས་བྱ་བ་ལ། ཨ་དྷྱཱར་བ་ཨེ་ཥ་ལཀྵྱ་ཏེ། (འདིར་ལྡན་པར་སྒྲོ་བཏགས་པ་མཚོན་ནོ།) འདིར་ཐ་མི་དད་པར་བསྟན་པ་མེད་པའི་
ཕྱིར་ཡུལ་དང་དབང་པོ་དག་ཡུལ་དང་ཕྲད་པའི་དབང་དུ་བྱས་ནས་དབུགས་མ་རྔུབས་པར་དྲི་མི་འཛིན་པའི་ཕྱིར་ཞེས་རྒྱུ་གསུངས་སོ། །འོ་ན་ཅི། (གང་འདིར་ཐོབ།) ཡཱ་ཏྲ་བྲཱཔྟི་མོཀྵཾ་ཏེ་(རྒྱ་དཔེ་གཅིག་ན་×) དེས་ཡུལ་དང་ཕྲད་པ་གསུམ་གསུངས་
เล่ม ๒๐๙ · หน้า 127b
སོ། །སྣ་ནི་རང་ཉིད་དང་ཉེ་བར་སྐྱེས་པའི་དྲི་འཛིན་པར་བྱེད་ཀྱི། མིག་གཞན་དུ་ཡང་ཐག་རིང་པོ་ན་ཡོད་པ་མ་ཡིན་ནོ། །དྲིས་པ་ལ་འདི་ངེས་པར་བརྗོད་པར་བྱ་སྟེ། དབུགས་མ་རྔུབས་པར་དྲི་མི་འཛིན་པའི་ཕྱིར་རོ་ཞེས་པ་འདི་ནི་མངོན་པར་ཞེན་པ་ཙམ་མོ། །ཁ་ཅིག་
ཕྲད་པའི་དངོས་པོ་དོན་གཞན་འདོད་དེ། དཔེར་ན་བྱེ་བྲག་པ་རྣམས་ཀྱི་གཞན་དུ་ནམ་མཁའི་ཁམས་ཀྱིས་ཆོད་པ་དང་ཉེ་བར་སྐྱེ་བ་དང་། གཞན་དུ་བདག་ཉིད་འཇིག་རྟེན་གྱི་ཁམས་ཀྱིས་ཆོད་པར་སྐྱེའོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་ཕྲད་པ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་པ་དྲིས་
སོ། །འདབ་ཆགས་པར་འབྱུང་བའོ་ཞེས་བྱ་བ་ལན་ཏེ། དེ་ལྟར་ན་འདབ་ཆགས་པར་འབྱུང་བ་ལས་མ་གཏོགས་པའི་ཕྲད་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པར་འགྱུར་རོ། །འདབ་ཆགས་པར་འབྱུང་བ་ཡང་ཁ་ཅིག་གི་ལྟར་ན་ནམ་མཁའི་ཁམས་མ་
གཏོགས་པའི་གཟུགས་ཀྱིས་མ་ཆོད་པ་ཉིད་ཀྱི་ཕྱིར་ཡིན་ལ། གཞན་དག་གི་ལྟར་དུ་གཟུགས་ཐམས་ཅད་ཀྱིས་མ་ཆོད་པ་ཉིད་ཀྱི་ཕྱིར་ཡིན་ནོ། །ཅི་རྡུལ་ཕྲ་རབ་རྣམས་ཞེས་རྒྱ་ཆེར་འབྱུང་བ་ལ་གལ་ཏེ་ཕན་ཚུན་རེག་ན་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་ལ། ཆ་ཤས་མེད་པ་ཉིད་ཡིན་ན་ཡང་
སེམས་དང་སེམས་ལས་བྱུང་ལྟར་རེག་པ་མེད་དོ། །ཅི་སྟེ་མི་རེག་ན་དེ་ལྟ་ཡིན་ཡང་གསུམ་ནི་ཡུལ་དང་ཕྲད་པའོ་ཞེས་བྱ་བར་འགལ་ཏེ་མ་རེག་པ་ནི་ཕྲད་པ་མ་ཡིན་ནོ། །འདིར་ནི་རྫས་ཀྱི་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི། འདུས་པའི་རྡུལ་ཕྲ་རབ་ནི་མ་ཡིན་ཏེ། དེ་ནི་ཆ་ཤས་དང་བཅས་པའི་
ཕྱིར་རོ། །འདྲེས་པར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་ཐ་མི་དད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། དེའི་ཆ་ཤས་ཀྱི་དངོས་པོ་མེད་པར་ཐལ་བར་སྣང་ངོ་། །དེའི་ཕྱིར་བདག་ཉིད་ཐམས་ཅད་ཀྱི་མི་རེག་གོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཞེས་བྱ་བ་ལ། འགའ་ཞིག་གིས་རེག་ཅིང་
འགའ་ཞིག་གིས་མི་རེག་ན་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་རོ། །གཞན་ཡང་རྡུལ་ཕྲ་རབ་གང་ཡིན་པ་དེ་རྣམས་གལ་ཏེ་ཕྱོགས་གཅིག་གིས་ཕན་ཚུན་རེག་ན་དེ་རྣམས་གོས་མཚུངས་པས་དེ་ནས་རྡུལ་ཕྲ་རབ་གཞན་དང་རེག་པས་རྫས་རྣམས་འདྲེས་པར་འགྱུར་རོ། །དེ་ཉིད་དུ་གནས་པ་ཉིད་
เล่ม ๒๐๙ · หน้า 128a
ཡིན་ན། ཕྱོགས་གཅིག་རེག་པས་ཁྱད་པར་ཅི་ཞིག་བྱེད། ཅི་སྟེ་མི་རེག་ན་རྡུལ་ཕྲ་རབ་དེ་རྣམས་ཕན་ཚུན་ཆ་ཤས་སུ་མི་རུང་ངོ་། །རེག་པའི་མཚན་ཉིད་ཅན་ཐོགས་པ་ལས་སྒྲ་འབྱུང་བ་མཐོང་སྟེ། འདྲི་བ་ནི། འོ་ན་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། གལ་
ཏེ་བདག་ཉིད་ཐམས་ཅད་ཀྱིས་མ་ཡིན་ཞིང་། ཕྱོགས་གཅིག་གིས་ཀྱང་མ་ཡིན་ན། ཕན་ཚུན་མི་རེག་པའི་ཕྱིར་ཇི་ལྟར་སྒྲ་འགྲུབ་པར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ་ཞེས་བྱ་བ་སྟེ། གང་གི་ཕྱིར་རྡུལ་ཕྲ་རབ་ཕན་ཚུན་མི་རེག་པ་དེ་ཉིད་ཀྱི་ཕྱིར་སྒྲ་འགྲུབ་བོ། །ལག་པས་ལག་པ་ལ་ཞེས་རྒྱ་
ཆེར་འབྱུང་བ་ལ། གོས་མཚུངས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཐོགས་པ་དང་བཅས་པ་ཉིད་ཉམས་པར་འགྱུར་ལ། དེ་མེད་ན་ཐོགས་པ་མེད་པས་གང་ལས་སྒྲ་འབྱུང་བར་འགྱུར། ལྡན་པའི་དུས་མི་འཐད་པས་གཟེགས་ཟན་པ་ལྟར་ལྡན་པ་ལས་སྒྲ་འབྱུང་བར་ཁས་བླང་བར་
ཡང་མི་བྱ་སྟེ། འོ་ན་ཅི་ཞེ་ན། གསུང་རབ་ལས་འབྱུང་བ་དག་ཁོ་ན་ལ་ལྡན་པའི་མིང་ངམ་ཕྲད་པ་ཞེས་གཏོགས་སོ། །འབྱུང་ཆེན་འགའ་ཞིག་གིས་ནི་འབྱུང་བའི་ཁྱད་པར་གཞན་འདབ་ཆགས་སུ་སྐྱེས་པ་ན་གང་ཞིག་སྒྲ་བསྐྱེད་པར་འགྱུར་བ་ཕྲད་པ་ཞེས་བྱ་བའི་མིང་ཐོབ་ལ། དེ་དང་ལྷན་ཅིག་
སྐྱེས་པའི་སྒྲ་འཛིན་པས་འདིར་ཅི་སྟེ་མི་དཔྱོད། ཇི་ལྟར་བསགས་པ་ལ་ཞེས་བྱ་བ་ནི། བོང་བ་དང་སོ་ཕག་ལ་སོགས་པ་སྟེ་དེ་དག་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་འབྱར་བའི་ཕྱིར་བརྒྱབ་ན་བྱེ་མ་འདུས་པ་བཞིན་ཇི་ལྟར་མ་འཇིག་པར་འགྱུར་ཞེ་ན། རླུང་གི་ཁམས་ཀྱིས་གཟུང་བའི་ཕྱིར་རོ། །
གལ་ཏེ་རླུང་གི་ཁམས་ནི། བརྡབས་པའི་དངོས་པོ་རྣམས་ལ་འབྲལ་བའི་རྒྱུར་མཐོང་བ་མ་ཡིན་ནམ་ཞེ་ན། འདི་ལ་ནི་གཅིག་ཏུ་ངེས་པ་མེད་དེ། སེམས་ཅན་གྱི་ལས་ཀྱི་དབང་གིས་བྱུང་བའི་རླུང་གི་ཁམས་ཁ་ཅིག་ནི་འཇིག་པར་ཞུགས་པ་ཡིན་ཏེ། དཔེར་ན་འཇིག་པའི་ཚེའི་ལྟ་བུའོ། །
ཁ་ཅིག་ནི་འཛིན་པར་ཞུགས་པ་ཡིན་ཏེ། དཔེར་ན་ཆགས་པའི་ཚེའི་ལྟ་བུའོ། །འདི་ཡང་སྔ་མ་དང་མཚུངས་སོ། །མ་རིག་པའི་ཕྱིར་རླུང་གི་ཁམས་ཀྱིས་འཛིན་པར་ནུས་པ་མ་ཡིན་ནོ། །རེག་པར་ཁས་བླངས་པ་ཉིད་ནི་ཡང་དེ་ཉིད་ཐོགས་པ་མེད་པར་ཉིད་དང་ཆ་ཤས་དང་བཅས་པ་ཉིད་ཀྱི་
เล่ม ๒๐๙ · หน้า 128b
སྐྱོན་ནོ། །མ་རེག་པ་ཉིད་དུ་འཛིན་པར་བྱེད་དེ། དཔེར་ན་ལུས་ཀྱི་དབང་པོ་མ་རེག་པར་ཁོ་ནར་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་བཞིན་ནོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་མི་རེག་ན། ད་ནི་ཇི་ལྟར་འདབ་ཆགས་པར་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཕན་ཚུན་ཕྲད་པ་མེད་པར་འདབ་ཆགས་པ་ཉིད་
མི་རིགས་སོ། །དེ་དག་གི་དབུས་ན་ཅུང་ཟད་མེད་པ་ཞེས་བྱ་བ་ནི། སྣང་བ་ལ་སོགས་པའི་གཟུགས་བཞིན་ནོ། །ཡང་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ཉེས་པ་མེད་དོ་ཞེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱིས་རེག་གམ་ཕྱོགས་གཅིག་གིས་རེག་ཅེས་ཉེས་པ་བརྗོད་པ་གང་
ཡིན་པའོ། །གཞན་དག་ན་རེ་ད་ནི་ཇི་ལྟར་འདབ་ཆགས་པར་ཕྲད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ཉིད་ཉེས་པ་མེད་དོ་ཞེས་ཟེར་རོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ། གལ་ཏེ་འདུས་པ་རྣམས་ཕན་ཚུན་རེག་པ་ནའོ། །ཅི་རེག་པའི་རྒྱུ་ཅན་གྱི་ཞེས་བྱ་བ་ལ། རེག་པ་རྒྱུར་ཡོད་ལ་
དེ་ནི་རེག་པའི་རྒྱུ་ཅན་ནོ། །རེག་པ་ཞིག་སྐྱེ་བའམ་ཞེས་བྱ་བ་ནི། གང་ཞིག་གཞན་གྱི་རེག་པའོ། །མ་རེག་པའི་རྒྱུ་ཅན་ཞེས་བྱ་བ་ནི་མ་རེག་པ་རྒྱུར་གང་ལ་ཡོད་པའོ་ཞེས་ཚིག་རྣམ་པར་སྦྱར་ཏེ་རྡུལ་ཕྲ་རབ་རྣམས་ནི་ཕན་ཚུན་མ་རེག་པས་མ་རེག་པའོ། །རྒྱུའི་ཕྱིར་ཞེས་བྱ་བ་ལ། རེག་པའམ་
མ་རེག་པ་ཡང་རུང་སྟེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་དེའི་རྒྱུ་སྟེ། རྒྱུའི་ཕྱིར་ཞེས་གསུངས་སོ། །རེས་འགའ་ནི་མ་རེག་པའི་རྒྱུ་ཅན་གྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཚེ་བསགས་པའི་རྡུལ་ཕྲ་རབ་རྣམས་ཞིག་པར་གནས་པ་དེའི་ཚེ་མ་རེག་པའི་རྒྱུ་ཅན་གྱིས་མ་རེག་པའོ། །
གང་གི་ཚེ་རྡུལ་ཕྲ་རབ་རྣམས་བསགས་པར་འགྱུར་བ་དེའི་ཚེ་མ་རེག་པའི་རྒྱུ་ཅན་གྱིས་རེག་པའོ། །གང་གི་ཚེ་བསགས་པ་དང་ལྡན་པ་བསགས་པ་སྟེ། འདུས་པ་རྣམས་འདུས་པ་དེའི་ཚེ་རེག་པའི་རྒྱུ་ཅན་གྱིས་རེག་པ་སྟེ་ཉི་ཟེར་གྱི་རྡུལ་ནི་རྒྱུན་གྱི་སྐད་ཅིག་གཉིས་པ་མ་ཕྲད་པའི་རྒྱུ་ཅན་མ་ཕྲད་
པ་སྟེ། དེ་ནི་ཕན་ཚུན་མི་རེག་པས་མ་རེག་པ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ། རགས་པ་ཚོགས་པའི་དབང་དུ་བྱས་ཏེ་ཕྲ་མོ་ལ་རེག་པར་བརྗོད་དོ། །དེའི་རྒྱུ་ཅན་ནི་རགས་པ་ལ་མ་རེག་པའི་རྒྱུ་ཅན་གྱིས་རེག་པར་བརྗོད་དེ་ཉེས་པར་མི་འགྱུར་རོ། །གང་གི་ཚེ་འདིར་གཟུགས་དེའི་རྐྱེན་
เล่ม ๒๐๙ · หน้า 129a
ཚོགས་པ་ལས་འཛིན་པར་བྱེད་པའི་རླུང་གི་ཁམས་དང་མི་འགལ་བར་དེ་ལས་བཟློག་པ་སྐྱེ་བ་དེའི་ཚེ་རེག་པའི་རྒྱུ་ཅན་གྱིས་མ་རེག་པར་སྐྱེ་སྟེ། རགས་པ་འདུས་པའི་རྒྱུ་ཅན་གྱིས་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཉི་ཟེར་གྱིས་རྡུལ་འཛིན་པར་བྱེད་པའི་རླུང་གི་
ཁམས་མ་སྐྱེས་པ་ལ་དེ་མེད་པའི་ཕྱིར་དང་ཕྲ་བའི་ཕྱིར་འདུས་པ་རྣམས་ལ་ནི་དེ་མ་རེག་པའི་རྒྱུ་ཅན་གྱིས་མ་རེག་པ་ཞེས་བཤད་དོ། །དེའི་ཕྱིར་འདིར་དགོངས་པ་ནི་འདི་ཡིན་པར་མངོན་ནོ་སྙམ་མོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་མ་རེག་པ་ལ་རྒྱུ་བཤད་པ། གལ་ཏེ་བདག་ཉིད་ཐམས་ཅད་
ཀྱིས་རེག་ན་འདྲེས་པར་འགྱུར་རོ། །རྫས་རྣམས་སྐད་ཅིག་པ་ཉིད་ལ་རེག་པའི་དུས་མི་སྲིད་པའི་ཕྱིར་དེ་ལ་ནི་མི་གུས་སོ། །སྐད་ཅིག་མར་འཛིན་པ་དང་འགལ་བ་ལ་རྒྱུ་སྨྲས་པ་ནི། སྐད་ཅིག་མ་ཕྱི་མར་གནས་པར་འགྱུར་རོ་ཞེས་བྱ་བ་སྟེ། རེག་པའི་སྐད་ཅིག་ནི་སྐྱེས་པའི་སྐད་ཅིག་པས་ཕྱི་
བ་ཡིན་ཏེ། བདག་ཉིད་ཐོབ་མ་ཐག་ཏུ་ཕན་ཚུན་རེག་པའི་ཕྱིར་རོ། །སྐད་ཅིག་མ་ཕྱི་མར་གནས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རེག་པའི་དུས་སུ་འགགས་པའི་ཕྱིར་དེ་མི་རེག་གོ། །རེག་པ་ནི་གོས་མཚུངས་པར་སྐྱེ་བ་སྟེ། དེ་ཡང་སྐད་ཅིག་མ་ཕྱི་མར་གནས་པ་མེད་པར་ཡང་ཡུལ་ཐ་དད་པའི་
རྒྱུ་ལས་འགལ་བ་མེད་དོ་ཞེས་དེ་ལྟར་བསམ་པར་བྱའོ། །འདབ་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལས་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ནི་གཟུགས་འབའ་ཞིག་ཏུ་མ་ཟད་ཀྱི་བར་དུ་ནམ་མཁའ་ཡང་མི་འདོད་དོ། །བཙུན་པའི་ལུགས་འདོད་པར་བྱེ་བྲག་ཏུ་
སྨྲ་བའི་ལུགས་མ་ཡིན་ནོ། །འདི་ལ་རྒྱུ་ཉིད་གསུངས་པ་དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བཙུན་པའི་ལུགས་ལས་གཞན་དུ་རྡུལ་ཕྲ་རབ་ཀྱི་བར་དག་ཏུ་ནམ་མཁའ་འདོད་ནའོ། །བར་སྟོང་པ་དག་ཏུ་ཞེས་བྱ་བ་ནི་གཟུགས་གཞན་གྱིས་མ་བཀག་པ་དག་ཏུའོ། །འགྲོ་བ་ལ་འགོག་པ་
ནི་ཐོགས་པ་སྟེ། དེ་ནི་རྡུལ་ཕྲ་རབ་ཀྱི་བར་སྟོང་པ་དག་ལ་མི་རིགས་པས་ཐོགས་པ་དང་བཅས་པ་ཉིད་ཉམས་པར་འགྱུར་རོ། །གནས་བརྟན་འདུས་བཟང་ན་རེ། བཙུན་པའི་ལུགས་འདོད་པར་ཡང་མི་བྱ་སྡང་བར་མི་བྱའོ། །འོ་ན་ཅི་ཞེ་ན། བཙལ་བར་བྱ་སྟེ། གལ་ཏེ་འདི་དག་ལ་བར་ཅུང་ཟད་མེད་ན་དེ་ལྟ་ན་
เล่ม ๒๐๙ · หน้า 129b
ཆ་ཤས་དང་བཅས་པའམ་གོ་ས་གཅིག་པར་འགྱུར་རོ། །ཉེས་པ་སྔ་མ་ལས་མི་འདའ་བའི་ཕྱིར་ཇི་ལྟར་བཙུན་པའི་ལུགས་འདོད་ཅེས་ཟེར་རོ། །ཡང་ཇི་སྐད་དུ་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རེག་པར་འགྱུར་བས་ཞེས་ལན་སྨྲས་པ། རྡུལ་ཕྲ་རབ་རྣམས་ལས་བསགས་པ་
དག་ཅེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཇི་ལྟར་རྡུལ་ཕྲ་རབ་ཕན་ཚུན་ལྟོས་པ་རྣམས་གཟུགས་སུ་རུང་སྟེ། འདུས་པ་ནི་མ་ཡིན་པ་དེ་བཞིན་དུ། རྡུལ་ཕྲ་རབ་རྣམས་བསགས་པ་ཁོ་ན་ལ་རེག་གི། འདུས་པ་དག་ལ་ནི་མ་ཡིན་ཏེ་འདུས་པ་རྣམས་རྡུལ་ཕྲ་རབ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྡུལ་
ཕྲ་རབ་རྣམས་ལ་འདྲེས་པར་འགྱུར་བ་དང་། ཆ་ཤས་དང་བཅས་པ་ཉིད་ཀྱི་ཉེས་པ་ནི་འདུས་པ་ཉིད་དོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་ཞེས་གང་སྨྲས་པ་དེ་ལ་བཤད་པ་ནི་གལ་ཏེ་རྡུལ་ཕྲ་རབ་ལ་ཕྱོགས་ཐ་དད་པས་རྟོགས་ན་ནི་ཞེས་བྱ་བ་རྒྱ་ཆེར་
འབྱུང་བ་ལ། ཕྱོགས་ཆས་ཐ་དད་པ་ནི་ཕྱོགས་ཐ་དད་པ་སྟེ། ཤར་གྱི་གཞན་ཉིད་ཡིན་ལ་ནུབ་ཀྱང་གཞན་ཉིད་དུ་ཡིན། སྟེང་ནི་གཞན་ཉིད་ཡིན། འོག་གི་བར་དུ་ཡང་ཡིན་ནོ། །དེ་ལྟར་ན་ཕྱོགས་ཐ་དད་པ་ཡོད་པ་ཉིད་ཀྱི་ཕྱིར་རེག་པ་འབའ་ཞིག་ཏུ་མ་ཟད་ཀྱི་མ་རེག་པ་ཡང་ཆ་ཤས་དང་བཅས་
པར་ཐལ་བར་འགྱུར་རོ། །གལ་ཏེ་ཕྱོགས་ཐ་དད་པར་རྟོགས་པ་མ་ཡིན་ན་ནི་རེག་ཀྱང་ཐལ་བར་མི་འགྱུར་རོ། །གང་དུ་ཞེ་ན་ཆ་ཤས་དང་བཅས་པ་ཉིད་དུ་སྟེ། གོ་ས་གཅིག་པར་ནི་མ་ཡིན་ནོ། །ཕྱོགས་ཆ་ཐ་དད་པར་བརྗོད་པ་ནི་ཆ་ཤས་དང་བཅས་པར་བརྗོད་པའི་རྣམ་གྲངས་ཡིན་ནོ། །ཆ་ཤས་
མེད་པར་ཁས་བླངས་པ་ཉིད་ཀྱིས་ཕྱོགས་ཆ་ཐ་དད་པ་བཟློག་པར་བྱས་པ་ཉིད་དོ། །གལ་ཏེ་རྡུལ་ཕྲ་རབ་ཕྱོགས་ཆ་ཐ་དད་པས་མངོན་པར་བརྗོད་པ་འདི་དགོངས་པ་ཡིན་པར་ཤེས་པར་མི་བྱ་སྟེ། ཕྱོགས་གཅིག་གིས་ཀྱང་མ་ཡིན་ནོ། །མ་རེག་པ་ལ་ཆ་ཤས་དང་བཅས་པ་ཉིད་མ་བཤད་དོ། །འོ་ན་
གོ་ས་མཚུངས་པ་དེ་ཉིད་འདིར་བརྗོད་པ་ཅི་ཞེ་ན། རེག་ཀྱང་ཐལ་བར་མི་འགྱུར་ཞེས་བྱ་བ་སློབ་དཔོན་གྱི་དགོངས་པར་ཤེས་པར་མི་བྱའོ། །རྡུལ་ཕྲ་རབ་ལས་གཞན་པ་ཅི་ཞིག་གི་ཆ་ཤས་དང་གང་གིས་ཆ་ཤས་དང་བཅས་པ་ཉིད་མ་ཡིན་ཏེ། དེ་ནི་རྡུལ་ཕྲ་རབ་ཉིད་དུ་མི་འགྱུར་ཞེས་པའི་ཚིག་གིས་འཕངས་
เล่ม ๒๐๙ · หน้า 130a
པ་དེ་ཆ་ཤས་དང་བཅས་པའོ། །གལ་ཏེ་ཕྱོགས་ཆ་ཐ་དད་པར་བརྗོད་པ་ལས་ཀྱང་། ཙ་ཏཏྤ་ར་མེ་བཱ་ནེ་ཡཾ། དེ་བཞིན་ཉིད་འདྲེན་པར། མི་མཐུན་པའི་ཕྱོགས་སུ་རྣམ་པར་གཞག་པའི་དབང་ལས་བརྗོད་དོ། །སློབ་དཔོན་འདུས་བཟང་ན་རེ། རྡུལ་ཕྲ་རབ་དང་ཉེ་
བ་ལས་ཟས་ཀྱི་དྲི་ལ་སོགས་པ་འཛིན་པས་སྣ་ལ་སོགས་པས་ཕྲད་པ་འཛིན་པར་འདོད་ཀྱི་སྣ་དང་དྲི་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་པ་ནི་མ་ཡིན་ནོ། །མ་རེག་པའི་ཕྱིར་སྒྲིབ་པ་དང་ཐོགས་པ་མ་ཡིན་ཞིང་ཐོགས་པ་དང་བཅས་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཡང་རེག་བྱའི་རྡུལ་ཕྲ་རབ་
རྣམས་ཕན་ཚུན་རེག་གམ་ཅི་ཞེ་ན། རེག་པར་མི་བྱེད་དེ་འདྲེས་པ་དང་ཆ་ཤས་དང་བཅས་པ་ཉིད་ཀྱི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རེག་བྱ་ཡང་ཕན་ཚུན་རེག་པར་མི་བྱེད་ན། དེ་ལྟ་ན་འོ་ན་རེག་བྱ་མ་ཡིན་པའི་རྒྱུ་མེད་དོ། །ཀིམ་(ཅི་)པུ་ན་(ཡང་)སྟེ་ཥཱཾ་བི་བ་ར་མསྤྲཥྚ་རཱུ་པ་མ་དྱ་ཡེ་ན་(དེ་རྣམས་རྒྱས་པ་རེག་པ་དང་བའི་གཟུགས།) ཙེ་དི་ཧྱེ་ན། (འགའ་ཡང་ཞེས་པ་འདི།) རྒྱུར་
བྱས་པའི་གཟུགས་འབྱུང་བ་ལ་མ་ལྟོས་པ་ཡོད་པ་མ་ཡིན་ཞིང་། འབྱུང་བ་རྣམས་ཀྱང་དེར་འབྱུང་བ་དེའི་ཕྱིར་རེག་བྱ་མ་ཡིན་པའི་གཟུགས་གཞན་དུ་བརྗོད་པར་བྱའོ། །རྒྱུར་བྱས་པའི་གཟུགས་ཉིད་ཏ་སྱ་ཧཱི་ཡ་ཏེ། བི་བ་ར་རཱུ་(གཟུགས་ཀྱི་ཡང་གཞན་གྱི་)པ་རཱུ་པ་སྱ་ཙཱནྱེ་ན།
བི་བ་ར། རཱུ་པེ་ཎ་བྷ་བི་ཏ་བྱི། (གཟུགས་ཀྱིས་བསྒོམ་པར་བྱའོ།) དེ་ཡང་གཞན་དུ་མི་གནས་སོ། །དེ་ཁས་བླངས་པ་ཉིད་དེ། བི་བ་ར། མེད་པའི་ཕྱིར། བི་བ་ར། (རྒྱས་པའི།) གཟུགས་ཀྱིས་དེ་ཆོད་པ་དག་ཏུ་རྡུལ་ཕྲ་རབ་དག་གིས་རེག་པར་ཐལ་བའི་ཕྱིར་རྡུལ་ཕྲ་རབ་རྣམས་གོས་མཚུངས་པ་ཉིད་དམ། ཆ་ཤས་དང་བཅས་
པ་ཉིད་ནི་པ་པ་རི་ཧྲི་ཏེ་ལན་ཉིད་མ་ཡིན་ནོ་འགྱུར་རོ། །གང་ཡང་བུ་ག་གཟུགས་ཀྱི་བར་སྟོང་པ་དག་ཏུ་དེ་ལས་གཞན་པའི་རྡུལ་ཕྲ་རབ་ཀྱི་སྐབས་ལ་གེགས་སུ་མི་འགྱུར་ཏེ། ཐོགས་པ་དང་བཅས་པ་ཉིད་སྐབས་ཀྱི་གེགས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། ཕན་ཚུན་
གོ་ས་སྐྱེས་པ་ལ་སྒྲིབ་པ་དང་ཐོགས་པས་ཐོགས་པ་ཉིད་དུ་མི་རུང་བ་མ་ཡིན་ཏེ། རང་གི་ཡུལ་དུ་སྐྱེད་པར་སྒྲུབ་པ་ལ་སྡང་བ་ནི་དེ་དག་ཐོགས་པ་དང་བཅས་པ་ཉིད་དུ་འདོད་དོ། །ཨ་ཐཱ་པི་(ཡང་)སྱ་(འགྱུར་)དྷརྨ་ཏི་ཙེ་(ཆོས་ཉིད་འདི་)ཡཾ་ཡ་(གང་།) སྟེ་ཐོགས་པ་དང་བཅས་པ་ཡུལ་ཐ་མི་དད་
เล่ม ๒๐๙ · หน้า 130b
པ་ཉིད་དོ། །ངེས་པར་རྡུལ་ཕྲ་རབ་ཀྱི་བར་དུ་འགྲོ་བའི་རྡུལ་ཕྲ་རབ་རྣམས་རྡུལ་ཕྲ་རབ་དེ་རྣམས་དང་རེག་པ་ལས་གོ་ས་མཚུངས་པ་ཉིད་དུ་འགྱུར་རོ། །ཨེ་(འདི་འོ་ན་)ཏི་ཏཏ་རྷ་རྡུལ་ཕྲ་རབ་ཆ་ཤས་དང་བཅས་པར་འགྱུར་ཏེ། གཉིས་ཀྱི་ཆ་ཤས་མེད་པའི་ཕྱིར་རོ། །སློབ་དཔོན་དཔལ་ལེན་ན་རེ། ཨ་(ཡུལ་དང་བྲལ་བ་མ་ཡིན་པའི་གནས་སྐབས།)བཻ་དེ་ཤྱེ་
ནཱ་བ་སྠཱ་ནཾ། ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་ཨ་(ཆ་ཤས་འདི་ཡུལ་དང་བྲལ་བ་མེད་པའི་ཕྱིར་)བྷིརྦྷ་གོ་སྱ་བཻ་དེ་ཤྱེ་ན་བྷཱ་བཱ་ཏ་ཞེས་བྱ་བ་ཐམས་ཅད་ཀྱི་ཉུང་བ་ཉིད་ནི་རྡུལ་ཕྲ་རབ་པ་རྣམས་སུ་སྨྲའོ། །ཨ་བཻ་དེ་ཤྱེ་ཁས་བླངས་པར་འགྱུར་རོ། །གལ་ཏེ་བཱ་ཡཾ་གོ་སྐབས་ཡོད་པ་ལྔ་རྣམས་ཨ་བཻ་དེ་ཤྱེ་ཞེས་
བྱ་བ་བྱེ་བ་བརྒྱ་སྟོང་རྣམས་ཀྱི་ཨ་(ཡུལ་དང་བྲལ་བ་མ་ཡིན་པའི་གེགས།))བཻ་དེ་ཤྱེ་ཀོ་བི་བནྡྷཿ དེ་བཞིན་དུ་ཨ་བཻ་དེ་ཤ་ཀའི་རྡུལ་ཕྲ་རབ་ཇི་སྙེད་པ་ཐམས་ཅད་ཀྱང་དེ་སྙེད་དུ་གྱུར་ན་འགྲོ་བ་མཐའ་དག་རྡུལ་ཕྲན་ཙམ་དུ་ཐལ་བར་འགྱུར་རོ། །ཙ་ཙཱ་ཕུ་ནར་ཨ་བཻ་དེ་ཤྱཾ་ཡང་རྡུལ་ཕྲ་རབ་གཅིག་གི་ཡུལ་ལས་ལྔ་འདུས་
པའི་ཡུལ་ཆེས་ཡངས་པའི་ཕྱིར་དེའི་ཆ་ཤས་ཉིད་མ་རེག་པར་ཡང་ཁས་བླང་བར་བྱའོ། །དེའི་ཕྱིར་ཐམས་ཅད་འདུས་པ་རྣམས་ལ་སརྦེ་(འདི་རྣམས་ཐམས་ཅད་དངོས་པོ་)ཥཱཾ་བྷཱ་བ་ད་བྷི་ནི་བྷ་གི་ཏྭ་(ཆ་ཤས་ཉིད་འདི་རྣམས་ཡུལ་མིན་པ་བྲལ་བ་ཞེས་སོ། །)མེ་ཥཾ་ནཱ་པེ་དེ་ཤྱྀ་དི་ཏི། མྱུར་དུ་འཇུག་པས་ཞེས་བྱ་བ་ནི་ལྟ་བ་དང་ཉན་པའི་བྱེད་པ་མྱུར་དུ་
འཇུག་པས་སོ། །མགལ་མེའི་འཁོར་ལོ་བཞིན་ཞེས་བྱ་བ་ལ། དཔེར་ན་ཡུལ་གཞན་དུ་མྱུར་དུ་འཇུག་པས་ན་མགལ་མེ་ལ་འཁོར་ལོའི་བློར་འགྱུར་བ་བཞིན་ནོ། །དབང་པོའི་ཡུལ་ཕྲ་རབ་རྣམས་ཇི་སྙེད་པ་ཞེས་རྒྱ་ཆེར་འབྱུང་བ་ལ། སྣ་ལ་སོགས་
པ་དག་གིས་ནི་དབང་པོའི་རྡུལ་ཕྲ་རབ་དག་ལས་ཆེས་ལྷག་པའི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་མི་གཏོགས་སོ། །འདི་ལྟར་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཡུལ་ཆེས་ཆུང་བ་ལ་ཡང་དེ་སྙེད་ཅིག་བྱེད་པ་དང་བཅས་ཀྱི། ཆེས་ཉུང་བ་དང་ཆེས་མང་བ་དག་ལ་མ་ཡིན་ཏེ། དེ་ལྟ་ན་དེ་དག་ཡུལ་དང་ཕྲད་པ་ཉིད་དུ་འགྱུར་གྱི་
གཞན་དུ་ནི་མ་ཡིན་ནོ། །མིག་དང་རྣ་བ་དག་གི་ནི་མ་ངེས་པར་བཤད་པའི་ཕྱིར་སྔར་བཤད་པ་རྣམས་ལ་མཉམ་པ་ཁོ་ན་འཛིན་ནོ་ཞེས་ངེས་པ་བཤད་པར་འགྱུར་རོ། །རེས་འགའ་ནི་ཆུང་སྟེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ་འདི་སྐད་དུ། ཡུལ་མ་ངེས་པའི་ཕྱིར་ལྷག་པར་འཛིན་གྱི་མགལ་མེའི་འཁོར་ལོ་བཞིན་དུ་མྱུར་
เล่ม ๒๐๙ · หน้า 131a
དུ་འཇུག་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མ་ཕྲད་པར་ཁྱད་པར་མེད་པ་ནི་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རིམ་གྱིས་འཛིན་པར་མི་རིགས་པ་དེའི་ཕྱིར་ཐམས་ཅད་ཀྱིས་རེ་ཤིག་རྡུལ་ཕྲ་རབ་རྣམས་ཁོ་ན་ལན་གཅིག་འཛིན་ནོ། །མིག་ཕྱེ་བ་ཙམ་གྱིས་ཞེས་བྱ་བ་ལ།
ཙམ་སྨོས་པ་ནི་མྱུར་དུ་བསྒྱུར་བར་རྟོག་པ་བཟློག་པར་བྱ་བའི་ཕྱིར་རོ། །ཚད་ནི་ལུས་ཅན་གྱི་རྫས་ལ་བརྟེན་པའི་ཕྱིར་ན་ཡིད་ལ་ཚད་ཡོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་ལ་ཚད་མི་དཔྱད་དོ། །དབང་པོ་ཉམས་པ་རྣམས་ལ་རྟེན་ཡོད་ཀྱང་གཟུགས་མཐོང་བ་ཡོད་པ་མ་ཡིན་
པ་དེའི་ཕྱིར་མིག་ལ་སོགས་པ་དག་རྟེན་ལས་གཞན་ཡིན་ནོ་ཞེས་བྱ་བར་ངེས་མོད་ཀྱི། དེ་དག་ཏུའམ་ཇི་ལྟར་གནས་པ་ནི་མ་ངེས་པས་དེའི་ཕྱིར་འདྲི་བ་ནི། ཡང་མིག་གི་དབང་པོ་ལ་སོགས་པ་འདི་དག་གི་ཞེས་རྒྱ་ཆེར་འབྱུང་སྟེ། མིག་གིས་གཟུང་བར་བྱ་བ་མ་ཡིན་པའི་ཕྱིར་འདི་དག་གི་གནས་ཚུལ་རྣམ་པར་
གཞག་པ་ནི་དཀའ་མོད་ཀྱི། ཐོགས་པ་དང་བཅས་པ་རྣམས་ཡུལ་ཐ་དད་པར་གནས་པའི་ཕྱིར་དང་། འདུས་པ་རྣམས་སྐྱེ་བའི་ཕྱིར་གདོན་མི་ཟ་བར་གང་དག་ཇི་ལྟར་གནས་པ་དེ་བརྗོད་པར་བྱ་དགོས་སོ། །རེ་ཞིག་མིག་གི་རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མིག་གི་འབྲས་བུ་སྟེ།
མཐོང་ཕྱེད་ཀྱི་དཀྱིལ་འཁོར་ལ་གོ་སྙོད་ཀྱི་མེ་ཏོག་བཞིན་དུ་ཡུལ་ལ་མངོན་དུ་ཕྱོགས་པར་གནས་སོ། །གོ་སྙོད་ཀྱི་མེ་ཏོག་སྨོས་པ་ནི་ཕན་ཚུན་མ་འབྲེལ་བར་བསྟན་པའི་ཕྱིར་རོ། །ཕན་ཚུན་མ་འབྲེལ་བའི་ཕྱིར་གྱེས་པར་ཐལ་ཞེས་བྱ་བའི་དོགས་པ་བཟློག་པའི་ཕྱིར་ཁ་དོག་དང་བས་བཀག་པས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཁ་དོག་དང་སྨོས་པ་ནི་ཤེལ་ལྟར་ལྟ་བའི་གེགས་བསལ་བར་བྱ་བའི་ཕྱིར་རོ། །བླ་འོག་ན་གནས་ན་ནང་མ་རྣམས་ལ་སྒྲིབ་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཕན་ཚུན་མི་སྒྲིབ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེལ་གྱི་ཆ་ཤས་དག་ནི་ཕན་ཚུན་མི་སྒྲིབ་སྟེ། །ཕན་ཚུན་
བསྒྲིབས་ན་ཤེལ་གྱིས་བསྒྲིབས་པའི་གཟུགས་མི་འཛིན་པར་འགྱུར་རོ། །རྣ་བའི་བུ་ག་གི་ནང་ན་གནས་སོ་ཞེས་བྱ་བ་ལ། རྣ་བའི་བུ་ག་ནི་རྣ་ཁུང་གི་བུ་གའི་མཐར་ཐུག་པའོ། །མཚུལ་པའི་ནང་ན་ཞེས་བྱ་བ་ནི། སྣའི་ནང་ན་རྟེན་དང་འདྲ་བར་ཁ་ཐུར་དུ་བལྟས་པའོ། །སྐྲའི་རྩེ་མོའི་ཁྱོན་ཙམ་
เล่ม ๒๐๙ · หน้า 131b
ཞིག་མ་ཁེབས་པ་ནི་མ་ཁྱབ་པའོ། །གྲག་གོའི་སྒྲ་ནི་སྲིད་པར་བསྟན་པའི་ཕྱིར་རོ། །ཐམས་ཅད་ཀྱིས་རྣམ་པར་ཤེས་པ་སྐྱེད་ན་ནི་ཞེས་བྱ་བ་ལ། ལོའི་སྒྲ་ནི་དེར་ལུས་མི་འཇིག་པ་ནི་ལས་ཀྱིས་གཟུང་བའི་ཕྱིར་ཡིན་གྱི་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་མི་སྐྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་
ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་དབང་པོའི་རྡུལ་ཕྲ་རབ་པའི་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་སྐྱེད་པ་མེད་པའི་ཕྱིར་རོ། །ཡིད་ནི་གཅིག་པུ་ཞིག་ཁོ་ན་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་དུ་འགྱུར་ལ། ཆོས་གཅིག་དང་དུ་མ་ཡང་ལྔ་པོ་དག་གི་ཞེས་ཁྱད་པར་དུ་བྱས་སོ། །རྟེན་
དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། བསགས་པ་ལ་བརྟེན་པའི་ཕྱིར་དང་བསགས་པ་ལ་དམིགས་པའི་ཕྱིར་རོ། །བསྟན་དུ་མེད་པ་ཡང་དོན་གང་གིས་ཤེ་ན། དེ་ཉིད་ཀྱི་ཕྱིར་ཞེས་སྨོས་སོ། །ཅི་མིག་ནི་རྣམ་པར་ཤེས་པ་ན་ཞེས་བྱ་བ་འབྱུང་སྟེ། འདི་ནི་རྟེན་ངེས་པར་བསྟན་
པར་བྱ་བའི་ཕྱིར་བརྩམས་ཀྱི། རྟེན་བསྟན་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །ཐ་མའི་རྟེན་འདས་ཞེས་བྱ་བ་ནི་གོང་དུ་དྲུག་པོ་འདས་མ་ཐག་པ་ཡི། ཞེས་བྱ་བའི་མདོ་དེར་བསྟན་ཟིན་ཏོ། །དེ་བཞིན་དུ། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །ཞེས་བྱ་
བ་དེ་ཉིད་དུ་ལྔ་པོ་རྣམས་ཀྱི་རྟེན་ད་ལྟར་བྱུང་བའི་དངོས་པོར་གྱུར་པའི་དོན་ཉིད་ཀྱི་ཕྱིར་རོ། །ཐ་མའི་རྟེན་འདས་ཞེས་བྱ་བ་ལ། ཐ་མ་ནི་འདོད་པའི་རིམ་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེའི་རྟེན་ནི་འདས་པ་ཉིད་ཡིན་གྱི། དེ་ལྟར་བྱུང་བ་དང་མ་འོངས་པ་རྣམས་མ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་
འདས་པ་ཡང་ཡིན་པའོ་ཞེས་བྱ་བ་ལ། ལྔ་རྣམས་ཀྱི། དེ་དག་ལྷན་ཅིག་སྐྱེས་པ་ཡིན། །ཞེས་སྐྱེས་ན་འདས་པ་མི་རྟོགས་ལ། འདས་པ་ནི་འདོད་པ་ཡང་ཡིན་ཏེ། དེའི་ཕྱིར་ཡང་གི་སྒྲ་ནི་དེ་བསྡུ་བར་བྱ་བའི་ཕྱིར་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ན་ལྔ་པོ་རྣམས་ཀྱི་འདས་པ་དང་ད་ལྟར་
བ་ཡིན་གྱི་མ་འོངས་པ་ནི་མ་ཡིན་པས་རྟེན་གྱི་རྣམ་པར་གཞག་པ་ཡུལ་དང་འདྲ་བ་མ་ཡིན་ནོ་ཞེས་པ་ཤེས་པར་བྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་དབང་པོ་གཉིས་ཀྱི་རྟེན་ཅན་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་དབང་པོ་ཁོ་ནའི་རྟེན་ཅན་ཡིན་
เล่ม ๒๐๙ · หน้า 132a
པའི་ཕྱིར་རོ། །མུ་དང་པོ་ནི་མིག་ཡིན་ནོ་ཞེས་བྱ་བ་རྟེན་གྱི་དངོས་པོ་ཡིན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དབང་པོར་ནི་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་ཁོ་ན་མཚུངས་པ་དེ་མ་ཐག་པའི་དངོས་པོར་
ངེས་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ་ཞེས་བྱ་བ་ལ། སེམས་ལས་བྱུང་བ་རྣམས་རྣམ་པར་ཤེས་པའི་རྟེན་མ་ཡིན་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྟེན་གྱི་དངོས་པོ་ཁོ་ན་ཡིན་གྱི།
རྟེན་གྱི་དངོས་པོར་ནི་མ་ཡིན་ནོ། །སེམས་ལས་བྱུང་བ་སྨོས་པ་ནི་ལྡན་པ་མ་ཡིན་པ་དགག་པར་བྱ་བའི་ཕྱིར་རོ། །འདས་མ་ཐག་པ་སྨོས་པ་ནི་མ་འོངས་པ་དགག་པར་བྱ་བའི་ཕྱིར་རོ། །དེ་མ་ཐག་པ་སྨོས་པ་ནི་བར་དང་བཅས་པ་དགག་པར་བྱ་བའི་ཕྱིར་རོ། །གསུམ་པ་ནི་འདས་མ་ཐག་པའི་
ཡིད་ཡིན་ནོ། །ཞེས་བྱ་བ་ནི་རྟེན་གྱི་དངོས་པོར་ཡང་ཡིན་ལ། མཚུངས་པ་དེ་མ་ཐག་པའི་དངོས་པོར་ཡང་ཡིན་པའོ། །བཞི་པ་ནི་བཤད་པ་ལ་མ་གཏོགས་པའི་ཆོས་རྣམས་ཡིན་ཏེ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོར་ཡང་མ་ཡིན་ལ། མཚུངས་པ་དེ་མ་ཐག་པའི་དངོས་པོར་ཡང་མ་ཡིན་པ་སྟེ། དེ་དག་
ཀྱང་གཟུགས་ལ་སོགས་པ་ཡུལ་རྣམས་དང་རྣ་བ་ལ་སོགས་པ་རྣམས་དང་། སེམས་ལས་བྱུང་བ་མི་སྐྱེ་བའི་ཆོས་ཅན་རྣམས་དང་འདུས་མ་བྱས་རྣམས་སོ། །དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་རང་གི་དབང་པོ་བརྗོད་པར་བྱའོ་ཞེས་བྱ་བ་ནི། རྣ་བའི་རྣམ་པར་ཤེས་པའི་རྣ་བ་དང་། སྣའི་
རྣམ་པར་ཤེས་པའི་སྣ་དང་། ལྕེའི་རྣམ་པར་ཤེས་པའི་ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པའི་ལུས་ཀྱི་དབང་པོ་སྟེ་མུ་དང་པོ་ནི་དེ་ལྟ་བུའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཚིག་སྔ་མ་དང་སྦྱར་བ་སྟེ་ཞེས་བྱ་བ་ལ། གང་དུ་སྔར་མཐོང་བའི་ཚིག་གིས་དོན་གོ་བ་དང་དེ་ནི་ཚིག་
སྔ་མ་དང་སྦྱོར་བའོ། །གང་དུ་ཕྱི་མར་མཐོང་བའི་ཚིག་གིས་དོན་གོ་བ་ནི་ཚིག་ཕྱི་མ་དང་སྦྱར་བའོ། །རེ་ཞིག་གང་རྟེན་གྱི་དངོས་པོར་ཡིན་པ་དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནོ་ཞེས་བྱ་བ་ལ། འདས་མ་ཐག་པའི་ཡིད་ནི་དེའི་རྟེན་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་ཡིན་ནོ་
เล่ม ๒๐๙ · หน้า 132b
ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པའོ་ཞེས་བྱ་བ་ལ། དེ་ནི་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཁོ་ན་ཡིན་གྱི་རྟེན་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱི་ཡུལ་ད་ལྟར་བ་ཁོ་ན་ཡིན་གྱི་འདས་པ་ཡང་མ་ཡིན་ཞེ་ན། རྟེན་ད་ལྟར་བའི་དབང་གིས་ཡུལ་རྣམ་པར་
གཞག་གོ། །གཞན་དུ་ན་ཡིད་ཀྱི་རྣམ་པར་ཤེས་པ་དུས་གསུམ་པའི་ཡུལ་ཅན་མ་ཡིན་པར་འདས་པ་ཁོ་ནའི་ཡུལ་ཅན་དུ་འགྱུར་རོ། །གཞན་ཡང་རྟེན་དང་ལྷན་ཅིག་ཡུལ་ལ་འཇུག་པའི་ཕྱིར་དང་། རྟེན་རྣམས་ཀྱང་ལྐོག་ཏུ་གྱུར་པའི་དོན་ལ་འཇུག་པ་མེད་པའི་ཕྱིར་རོ། །ད་ལྟར་བའི་གཟུགས་ལ་སོགས་
པ་རྣམས་ཉིད་ཡུལ་གྱི་འདས་པ་དང་མ་འོངས་པ་རྣམས་ཡུལ་མ་ཡིན་ནོ། །གཞན་དག་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འགའ་ཞིག་གི་ཡུལ་འདས་པར་ཡང་སེམས་ཏེ། སྔར་སྐྱེས་ཁོ་ནའི་རྐྱེན་གྱིས་འབྲས་བུ་སྐྱེད་པ་རུང་གི་ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། དེ་བཞིན་དུ་ད་ལྟར་བའི་རྐྱེན་ཡང་
འདས་པ་ཁོ་ན་རུང་གི་ལྷན་ཅིག་སྐྱེས་པ་མ་ཡིན་ནོ་ཞེས་ཟེར་རོ། །རང་གི་རྒྱུད་འཛིན་པའི་ཕྱིར་འདས་པ་ཐམས་ཅད་ཡུལ་ཉིད་དུ་ཐལ་བ་མེད་དོ། །གལ་ཏེ་ཡོད་པ་མ་ཡིན་པའི་རྒྱུ་མི་རིགས་སོ་ཞེ་ན། དེ་ནི་མ་ཡིན་པ་ཉིད་དེ། འདས་པ་དང་ད་ལྟར་བྱུང་བའི་རྒྱུ་འདོད་དོ། །འོ་ན་ཅི་ད་ལྟར་བྱུང་བ་དང་མ་
འོངས་པ་གང་གི་ཚེ་རྣམ་པར་ཤེས་པ་ད་ལྟར་བྱུང་བ་དེའི་ཚེ་འདས་པ་ཞེས་བརྗོད་པར་བྱེད་ཅེ་ན། དེ་ལྟ་ན་འོ་ན་མ་འོངས་པ་དང་ད་ལྟར་བྱུང་བ་ཡུལ་ཡིན་ཞེས་བརྗོད་པར་བྱའི་འདས་པ་ནི་ཡུལ་ཞེས་བརྗོད་པར་མི་བྱ་སྟེ། འདས་པ་ཡུལ་མ་ཡིན་པས་སོ། །དུས་གཞན་གྱི་རྐྱེན་གྱིས་དུས་གཞན་གྱི་ཡུལ་
ཞེས་བྱ་བ་རིགས་པར་བརྗོད་པ་མ་ཡིན་ནོ། །གང་ཞིག་རྐྱེན་གྱི་ངོ་བོ་མི་སྣང་བས་རྣམ་པར་ཤེས་པ་སྐྱེས་པ་དེ་དམིགས་པའི་རྐྱེན་ཞེས་བྱའོ། །གཞན་དུ་ནི་དམིགས་པའི་རྐྱེན་མ་ལུས་པའི་ཁྱད་པར་ཅི། དེའི་རྣམ་པ་སྐྱེ་བ་མེད་པར་རྣམ་པར་ཤེས་པ་དུས་གཞན་གྱི་དམིགས་པ་འཛིན་པ་ཡོད་པ་མ་ཡིན་ནོ། །
འོ་ན་ཅི་གང་ཞིག་ད་ལྟར་བྱུང་བའི་ཡུལ་ལ་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་སྐྱེ་བར་རྟོགས་པར་བྱེད་ཅེ་ན། ད་ལྟར་བྱུང་བའི་རྒྱུ་མཚན་ལས་ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལ་དེའི་རྣམ་པ་སྐྱེའོ་ཞེས་བྱ་བ་ནི་རིགས་པར་བརྗོད་པ་མ་ཡིན་ནོ། །དེའི་རྣམ་པ་ལས་རྣམ་པར་ཤེས་པ་ལ་ཡུལ་ངེས་པ་ཡང་མི་རིགས་
เล่ม ๒๐๙ · หน้า 133a
སོ། །དེའི་ཕྱིར་ད་ལྟར་བྱུང་བའི་ཡུལ་ཉིད་རྣམ་པར་ཤེས་པ་སྐྱེ་བར་འདོད་པའི་དམིགས་པའི་རྐྱེན་གྱི་ངོ་བོར་རྣམ་པར་གནས་སོ། །གང་གི་ཚེ་དེའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེའི་ཚེ་ཡུལ་དང་བཅས་པར་འགགས་པས་ན་འདས་པ་ཡུལ་དུ་བརྗོད་དོ། །འདས་
པ་ཡུལ་དུ་བརྗོད་ཅེས་བྱ་བས་འདས་པའི་ཡུལ་མིག་གི་རྣམ་པར་ཤེས་པའི་ལམ་དུ་ལྡན་པ་ལྟ་བུ་ནི་མ་ཡིན་ཏེ། དེ་ལྟར་ཞར་ལས་བྱུང་བས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། ཡང་རྣམ་པར་ཤེས་པ་ནི་གཉིས་ཀ་ལ་རག་ལུས་ཏེ་སྐྱོན་ཞེས་བྱ་བ་ལ། གཉི་ག་ལ་རག་ལུས་པ་ཡང་ཇི་ལྟར་ཤེས་
པར་བྱ་ཞེ་ན། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེའོ་ཞེས་བྱ་བ་ལུང་ལ་གྲུབ་སྟེ། ཁ་ཅིག་ལུང་ལས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནས་དེ་བཞིན་དུ་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་བར་རོ། །ཉམས་སུ་མྱོང་
བ་ནི་རིག་བཞིན་པ་རྣམས་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ནི་མིག་ལ་སོགས་པ་རྣམས་དང་གཟུགས་ལ་སོགས་པ་མེད་པ་ལས་མི་སྐྱེ་ཞིང་གཟུགས་ལ་སོགས་པ་ཉེ་ཡང་མིག་ལ་སོགས་པ་མེད་པའི་ཕྱིར་ལོང་བ་ལ་སོགས་པ་རྣམས་ལ་མི་སྐྱེའོ། །གལ་ཏེ་ཡིད་ལ་བྱེད་པ་ལས་སྐྱེ་
བར་བཤད་པ་མ་ཡིན་ནམ་ཞེ་ན། གཟུགས་དང་སྣང་བ་དེ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་ལས་འགྱུར་གྱི་མིག་ཡོངས་སུ་གྲུབ་པ་ལས་མ་ཡིན་ནོ། །དེ་བཞིན་དུ་དེ་ལས་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་ཅིའི་ཕྱིར་གཉིས་ཁོ་ན་ཉེ་བར་བཀོད་ཅེ་ན། ཡིད་ལ་
བྱེད་པ་ནི་སེམས་ལས་བྱུང་བ་ཡིན་ཞིང་སེམས་ལ་བརྟེན་པ་ཡིན་པའི་ཕྱིར་དང་སེམས་ཀྱི་རྟེན་དུ་མི་འགྱུར་བས་ཉེ་བར་བཀོད་དོ། །དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གི་རྣམ་པར་འགྱུར་བ་ནི་དེ་དག་གྱུར་པའོ། །དེ་དག་རྣམ་པར་འགྱུར་རོ་ཞེས་ཚིག་རྣམ་པར་སྦྱར་
རོ། །ཕན་པ་དང་གནོད་པ་དང་གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕན་པ་དང་གནོད་པ་དག་ནི་རྐྱེན་ལ་བལྟོས་པ་ཡིན་ལ། གསལ་བ་དང་མི་གསལ་བ་ཉིད་ཅེས་བྱ་བ་ནི་མིག་གི་རང་བཞིན་ཉིད་དོ། །རྗེས་སུ་བྱེད་པའི་སྒྲ་ནི་ཕན་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་
เล่ม ๒๐๙ · หน้า 133b
བྱ་བ་ནས། མི་གསལ་བའི་རྗེས་སུ་བྱེད་པའི་ཕྱིར་ཞེས་བྱ་བའི་བར་རེ་རེ་དང་སྦྱར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་གོ་རིམས་བཞིན་དུ་བདེ་བ་སྐྱེ་བ་དང་སྡུག་བསྔལ་སྐྱེ་བའི་སྒོ་ནས་མིག་ལ་སོགས་པ་དག་མིག་སྨན་དང་རྡུལ་ལ་སོགས་པ་དག་གིས་ཕན་བཏགས་པ་དང་གནོད་པ་
བྱས་པའི་རྗེས་སུ་བྱེད་ཅིང་། དེ་བཞིན་དུ་གསལ་བ་དང་མི་གསལ་བར་སྐྱེས་པས་གསལ་བ་དང་མི་གསལ་བའི་རང་བཞིན་དུ་གྱུར་པ་ཉིད་ཀྱང་རྗེས་སུ་བྱེད་དེ། དེའི་ཕྱིར་མིག་ལ་སོགས་པ་རྣམ་པར་གྱུར་པས་རྣམ་པར་ཤེས་པ་རྣམས་འགྱུར་བ་ཡིན་ནོ་ཞེས་བྱ་བ་ཤེས་པར་བྱའོ། །གཟུགས་
ལ་སོགས་པ་དག་གྱུར་པས་དེ་དག་འགྱུར་བ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་དག་གི་ཕན་པ་དང་གནོད་པ་གསལ་བ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །འདི་ལྟར་གཟུགས་ལ་སོགས་པ་ཡང་མིག་སེར་གྱིས་མིག་ཉམས་པ་རྣམས་ཀྱིས་དུང་སེར་པོར་མཐོང་བ་ཡིན་ལ། རབ་
རིབ་ལ་སོགས་པས་གནོད་པ་བྱས་ན་གཟུགས་རྣམ་པར་འགྱུར་བར་མཐོང་བ་ཡིན་ནོ། །དེ་བཞིན་དུ་མིག་མི་གསལ་ན་གཟུགས་རང་གི་མཚན་ཉིད་ཀྱིས་ཚང་ཡང་མིག་གི་རྣམ་པར་ཤེས་པ་མི་གསལ་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་མིག་གསལ་ན་གཟུགས་མི་གསལ་ཡང་དེའི་རྣམ་པར་ཤེས་པ་
གསལ་བར་སྐྱེའོ། །འདིར་རྟེན་གྱི་དོན་ནི་རྗེས་སུ་བྱེད་པའི་དོན་ཡིན་ནོ། །ཤིན་ཏུ་ལེགས་པ་ཡིན་གྱི་ཞེས་བྱ་བ་ནི་ཆེས་ལེགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་རླུང་ལ་སོགས་པས་སུན་ཕྱུང་བ་དང་རྣམ་པར་དག་པ་ལས་རྣམ་པར་ཤེས་པ་འཁྲུགས་པ་དང་མ་འཁྲུགས་པ་སྐྱེ་སྟེ། དེ་དེའི་རྟེན་ནི་
མ་ཡིན་ནོ། །ཡོད་ཀྱང་རྗེས་སུ་བྱེད་དོ་ཞེས་བརྗོད་པར་བྱ་བ་དེ་ལྟ་ན་དེའི་ཚེ་ཡང་རང་གི་རྟེན་གྱི་རྗེས་སུ་བྱེད་པ་ཉིད་དོ། །གང་ཞིག་གི་ལུས་སྡུག་བསྔལ་བར་སྐྱེས་པ་དེ་ལ་སྡུག་བསྔལ་གྱི་ཚོར་བ་དང་ལྷན་ཅིག་ཐམས་ཅད་འཁྲུགས་པའི་ལུས་ཀྱི་རྣམ་པར་ཤེས་པ་འགགས་ནས་རྒྱུད་དེ་ཉིད་ལ་ཡིད་ཀྱི་
རྣམ་པར་ཤེས་པ་འཁྲུགས་པ་སྐྱེའོ། །དེ་ལས་བཟློག་པས་ནི་འཁྲུགས་པ་མ་ཡིན་པ་སྐྱེ་སྟེ། དེའི་ཕྱིར་དེ་ནི་ཡིད་ཉིད་ཀྱི་རྗེས་སུ་བྱེད་པའོ། །གལ་ཏེ་རང་གི་རྟེན་གྱི་རྗེས་སུ་བྱེད་ན། ཇི་ལྟར་ཟག་པ་དང་བཅས་པ་ལས་ཟག་པ་མེད་པའི་རྣམ་པར་ཤེས་པར་འགྱུར་ཞེ་ན། ཟག་པའི་ཆོས་ཐམས་
เล่ม ๒๐๙ · หน้า 134a
ཅད་རྟེན་པར་མི་འགྱུར་ཏེ། རྟེན་མེད་པར་ཐལ་བའི་ཕྱིར་རོ། །གཞན་དུ་ན་ལུང་དུ་མ་བསྟན་པའི་མིག་ལས་མིག་གི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ཞེས་བྱ། གང་ལ་རྣམ་པར་ཤེས་པའི་བྱེད་པ་ཉིད་ཀྱིས་དེ་བསྙད་པར་རིགས་སོ་སྙམ་དུ་བསམ་སྟེ་འདྲི་བ་ནི། ཡང་ཅིའི་
ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །རྟེན་གྱི་དོན་བཤད་ཟིན་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་ཀྱི་འདྲི་བ་ནི། ཇི་ལྟར་ཐུན་མོང་མ་ཡིན་པ་ཉིད་ཡིན་ཞེ་ན། གཞན་གྱི་མིག་གིས་གཞན་ཉིད་ནི་མ་ཡིན་ཏེ། རང་གི་རྒྱུད་དུ་གཏོགས་པའི་རིགས་ཀྱི་དབྱེ་བ་ལས་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་
རྣམ་པར་ཤེས་པ་ནི་རིགས་མཚུངས་པ་ཉིད་ཡིན་ཡང་སེམས་ཅན་གྱི་རྟེན་ཐ་དད་པའི་ཕྱིར་རོ། །ལུས་ཀྱི་བར་དུ་ཡང་དེ་དང་འདྲའོ། །དང་ཞེས་བྱ་བ་ནི་དྲི་ལ་སོགས་པ་རྣམས་ལ་ནི་ཡུལ་དང་ཕྲད་པའི་ཕྱིར་སྲིད་པའི་དབང་དུ་བྱས་ནས་བརྗོད་པ་གཞན་སྣ་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པར་འགྱུར་
བ་རྣམས་སོ། །དཔེར་ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ཞེས་བྱ་བ་ལ། སྒྲ་དང་མྱུ་གུ་འབྱུང་བ་རྒྱུ་དུ་མ་ལ་རག་ལས་པ་ཡིན་ཡང་། རྔ་བོ་ཆེ་དང་ནས་གཉིས་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་དང་རྟེན་ཡིན་པའི་ཕྱིར་རྔ་བོ་ཆེའི་སྒྲ། ནས་ཀྱི་མྱུ་གུ་ཞེས་དེ་དག་གིས་བསྟན་གྱི། དབྱུ་གུ་ལ་སོགས་པ་དང་ཆུ་
ལ་སོགས་པ་དག་ནི་རྔ་པ་ཊ་ཧ་ལ་སོགས་པའི་སྒྲ་དག་སཱ་ལུའི་མྱུ་གུ་ལ་སོགས་པ་དག་ལ་ཐུན་མོང་བ་ཡིན་པའི་ཕྱིར་དེ་དག་གིས་མ་བསྟན་ཏེ། འོན་ཀྱང་རྔ་བོ་ཆེའི་སྒྲ་ནས་ཀྱི་མྱུ་གུ་ཞེས་བསྟན་པར་ནུས་སོ། །དེ་བཞིན་དུ་འདིར་ཡང་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་བསྟན་
པར་ནུས་ཀྱི་ཡུལ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་མིག་གི་རྣམ་པར་ཤེས་པ་ཉེ་བར་བཀོད་པ་གཞན་ཅིའི་དོན་དུ་ཞེ་ན། ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཤེས་པར་བྱེད་པའི་དོན་ཏོ། །རིགས་མཐུན་པ་རྣམས་ཀྱང་རྣམ་པར་ཤེས་པ་གཞན་གྱི་རྟེན་དུ་འགྱུར་ན་རིགས་ཐ་དད་པ་རྣམས་ལྟ་སྨོས་ཀྱང་
ཅི་དགོས་ཞེས་པའོ། །གལ་ཏེ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་གཟུགས་ལ་སོགས་པ་བཀག་ན་རྟེན་བཀག་པར་གྱུར་པས་ཉེ་བར་ལེན་པ་དོན་མེད་པ་ཅན་མ་ཡིན་ནམ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལ་དེ་ལས་གཞན་པའི་རྣམ་པར་ཤེས་པ་ཐུན་མོང་མ་ཡིན་པའི་ཕྱིར། དེ་དག་ཡིད་ཀྱི་རྣམ་པར་ཤེས་
เล่ม ๒๐๙ · หน้า 134b
པའི་རྟེན་གྱིས་མ་ཡིན་ནོ། །དེའི་ཕྱིར་རྟེན་དུ་གྱུར་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་ཅེས་བྱའོ། །ཐུན་མོང་མ་ཡིན་པ་ཉིད་ཅེས་བྱ་བ་ཕན་ཚུན་གྱི་དོན་དུ་སྟོན་པར་བྱེད་དོ། །གང་གི་ཕྱིར་སྐྱེ་གནས་གཅིག་ལ་གནས་པའི་གཟུགས་ལ་ཡང་སྐྱེ་གནས་བཞི་ལ་གནས་པའི་མིག་གི་རྣམ་པར་ཤེས་པ་སྐྱེའི།
སྐྱེ་གནས་གཅིག་ལ་གནས་པའི་མིག་གི་སྐྱེ་གནས་གཉིས་ལ་གནས་པའི་མིག་གི་རྣམ་པར་ཤེས་པ་ཡང་མི་སྐྱེ་ན། སྐྱེ་གནས་བཞི་ལ་གནས་པ་ལྟ་ཅི་སྨོས། དེ་བཞིན་དུ་ཁམས་དང་འགྲོ་བ་དང་རིས་ངེས་པ་ལས་ཀྱང་ཐུན་མོང་མ་ཡིན་ནོ། །མིག་གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །
གལ་ཏེ་ཡང་སྐྱེ་གནས་གཞན་ལ་གནས་པའི་ཡིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་གནས་གཞན་ལ་གནས་པ་སྐྱེ་མོད་ཀྱི་གཅིག་གིས་ཅིག་ཅར་སྐྱེ་གནས་དུ་མ་ལ་གནས་པ་སྐྱེད་པ་ནི་མ་ཡིན་ཏེ། གཟུགས་ལ་སོགས་པ་དག་ལ་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་རྟེན་གྱི་རྗེས་སུ་བྱེད་པའི་ཕྱིར་དང་།
ཕན་ཚུན་ངེས་པས་རྟེན་རྣམས་ཁོ་ནས་རྣམ་པར་ཤེས་པ་རྣམས་རྟེན་གྱི་ཡུལ་རྣམས་ཀྱིས་ནི་མ་ཡིན་ནོ། །གཞན་དག་ན་རེ་གཉི་ག་ནང་གི་བདག་ཉིད་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ན་རེ་གཉི་ག་སེམས་ཅན་དུ་བགྲང་བ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ལས་ཐ་དད་དོ་ཞེས་
ཟེར་རོ། །མིག་གི་རྣམ་པར་ཤེས་པ་རྐྱེན་དུ་མ་ལས་གྲུབ་པ་ཡིན་བཞིན་དུ་ཡང་གཉིས་ཁོ་ན་ཅིའི་ཕྱིར་སྨོས་ཤེ་ན། རྟེན་དང་དམིགས་པ་ཉིད་ཀྱི་སྒོ་ནས་རྐྱེན་ཆེས་ཉེ་བ་ཡིན་པའི་ཕྱིར་རོ། །སྣང་བ་མེད་ཀྱང་མཚན་མོ་རྒྱུ་བ་རྣམས་དང་། ནམ་མཁའ་མེད་པར་ཆུ་ལ་རྒྱུ་བ་རྣམས་དང་། མཆིང་བུ་དང་
ལྷང་ཚེར་དང་ཤེལ་གྱིས་བར་དུ་ཆོད་པ་ལ་མིག་རྣམ་དང་། གཉི་ག་མེད་པར་ལྷའི་མིག་དང་ལྡན་པ་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེ་ལྟར་མིག་དང་གཟུགས་དག་མེད་པ་ནི་མ་ཡིན་ནོ། །ཡིད་ལ་བྱེད་པ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་བསྐྱེད་པ་ལ་རྐྱེན་ཐུན་མོང་བ་ཡིན་ཏེ། མིག་དང་
གཟུགས་དག་ནི་དེ་ལྟར་མ་ཡིན་ནོ། །དེའི་ཕྱིར་འདི་གཉིས་ཁོ་ན་སྨོས་པ་མཛེས་སོ། །གདུལ་བྱའི་དབང་ལས་ཁམས་རྣམས་ཀྱང་བསྟན་ཏོ། །ཡིད་ལ་བྱེད་པ་ལ་སོགས་པ་སྨོས་པ་ཡང་གླང་པོ་ཆེའི་རྗེས་ལྟ་བུ་ལ་སོགས་པ་རྣམས་ལའོ་ཞེས་སོ། །ཡང་ལུས་གང་ལ་གནས་ཏེ་ཞེས་བྱ་བ་ལ།
เล่ม ๒๐๙ · หน้า 135a
གང་ལ་ཞེས་བྱ་བ་ནི་འདོད་པར་གཏོགས་པའམ། བསམ་གཏན་དང་པོའམ། གཉིས་པའམ། གསུམ་པའམ། བཞི་པའི་ས་པའོ། །ཅི་ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ཅི་ལུས་འདོད་པར་གཏོགས་ན་མིག་དང་གཟུགས་དང་། རྣམ་པར་ཤེས་
པ་དག་ཀྱང་འདོད་པར་གཏོགས་པ་ཁོ་ན་ཡིན་པས་ན། །དེ་བཞིན་དུ་ལུས་བསམ་གཏན་བཞི་པའི་ས་པ་ཡིན་ན། མིག་དང་གཟུགས་དང་རྣམ་པར་ཤེས་པ་དག་ཀྱང་བསམ་གཏན་བཞི་པའི་ས་པའི་བར་དུ་ཡིན་པ་ཞིག་གམ། འོན་ཏེ་ལུས་འདོད་པར་གཏོགས་ན། མིག་དང་
གཟུགས་དང་རྣམ་པར་ཤེས་པ་གཞན་གྱི་ས་པ་ཡིན་པ་ནས་དེ་བཞིན་དུ་ལུས་བསམ་གཏན་བཞི་པའི་ས་པ་ཡིན་ན་མིག་དང་གཟུགས་དང་རྣམ་པར་ཤེས་པ་དག་ཀྱང་གཞན་གྱི་ས་པའི་བར་དུ་ཡིན་པ་ཞིག་ཅེ་ན། བཞི་ཅར་ཡང་ཕན་ཚུན་ངེས་པ་མེད་པར་བསྟན་པའི་ཕྱིར། ཐམས་ཅད་ལ་བྱེ་
བྲག་ཡོད་དེ་ཞེས་བྱ་བ་སྨོས་སོ། །འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་མ་གཏོགས་པ་གཞན་དུ་སྐྱེས་པ་རྣམས་ཀྱི་བཞི་པོ་འདི་དག་ཐམས་ཅད་རང་གི་ས་པ་ཡིན་པ་མི་སྲིད་དེ། འདོད་པ་དང་བསམ་གཏན་དང་པོར་སྐྱེས་པ་དག་ལ་ནི་རང་གི་མིག་གིས་རང་གི་གཟུགས་རྣམས་ལ་
ལྟ་བ་ན་ཐམས་ཅད་རང་གི་ས་པ་ཡང་སྲིད་དོ། །དེ་ཉིད་བསྟན་པའི་ཕྱིར་འདོད་ལའི་ཁམས་སུ་སྐྱེས་པ་རང་གི་མིག་གིས་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །དེ་ལྟར་བསམ་གཏན་གསུམ་པ་དང་བཞི་པའི་ས་པའི་མིག་གིས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་འདོད་པའི་ཁམས་སུ་སྐྱེས་པ་
བསམ་གཏན་དང་པོ་དང་གཉིས་པའི་མིག་གིས་དེའི་ས་པ་དང་ས་འོག་མའི་གཟུགས་རྣམས་ལ་ལྟ་བ་ན་གང་གི་ས་པ་ཡིན་པ་དེ་རྒྱས་པར་བཤད་པ་དེ་བཞིན་དུ། བསམ་གཏན་གསུམ་པ་དང་བཞི་པའི་མིག་གིས་ལྟ་བར་ཡང་སྦྱར་བར་བྱའོ། །དེ་ལ་བསམ་གཏན་གསུམ་པའི་མིག་གིས་
འདོད་པར་གཏོགས་པའི་གཟུགས་རྣམས་ལ་ལྟ་བ་ན། གཟུགས་དང་ལུས་ནི་འདོད་པར་གཏོགས་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པ་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་དང་པོའི་གཟུགས་ལ་ལྟ་བ་ན། ལུས་ནི་འདོད་པ་ན་སྤྱོད་པ་
เล่ม ๒๐๙ · หน้า 135b
ཡིན་ལ། གཟུགས་རྣམས་དང་མིག་གི་རྣམ་པར་ཤེས་པ་ནི་དང་པོའོ། །མིག་ནི་བསམ་གཏན་གསུམ་པའི་ས་པའོ། །བསམ་གཏན་གཉིས་པའི་ས་པའི་གཟུགས་རྣམས་ལ་ལྟ་བ་ན། ལུས་ནི་འདོད་པར་གཏོགས་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །གཟུགས་རྣམས་
ནི་གཉིས་པའི་ཡིན་ནོ། །མིག་ནི་བསམ་གཏན་གསུམ་པའི་ས་པ་ཡིན་ནོ། །རང་གི་གཟུགས་རྣམས་ལ་ལྟ་བ་ན། ལུས་དང་མིག་གི་རྣམ་པར་ཤེས་པ་ནི་སྔ་མ་བཞིན་ནོ། །གཟུགས་དང་མིག་ནི་གསུམ་པའི་འོ། །དེ་བཞིན་དུ་བསམ་གཏན་བཞི་པའི་མིག་གིས་འདོད་པར་གཏོགས་པ་
རྣམས་ལ་ལྟ་བ་ན། ལུས་དང་གཟུགས་ནི་འདོད་པའི་ཁམས་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །མིག་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །བསམ་གཏན་དང་པོའི་ས་པ་རྣམས་ལ་ལྟ་བ་ན། ལུས་ནི་སྔ་མ་དང་འདྲ་ལ་གཟུགས་རྣམས་དང་རྣམ་པར་ཤེས་པ་
ནི་དང་པོའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། །བསམ་གཏན་གཉིས་པའི་ས་པ་རྣམས་ལ་ལྟ་བ་ན། ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ནི་དང་པོའི་ཡིན་ནོ། །གཟུགས་རྣམས་ནི་གཉིས་པའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། །བསམ་གཏན་
གསུམ་པའི་ས་པ་རྣམས་ལ་ལྟ་བ་ན་ལུས་ནི་སྔ་མ་བཞིན་ནོ། །རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ཡིན་ནོ། །གཟུགས་ནི་གསུམ་པའི་ཡིན་ནོ། །མིག་ནི་བཞི་པའི་ཡིན་ནོ། །རང་གི་ས་པ་ལ་ལྟ་ན། ལུས་དང་རྣམ་པར་ཤེས་པ་ནི་སྔ་མ་བཞིན་ནོ། །གཟུགས་དང་མིག་ནི་བཞི་པའི་
ཡིན་ནོ། །བསམ་གཏན་གསུམ་པའི་མིག་གིས་ལྟ་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ལ། བསམ་གཏན་དང་པོར་སྐྱེས་པ་བསམ་གཏན་གསུམ་པའི་མིག་གིས་འདོད་པའི་གཟུགས་རྣམས་ལ་ལྟ་བ་ན། གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ཡིན་ལ། ལུས་དང་རྣམ་པར་
ཤེས་པ་དག་ནི་དང་པོའི་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་དང་པོའི་གཟུགས་རྣམས་ལ་ལྟ་བ་ན། ལུས་དང་རྣམ་པར་ཤེས་པ་དང་ངག་རྣམས་ནི་དང་པོའི་ཡིན་ལ། མིག་ནི་གསུམ་པའི་ཡིན་ནོ། །བསམ་གཏན་གཉིས་པའི་གཟུགས་རྣམས་ལ་ལྟ་བ་ན། ལུས་དང་
เล่ม ๒๐๙ · หน้า 136a
རྣམ་པར་ཤེས་པ་དག་ནི་དང་པོའི་ཡིན་ལ། གཟུགས་ནི་གཉིས་པའི་ཡིན་ནོ། །མིག་ནི་གསུམ་པའི་ཡིན་ནོ། །རང་གི་གཟུགས་རྣམས་ལ་ལྟ་བ་ན། ལུས་དང་རྣམ་པར་ཤེས་པ་དག་ནི་དང་པོའི་ཡིན་ལ། མིག་དང་གཟུགས་ནི་གསུམ་པ་ཡིན་ནོ། །
བསམ་གཏན་བཞི་པའི་མིག་གིས་ལྟ་བའི་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ཞེས་བྱ་བ་ལ། དེ་ལ་བསམ་གཏན་གཉིས་པར་སྐྱེས་པའི་རང་གི་མིག་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །བསམ་གཏན་གསུམ་པ་དང་བཞི་པ་ནི་གཞན་
གྱི་མིག་གོ། །དེ་བཞིན་དུ་བསམ་གཏན་གསུམ་པར་སྐྱེས་པའི་རང་གི་མིག་ནི་བསམ་གཏན་གསུམ་པའི་ས་པའོ། །གཞན་གྱི་མིག་ནི་བསམ་གཏན་བཞི་པའི་ས་པའོ། །བསམ་གཏན་བཞི་པར་སྐྱེས་པའི་མིག་ནི་རང་གི་ས་པ་ཁོ་ན་ཡིན་གྱི། གཞན་གྱི་ས་པ་ནི་མ་ཡིན་ནོ། །རང་དང་
གཞན་གྱི་གཟུགས་རྣམས་ལ་ལྟ་བའི་ཡང་ཞེས་བྱ་བ་ལ། བསམ་གཏན་གཉིས་པར་སྐྱེས་པའི་རང་གི་ས་པའི་གཟུགས་ནི་བསམ་གཏན་གཉིས་པའི་གཟུགས་དག་གོ། །ལྷག་མ་གོང་མ་དང་འོག་མ་དག་ནི་གཞན་གྱི་ས་པ་རྣམས་སོ། །བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་དག་ལ་ཡང་དེ་
བཞིན་དུ་བརྗོད་པར་བྱ་སྟེ། བཞི་པར་སྐྱེས་པའི་གཞན་གྱི་ས་པའི་གཟུགས་རྣམས་ནི་འོག་མ་དག་ཁོ་ན་ཡིན་གྱི་གོང་མ་དག་ནི་ཡོད་པ་མ་ཡིན་ནོ། །ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་འབྱུང་བ་སྟེ། དེ་ལ་རིགས་པ་ནི་འདི་ཡིན་ཏེ། བསམ་གཏན་གཉིས་པར་སྐྱེས་པ་ལ་འདོད་པར་
གཏོགས་པ་དང་བསམ་གཏན་དང་པོའི་ས་པའི་མིག་མེད་ཀྱི་རང་གི་ས་པའི་མིག་གིས་རང་དང་འོག་མའི་གཟུགས་ལ་ལྟ་སྟེ་གོང་མ་དག་ལ་ནི་མ་ཡིན་ནོ། །བསམ་གཏན་གསུམ་པའི་ས་པས་ནི། བསམ་གཏན་བཞི་པའི་གཟུགས་མ་གཏོགས་པའི་གཟུགས་རྣམས་ལ་ལྟའོ། །བསམ་གཏན་
བཞི་པའི་མིག་གིས་ནི་གཟུགས་ཐམས་ཅད་ལ་ལྟའོ། །དེ་ལྟ་ན་བསམ་གཏན་གསུམ་པ་དང་བཞི་པར་སྐྱེས་པ་རྣམས་ལ་ནི་ས་འོག་མའི་མིག་མེད་ཀྱི། རང་གི་ས་པའི་མིག་གིས་རང་གི་ས་པ་དང་ས་འོག་མའི་གཟུགས་ལ་ལྟ་སྟེ། ས་གོང་མ་ལ་ནི་མ་ཡིན་ནོ། །ལུས་ལ་འོག་མའི་མིག་མ་
เล่ม ๒๐๙ · หน้า 136b
ཡིན། །ཞེས་བྱ་བ་ལ། འོག་མ་བཀག་པས་རང་གི་ས་པ་དང་། ས་གོང་མ་པ་གནང་བར་འགྱུར་རོ། །འདི་ལྟར་ས་གོང་མའི་ལུས་ལས་འོག་མ་པའི་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་མི་རིགས་ཏེ། ས་འོག་མ་པའི་རྣམ་པར་སྨིན་པའི་རྒྱུས་གོང་མའི་འབྲས་བུ་མི་འབྱིན་པའི་ཕྱིར་རོ། །རྒྱས་
པ་ལས་བྱུང་བ་ཡང་མི་རུང་སྟེ། ས་འོག་མ་པའི་རྒྱས་པའི་རྒྱུ་མེད་པའི་ཕྱིར་རོ། །ལུས་དང་མིག་དང་གཟུགས་རྣམས་ནི་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། བསམ་གཏན་བཞི་པའི་གོང་ན་གཟུགས་མེད་པའི་ཕྱིར་ས་ལྔ་པ་ཁོ་ན་ཡིན་གྱི། ས་གོང་མ་དག་ན་ནི་མེད་དོ། །མིག་གི་རྣམ་པར་
ཤེས་པ་ནི་ས་གཉིས་པ་སྟེ་ཞེས་བྱ་བ་ལ། འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ཡོད་ཀྱི་གོང་ན་ནི་ཡོད་པ་མ་ཡིན་ཏེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཕྱིར་དང་། བསམ་གཏན་གཉིས་པ་ལ་སོགས་པ་དག་ན་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་རོ། །མིག་གིས་
གོང་མའི་གཟུགས་མ་ཡིན། །ཞེས་བྱ་བ་ལ་གོང་མ་བཀག་པས་རང་གི་ས་པ་དང་ས་འོག་མ་ཁས་བླངས་པར་འགྱུར་རོ། །ཡང་ཅིའི་ཕྱིར་མིག་གོང་མའི་ཡུལ་ཅན་དུ་མི་འདོད་ཅེ་ན། ས་འོག་མའི་མིག་ནི་ཡུལ་རགས་པ་ལ་འཚམ་པའི་ཕྱིར་ས་འོག་མའི་གཟུགས་ཕྲ་མོ་ལ་ལྟ་བའི་ནུས་པ་
མེད་དོ། །རྣམ་པར་ཤེས་པའང་གོང་མ་ནི་མིག་གི་མ་ཡིན་ཏེ། ཞེས་བྱ་བ་འདིར་ཡང་རང་གི་ས་པ་དང་ས་འོག་མ་པ་ཁས་བླངས་པར་འགྱུར་ཏེ། ཇི་ལྟར་ས་གོང་མའི་གཟུགས་ས་འོག་མའི་མིག་གི་ཡུལ་མ་ཡིན་པ་དེ་བཞིན་དུ། ས་འོག་མ་པའི་རྣམ་པར་ཤེས་པ་ཡང་ས་འོག་མ་པའི་མིག་གིས་
བརྟེན་པར་མི་འགྱུར་ཏེ་རང་རྟེན་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་ཕྱིར་རོ། །འདི་ནི་ལྷ་ཚངས་པ་ལ་སོགས་པ་མཐོང་བའི་ཕྱིར་དང་། དེའི་དབང་གིས་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་འདི་ནི་དཔྱད་པར་བྱ་དགོས་སོ་ཞེས་བྱ་བ་འདི་ནི་རྒོལ་བའི་གཞི་ཡིན་ནོ་ཞེ་ན། སྤྲུལ་པའི་གཟུགས་མཐོང་
བའི་ཕྱིར་ན་འདི་ནི་དཔྱད་ཟིན་ཏོ། །དེའི་གཟུགས་ལུས་ཀྱི་འང་གཉི་ག་ཐམས་ཅད་དུ། །ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་ཐམས་ཅད་དུ་རང་དང་འོག་དང་གོང་མའི་ས་པའི་གཟུགས་ཡིན་ལ། ལུས་ཀྱིའང་གཟུགས་དང་རྣམ་པར་ཤེས་པ་དག་
เล่ม ๒๐๙ · หน้า 137a
གཉི་ག་རང་དང་འོག་དང་གོང་མའི་ས་པ་དག་ཐམས་ཅད་དུ་ཡིན་ནོ། །དེ་ལ་རྣམ་པར་ཤེས་པའི་རང་གི་ས་པའི་གཟུགས་ནི་རང་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པའི་འདོད་པ་དག་བསམ་གཏན་དང་པོའི་གཟུགས་སོ། །བསམ་གཏན་དང་པོའི་རྣམ་པར་ཤེས་པའི་གོང་མ་
ནི་ས་པའི་བསམ་གཏན་གཉིས་པ་ལ་སོགས་པའི་གཟུགས་སོ། །ས་འོག་མ་པ་ནི་འདོད་པའི་གཟུགས་སོ། །ལུས་དང་གཟུགས་དང་རྣམ་པར་ཤེས་པ་རང་གི་ས་པ་དག་ནི་འདོད་པ་དང་བསམ་གཏན་དང་པོར་སྐྱེས་པའི་འོ། །ས་འོག་མ་པ་དག་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་
འོ། །ས་གོང་མ་པ་དག་ནི་འདོད་པའི་ཁམས་སུ་སྐྱེས་པ་ཁོ་ནའི་འོ། །ལུས་དང་གཟུགས་ཀྱང་རང་དང་འོག་མའི་ས་པའོ། །གོང་མའི་མིག་གི་ཡུལ་གོང་མ་དང་རང་དང་འོག་མའི་ས་པ་ཞེས་བྱའོ། །གསུམ་དག་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཡུལ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །
ལུས་དང་དབང་པོ་དང་ཡུལ་གྱི་བདག་ཉིད་ཅན་གསུམ་ཆར་གདོན་མི་ཟ་བར་རང་གི་ས་པ་ཡིན་གྱི། རྣམ་པར་ཤེས་པ་ལ་ནི་བྱེ་བྲག་ཡོད་དོ། །འདི་ལྟ་སྟེ། འདོད་པའི་ཁམས་དང་ཞེས་བྱ་བ་ལ། ལུས་ལ་སོགས་པ་བཞིན་རྣམ་པར་ཤེས་པ་ཡང་དེའི་ས་པ་ཉིད་དོ། །ལུས་དང་རེག་བྱ་དང་
དབང་པོ་ནི་ས་ལྔ་པ་ཡིན་ལ། ལུས་ཀྱི་རྣམ་པར་ཤེས་པ་ནི་ས་གཉིས་པ་ཡིན་པ་དེའི་ཕྱིར་འདི་ལ་དབྱེ་བ་ཡོད་དོ། །ཡིད་ནི་མ་ངེས་ཏེ་ཞེས་བྱ་བ་ལ། རེ་ཞིག་མཚུངས་པའི་ས་པ་ནི་ས་ལྔ་པོ་དག་ཏུ་སྐྱེས་པ་གང་ཡིན་པའི་རང་གི་ས་པ་བཞི་པོ་ཁོ་ན་ཡིན་ནོ། །སྙོམས་པར་འཇུག་པ་དང་སྐྱེ་བའི་ཚེ་
ཞེས་བྱ་བ་ལ། དེ་ལ་སྙོམས་པར་འཇུག་པའི་ཚེ་ཡིད་ས་གོང་མ་ཡིན་པ་ནི། གང་གི་ཚེ་འདོད་པའི་ཁམས་སུ་སྐྱེས་པ་ཞིག་བསམ་གཏན་དང་པོའི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པས་འདོད་པ་ན་སྤྱོད་པའི་ཆོས་རྣམས་ཤེས་པ་སྟེ། དེའི་ཚེ་ཡིད་ནི་ས་གོང་མ་ཡིན་ལ།
ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་རྣམས་ནི་ས་འོག་མ་པ་ཡིན་ནོ། །བསམ་གཏན་གཉིས་པའམ་བཞི་པའི་མཇུག་ཐོགས་སུ་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པས་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པའི་ས་པའི་ཆོས་རྣམས་
เล่ม ๒๐๙ · หน้า 137b
རྣམ་པར་ཤེས་པ་ན། དེའི་ཡིད་ནི་ས་གོང་མ་པ་ཡིན་ལ། གསུམ་ནི་ས་འོག་མ་པ་ཡིན་ནོ། །བསམ་གཏན་དང་པོར་སྐྱེས་པ་ཞིག་གིས་བསམ་གཏན་གཉིས་པའི་མཇུག་ཐོགས་སུ་བསམ་གཏན་དང་པོའི་ཡིད་ཀྱི་རྣམ་པར་ཤེས་པས་བསམ་གཏན་དང་པོའི་ས་པའི་ཆོས་རྣམས་ཤེས་པ་ན། ཡིད་ཀྱི་
གོང་མའི་ས་པ་ཡིན་ལ། གསུམ་ནི་འོག་མའི་ས་པ་ཉིད་དོ། །བསམ་གཏན་གསུམ་པ་དང་བཞི་པའི་མཇུག་ཐོགས་སུ་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པས་བསམ་གཏན་གཉིས་པ་དང་གསུམ་པའི་ས་པའི་ཆོས་རྣམ་པར་ཤེས་པ་ནི། ཡིད་ནི་གོང་མའི་
ས་པ་ཡིན་ལ། གསུམ་ནི་འོག་མའི་ས་པ་ཉིད་དོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །འདོད་པའི་ཁམས་སུ་སྐྱེས་པ་འདོད་པར་གཏོགས་པའི་སྤྲུལ་པ་སྤྲུལ་པར་བྱེད་པ་ན། ཡིད་ནི་ཅི་རིགས་པར་བསམ་གཏན་བཞི་པའི་ས་པ་ཡིན་ལ།
གསུམ་ནི་འདོད་པར་གཏོགས་པའོ། །ལུས་འདོད་པའི་ཁམས་སུ་སྐྱེས་པ་ནི། ཡིད་ས་འོག་མ་པའོ། །དེའི་ཕྱིར་སྔར་ཐོད་རྒལ་གྱི་བསམ་གཏན་གྱི་སྙོམས་པར་འཇུག་པ་ལ་ས་གོང་མ་པའི་ཡིད་དང་རྣམ་པར་ཤེས་པ་དང་ཆོས་རྣམས་ཇི་ལྟར་སྲིད་པའོ། །འདོད་པར་གཏོགས་པའི་སྤྲུལ་པ་
སྡུད་པའི་ཚེ་ཡང་ཡིད་ནི་ས་འོག་མ་པ་དང་། ལུས་ནི་རང་གི་ས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ས་གོང་མ་པ་དང་། ཆོས་ནི་ཇི་ལྟར་སྲིད་པའོ། །སྐྱེ་བའི་ཚེ་ཡང་ས་གོང་མ་ཡིན་ལ། ལུས་ས་འོག་མ་པར་མི་རུང་སྟེ། ས་འོག་མ་པའི་ལུས་ཀྱི་དབང་པོ་མི་འགགས་པར་འགའ་ཡང་སྐྱེ་བར་
མི་འགྱུར་རོ། །འགའ་ཞིག་ནི་མ་ཡིན་ཡང་རིགས་མི་མཐུན་པའི་སེམས་ལ་གནས་ཏེ་དུས་བྱེད་དོ། །དེ་ལྟར་ས་གོང་མ་ལུས་ལ་ས་འོག་མ་པའི་ཡིད་མེད་པས་ཨ་བ་སཱང་བྱཾ་ས་གོང་མ་པའི་ཡིད་ས་འོག་མ་པའི་ལུས་ལ་མི་འཐད་དོ། །གང་ཞིག་ས་གོང་མ་པའི་རྣམ་པར་ཤེས་པའི་མཇུག་ཐོགས་
སུ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་ཉིང་(རྒྱ་དཔེ་གཅིག་གི་ལུགས་འདོད་པའི་ཁམས་སུ་ཉིང་མཚམས་སྦྱར་ཞེས་པ་སྣང་།) མཚམས་སྦྱོར་བ་ན། དེའི་ཡིད་ནི་ས་གོང་མ་པ་ཡིན་ལ། ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་ས་འོག་མ་པ་ཡིན་ནོ། །ཆོས་རྣམས་ནི་དེའི་ས་པ་དང་། ས་གོང་མ་པ་དང་མི་
เล่ม ๒๐๙ · หน้า 138a
ལྡན་པ་དག་ཡིན་ནོ། །དེ་བཞིན་དུ་ཡང་ས་འོག་མ་པ་མ་ཡིན་ལ། ལུས་ས་གོང་མ་པ་ཡིན་པ་ཡང་བརྗོད་པར་བྱའོ། །སྙོམས་པར་འཇུག་པའི་དུས་སུ་ལུས་ས་གོང་མ་པ་དང་ཡིད་ས་འོག་མ་པ་རུང་སྟེ། རྣམ་པར་ཤེས་པ་དང་ལུས་སྤྲུལ་པའི་སེམས་ཀྱིས་མངོན་དུ་
བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་ལ་ཡང་བརྗོད་པར་བྱའོ། །རྒྱས་པར་སྙོམས་འཇུག་བསྟན་པ་ལས་ཞེས་བྱ་བ་ལ་སོགས་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ། །ལྟག་འོག་གསུམ་པའི་བར་དགེ་བ། །སྐྱེ་བོ་དག་པ་ལས་དེ་བཞིན། །རང་གི་
ས་པའི་ཉོན་མོངས་ཀྱང་། །ཉོན་མོངས་ཅན་ལས་རང་དག་དང་། །ཉོན་མོངས་འོག་མའི་དག་གཅིག་ཀྱང་། །འཆི་འཕོ་དག་ལ་ཉོན་མོངས་ཀུན། །ཉོན་མོངས་ཅན་ལ་གོང་མ་མིན། །ཞེས་བྱ་བ་དང་། རིགས་མི་མཐུན་པའི་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །
ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །ཞར་ལས་འོངས་པའི་སྐབས་ཞེས་བྱ་བ་ལ། ཞར་ལས་འོངས་པ་ནི་ཞར་ལས་བྱུང་བ་སྟེ། ལུས་གང་ལ་གནས་ཏེ་ཞེས་བྱ་ལ་སོགས་པ་འདི་ནི་མིག་གིས་གཟུགས་རྣམས་མཐོང་ཞེས་བྱ་བ་དེ་ལས་འོངས་པ་ཡིན་ནོ། །གཉིས་ཀྱིས་རྣམ་ཤེས་ཕྱི་ཡི་
ལྔ། ཞེས་བྱ་བ་ལ། ལྔ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །ཕྱིའི་ཞེས་བྱ་བ་ནི་མིག་ལ་སོགས་པ་བསལ་བར་བྱ་བའི་ཕྱིར་རོ། །ཕྱིའི་ལྔ་པོ་ཁོ་ན་གཉིས་ཀྱིས་ཤེས་པར་བྱ་བ་ཡིན་ནོ་ཞེས་ངེས་པར་གཟུང་བས་ལྷག་མ་བཅུ་གསུམ་ནི་རྣམ་པར་ཤེས་པ་གཅིག་གི་
ཡུལ་ཡིན་ནོ་ཞེས་བྱ་བར་གྲུབ་པར་འགྱུར་ཏེ། ལྔ་པོ་རྣམས་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ནི་རྟག་པ་ཁོ་ནའོ་ཞེས་ངེས་པར་གཟུང་བས་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་གོ། །ལྷག་མ་རྣམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་མི་རྟག་གོ་ཞེས་བྱ་བར་
ཤེས་པར་བྱས་པར་འགྱུར་རོ། །མ་བསྒྲིབས་པ་དང་བསྒྲིབས་པ་དག་ཕན་ཚུན་འགལ་བ་ལས་དྱཱ་ཀཱ་(ནམ་མཁའི་ལྡན་པ་བསྐྱེད་པ་འགོག་པ་ཡང་འདོད་དོ་ཞེས་སོ། །)ཤ་སྱཱ་སཾ་ཡོ་གོ་ཏྦཱ་ད་ནི་རོ་དྷེ་ཙི་ཏི་སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་རྟག་པ་ཉིད་ལ་རྣམ་པར་དཔྱད་པར་བྱའོ་ཞེས་
เล่ม ๒๐๙ · หน้า 138b
བྱ་བ་རྒོལ་བའི་གཞིའོ། །སྒྲིབ་པ་མེད་པས་ནམ་མཁའ་མེད་ན་འོ་ན་ཅི་གང་གི་ཚེ་སྒྲིབ་པ་ལས་བཟློག་པའི་ཆོས་གཞན་གང་དུ་དོན་དང་བཅས་པའི་གོ་སྐབས་ལ་སྒྲིབ་པར་བྱེད་པ་དེའི་ཚེ་ནམ་མཁའ་གང་ལ་གཟུགས་ཀྱི་སྐབས་སུ་འགྱུར། འདིས་ནི་ཚོར་བ་ལ་སོགས་པ་རྣམས་ལས་བྱེ་བྲག་ཏུ་བཤད་དོ། །
ཇི་ལྟར་ཡང་རྩིག་པ་ལ་སོགས་པ་ལ་སོར་མོ་ལ་སོགས་པའི་གཟུགས་ཀྱི་སྐབས་སུ་འགྱུར། དེ་ལ་ནམ་མཁའ་ཡོད་པ་མ་ཡིན་ནོ་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། རྩིག་པ་ལ་སོགས་པ་ཐོགས་པ་དེར་སོར་མོ་ལ་སོགས་པའི་གཟུགས་ཀྱི་སྐབས་སུ་འགྱུར་རོ། །གལ་ཏེ་དེ་ཡང་ནམ་མཁར་
འགྱུར་ན། རེ་ཞིག་རྩིག་པ་ལ་སོགས་པའི་གཟུགས་དེ་ཉིད་ག་ལ་གནས་པར་འགྱུར། འདི་ནི་གང་འཐུག་པ་ལ་དེའི་གླགས་མེད་དོ་ཞེས་འཐུག་པ་ལ་དེ་མེད་པར་རྟོག་པ་ཡང་བཀག་གོ། །ཕྲད་པ་འཇིག་པ་དང་ཕྲད་པ་སྐྱེད་པ་ཙམ་ནི་བྲལ་བ་མ་ཡིན་ནོ། །གང་ཞིག་མ་བྱུང་བ་ལས་བྱུང་བ་དང་
བྱུང་བ་ནས་མེད་པ་ནི་མི་རྟག་པར་འགྱུར་ན། འོ་ན་ཅི་ཞེ་ན་ཕྲད་པ་ལས་བཟློག་པའི་ཆོས་ཀྱང་ཕྲད་པ་བནྡྷཿ(འཆིང་བ་དང་ཀུན་སྦྱོར་དང་ཕྲ་རྒྱས་སོ། །)སཾ་ཡོ་ཛན་མ་ནུ་ཤ་ཡ་ན་མ་ཏ་སྟ་ཏ་(དེའི་ཕྱིར་)ཐོབ་པར་བྱེད་པའི་མཚན་ཉིད་དང་བྲལ་བའི་ཐོབ་པ་གང་ཡིན་པ་ཐོབ་བོ། །ཕྲད་པ་དང་བྲལ་བ་འདི་ལས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་
མ་འོངས་པའི་ཆོས་མི་སྐྱེ་བ་ཙམ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་ཆོས་གང་ཡིན་པ་ཐོབ་པོ། །འདི་ནི་ནམ་ཡང་སྐྱེ་བར་མི་འགྱུར་ཏོ། །འདུས་བྱས་ཀྱང་རྟག་ཏུ་རང་གི་མཚན་ཉིད་ཀྱིས་གནས་པའི་ཕྱིར་རོ། །ཇི་ལྟར་འདུས་མ་བྱས་ཁོ་ན་རྟག་པ་
ཡིན་ཞེ་ན་དུས་སུ་རྒྱུ་བ་མེད་པའི་ཕྱིར་རོ། །དེ་མེད་པ་ནི་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །མདོ་ལས་ནི་སྐྱེ་མཆེད་དྲུག་རྣམ་པར་གཞག་པ་ལས་ལུས་ཀྱི་དབང་པོའི་མཇུག་ཐོགས་སུ་ཡིད་ཀྱི་དབང་པོ་བཤད་པ་ལ། ཆོས་མངོན་པ་བ་རྣམས་ཀྱིས་ནི་
རྣམ་པ་སྟོན་པ་དག་ཏུ་ཆེས་བདེ་བླག་ཏུ་བསྟན་པར་བྱ་བའི་ཕྱིར། ཡང་དམིགས་པ་རྣམས་འདོན་པའི་གོ་རིམས་གཅིག་ཏུ་བྱས་ཏེ། དེ་ནས་དམིགས་པ་དང་བཅས་པའི་དང་པོར་ཡིད་ཀྱི་དབང་པོ་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནི་ཉེ་བར་འགོད་པའི་ཚིག་སྟེ། དབང་པོ་གང་དག་བཤད་
เล่ม ๒๐๙ · หน้า 139a
པ་ལ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཆོས་ཀྱི་ཕྱེད་ཅེས་བྱའོ། །སྲོག་གི་དབང་པོ་ལ་སོགས་པ་བཅུ་གཅིག་དང་ཞེས་བྱ་བ་ལ། སྲོག་གི་དབང་པོ་དང་། ཚོར་བའི་དབང་པོ་ལྔ་དང་། དང་པོ་ལ་སོགས་པ་ལྔའོ། །ཆ་ཞེས་བྱ་བ་ནི་
ཀུན་ཤེས་ལྡན་པའི་དབང་པོ་ལ་སོགས་པར་བཟུང་བའི་ཆ་དད་པ་ལ་སོགས་པ་ལྔ་དང་། བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ཏེ། དེ་ལ་གསུམ་གྱི་ཆ་ནི་དབང་པོ་བརྒྱད་པོ་དེ་རྣམས་སུ་བཤད་དོ། །འོག་ནས་འཆད་དོ་ཞེས་བྱ་བ་ནི། ལུས་ལས་ཕོ་དང་མོ་དབང་
དག །ཅེས་བྱ་བ་དེ་ནས་སོ། །ལྷག་མི་ཁམས་ལྔ་པོ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་སོ། །ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་དབང་པོ་མ་ཡིན་པ་ཞེས་བྱ་བ་ནི་དབང་པོ་བཅུ་གཅིག་མ་གཏོགས་པ་རྣམས་སོ། །སློབ་དཔོན་བཙུན་པ་བློ་གྲོས་བརྟན་པས་ཉེ་བར་བཀོད་པ་
ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཉིད་ཅེས་བྱ་བ་ལས་གནས་དང་པོ་རྫོགས་སོ།། །།སངས་རྒྱས་ལ་ཕྱག་འཚལ་ལོ། །དབང་པོ་རྣམས་བཤད་པ་ལ་ཞེས་བྱ་བ་ལ། ཁམས་ཀྱི་མཛོད་ཀྱི་མཐར་བསྡུས་པ་དང་རབ་ཏུ་དབྱེ་བའི་སྒོ་ནས་ཏེ། ཆོས་
ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །ཞེས་བྱ་བ་ནི་བསྡུས་པས་སོ། །མིག་གི་དབང་པོ་ནས་ཀུན་ཤེས་ལྡན་པའི་དབང་པོ་དང་ཞེས་བྱ་བའི་བར་ནི་རབ་ཏུ་དབྱེ་བས་སོ། །དེ་ལྟར་དབང་པོ་བཤད་པ་ལ། །དབང་པོའི་དོན་མི་ཤེས་པས་དེའི་ཕྱིར་དབང་པོའི་
དོན་ཅི་ཞེ་ན་ཞེས་སྨྲས་སོ། །འདི་ནི་སྒྲའི་དོན་གྱི་དབང་དུ་བྱས་ནས་དྲིས་པ་ཡིན་གྱི་དངོས་པོའི་དོན་ནི་མ་ཡིན་ཏེ། དངོས་པོ་ཕན་ཚུན་ཐ་དད་པ་རྣམས་ལ་དོན་ཐ་མི་དད་པ་ཉེ་བར་བཟུང་ནས་སྒྲ་འཇུག་པ་ནི་མི་རིགས་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །དངོས་པོའི་དོན་ནི་མིག་ལ་སོགས་པ་ཕོའི་
དབང་པོ་དྲུག་པོ་འགའ་ཞིག་ནི་མཛོད་ཀྱི་གནས་དང་པོ་ཁོ་ནར་བསྟན་ལ། སྲོག་གི་དབང་པོ་ནི་ལྡན་པ་མ་ཡིན་པ་རྣམས་ཀྱི་ནང་ནས་འཆད་དོ། །དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ནང་ནས་སོ། །བདེ་བ་ལ་སོགས་པ་དང་མི་ཤེས་པ་
เล่ม ๒๐๙ · หน้า 139b
ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་དག་ནི་དབང་པོའི་སྐབས་འདི་ཉིད་ནས་སྟོན་པར་འགྱུར་རོ། །དེའི་ཕྱིར་དངོས་པོའི་དོན་གྱི་དབང་དུ་བྱས་ནས་དྲིས་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །སློབ་དཔོན་ཡང་སྒྲའི་དོན་ཁོ་ན་སྟོན་ཅིང་། སྐད་ཀྱི་བྱིངས་དོན་ཡོངས་སུ་འཛིན་པར་མཛད་པ་ནི།
དབང་ནི་དབང་ཕྱུག་དམ་པའོ་ཞེས་བྱ་བ་སྟེ། དངོས་པོའི་ཡུལ་ཅན་དྲི་བ་ཡིན་ན་ནི་འདི་ལན་དུ་མི་རུང་ངོ་། །དེ་དབང་བྱེད་པས་ཞེས་བྱ་བ་ལ། དེའི་བྱིངས་ལས་དབང་བྱེད་པས་ན་དབང་པོ་རྣམས་ཏེ་དབང་བདག་ཅེས་བྱ་བའི་དོན་ཏོ། །འདུས་པ་འདི་ལ་དབང་བྱེད་དོ་སྙམ་དུ་བསམས་པའོ། །
དེའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་དབང་བྱེད་པས་དབང་པོ་རྣམས་ཡིན་པ་དེའི་ཕྱིར་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །གལ་ཏེ་དབང་བྱེད་པས་དབང་པོ་རྣམས་ཉིད་ཡིན་ན་དེ་ལྟ་ན་དབང་པོ་རྣམས་ཁོ་ན་དབང་པོ་རྣམས་སོ་ཞེས་བྱ་བར་འགྱུར་རོ་ཞེ་ན། དབང་པོ་ནི་དབང་བྱེད་པའི་རྟགས་དང་།
དབང་བྱེད་པས་བརྟེན་པ་དང་། དབང་བྱེད་པས་བྱུང་བའོ་ཞེས་བྱ་བར་འདོན་པའི་ཕྱིར་དབང་པོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ན་ཡང་གྷ་ཙའི་དོན་བརྗོད་པར་བྱ་དགོས་ན་དེ་ཡང་མ་སྨོས་པས་སོ། །འདི་ནི་ལན་མ་ཡིན་ནོ། །འདི་ནི་རྣམ་པར་ཤེས་པ་དང་འདྲ་བར་འགྱུར་ཏེ། དཔེར་ན་རྣམ་པར་ཤེས་
པར་བྱེད་པས་ན་རྣམ་པར་རིགས་པའོ་ཞེས་བྱ་བར་འགྱུར་བ་ནི། དེ་ལས་ཐ་དད་པའི་ཤེས་པ་པོས་བསྡུས་པ་བསལ་བར་བྱ་བའི་ཕྱིར། ལུ་ཊའི་དོན་ལ་གུས་པ་མེད་པར་བྱས་ཏེ། རྣམ་པར་ཤེས་པ་ཞེས་བཤད་པ་དེ་བཞིན་དུ་འདིར་ཡང་དབང་བྱེད་པ་ཞེས་བྱ་བ་དབང་པོ་ལས་ཐ་དད་པའི་
རྟགས་སུ་རྟོག་པ་བསལ་བར་བྱ་བའི་ཕྱིར་རོ། །ཏ་ཐོཀྟ་སྱཱ་ཙྩིཏྟ་ཀརྨ་ཎོ་ར་བེ་ཙེ་ཏ་བ་རི་ཀལྤ་ནཻ་རླི་ཧ་ཏྭཏྟེ་ན་པྲཥྣཾ་སྲིཥྛ་ཛུ་ཥྚ་ཙོ་ཏྱ་ནུ་པ་པཏྟི་སརྦ་སྱ་ཙནྡྲི་དེ(་སྐད་དུ། སེམས་ལས་རྣམས་ཀྱང་སེམས་འབྱུང་ངོ་) ་ཡཏྭ་པྲ་སཾ་གཿ (ཐམས་ཅད་དབང་པོ་ཉིད་དུ་བྲལ་བར་འགྱུར་རོ། །)དྲྀཥྚ་ཏྭཱ་རྒྱ་བི་ཤེ་ཥཱ་ཏེ་པེ་གེ་སྱ་ཏི་པྲ་སཾ་གཿ (མཐོངབའི་ཕྱིར་གང་ཁྱད་པར་ལས་རྟོགས་པས་ཡང་ཧ་ཅང་ཐལ།) དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དག་ལས་ཐ་དད་པའི་དབང་བྱེད་པའི་རྟགས་བསལ་
བར་བྱ་བའི་དོན་དུ་དེ་དང་དེ་དག་ལ་དབང་བྱེད་པར་འགྱུར་བའི་ཕྱིར། དབང་བྱེད་པའི་དོན་གྱིས་ན་དབང་པོ་རྣམས་སོ་ཞེས་གསུངས་སོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด