ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๙ · หน้า 194a
པའོ། །དེའི་དངོས་པོ་ནི་བཀུར་བ་མེད་པ་ཉིད་དོ། །འཇིགས་པས་དབང་སྒྱུར་བའི་ངང་ཚུལ་འདི་ལ་ཡོད་པས་ན་འཇིགས་པས་དབང་སྒྱུར་བའོ། །འཇིགས་པས་དབང་སྒྱུར་བ་མེད་པ་ནི་འཇིགས་པས་དབང་མི་སྒྱུར་བ་སྟེ། དེའི་དངོས་པོ་ནི་འཇིགས་པས་
དབང་མི་སྒྱུར་བ་ཉིད་དོ། །འཇིགས་པ་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་ཡིད་ཀྱིས་བྱས་ཏེ། རྟོག་པ་མེད་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ནི་འཇིགས་པ་མེད་དོ། །བླ་མ་དག་དང་བླ་མ་འདྲ་བ་དག་ལ་གུས་པ་དང་བཅས་པ་ནི་དེ་དག་ལ་འཇིགས་པར་འགྱུར་
གྱི། མི་གུས་པ་ནི་མ་ཡིན་ལ། འཇིགས་པ་དང་བཅས་པ་ཡང་དབང་དུ་འགྱུར་གྱི། མི་འཇིགས་པ་ནི་མ་ཡིན་ནོ། །ཇི་ལྟར་ན་བླ་མའམ་བླ་མའི་གནས་ལྟ་བུ་དག་ལ་འཇིགས་པ་ཡིན་ཞེ་ན། དེ་དག་ལ་བརྙས་པས་ཆོས་མ་ཡིན་པར་འགྱུར་རོ་སྙམ་དུ་དོགས་པ་ལས་སོ། །འདིར་
མ་གུས་པ་ནི་གུས་པ་མེད་པ་ཙམ་མ་ཡིན་ལ། གཞན་གང་ཅི་ཡང་རུང་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གུས་པའི་གེགས་སུ་གྱུར་པའི་ཆོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། ངོ་བོའི་རྣམ་པས་གུས་པའི་གེགས་སུ་གྱུར་པའི་སེམས་ལས་བྱུང་བའི་ཆོས་གཞན་ཞིག་ལ་བརྗོད་
དོ། །གཞན་དག་ན་རེ། ཡོན་ཏན་རྣམས་དང་ཡོན་ཏན་ལྡན་པ་རྣམས་ལ་མ་གུས་པ་དང་བཀུར་བ་མེད་པ་ཉིད་དོ་ཞེས་ཟེར་རོ། །ཁྲེལ་མེད་ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་ལ། ཁ་ན་མ་ཐོ་བ་ནི་སྨྲ་བར་བྱ་བ་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་ཁ་ན་མ་ཐོ་བ་ཞེས་
བྱ་བ་ནི་གང་ཞིག་དམ་པ་རྣམས་ཀྱིས་སྨད་པ་སྟེ་ཞེས་བྱ་བ་སྨོས་ཏེ། སླར་གཤེ་བ་དང་སྤངས་པའོ། །དེའི་སྨད་པ་དང་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་སྟེ། དེ་ལ་འཇིགས་པར་མི་ལྟ་བ་ནི་ཁྲེལ་མེད་པའོ། །ཨ་ནཱསྠེ་ཏྱརྣྤཿ(གནས་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །)འཇིགས་པ་ཞེས་བྱ་བ་ནི་འཇིག་རྟེན་ན་
སྐྲག་པ་ལ་གྲགས་སོ། །དེའི་ཕྱིར་འདིར་འཇིགས་པ་ནི་མི་འདོད་པའི་འབྲས་བུ་སྟེ་ཞེས་བྱ་བ་སྨོས་ཏེ། དེ་ཇི་ལྟར་འཇིགས་པ་ཡིན་ཞེ་ན། དེའི་ཕྱིར་འདི་ལས་འཇིགས་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཁ་ན་མ་ཐོ་བ་དེའི་འབྲས་བུ་མི་
เล่ม ๒๐๙ · หน้า 194b
འཇིགས་པར་ལྟ་བ་ཡིན་ན་ནི། ལྟ་བ་ཤེས་རབ་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ཤེས་རབ་ཡིན་པར་ཤེས་པར་འགྱུར་རོ། །གལ་ཏེ་མི་འདོད་པའི་འབྲས་བུ་འཇིགས་པར་མི་ལྟ་བ་ཡིན་ན་ནི། མ་རིག་པ་ཡིན་པར་ཤེས་པར་འགྱུར་ཏེ། མི་ལྟ་བ་ནི་མ་རིག་པའི་རྣམ་གྲངས་ཡིན་པའི་
ཕྱིར་རོ། །དེ་གཉིས་ཀྱི་རྒྱུ་མཚན་ཞེས་བྱ་བ་ལ། ལྟ་བ་དང་མི་ལྟ་བ་གཉིས་སོ། །ཤེས་པ་དང་ལོག་པའི་ཤེས་པ་དག་ཀུན་ཏུ་སྤྱོད་པའི་རྒྱུར་གྱུར་པའི་ཆོས་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་འགའ་ཞིག་ཡོད་པ་དེ་ནི་ཁྲེལ་མེད་པ་སྟེ། ཁ་ན་མ་ཐོ་བ་ཀུན་ཏུ་སྤྱོད་པ་དོགས་པ་མེད་
ཅེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་བདག་ལ་བལྟོས་ནས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། བདག་ཉིད་ཉེས་པ་ལ་འཇུག་པར་མི་རིགས་པ་ཉིད་དུ་མཐོང་ཡང་ཉེས་པ་དག་ལ་མི་འཛེམ་པ་ནི་ངོ་ཚ་མེད་པ་ཡིན་ལ། འདི་ནི་གཞན་དག་གིས་སྨད་པ་ཡིན་ནོ་ཞེས་བྱ་བ་མཐོང་བཞིན་དུ་
ཡང་ཉེས་པ་དག་ལ་མི་འཛེམ་པ་ནི་ཁྲེལ་མེད་པའོ་ཞེས་སོ། །མི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་སེམས་གཅིག་ལ་གཉི་ག་འགལ་ལོ་ཞེས་བསྟན་པའི་ཕྱིར། དེ་ལྟ་ན་ཡང་བལྟོས་པ་གཉིས་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །གཞན་གྱི་བདག་ཉིད་དག་ནི་ཅིག་ཅར་བལྟོས་པར་མི་
རིགས་ཏེ། ཡུལ་ཐ་དད་པའི་ཕྱིར་རོ། །བདག་དང་གཞན་ལ་བལྟོས་པ་ཅིག་ཅར་རོ་ཞེས་ནི་མི་ཟེར་རོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་གྲངས་ཀྱི་འཇུག་པར་འདོད་པས་དེ་དག་ཅིག་ཅར་འཇུག་པར་མི་འདོད་པས་སྐྱོན་མེད་དོ། །བདག་ཉིད་ལ་བལྟོས་ནས་ཉེས་པ་དེ་དག་ལ་
མི་འཛེམ་པ་ངོ་ཚ་མེད་པ་དང་། གཞན་ལ་བལྟོས་ནས་ནི་ཁྲེལ་མེད་པ་སྟེ། གང་གི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་ཡང་དེ་རྣམ་པར་དག་པར་མི་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། འདི་མི་འདོད་པའི་འབྲས་བུ་མི་བརྩི་བས་དེ་ལྟར་བསམ་པའོ་ཞེས་ཟེར་རོ། །གཞན་
དག་ན་རེ་ཉོན་མོངས་པ་རྣམ་པར་སྨད་པ་ལས་ཁྲལ་(ཁྲེལ་)མེད་པའོ་ཞེས་ཟེར་རོ། །གཞན་དག་ནི་གཅིག་པུ་ཉེས་པར་སྤྱོད་པ་ལ་མི་འཛེམ་པ་ནི་ངོ་ཚ་མེད་པ་དང་། ཚོགས་ཀྱི་ནང་དུ་ཞུགས་པ་ལས་ཁྲེལ་མེད་པའོ་ཞེས་སོ། །ཁ་ཅིག་ནི་མི་དགེ་བའི་རྣམ་པར་སྨིན་པའི་རྒྱུ་ཀུན་ཏུ་སྤྱོད་པ་
เล่ม ๒๐๙ · หน้า 195a
བལྟོས་པ་མེད་པ་ནི་ཁྲེལ་མེད་པའོ་ཞེས་སོ། །ཐམས་ཅད་ཀྱང་མི་དགེ་བའི་སེམས་ཀུན་ཏུ་སྤྱོད་པ་རྒྱུ་དང་འབྲས་བུ་ལ་བལྟོས་པ་མེད་པ་ཡིན་པས་དེའི་ཕྱིར་འདི་དག་སེམས་གཅིག་ལ་ཡང་འགྱུར་རོ་ཞེས་སོ། །རེ་ཞིག་རྟོག་པ་དང་པོ་ལྟར་ན་ཞེས་བྱ་བ་
རྒྱས་པར་འབྱུང་སྟེ། འདིས་གནོན་ཅིང་སྤྱོད་པར་བྱེད་པས་ན་གུས་པའོ། །གུས་པའི་དངོས་པོ་ནི་གུས་པ་ཉིད་དེ། དེ་ནི་ཡུལ་དང་། རྒྱུ་མཚན་གྱི་གཅེས་སྤྲས་ཏེ། འདི་ནི་ཡུལ་གྱི་བདུན་པའམ། རྒྱུ་མཚན་གྱི་བདུན་པ་ཡིན་པའི་ཕྱིར་རོ། །གུས་པ་དང་ལྷན་ཅིག་གུས་
པ་དང་བཅས་པ་སྟེ་ནོར་དང་བཅས་པ་བཞིན་ནོ། །དེའི་དངོས་པོ་ནི་གུས་པ་དང་བཅས་པ་ཉིད་དེ། གང་ཞིག་ཡོད་ན་བླ་མའི་གནས་རྣམས་དང་། ཡོན་ཏན་རྣམས་ལས་འདའ་བར་མི་ནུས་པ་སེམས་ལས་བྱུང་བའི་ཆོས་སོ། །ཆོས་གང་དང་ལྡན་པས་བཀུར་བ་དང་བཅས་
པར་འགྱུར་བ་དེ་ནི་བཀུར་བ་དང་བཅས་པ་ཉིད་དོ། །གུས་པ་དང་བཅས་པ་ནི་བླ་མ་དང་འདྲ་བའི་གནས་དག་ལ་འཇིགས་པར་འགྱུར་གྱི་མ་གུས་པར་ནི་མ་ཡིན་ལ། འཇིགས་པ་དང་བཅས་པ་ནི་དབང་སྒྱུར་གྱི། མི་འཇིགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་གང་དང་ལྡན་
པས་འཇིགས་པས་དབང་སྒྱུར་བ་དང་བཅས་པར་འགྱུར་བ་དེ་ནི་འཇིགས་པས་དབང་སྒྱུར་བ་དང་བཅས་པ་ཉིད་དོ། །ཁ་ན་མ་ཐོ་བ་དག་ལ་ཞེས་བྱ་བ་ནི་གང་དང་འབྲེལ་པ་ལས་འཇིགས་པས་དབང་སྒྱུར་བར་འགྱུར་བའོ། །རྟོག་པ་གཉིས་པ་ལྟར་ན་ཞེས་བྱ་བ་རྒྱས་པར་
འབྱུང་སྟེ། བདག་ལ་བལྟོས་ནས་ཉེས་པ་དག་ལ་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་ལ། གཞན་ལ་བལྟོས་ནས་ནི་ཁྲེལ་ཡོད་པའོ། །འདིར་ཡང་བལྟོས་པ་གཉིས་སེམས་གཅིག་ལ་མི་སྲིད་དོ་ཞེས་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །གཞན་དག་ནི་བསམ་པ་
རྣམ་པར་དག་པའི་དོན་ཉིད་དུ་མངོན་པར་འདོད་པའི་ལས་མཆོག་ལ་བརྟེན་པ་ནི་ངོ་ཚ་ཤེས་པ་དང་། གང་ཞིག་མངོན་པར་འདོད་པའི་འབྲས་བུ་ཐོབ་པའི་ཆེད་ཉིད་ནི་ཁྲེལ་ཡོད་པ་སྟེ། ལྷན་ཅིག་མི་འགལ་བའོ། །རྒྱུ་དང་འབྲས་བུ་ལ་མ་རྨོངས་པས་དགེ་བའི་སེམས་ཀུན་ཏུ་
เล่ม ๒๐๙ · หน้า 195b
སྤྱོད་པ་ཐམས་ཅད་ལ་སྡུག་བསྔལ་ཡོངས་སུ་བསྒོམ་པ་ལ་སོགས་པ་སྟེ་སེམས་གཅིག་ལ་ཡང་ཁྲེལ་ཡོད་པ་འབྱུང་ངོ་སྙམ་དུ་སེམས་སོ། །དགའ་དང་ཞེས་བྱ་བ་ནི་དགའ་བ་ཉོན་མོངས་པ་ཅན་མ་ཡིན་པ་ལ་བསམས་ནས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དགའ་བ་རྣམ་པ་གཉིས་
ཏེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའོ་ཞེས་རྒྱ་ཆེར་སྨོས་སོ། །ཉོན་མོངས་པ་ཅན་མ་ཡིན་པ་དེ་ནི་དད་པ་སྟེ་ཞེས་བྱ་བ་ལ་དད་པ་ཡང་རྣམ་པ་གཉིས་ཏེ། མངོན་པར་ཡིད་ཆེས་པའི་མཚན་ཉིད་དང་། འདོད་པའི་མཚན་ཉིད་ཅན་ནོ། །མངོན་པར་
ཡིད་ཆེས་པ་ནི་འགའ་ཞིག་ལ་འདོད་པ་སྐྱེ་སྟེ། དེའི་ཕྱིར་འདིར་དགའ་བ་དད་པ་ཕྱི་མ་མ་ཡིན་ནོ། །དགའ་བ་ཉོན་མོངས་པ་ཅན་ཐམས་ཅད་ནི་དད་པ་མ་ཡིན་ཞིང་། དད་པ་ཅན་ཐམས་ཅད་ཀྱང་དགའ་བ་མ་ཡིན་ཏེ། རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་རོ། །
དགའ་བ་ནི་བདེན་པ་དང་ཉེ་བའི་རྒྱུར་གྱུར་པའི་ཕྱིར་སྔོན་དུ་ཡང་དགའ་བར་འགྱུར་རོ་ཞེས་གཞན་དག་གོ། །དེ་ཡང་མུ་བཞི་མི་འགལ་ཏེ། དོན་དམ་པ་ལས་ཀྱང་དགའ་བའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པའི་དད་པ་ཁོ་ན་ཡིན་གྱི་དགའ་བ་མ་ཡིན་
ཏེ། མངོན་པར་འདོད་པ་མ་ཡིན་པ་ལ་དམིགས་པའི་ཕྱིར་རོ། །བུ་དང་ཆུང་མ་ལ་སོགས་པ་དག་ལ་དགའ་བ་ནི་དད་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་། དད་པ་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་རོ། །གཉི་ག་ཡིན་པ་ནི་དགའ་བ་ཡང་ཡིན་ལ་
དད་པ་ཡང་ཡིན་པ་སྟེ། འགོག་པ་དང་ལམ་ལ་དམིགས་པའི་དད་པའོ། །གཉིས་ཀ་མ་ཡིན་པ་ཞེས་བྱ་བ་ནི་དད་པ་ཡང་མ་ཡིན་ལ། དགའ་བ་ཡང་མ་ཡིན་པའོ། །རྣམ་པ་དེ་དག་མ་གཏོགས་པ་ཞེས་བྱ་བ་ནི་རྣམ་པ་དེ་དག་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་
འགོག་པ་དང་ལམ་ལ་དམིགས་པ་དད་པ་དང་། བུ་ལ་སོགས་པ་ལ་དམིགས་པ་སྲེད་པ་དག་མ་གཏོགས་གང་དག་སེམས་ལས་བྱུང་བ་གཞན་རྣམས་དང་ལྡན་པ་མ་ཡིན་པ་ལ་སོགས་པའི་ཆོས་རྣམས་སོ། །ཆོས་ལ་སོགས་པ་དང་འབྲེལ་བའི་སློབ་མ་ནི་ལྷན་ཅིག་གནས་
เล่ม ๒๐๙ · หน้า 196a
པའོ། །རིག་པ་ལ་སོགས་པ་བླངས་པ་དང་འབྲེལ་པ་ནི་ཉེ་གནས་སོ། །རྣམ་པ་དེ་དག་མ་གཏོགས་ཞེས་བྱ་བ་ནི་འབྲེལ་པ་མེད་པ་དང་། ཡོན་ཏན་མེད་པ་དང་། འཇིག་རྟེན་གཞན་གང་ཡིན་པ་སྟེ། དེ་ལ་ནི་དགའ་བ་ཡང་མ་ཡིན་ལ། མ་གུས་
པ་ཡང་མ་ཡིན་ནོ། །གཞན་དག་ན་ཡོན་ཏན་ཡོད་དོ་སྙམ་པ་ནི་དད་པ་ཡིན་ལ། དེའི་སྒོ་ནས་དགའ་བ་སྐྱེ་སྟེ། དེའི་ཕྱིར་དགའ་བ་ནི་དད་པའི་འབྲས་བུ་ཡིན་གྱི་དད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་གུས་པ་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གུས་པའི་
འབྲས་བུ་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་གྱི་གུས་པ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདི་དག་ལ་ངོ་ཚ་ཤེས་པ་ནི་གུས་པ་ལས་སྐྱེ་ལ། གུས་པ་དང་བཅས་པའི་སྔོན་དུ་འཛེམ་པ་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་གཉིས་འདོད་པ་དང་གཟུགས་དག་ན་ཞེས་བྱ་བ་ངེས་པར་གཟུང་བའི་
དོན་དུ་བརྩམས་པ་སྟེ། དེ་ཉིད་ཀྱི་ཕྱིར་གཟུགས་མེད་པའི་ཁམས་ན་ནི་དགའ་བ་དང་གུས་པ་དག་མེད་དོ་ཞེས་བྱ་བ་སྨོས་སོ། །དེ་དག་མེད་པའི་རྒྱུ་ཅི་ཞིག་ཅེ་ན། དགའ་བ་དང་གུས་པའི་རྟེན་མེད་པ་དང་དེ་དག་གི་རྒྱུ་མེད་པའོ། །རྟེན་ནི་སློབ་དཔོན་དང་སློབ་མ་ལ་སོགས་པའོ། །
དེ་ལ་སློབ་མ་རྣམས་ནི་སློབ་དཔོན་ལ་དགའ་བ་དང་། གུས་པ་ཡིན་ལ། སློབ་དཔོན་རྣམས་ནི་སློབ་མ་རྣམས་ལ་དགའ་བ་ཁོ་ན་ཡིན་གྱི་གུས་པ་མ་ཡིན་ནོ། །རྒྱུ་ནི་ལུས་དང་ངག་གི་ལས་དག་པ་དང་འདྲིས་པ་ཡིན་ནོ། །དེ་གཉི་ག་ཡང་གཟུགས་མེད་པ་དག་ན་མེད་དོ། །
དེའི་ཕྱིར་དགའ་བ་དང་གུས་པ་མེད་དོ། །དད་པ་དང་ངོ་ཚ་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དགའ་བ་དང་། གུས་པ་གཉིས་ནི་དད་པ་དང་ངོ་ཚ་ཤེས་པའི་རང་བཞིན་ཡིན་ལ། དད་པ་དང་ངོ་ཚ་ཤེས་པ་དག་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་གཟུགས་མེད་
པར་བཀག་པ་འགལ་ལོ་ཞེ་ན་དད་པ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་སྟེ། དེར་ནི་གང་ཟག་ལ་དམིགས་པ་དད་པ་ངོ་ཚ་ཤེས་པ་དག་བཀག་གི་ཆོས་ལ་དམིགས་པ་དག་ནི་མ་ཡིན་པས་འགལ་བ་མེད་དོ། །འདི་གང་ལས་ཤེ་ན། སྐབས་ཀྱིས་ཏེ།
เล่ม ๒๐๙ · หน้า 196b
གང་ཟག་དག་ལ་དགའ་བ་དང་གུས་པ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདིར་ནི་དགའ་བ་དང་གུས་པ་དེ་དག་ལ་བསམས་པ་ཡིན་ནོ། །ཞེས་བྱ་བ་སྨོས་ཏེ། གང་དག་གང་ཟག་དག་ལ་དམིགས་པའི་དད་པ་དང་། ངོ་ཚ་ཤེས་པ་དག་ལ་ཡིན་གྱི། ཆོས་ལ་
དམིགས་པ་དག་ལ་ནི་མ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སེམས་གཅིག་ལ་དེ་གཉིས་ཇི་ལྟར་ལྡན་ཞེ་ན་ཞེས་བྱ་བ་ལ། དེ་དག་གི་རང་གི་ངོ་བོ་མ་བསྟན་པས་སེམས་གཞན་ཉིད་མ་ཡིན་ལ། སེམས་གཅིག་ལ་རྩིང་བ་དང་ཞིབ་པ་ཉིད་
ཡོད་པ་ཡང་མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ་ཞེ་ན། ཁ་ཅིག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མར་སར་ཆུ་དག་གི་ནང་དུ་བོར་བ་ཞེས་བྱ་བ་ལ་སོགས་པ་ལ། བསྒྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །རྟོག་པ་དང་། དཔྱོད་པ་དང་། རྗེས་སུ་འབྲེལ་བའི་ཕྱིར་སེམས་ཧ་ཅང་
རྩིང་བ་དང་། ཧ་ཅང་ཞིབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་དཔེ་དང་ཆོས་མཚུངས་པའོ། །ཧ་ཅང་ཡང་མི་འཁྱག་ཅེས་བྱ་བ་ནི་ཧ་ཅང་འཐས་པར་མི་འགྱུར་བའོ། །ཧ་ཅང་མི་འཇུ་བ་ནི་ཧ་ཅང་ཞུ་བར་མི་འགྱུར་བའོ། །དེ་དག་གི་ངོ་བོ་ཉིད་ནི་མ་ཡིན་པ་སྟེ་ཞེས་བྱ་བ་ལ། རྩིང་བ་དང་ཞིབ་པ་
ཉིད་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ། །གལ་ཏེ་རྟོག་པ་དང་དཔྱོད་པ་དག་ནི་སེམས་ཀྱི་རྩིང་བ་དང་ཞིབ་པ་ཉིད་དོ་ཞེས་བྱ་བ་འདི་ནི་བྱ་བའི་སྒོ་ནས་བསྟན་པ་ཡིན་གྱི། རང་གི་ངོ་བོའི་སྒོ་ནས་ནི་མ་ཡིན་ཞེས་པ་ཁས་ལེན་ཏེ། དེའི་ཕྱིར་རྒྱུ་མཚན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐལ་བ་འདིར་
མི་འགྱུར་རོ། །འདི་ལྟར་མདོ་ལས་རྣམ་པར་ཤེས་པ་གང་ཅི་ཡང་རུང་སྟེ། རགས་པའམ། ཕྲ་བའམ་ཞེས་བྱ་བ་གསུངས་ཏེ། དེའི་ཕྱིར་ཆོས་གང་ཡོད་ན། སེམས་རྩིང་བར་སྐྱེ་བ་དེ་ནི་རྟོག་པ་ཡིན་ལ། གང་ཡོད་ན་ཞིབ་པར་སྐྱེ་བ་དེ་ནི་དཔྱོད་པའོ། །དེ་ལྟ་ན་ས་དང་སེམས་
གཅིག་ལ་རྩིང་བ་དང་ཞིབ་པ་གཉིས་མི་འཐད་དེ་ཕན་ཚུན་འགལ་བའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། སེམས་གཅིག་ལ་དམིགས་ཤིང་རྫས་མཉམ་ཡང་མཐུའི་དུས་གཞན་ཉིད་ཡིན་པའི་ཕྱིར་འགལ་བ་མེད་དེ། ཚོགས་ལ་རྟོག་པའི་མཐུ་བླ་ལྷག་ན་ནི་དཔྱོད་པ་
เล่ม ๒๐๙ · หน้า 197a
ཉམས་པའི་ཕྱིར་སེམས་རྩིང་བར་འགྱུར་ལ། དཔྱོད་པའི་མཐུ་བླ་ལྷག་ན་ནི་རྟོག་པའི་མཐུ་ཉམས་པའི་ཕྱིར་ཞིབ་པར་འགྱུར་ཏེ་ཚྭ་དང་ཆུ་གྲང་བཞིན་ནོ། །འདིར་གང་ཞིག་མཐུ་ཤས་ཆེ་བ་དེ་ནི་ཚྭ་དང་མཚུངས་ལ། གང་ཞིག་ཤས་ཆུང་བ་དེ་ནི་ཆུ་དང་
མཚུངས་པས་དེ་ལས་མི་མཐུན་པ་མེད་དོ། །དེ་ལྟར་ན་རྟོག་པ་དང་དཔྱོད་པ་ཅིག་ཅར་བ་ཡིན་ལ། སེམས་རྩིང་བ་ཉིད་ནི་ཞིག་པ་མ་ཡིན་ནོ་ཞེས་ཟེར་རོ། །རྩིང་བ་དང་ཞིབ་པ་ས་དང་རྣམ་པའི་བྱེ་བྲག་གིས་ཞེས་བྱ་བ་འབྱུང་སྟེ། དེ་ལ་སའི་བྱེ་བྲག་གིས་མངོན་པར་འདུ་བྱ་བ་ཆེ་
བའི་ཕྱིར་བསམ་གཏན་དང་པོ་ལ་བལྟོས་ནས་འདོད་པའི་ཁམས་རགས་ལ། འདུ་བྱ་བ་ལ་ཆུང་བའི་ཕྱིར་འདོད་པའི་ཁམས་ལ་བལྟོས་ནས་བསམ་གཏན་དང་པོ་ཕྲ་ཞིང་རབ་ཏུ་ཞིབ་པ་ཡིན་ནོ། །ཡང་དེ་ཉིད་བསམ་གཏན་གཉིས་པ་ལ་བལྟོས་ནས་རགས་ལ། བསམ་
གཏན་གཉིས་པ་ཡང་བསམ་གཏན་དང་པོ་ལ་བལྟོས་ནས་ཕྲ་བ་ཡིན་ཏེ། སྲིད་པའི་རྩེ་མོའི་བར་དུ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །རྣམ་པའི་བྱེ་བྲག་གིས་ནི་ས་གཅིག་པ་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ལས་སླར་ཆུང་ངུ་ལ་སོགས་པར་ཕྱེ་བ་ལས།
དེ་ལྟར་སྲིད་པའི་རྩེ་མོའི་བར་རྟོག་པ་དང་། དཔྱོད་པ་དག་ཡོད་པར་འགྱུར་རོ། །སའི་བྱེ་བྲག་གིས་ནི་འདོད་པའི་ཁམས་ན་རྟོག་པ་ཁོ་ན་ཡོད་ལ། སྲིད་པའི་རྩེ་མོ་ན་དཔྱོད་པ་ཁོ་ན་ཡོད་ཅིང་བར་ན་གཉིས་ཀ་ཡོད་པར་འགྱུར་རོ། །རྣམ་པའི་བྱེ་བྲག་གིས་ནི་ས་ཐམས་ཅད་
ན་གཉིས་ཀ་ཡོད་ཀྱི། འདོད་པའི་ཁམས་དང་བསམ་གཏན་དང་པོ་གཉིས་ཁོ་ན་ན་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འབྲས་བུའི་སྒོ་ནས་རྟོག་པ་དང་དཔྱོད་པ་བསྟན་པ་ལ་སེམས་དང་སེམས་གཞན་གྱི་རགས་པ་དང་ཕྲ་བ་དག་ལ་བལྟོས་པའི་རྒྱུ་ཉིད་ཀྱི་ཕྱིར་རྟོག་པ་དང་དཔྱོད་པར་
འགྱུར་རོ། །ཡང་ན་སྲིད་པའི་རྩེ་མོ་ལས་རྟོག་པ་དང་དཔྱོད་པ་དག་འགྱུར་བ་མ་ཡིན་གྱི། འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་ཁོ་ན་ཉིད་དོ། །གལ་ཏེ་ཚོགས་ལ་རྟོག་པའི་མཐུ་བླ་ལྷག་ན་རགས་པ་ཉིད་དང་དཔྱོད་པའི་མཐུ་བླ་ལྷག་ན་ཕྲ་བ་ཉིད་དོ། །གང་གི་ཚེ་རགས་
เล่ม ๒๐๙ · หน้า 197b
པའམ་ཕྲ་བར་གྱུར་པ་དེའི་ཚེ་ས་དང་རྣམ་པའི་ཁྱད་པར་ལ་བལྟོས་པ་མ་ཡིན་ཏེ། དེ་ཉིད་ཕྲ་བ་དང་དེ་ཉིད་རགས་པར་འགྱུར་རོ། །སློབ་དཔོན་འདུས་བཟང་ནི་སླར་ཡང་སེམས་རྩིང་བ་དང་ཞིབ་པ་ཉིད་ནི་སེམས་ཀྱི་རྩིང་བ་དང་ཞིབ་པ་ཉིད་དོ་ཞེས་མི་སྨྲའོ། །འོ་ན་ཇི་ལྟར་ཞེ་
ན། སེམས་རྩིང་བ་ནི་སེམས་ལ་ཡོད་པའི་རྩིང་བའོ། །དེའི་དངོས་པོ་ནི་སེམས་རྩིང་བ་ཉིད་དོ། །སེམས་ཞིབ་པ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། །རྩིང་བ་དང་ཞིབ་པ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། རྩིང་བ་དང་ཞིབ་པ་ཉིད་དེ་རྟོག་པ་དང་དཔྱོད་པ་དག་ཕན་ཚུན་སེམས་
ལས་རང་བཞིན་ཐ་དད་པར་ཡང་རིགས་པ་མ་ཡིན་ཏེ་རང་གི་ངོ་བོ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སེམས་དེ་ཉིད་གནས་སྐབས་འགའ་ཞིག་ལ་ཞིབ་པ་ཡིན་ལ། གནས་སྐབས་འགའ་ཞིག་ལ་རྩིང་བ་ཡིན་གྱི། དེ་ལ་རྩིང་བའམ་ཞིབ་པའི་ཆོས་གཞན་ནི་མེད་དོ་སྙམ་དུ་བསམས་
པའོ། །ཡང་ན་ཚོར་བ་དང་འདུ་ཤེས་ཀྱང་རྟོག་པ་དང་དཔྱོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཚོར་བ་ནི་རགས་པ་ཡིན་ལ། འདུ་ཤེས་ནི་ཕྲ་བ་ཡིན་པའི་ཕྱིར་རོ། །ཕན་ཚུན་རགས་པ་དང་ཕྲ་བ་ཉིད་ཀྱིས་དེ་དག་རང་བཞིན་ཐ་དད་པར་རིགས་སོ། །རང་བཞིན་ཐ་དད་པར་
གྱུར་པ་ལ་ནི་ཐ་དད་པ་མཐོང་ན། ཇི་ལྟར་ཚོར་བ་དང་འདུ་ཤེས་དག་ལ་རྩིང་བ་དང་ཞིབ་པ་ཉིད་ཀྱི་ས་མ་ཡིན་ཏེ། རང་བཞིན་གཅིག་ལ་ཡང་རྩིང་བ་དང་ཞིབ་པ་མཐོང་བའི་ཕྱིར་རོ། །གཞན་དག་ན་རེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ངག་མངོན་པར་འདུ་བྱེད་པ་ཞེས་བྱ་བ་
ལ་ངག་གི་ཀུན་སློང་དུ་གྱུར་པའི་ཤེས་རབ་ལ་སོགས་པ་ནི་ངག་མངོན་པར་འདུ་བྱེད་པའོ། །རྟོག་པ་དང་དཔྱོད་པ་དག་ནི་ངག་མངོན་པར་འདུ་བྱེད་པ་ཡིན་པས་འདོད་དོ་ཞེས་བྱ་བ་ག་ལས་ཤེ་ན། དེའི་ཕྱིར་མདོ་ལས་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། བརྟགས་ཤིང་དཔྱད་
ནས་དེ་བཞིན་ཁོ་ནར་ཚིག་ཏུ་སྨྲའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྩིང་བ་གང་དག་ཡིན་པ་ཞེས་བྱ་བ་ནི་ངག་རྩིང་བར་འཇུག་པར་བྱེད་དོ། །ཞིབ་པ་ནི་བཟློག་པའོ། །བརྟག་པ་འདི་ལྟར་ན་ནི་རྟོག་པ་དང་དཔྱོད་པ་གཉིས་བཏགས་པར་ཡོད་པ་དང་རྣམ་གྲངས་ཀྱིས་ཡོད་པར་ཁས་བླངས་
เล่ม ๒๐๙ · หน้า 198a
པར་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ཚོགས་པ་དག་ཀུན་ནས་སློང་བར་བྱེད་པ་ཡིན་པའི་ཕྱིར་དང་ངག་རྩིང་བ་དང་ཞིབ་པ་དག་ཀྱང་ཅིག་ཅར་མི་འབྱུང་བའི་ཕྱིར་རོ། །གཞན་དུ་ན་དེའི་རང་བཞིན་བསྟན་པར་ནུས་པའི་ཕྱིར་ངག་གི་འདུ་བྱེད་ཀྱི་ལས་
ཀྱིས་དེའི་རང་བཞིན་གསལ་བར་བྱས་སོ། །གལ་ཏེ་སེམས་གཅིག་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། སེམས་གཅིག་ལ་དེ་གཉིས་ཇི་ལྟར་ལྡན་ཞེས་གང་སྨྲས་པ་དེ་ལ་ཁས་བླངས་ནས་ལན་སྨྲས་པ། འདི་ལ་འགལ་བ་ཅི་ཞིག་ཡོད་ཅེས་བྱ་བ་སྟེ། གལ་ཏེ་ཚོར་བ་དང་འདུ་
ཤེས་ལྟར་སེམས་གཅིག་ལ་རྟོག་པ་རྩིང་བ་ཡང་ཆོས་གཞན་ཡིན། ཞིབ་པ་དཔྱོད་པ་ཡང་གཞན་ཡིན་པ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད་ཅེས་ཟེར་རོ། །གལ་ཏེ་ཚོར་བ་དང་འདུ་ཤེས་གཞན་དུ་རྟོག་པ་དང་དཔྱོད་པ་གཉིས་ཀྱང་རིགས་ཐ་དད་པ་ཞིག་ཡིན་ན་ནི་འགལ་
བ་མེད་པར་འགྱུར་རོ། །རིགས་ཐ་དད་པ་ཡིན་ན་ཚོར་བ་རགས་པ་ཡིན་ཞིང་འདུ་ཤེས་ཕྲ་བ་ཡིན་པས་དེ་གཉིས་རྩིང་བ་དང་ཞིབ་པ་ཡིན་ཡང་སེམས་གཅིག་ལ་མི་འགལ་ན། རྟོག་པ་དང་དཔྱོད་པ་དག་ལ་ནི་དེ་ལྟར་རིགས་ཐ་དད་པ་མེད་དོ། །རྩིང་བ་དང་ཞིབ་པ་ཉིད་མ་
གཏོགས་པར་དེ་དག་རང་གི་ངོ་བོ་ངེས་པར་མ་གཟུང་བའི་ཕྱིར། མཚན་ཉིད་ངེས་པར་མ་ཟིན་པའི་རིགས་གཅིག་ལ་ཆུང་ངུ་དང་ཆེན་པོ་ཉིད་དེ། རྩིང་བ་དང་ཞིབ་པ་ཉིད་ཅིག་ཅར་བྱུང་བ་མི་སྲིད་དེ་སེམས་ཀྱི་རྫས་གཅིག་ལའོ། །གཞན་དག་ན་རེ་སེམས་གཅིག་ལ་ཡང་རྩིང་བ་
དང་ཞིབ་པ་གསུངས་པའི་ཕྱིར་རྩིང་བ་དང་ཞིབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཚོར་བ་དང་འདུ་ཤེས་ལྟར་རིགས་ཐ་དད་པ་ཡང་ཡོད་དེ། དེའི་ཕྱིར་རྟོག་པ་དང་དཔྱོད་པ་གཉིས་ཅིག་ཅར་འབྱུང་བ་མི་འགལ་ལོ། །འོ་ན་ནི་རྟོག་པ་དང་དཔྱོད་པ་དག་གི་རིགས་ཐ་དད་པ་སྟེ། ཚོར་
བ་དང་འདུ་ཤེས་ལྟར་ཕན་ཚུན་རང་གི་ངོ་བོ་ཁྱད་པར་དུ་འཕགས་པར་ངེས་པར་གཟུང་སྟེ། བརྗོད་པར་བྱ་དགོས་ཏེ། མ་བརྗོད་པར་ནི་རྟོགས་པར་མི་ནུས་སོ། །ཁྱད་པར་ཕྲ་བའི་ཕྱིར་དེ་ནི་བརྗོད་པར་དཀའ་སྟེ། དེའི་ཆུང་ངུ་དང་ཆེན་པོ་ཉིད་ཀྱིས་རགས་པ་དང་ཕྲ་བ་ཉིད་ཅེས་བྱ་
เล่ม ๒๐๙ · หน้า 198b
སྟེ་དེའི་བྱ་བ་མ་འཁྲུལ་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ་ཆོས་ཀྱི་མཚན་ཉིད་རྣམ་པ་དུ་མར་བསྟན་པའི་ཕྱིར་རང་བཞིན་དང་མཚུངས་པར་ལྡན་པ་དང་། རྒྱུ་དང་འབྲས་བུ་དང་ནུས་པ་དང་། དམིགས་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་སྟོན་པར་བྱེད་ཀྱི། གདོན་མི་
ཟ་བར་རང་བཞིན་ཁོ་ན་ནི་མ་ཡིན་ཏེ། སའི་ཁམས་ནི་སྲ་བ་ཉིད་དོ། །མི་དགེ་བ་ནི་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་མཚུངས་པར་ལྡན་ནོ། །ཏིང་ངེ་འཛིན་སེམས་རྩེ་གཅིག་པ་ཉིད་དེ་གསུམ་འདུས་པ་ལས་རེག་པའོ། །མིག་གི་རྣམ་པར་ཤེས་པ་མིག་གི་དབང་པོ་ལ་བརྟེན་
ཏོ། །ཆོས་ཤེས་པ་གང་ཞེ་ན། འདོད་པ་དང་མཚུངས་པར་ལྡན་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། རིགས་པ་འདིས་དེ་ལྟ་བུ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་བཙལ་བར་བྱ་སྟེ། ཆོས་ཀྱི་རང་བཞིན་རྣམས་ནི་མཆོག་ཏུ་རྟོགས་པར་དཀའོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་ལྟ་ན་ནི་
གསལ་བར་མི་འགྱུར་ཏེ། ཅི་ཞེ་ན། རིགས་ཐ་དད་པའོ། །ཅིའི་ཕྱིར་ཞེ་ན། རིགས་རྣམས་རེ་རེ་ཞིང་ཆུང་ངུ་དང་ཆེན་པོ་ལ་སོགས་པ་ཐ་དད་པས་རྩིང་བ་དང་ཞིབ་པ་ཉིད་དོ་ཞེས་ཟེར་རོ། །དེ་བཞིན་དུ་ཤེས་པ་ལྷག་མ་ལ་ཡང་བརྗོད་པར་བྱའོ། །རྟོག་པ་དང་དཔྱོད་པ་དང་འདོད་པ་ན་
དཔྱོད་པ་དག་ནི་རགས་པའོ། །བསམ་གཏན་དང་པོའི་ས་པ་དག་ནི་ཞིབ་པའོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་ཆེས་ཞིབ་པའོ། །དེ་ལ་རིགས་ཐ་དད་དུ་ཁས་བླངས་པ་མ་ཡིན་ཏེ། གང་གི་ཕྱིར་རྟོག་པ་དང་དཔྱོད་པ་དག་གཅིག་ཏུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ལ། རྣམ་
གྲངས་ཀྱིས་འབྱུང་བའི་ཕྱིར་སེམས་ཀྱི་སྐད་ཅིག་རྩིང་བ་དང་ཞིབ་པ་ཉིད་དུ་ཐལ་བར་མི་འགྱུར་རོ་སྙམ་དུ་བསམས་པའོ། །རྣམ་གྲངས་ཀྱིས་འཇུག་པ་གཉིས་ཀ་ལ་ཡང་ཁྱད་པར་ནི་གཏོང་བར་བྱེད་པས་རྟོག་པའོ། །གཏོང་བར་བྱེད་པས་དཔྱོད་པའོ་ཞེས་ཁ་ཅིག་གོ། །དམིགས་
པ་རགས་པའི་རྣམ་པ་ལས་རྟོག་པའོ། །ཡོངས་སུ་དཔྱོད་པའི་རྣམ་པས་དཔྱོད་པའོ་ཞེས་གཞན་དག་གོ། །ཤིན་ཏུ་བའི་རྣམ་པས་རྟོག་པ་དང་ཡོངས་སུ་དཔྱོད་པའི་རྣམ་པས་དཔྱོད་པའོ་ཞེས་གཞན་དག་གོ། །འགའ་ཞིག་ནི་མངོན་པར་རྟོགས་པའི་རྣམ་པས་རྟོག་པ་དང་།
เล่ม ๒๐๙ · หน้า 199a
རྣམ་པར་དཔྱོད་པའི་རྣམ་པས་དཔྱོད་པའོ་ཞེས་སོ། །གཞན་དག་ནི་འབྱུང་བའི་རྣམ་པས་ནི་རྟོག་པའོ། །ངེས་པར་རྟོག་པའི་རྣམ་པས་དཔྱོད་པའོ་ཞེས་སོ། །གལ་ཏེ་རྟོག་པ་དང་དཔྱོད་པ་དག་རྣམ་གྲངས་ཀྱིས་འཇུག་ན་ཅི་ལྟར་ད་ནི་བསམ་གཏན་དང་པོ་ལ་ཡན་
ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་ཏིང་ངེ་འཛིན་རྣམས་སོ་ཞེས་བསམ་གཏན་དང་པོ་ཡན་ལག་ལྔར་བཤད་དེ། ཡན་ལག་བཞི་ཞེས་བརྗོད་པར་བྱ་སྟེ། རྟོག་པ་དང་དཔྱོད་པ་དག་ལས་གང་ཡང་རུང་བ་ཞིག་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །
ས་ལས་བསམ་གཏན་དང་པོ་དེ་ཡན་ལག་ལྔ་པར་བཤད་དེ། རྟོག་པ་དང་དཔྱོད་པ་དག་འཆོལ་བ་སྲིད་པའི་དབང་དུ་བྱས་ནས་གསུངས་སོ། །རྒྱུན་ལས་བསམ་གཏན་དང་པོ་ཡན་ལག་ལྔར་བཤད་ཀྱི། སྐད་ཅིག་ལས་མ་ཡིན་ཏེ། སྐད་ཅིག་ལ་ནི་རྟོག་པ་དང་དཔྱོད་པ་དག་ཅིག་ཅར་
འབྱུང་བར་མི་འགྱུར། སློབ་དཔོན་འདུས་བཟང་ན་རེ། རྟོག་པ་དང་དཔྱོད་པ་དག་ཏིང་ངེ་འཛིན་གྱི་བར་དུ་རྣམ་པར་གཞག་གོ་ཞེས་ཟེར་རོ། །བསམ་གཏན་ཁྱད་པར་ཅན་ལ་འཇུག་པའི་གེགས་སུ་གྱུར་པ་རྟོག་པ་སྟེ། དེ་ཡང་རགས་པའོ། །བསམ་གཏན་གཉིས་པ་ལ་འཇུག་པའི་
གེགས་སུ་གྱུར་པ་ནི་དཔྱོད་པ་སྟེ་དེ་ཡང་ཞིབ་པའོ། །གང་ཡང་རུང་བ་ཞེས་བྱ་བ་ནི་དེ་ཉིད་དང་དེ་ཉིད་མ་ཡིན་པའོ། །ཕ་རོལ་པོ་ལས་ཁྱད་པར་ཡོངས་སུ་བརྟགས་ནས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །བདག་ནི་ཐོས་པ་དང་ལྡན་ནོ། །ནོར་དང་ལྡན་ནོ། །ཚུལ་ཁྲིམས་དང་
ལྡན་ནོ། །བློ་དང་ལྡན་ནོ་སྙམ་དུ་རང་གི་ཆོས་ཁོ་ན་ལ་ཆགས་པ་སེམས་ལ་དགེ་བའི་རྩ་བ་ཡོངས་སུ་གཏུགས་པར་བྱེད་པའི་ཆོས་སྐྱེ་བ་གང་ཡིན་པ་དེ་ནི་དྲེགས་པ་སྐྱེ་བ་ཞེས་བྱའོ། །ཡོངས་སུ་གཏུགས་པ་ནི། དགེ་བའི་བྱ་བ་ཐམས་ཅད་ལ་རང་གི་སེམས་སོ་སོར་ཐོགས་པ་
ཞེས་བྱ་བའི་དོན་ཏོ། །ཡང་ན་འདིས་ཡོངས་སུ་གཏུགས་པར་བྱེད་པས་ན་ཡོངས་སུ་གཏུགས་པ་སྟེ། སེམས་ལས་བྱུང་བའི་ཆོས་རང་གི་ཆོས་ལ་ཆགས་པ་ལས་སྐྱེས་པ་སྟེ། འདིར་རང་གི་ཆོས་ལ་དམིགས་པའི་སེམས་ཡོངས་སུ་གཏུགས་ཤིང་རྣམ་པར་འཕྲོ་བ་གང་གིས་
เล่ม ๒๐๙ · หน้า 199b
ཆོས་རྣམས་དང་སེམས་ཀུན་ཏུ་འགལ་བར་བྱེད་པ་ནི་ཡོངས་གཏུགས་པར་གཟུང་ངོ་། །གཞན་དག་ན་རེ་དག་པའི་ཕྱོགས་ཐམས་ཅད་ལ་རྣམ་པར་མི་འཕྲོ་བའི་ཚུལ་གྱི་སེམས་ལས་བྱུང་བ་ཉོན་མོངས་པ་དེ་ནི་རྒྱགས་པའོ་ཞེས་ཟེར་རོ། །གཞན་དག་ན་རེ་ཚད་ལས་སྐྱེ་བ་ཇི་
ལྟ་བ་དེ་བཞིན་དུ་ཞེས་རྒྱ་ཆེར་འབྱུང་བ་ལ། ཀུན་ཏུ་དགའ་བའི་བྱེ་བྲག་སྨོས་པ་ནི་ཡིད་བདེ་བ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །སེམས་ལས་བྱུང་བ་རྣམས་སེམས་དང་བཅས་ཏེ་རྣམ་པ་རེ་རེ་ནས་བཤད་ཟིན་ཏོ་ཞེས་བྱ་བ་ལ། རེ་ཞིག་སེམས་ནི་རང་གི་མཚན་ཉིད་དང་ཕུང་པོ་
དང་ཁམས་དང་སྐྱེ་མཆེད་དང་། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ཁམས་ཀྱི་རབ་ཏུ་དབྱེ་བས་རྣམ་པ་རེ་རེ་ནས་བཤད་ཟིན་ཏོ། །སེམས་ལས་བྱུང་བ་རྣམས་ཀྱང་རང་གི་མཚན་ཉིད་དང་ཕན་ཚུན་གྱི་ཁྱད་པར་དང་གྲངས་ངེས་པར་གཟུང་བ་དང་། འདོད་
པའི་ཁམས་དང་བསམ་གཏན་དང་པོ་ལ་སོགས་པ་སའི་རབ་ཏུ་དབྱེ་བས་རྣམ་པ་རེ་རེ་ནས་བཤད་དེ། རང་གི་མཚན་ཉིད་ཀྱིས་གང་དག་དང་གང་དག་ལྷན་ཅིག་འབྱུང་བའོ། །གསུང་རབ་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། མིང་དང་མིང་ཅན་གྱི་འགྲེལ་པ་ལ་བྱང་བའི་སློབ་མ་
ནི་གསུང་རབ་ལས་བདེ་བླག་ཏུ་ཐ་སྙད་འདོགས་པའི་ཕྱིར་དེ་དག་གི་མིང་འདི་དག་བརྗོད་དོ། །སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་ཅེས་བྱ་བ་ལ། ངེས་པའི་ཚིག་གིས་བྱས་པའི་ཁྱད་པར་འགའ་ཞིག་ནི་ཡོད་དོ། །དགེ་བ་དང་མི་དགེ་བའི་ལས་སོག་པར་
བྱེད་པས་སེམས་ཏེ། མངོན་པར་འདུ་བྱེད་ཅེས་བྱ་བའི་དོན་ཏོ། །ཤེས་པས་ནི་ཡིད་དེ་ཅེས་བྱ་བ་ནི་རློམ་པར་བྱེད་པའི་དོན་གྱིས་ཏེ། ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པས་ན་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་ཡུལ་རྟོགས་པས་
ནའོ། །ཁ་ཅིག་ན་རེ་ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བའི་ཆོས་ཀྱི་བག་ཆགས་གནས་པའི་ཚུལ་གྱིས་བསགས་པའི་ཕྱིར་སེམས་ཞེས་བྱའོ། །དེ་ཉིད་དུ་གྱུར་པ་ཞེས་བྱ་བ་ལ། འདས་མ་ཐག་པའི་རྟེན་དུ་གྱུར་པ་ཡིད་དོ། །ད་ལྟར་བ་ལ་བརྟེན་པའི་དངོས་པོ་ལ་
เล่ม ๒๐๙ · หน้า 200a
བལྟོས་ནས་རྣམ་པར་ཤེས་པ་ཞེས་བྱའོ། །དབང་པོ་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་ལ་བརྟེན་པའི་ཕྱིར་རོ། །འདི་དག་ལ་དམིགས་པ་ཡོད་པས་ན་དམིགས་པ་དང་བཅས་པ་དག་སྟེ་ཡུལ་འཛིན་པའི་ཕྱིར་
རོ། །རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རོ་ཞེས་བྱ་བ་ནི། རྣམ་པ་རེ་རེ་ནས་འཛིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྣམ་པར་ཤེས་པས་ནི་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་བྱེ་བྲག་ཏུ་གཅོད་པར་བྱེད་ལ། ཇི་ལྟར་དམིགས་པ་དེ་ཉིད་ཀྱི་དངོས་པོ་ནི་འདུ་ཤེས་ཀྱིས་འཛིན་
པར་བྱེད་དོ། །ཚོར་བས་མྱོང་། སེམས་པས་སེམས་པར་བྱེད་དོ། །གཞན་དང་ལྷན་ཅིག་མཉམ་པར་ལྡན་པར་གྱུར་པའི་ཕྱིར་མཚུངས་པར་ལྡན་པ་དག་གོ་ཞེས་བྱ་བ་ལ། རྟེན་མཚུངས་པ་ཉིད་ནི་མིག་ལ་སོགས་པའི་དབང་པོའི་སྐད་ཅིག་གང་དག་རྣམ་པར་ཤེས་པའི་རྟེན་
ཡིན་པ་དེ་དག་ཁོ་ན་དང་མཚུངས་པར་ལྡན་པ་ཡིན་ནོ། །སེམས་ཐམས་ཅད་དམིགས་པ་ཐ་མི་དད་པའི་ཕྱིར་ན། དམིགས་པ་མཚུངས་པ་ཉིད་ཡིན་ལ། ཐམས་ཅད་རྣམ་པ་གཅིག་ཏུ་འབྱུང་བའི་ཕྱིར་རྣམ་པ་མཚུངས་པ་ཉིད་དོ། །རྫས་མཚུངས་པ་ནི་གྲངས་མཉམ་པའོ། །
དེ་ཉིད་ཀྱི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་སྟེ། རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པ་ཞེས་བྱ་བ་ལ་རྒྱས་པ་ཉིད་རབ་ཏུ་དབྱེ་བ་ཡིན་པ་ནི་རྒྱས་པ་དང་རབ་ཏུ་དབྱེ་བའོ། །རྒྱས་པ་དང་རབ་ཏུ་དབྱེ་བ་དང་ལྷན་ཅིག་པ་ནི་རྒྱས་པ་དང་རབ་ཏུ་དབྱེ་བ་དང་བཅས་པའོ། །
དེ་ལ་རེ་ཞིག་སེམས་ཀྱི་རྒྱས་པ་དང་རབ་ཏུ་དབྱེ་བ་ནི། རྣམ་ཤེས་སོ་སོ་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པས་སོ། །སེམས་ལས་བྱུང་བ་རྣམས་ཀྱི་ནི། །ཚོར་བ་མྱོང་བ་ཞེས་བྱ་བ་ནས་བརྩམས་ཏེ་སེམས་བྱུང་རྣམ་ལྔ་སྟེ་ཞེས་
བྱ་བའི་བར་གྱིས་སོ། །དེ་ནི་སེམས་ལས་བྱུང་བ་རྣམས་ཀྱི་འཇུག་ཐོགས་སུ་བསྟན་པ་ལྡན་པ་མ་ཡིན་པ་རྣམས་བཤད་པའི་སྐབས་སུ་བབ་པས་དེའི་མཚན་ཉིད་བརྗོད་པར་འདོད་ནས་མི་ལྡན་པའི་འདུ་བྱེད་རྣམས་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །ཡང་གི་སྒྲ་ནི་ཀུན་སྡུད་པ་ལ་སོགས་
เล่ม ๒๐๙ · หน้า 200b
པ་ཉེ་བར་བསྡུ་བའི་དོན་ཏོ། །གཉིས་པའི་འདོད་པ་བརྟག་པའི་དོན་ནི། གལ་ཏེ་གནས་པ་དང་རྙེད་པ་ལ་སོགས་པ་རྣམས་ཐོབ་པ་ལས་ཐ་དད་དོ་ཞེས་སོ། །ཐོབ་པ་ལ་སོགས་པའི་ཆོས་འདི་དག་ནི་སེམས་དང་བྱ་བ་མངོན་པར་མི་འབྲེལ་བའི་སེམས་དང་མི་ལྡན་པ་ཞེས་
བརྗོད་པར་བྱ་སྟེ། སེམས་ལས་བྱུང་བ་དག་ལྟར་སེམས་དང་ལྷན་ཅིག་དམིགས་པ་ལ་མི་འཇུག་ཅེས་བྱ་བའི་དོན་ཏོ། །སེམས་དང་ལྡན་པ་མ་ཡིན་ཞེས་སྨོས་པ་ནི། དེ་སེམས་དང་རིགས་མཐུན་པར་ཤེས་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཟུགས་ནི་སེམས་དང་
རིགས་མཐུན་པའི་ཕྱིར་ལྡན་པ་མ་ཡིན་པའི་མིང་མི་འཐོབ་སྟེ། གང་ཁོ་ན་དང་མཚུངས་པར་ལྡན་པ་སྲིད་པ་དེ་ཁོ་ན་དང་མི་ལྡན་པ་ཞེས་བྱའི་གཟུགས་ལ་ནི་དོགས་པ་མི་སྐྱེའོ། །གཟུགས་ཅན་ཉིད་དང་གཟུགས་ཅན་ཉེ་བ་དང་ཡང་མ་ཡིན་ནོ། །སེམས་ལས་བྱུང་བ་
རྣམས་ཀྱང་དེ་དང་རིགས་མཐུན་པས་དམིགས་པ་མེད་པ་ངེས་པར་གཟུང་བ་དེ་བསལ་བྱ་བའི་ཕྱིར་ཡང་ལྡན་པ་མ་ཡིན་པ་སྨོས་སོ། །འདུས་མ་བྱས་ཀྱང་དེ་དང་རིགས་མཐུན་པ་དང་། དམིགས་པ་མེད་པ་ཡིན་པས་དེ་དག་སྤང་བའི་ཕྱིར་འདུ་བྱེད་སྨོས་ཏེ། དེ་ཉིད་ཀྱི་
ཕྱིར་འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། སེམས་དང་མཚུངས་པར་མི་ལྡན་པ་ཁོ་ན་ལ་ལྡན་པ་མ་ཡིན་པ་ཞེས་མི་བྱའོ། གང་དག་འདུ་
བྱེད་ཡིན་བཞིན་དུ་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་ལ། སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་པ་དེ་དག་ལ་ལྡན་པ་མ་ཡིན་པ་ཞེས་བྱའོ། །གཞན་དག་ན་རེ་འདུ་བྱེད་སྨོས་པས་འདུས་མ་བྱས་རྣམ་པར་གཅོད་དོ། །སེམས་དང་མི་ལྡན་པ་སྨོས་པས་མཚུངས་
པར་ལྡན་པ་རྣམ་པར་གཅོད་དོ་ཞེས་ཟེར་རོ། །འདིར་སེམས་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཡིན་གྱི། སེམས་ཁོ་ན་དང་མི་ལྡན་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་སེམས་དང་མཚུངས་པར་མི་ལྡན་པའི་ཕྱིར་སེམས་ལྡན་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། རང་གི་
เล่ม ๒๐๙ · หน้า 201a
ངོ་བོ་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པ་ཞེས་སྨོས་སོ། །དེ་ལྟར་ན་བསྟན་པ་འདི་དག་གི་བཤད་པ་བྱ་དགོས་སོ་ཞེ་ན། དེ་ལ་རེ་ཞིག་ཅེས་བྱ་བ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་
དགར་བའི་དོན་དུ་སྟེ་དེ་དག་ལའོ། །རེ་ཞིག་གི་སྒྲ་ནི་རིམ་པའི་དོན་ཏེ། ཅིག་ཅར་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐོབ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །རྙེད་པ་དང་ལྡན་པའོ་ཞེས་བྱ་བ་ནི་བཤད་པའི་ཚིག་གོ། །ཐོབ་པ་དང་ལྡན་པའི་སྒོ་དོན་གཅིག་པར་འདོད་མོད་ཀྱི།
འོན་ཀྱང་རྙེད་པ་དང་ལྡན་པ་ཞེས་བྱ་བ་འདི་ནི་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །སྔར་མ་ཐོབ་པ་རྣམས་ཀྱི་ཐོབ་པ་རྣམས་གང་ཡིན་པ་དེ་ནི་ཞེས་བྱ་བ་ཁྱད་པར་དུ་བསྟན་ཏེ། ནངས་ཀྱི་དང་པོར་ཐོབ་པ་སྐྱེས་པ་ནི་རྙེད་པ་ཡིན་པའི་ཕྱིར་རོ། །ཐོབ་ཟིན་པ་རྣམས་ཀྱི་ཐོབ་པ་གང་ཞིག་སྐད་ཅིག་
གཉིས་པ་ལ་སོགས་པ་དག་ན་ཡོད་པ་དེ་ནི་ལྡན་པ་སྟེ། ཀུན་ཏུ་རྗེས་སུ་འགྲོ་བ་ནི་ལྡན་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཐོབ་པའི་སྒྲ་ནི་རྙེད་པ་དང་ལྡན་པ་ལ་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཐོབ་པ་ནི་རྣམ་པ་གཉིས་ཏེ་ཞེས་རྒྱས་པར་སྨོས་སོ། །མ་ཐོབ་པ་སྟེ་སྔར་ནམ་ཡང་
མ་ཐོབ་པ་གང་ཡིན་པ་དང་། རྣམ་པར་ཉམས་པ་སྟེ་ཐོབ་ནས་ས་འཕོས་པ་དང་། ཡོངས་སུ་ཉམས་པ་ལ་སོགས་པ་ལས་བཏང་བ་ལ་ནངས་ཀྱི་དང་པོར་ཐོབ་པ་ནི་རྙེད་པའོ། །སྐད་ཅིག་གཉིས་པ་ལ་སོགས་པ་དག་ན་ནི་ཐོབ་ནས་ལྡན་པའོ། །བཟློག་པ་ནི་མ་ཐོབ་པ་ཞེས་
བྱ་བ་ལ་སོགས་པ་ལ། སྔར་མ་ཐོབ་པ་རྣམས་ནི་མ་རྙེད་པའོ། །ཐོབ་པ་ཉམས་པ་རྣམས་ནི་མི་ལྡན་པའོ། །དེ་ལྟར་ན་ཐོབ་པ་ལས་བཟློག་པ་ནི་མ་ཐོབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པ་ཞེས་བྱའི་མི་ལྡན་པ་ནི་མ་ཡིན་ནོ། །
ཐོབ་པ་དང་མ་ཐོབ་པ་འདི་དག་གང་དག་གི་ཡིན་ཞེས་བྱ་བ་ནི་འདུས་བྱས་སམ། འདུས་མ་བྱས་སམ། སེམས་ཅན་དུ་སྟོན་པའམ། སེམས་ཅན་དུ་སྟོན་པ་མ་ཡིན་པའམ། རང་གི་རྒྱུད་དུ་གཏོགས་པའམ། གཞན་གྱི་རྒྱུད་དུ་གཏོགས་པ་མ་ཡིན་པ་ཞིག་གིས་
เล่ม ๒๐๙ · หน้า 201b
ཡིན་ཞེས་བྱེ་བྲག་ཏུ་མ་བྱས་པར་འདྲི་བའོ། །རེ་ཞིག་འདུས་བྱས་ཀྱི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། ཐོབ་དང་མ་ཐོབ་པ་རང་རྒྱུད་དུ་གཏོགས་པ་རྣམས་ཀྱིས་སོ། །འདི་རང་རྒྱུད་དུ་གཏོགས་པ་རྣམས་ཀྱི་ཞེས་ངེས་པར་གཟུང་གི། གཞན་གྱི་རྒྱུད་དུ་གཏོགས་པ་
རྣམས་ཀྱི་ཡང་མ་ཡིན་ལ། རྒྱུད་དུ་མ་གཏོགས་པ་རྣམས་ཀྱི་ཡང་མ་ཡིན་ནོ། །དེ་ལ་རང་རྣམས་ཀྱི་ཞེས་བྱ་བ་དེ་ཙམ་ཞིག་སྨྲས་ན་གོས་ལ་སོགས་པ་སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམས་དང་ལྡན་པར་འགྱུར་ལ། རྒྱུད་དུ་གཏོགས་པ་རྣམས་ཀྱི་ཞེས་བརྗོད་ན་གཞན་
གྱི་རྒྱུད་དུ་གཏོགས་པ་རྣམས་དང་ཡང་ལྡན་པར་འགྱུར་ཏེ། དེས་ན་གཉི་གར་ཐལ་བར་འགྱུར་བ་སྤང་བའི་ཕྱིར་རང་ཞེས་བྱ་བ་དང་རྒྱུད་དུ་གཏོགས་པ་ཞེས་བྱ་བ་སྨོས་སོ། །སྐྲ་ལ་སོགས་པ་དབང་པོ་གཟུགས་ཅན་དང་འབྲེལ་བ་སེམས་ཅན་དུ་སྟོན་པ་དང་ཡང་མ་ཡིན་
ཏེ། ཕན་པ་དང་གནོད་པར་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་ཏེ། འདི་ལྟར་སྐྲ་ལ་སོགས་པ་རྣམས་ལ་ཁ་དོག་ལ་སོགས་པའི་རྣམ་པར་འགྱུར་བ་མཐོང་ངོ་། །གཞན་གྱི་ཕུང་པོ་ལ་སོགས་པ་རྣམས་དང་ནི་འགའ་ཡང་ལྡན་པ་མེད་དོ། །དེ་དག་ལྡན་ན། སོ་སོ་སྐྱེ་
བོ་དང་འཕགས་པ་སློབ་པ་དང་འདོད་ཆགས་དང་བྲལ་བ་དང་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ལ་སོགས་པ་འཆོལ་བར་འགྱུར་རོ། །སེམས་ཅན་དུ་མི་བགྲང་བ་གོས་དང་རྒྱན་ལ་སོགས་པ་དག་དང་ནི་འགའ་ཡང་ལྡན་པ་མེད་དེ། དེའི་ཕྱིར་རྒྱུད་དུ་མ་གཏོགས་པ་རྣམས་ལ་ཐོབ་པ་
མེད་དོ། །དེ་ལ་གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དང་ཐོབ་པ་གཅིག་གོ། །དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་དག་དང་མིག་གི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དང་མིག་གི་ཁམས་དང་ཆོས་ཀྱི་ཁམས་དག་ཀྱང་ངོ་ཞེས་རྒྱ་ཆེར་
བརྗོད་པར་བྱའོ། །དེ་བཞིན་དུ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དག་དང་འདུས་བྱས་དང་འདུས་མ་བྱས་དག་ཀྱང་ཐོབ་པ་གཅིག་གོ་ཞེས་རིག་པར་བྱའོ། །འདུས་མ་བྱས་རྣམས་ཀྱི་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། སོ་སོར་བརྟགས་དང་སོ་སོར་བརྟགས་པ་མ་ཡིན་པས་
เล่ม ๒๐๙ · หน้า 202a
འགོག་པ་དག་ཀྱང་ཐོབ་པ་དང་མ་ཐོབ་པར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །འགོག་པ་རྣམས་ནི་ཟག་པ་དང་བཅས་པའམ་ཟག་པ་མེད་པའི་འདུས་བྱས་རྣམས་འགོག་པ་ལ་ཡོད་དེ། ཇི་ལྟར་སྲིད་པ་བཞིན་ཤེས་རབ་སྔོན་དུ་འགྲོ་བའམ་ཤེས་རབ་
སྔོན་དུ་མི་འགྲོ་ཡང་རུང་ཐོབ་པ་དང་མ་ཐོབ་པ་དག་མ་ཐོབ་པ་དག་གོ། །དེ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་དང་ནི་གཉིས་ཀ་ཡང་མ་ཡིན་ཏེ། ནམ་མཁའ་ལ་ནི་འགའ་ཡང་འབྲེལ་བ་མེད་དོ། །དགག་པར་བྱ་བ་དང་འགོག་པ་འགའ་ཡང་མེད་པའི་ཕྱིར་རོ། །གང་ཟག་གང་
ཞིག་འགོག་པ་གང་ཞིག་དང་ལྡན་ཞེ་ན། དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་བསྟན་པའི་ཕྱིར་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །ཟག་པ་མེད་པ་ཉིད་ཀྱང་འདི་ལས་གཞན་ལྟ་བ་དང་སྲིད་པ་གོམས་
པ་བདག་གིར་བྱས་པའི་ཕྱིར་རོ། །གྲག་གོ་པའི་སྒྲ་ནི་ལྡན་པ་རྫས་སུ་ཡོད་པ་ཉིད་མི་འཐད་པའི་ཕྱིར་དང་། འགོག་པ་གཉིས་ཀྱང་རྫས་སུ་ཡོད་པ་ཉིད་དུ་མ་གྱུར་པས་མ་རངས་པར་བསྟན་པའི་ཕྱིར་རོ། །སོ་སོར་བརྟགས་པས་འགོག་པ་དང་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་
བ་ལ། འཆིང་བ་མཐའ་དག་དང་ལྡན་པ་ཡང་དེ་ཡིན་ལ་སྐད་ཅིག་མ་དང་པོ་ལ་གནས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དག་སྤངས་པ་གང་དག་ལ་ཡོད་པ་དེ་རྣམས་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པའོ། །དེ་དག་རྣམས་
གང་དག་ཅིག་ཅེ་ན། དེའི་ཕྱིར་འཕགས་པ་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། སྐད་ཅིག་མ་དང་པོ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྟེ། འཆིང་བ་མཐའ་དག་དང་མི་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པ་དག་དང་། སྐད་ཅིག་མ་གཉིས་དག་ནི་སོ་སོར་བརྟགས་
པས་འགོག་པ་དང་ལྡན་པས་འཆིང་བ་མཐའ་དག་དང་ལྡན་པ་དང་། སྐད་ཅིག་མ་དང་པོ་ལ་གནས་པ་ཞེས་གཉིས་ཀ་སྨོས་སོ། །སྔར་ཉོན་མོངས་པ་མ་སྤངས་པ་སྐད་ཅིག་མ་དང་པོ་གནས་པ་སྟེ། འཕགས་པ་ཡང་འཆིང་བ་མཐའ་དག་དང་མི་ལྡན་པ་ཉིད་དོ། །སོ་སོར་
เล่ม ๒๐๙ · หน้า 202b
བརྟགས་པས་འགོག་པ་དང་ཞེས་བྱ་སྟེ་དེའི་ཕྱིར་ནི་མ་གཏོགས་པ་ཡིན་ནོ། །དེ་ལས་གཞན་པ་འཕགས་པ་ཉོན་མོངས་པ་མཐའ་དག་དང་མི་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པ་དང་སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་གནས་པ་ཐམས་ཅད་ལྡན་པ་ཡིན་ནོ། །སོ་སོ་
སྐྱེ་བོ་ཁ་ཅིག་ཀྱང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། གང་དག་འཇིག་རྟེན་པའི་ལམ་གྱི་བྲལ་བའི་ཐོབ་པ་རྙེད་པའོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ་འབྲེལ་བ་མེད་པའི་ཕྱིར་རོ། །གང་ལ་ཐོབ་པ་ཡོད་པ་མ་ཡིན་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དེ་བྲལ་བ་ནི་ལྡན་
པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་གོ། །དེ་ལྟ་ན་ཐོབ་པ་རྣམས་ཁོ་ན་ལ་མ་ཐོབ་པ་ཡོད་པར་འགྱུར་གྱི་མ་ཐོབ་པ་རྣམས་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གྲུབ་པའི་མཐའ་ཚད་མར་བྱས་པ་ཉིད་ལས་འདོད་པ་ཡིན་ནོ། །གཞན་གྱི་རྒྱུད་དུ་གཏོགས་པ་དང་། །
སེམས་ཅན་མ་ཡིན་པ་ནམ་མཁའ་དང་འགའ་ཡང་ལྡན་པ་ཡིན་ཞེས་བྱ་བ་དམ་བཅའ་བ་ཙམ་ནི་རྒོལ་བའི་གཞིའོ། །ལྡན་པ་ཞེས་བྱ་བ་རྒྱུད་དང་ཐ་མི་དད་པར་མངོན་དུ་གྱུར་པའི་ཆོས་དེའི་རིགས་རྒྱུ་དང་འབྲས་བུས་བསྡུས་པ་སྟེ་རྒྱུད་མ་ཡིན་པ་ནི་མ་ཡིན་ནོ། །འདི་སེམས་
ཅན་མ་ཡིན་པ་ལ་སོགས་པ་དང་གྲངས་རྣམས་དང་ཤིན་ཏུ་འབྲེལ་བ་མེད་པ་རྣམས་ལ་རིགས་པ་མ་ཡིན་ཞིང་། འགོག་པ་དག་ཀྱང་རང་གི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ལ་དེ་བཞིན་ནོ། །གང་ཞིག་དམ་བཅའ་བ་ཙམ་ནི་མ་ཡིན་ཏེ། ལྡན་པ་མེད་པ་དེ་ལ་མ་ཐོབ་པ་ཡང་
མེད་པར་འགྱུར་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་སེམས་བཞིན་ནོ་ཞེས་བྱ་བ་རྩོད་པའི་གཞིའོ་ཞེ་ན། མྱ་ངན་ལས་འདས་པ་ནི་མ་ཐོབ་པར་མ་འདོད་དེ། གལ་ཏེ་མ་ཐོབ་པར་གྱུར་ན་ཐོབ་པར་ཡང་འགྱུར་རོ། །མ་ཐོབ་པ་མི་ལྡན་པའི་ཕྱིར་ཐོབ་པ་མེད་དོ་ཞེས་རྒྱ་ཆེར་
འབྱུང་ངོ་། །དབང་པོ་ལས་འདས་པའི་དོན་རྟོག་པ་ནི་ལུང་ངམ་རིགས་པ་ཞིག་ལས་འགྱུར་བ་ཞིག་ན། དེ་ལ་ཐོབ་པ་ཞེས་བྱ་བ་ཆོས་གཞན་ཡོད་དོ་ཞེས་བྱ་བར་ཅི་ལུང་ལས་རྟོགས་སམ་འོན་ཏེ་རིགས་པ་ལས་ཡིན། དངོས་པོ་གཞན་དུ་གྱུར་པ་ལ་ལོག་པར་རྟོག་པས་ས་བོན་གྱི་
เล่ม ๒๐๙ · หน้า 203a
བདག་ཉིད་ཡོད་དོ་ཞེས་སྨྲས་པར་འགྱུར་རོ། །ལུང་ལས་ངེས་སོ་ཞེས་བསྟན་པའི་ཕྱིར་མདོ་ལས་ཞེས་སྨོས་སོ། །མདོ་ལས་ཏེ་ཞེས་རྒྱས་པར་འབྱུང་བ་ལ། མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་འཕགས་པའི་ལམ་ཡན་ལག་བརྒྱད་དང་། ཡང་དག་
པའི་རྣམ་པར་གྲོལ་བ་དང་ཡང་དག་པའི་ཡེ་ཤེས་སོ། །བསྐྱེད་པ་ནི་མངོན་དུ་ཕྱོགས་པའོ། །སོ་སོར་ཐོབ་པ་ནི་ཐོག་མར་ཐོབ་པའོ། །ཀུན་ཏུ་ལྡན་པ་ནི་ཕྱི་ནས་ཐོབ་པའོ། །ཡན་ལག་ལྔ་སྤང་བ་ཞེས་བྱ་བ་ལ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྤྱོད་པ་ལྔ་དག་སྤང་བར་འགྱུར་
ཞིང་ཡོངས་སུ་ཤེས་པར་འགྱུར་བ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། ང་རྒྱལ་དང་། གཏི་མུག་གོ། །ཁ་ཅིག་ནི་ལྔ་པར་མཚུངས་པས་ལྔ་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ནི་གོང་མའི་ཆ་དང་
མཐུན་པ་རྣམས་འདིར་བཟུང་སྟེ། སྔ་མ་ཉིད་སློབ་པའི་གནས་སྐབས་སུ་སྤངས་པའི་ཕྱིར་རོ་ཞེས་ཟེར་རོ། །ཐོབ་པ་ནི་གང་ཞིག་ཡོད་ན་མངོན་དུ་མ་གྱུར་པ་ཡང་ཆུད་མི་ཟ་བར་འདྲ་བར་འགྱུར་བའི་ཆོས་ཞིག་གོ། །འདིར་ཤེས་པར་བྱེད་པ་ནི་སོ་སོར་ཐོབ་པ་ཀུན་ཏུ་ལྡན་པས་ན་
ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་མདོ་ལས་སོ་སོར་ཐོབ་པ་དང་ཀུན་ཏུ་ལྡན་པ་འབྱུང་བའི་ཕྱིར་ཆོས་ཐོབ་པ་གཞན་ཡིན་ན། འོ་ན་ནི་དེས་ན་སེམས་ཅན་དུ་མི་སྟོན་པ་དག་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། སེམས་ཅན་གཞན་དག་དང་སེམས་ཅན་དུ་མི་སྟོན་པ་དག་དང་
ལྡན་པར་རྟོག་པ་ནི་རིགས་པ་མེད་པ་དང་ལུང་མེད་པ་ཡིན་ནོ་སྙམ་དུ་སེམས་ཏེ་འདྲི་བ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །སློབ་དཔོན་གྱིས་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལས་ཀྱང་ལྡན་པ་ཞེས་འབྱུང་བའི་ཕྱིར་དངོས་པོ་གཞན་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་
སེམས་ཅན་དུ་སྟོན་པ་མ་ཡིན་པ་དག་སེམས་ཅན་གཞན་དག་དང་ལྡན་པར་ཐལ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་།
เล่ม ๒๐๙ · หน้า 203b
བློན་པོ་རིན་པོ་ཆེའོ། །དེ་ལ་ནོར་བུ་རིན་པོ་ཆེ་དང་། འཁོར་ལོ་རིན་པོ་ཆེ་ནི་སེམས་ཅན་དུ་མི་སྟོན་པའོ། །ལྷག་མ་ལྔ་པོ་རྣམས་ནི་སེམས་ཅན་དུ་སྟོན་པའོ། །ཕན་ཚུན་བགྲངས་པ་དེ་ཉིད་ཀྱི་ཕྱིར་དབང་ཉིད་དགའ་དགུར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ཚིག་ཕྱི་མ་ནི་སྔ་མའི་རྣམ་པར་བཤད་པ་ཡིན་
ནོ། །དགའ་དགུར་བྱེད་པ་ནི་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །དེར་ནི་དབང་བ་ཉིད་ཅེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མདོ་གཉིས་སུ་ལྡན་པའི་སྒྲར་ཁྱད་པར་མེད་ཀྱང་གཅིག་ཏུ་ནི་ལྡན་པར་དབང་བ་ཉིད་ཡིན་ལ། གཞན་དུ་ནི་ཆོས་གཞན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཏེ། ཅི་རིགས་པ་ལས་སམ་
འོན་ཏེ་མདོ་གཞན་ལས་ཡིན། སློབ་དཔོན་འདུས་བཟང་ན་རེ། གཅིག་ཏུ་ནི་ལྡན་པ་དབང་བ་ཉིད་ཡིན་ལ་གཞན་དུ་ནི་ཆོས་གཞན་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ལས་ཡིན་ནོ། །དེ་ལྟ་བུ་ཁོ་ན་ལ་དབང་བ་ཉིད་འཐད་དེ། དེའི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་དང་། རྟག་ཏུ་དེ་དང་ཉེ་བའི་ཕྱིར་
དང་། དགེ་བ་མངོན་དུ་མ་གྱུར་པ་དང་། འདས་པ་དང་མ་འོངས་པའི་མི་དགེ་བ་དག་ལ་ནི་འཐོབ་པ་མ་གཏོགས་པའི་དབང་བ་ཉིད་གཞན་ཅི་ཞིག་བརྟག་ཅེས་ཟེར་རོ། །གང་ཡང་འདས་པ་དང་མ་འོངས་པ་དངོས་པོ་མེད་པའི་ཞེས་བྱ་བ་སྟེ། འགའ་ཞིག་སྐལ་བ་བསྐྱེད་པའི་ཞེས་བྱ་སྟེ། མི་
འདོད་པ་ཐལ་བར་འགྱུར་བ་མ་ཡིན་ནོ། །སྲིད་པ་ཐ་མ་པའི་སོ་སོ་སྐྱེ་བོའི་འོག་ཏུ་སེམས་ཅན་དུ་འཐོབ་པ་དང་། འཆི་བའི་མཐའི་སེམས་ཀྱི་གནས་སྐབས་ཀྱི་དགྲ་བཅོམ་པའི་ཟག་པ་མེད་པའི་ཆོས་སྐྱེད་པ་ལ་སྐལ་བ་མེད་པས་དགྲ་བཅོམ་པ་ཉིད་དུ་ཐལ་བ་དང་། འཇིག་རྟེན་པའི་བཟོད་
གཅི་གནས་སྐབས་སུ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྐྱེད་པའི་སྐལ་བ་མེད་པ་ཉིད་ཀྱིས་རྒྱུན་ཏུ་ཞུགས་པ་ལ་སོགས་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་བསྟན་བཅོས་མཛད་པའི་དགོངས་པ་ཡོངས་སུ་མ་ཤེས་པའི་ཕྱིར་འདི་དག་སྒྲོ་བཏགས་པ་ཉིད་དུ་མཚོན་ནོ། །དེ་ལ་འཁོར་ལོས་
སྒྱུར་བའི་མདོ་བཞིན་དུ་ཅིག་ཤོས་ལ་ཡང་དབང་བ་ཉིད་ལྡན་པ་ཞེས་མི་བརྗོད་དོ། །འོ་ན་ཅི་ཇི་ལྟར་འཁོར་ལོས་སྒྱུར་བའི་མདོར་དབང་བ་ཉིད་ལྡན་པ་ཆོས་གཞན་མ་ཡིན་པ་ཁོ་ན་ཅིག་ཤོས་ལ་ཡང་འདིའི་ས་བོན་འཛིན་པ་དང་མ་ཉམས་པ་དང་ཡོངས་སུ་རྒྱས་པ་དང་དབང་བ་ཉིད་ཀྱི་དུས་ལ་
เล่ม ๒๐๙ · หน้า 204a
ལྡན་པའི་སྒྲས་བརྗོད་དེ་ཆོས་གཞན་མ་ཡིན་ནོ། །དེ་ལྟར་རྣམ་པར་གཞག་པ་ན་གང་ཞིག་དབང་བ་ཉིད་དང་སྐལ་བ་སྐྱེད་པ་ལ་སྒྲོ་བཏགས་པའི་སྐྱོན་བརྗོད་པ་ནི་མ་འབྲེལ་བའོ། །དེ་ལྟ་ན་ཡང་མི་རུང་བ་ཅི་ཞིག་ཡོད་ཅེས་བྱ་བ་འབྱུང་སྟེ། ཇི་ལྟར་འཁོར་ལོས་
སྒྱུར་བའི་མདོར་ཆོས་གཞན་དང་མི་ལྡན་པའི་ཕྱིར་དབང་བ་ཉིད་དུ་རྟོག་ལ། དེ་བཞིན་དུ་ཅིག་ཤོས་སུ་ཆོས་གཞན་ནོ་ཞེས་ཡོངས་སུ་བཏགས་པ་ལས། གང་ལས་དེར་ནི་ལྡན་པ་ཆོས་གཞན་དུ་མི་འདོད་པར་གྱུར་པ་རིགས་པའམ་བསྟན་བཅོས་དང་འགལ་བ་ཅི་ཞིག་ཡོད། འགལ་
བ་འདི་ཡོད་དེ་རྫས་ཀྱི་ཆོས་མི་སྲིད་པའོ། །རྫས་ཀྱི་ཆོས་ནི་རང་གི་ངོ་བོས་མངོན་སུམ་གྱི་ཚད་མའི་ཡུལ་ཉིད་ཡིན་པའམ། འབྲས་བུའི་སྒོ་ནས་རྗེས་སུ་དཔག་པའི་ཡུལ་ཉིད་ཡིན་ནོ། །ཐོབ་པ་ནི་རང་གི་ངོ་བོས་སྣང་བ་ཡང་མ་ཡིན་ཏེ་མངོན་སུམ་གྱི་ཚད་མས་མ་དམིགས་
པའི་ཕྱིར་རོ། །གཟུགས་དང་སྒྲ་ལ་སོགས་པ་ལྟར་རམ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལྟར་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ་གཟུགས་ལ་སོགས་པ་རྣམས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་གིས་རང་གི་ངོ་བོས་དམིགས་ལ། དེའི་མཇུག་ཐོགས་སུ་
ནི་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་སོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་དམིགས་སོ། །མིག་དང་རྣ་བ་ལ་སོགས་པ་ལྟར་བྱ་བ་ཡང་མི་སྣང་བ་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམས་ནི་དབང་པོ་ལས་འདས་པའི་ཕྱིར་
མངོན་སུམ་གྱིས་རང་གི་ངོ་བོ་མ་དམིགས་ཀྱང་འབྲས་བུ་ལས་དེ་གཟུགས་ལ་སོགས་པ་ལས་ཐ་དད་པར་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་ཡིན་ནོ། །འདི་ལྟར་གཟུགས་དང་ལྡན་པ་དང་། ཡིད་ལ་བྱེད་པ་ལ་སོགས་ཡོད་ཀྱང་ལོང་བ་དང་འོན་པ་ལ་སོགས་པ་རྣམས་ལ་མིག་ལ་སོགས་
པའི་རྣམ་པར་ཤེས་པ་མི་སྐྱེ་ལ། ལོང་བ་ལ་སོགས་པ་དང་བྲལ་ན་ཕྱིས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་གང་ལ་གནོད་པ་བྱས་པ་དང་། གནོད་པ་མ་བྱས་པ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་སྐྱེ་བ་དང་། སླར་སྐྱེ་བར་འགྱུར་བ་གཟུགས་ལ་སོགས་པ་མ་གཏོགས་པའི་
เล่ม ๒๐๙ · หน้า 204b
རྒྱུ་གཞན་ཞིག་ཡོད་དོ་ཞེས་བྱ་བར་ངེས་སོ། །ཐོབ་པ་ནི་རང་གི་ངོ་བོ་མ་དམིགས་པས་མངོན་སུམ་མ་ཡིན་ལ། འབྲས་བུ་མ་དམིགས་པས་རྗེས་སུ་དཔག་པས་གཟུང་བར་བྱ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རྫས་ཀྱི་ཆོས་མི་སྲིད་པས་མི་རུང་ངོ་། །ཆོས་མཐུན་པའི་དཔེ་ནི་
དམག་ལ་སོགས་པ་རྣམས་སོ། །སྐྱེ་བའི་རྒྱུ་ཞེས་བྱ་བ་ལ། དངོས་པོ་སྐྱེ་བ་ཐོབ་པའི་འབྲས་བུས་ཡིན་ཏེ། དེའི་ཕྱིར་རང་གི་ངོ་བོ་མ་དམིགས་པ་རྣམས་ཀྱང་མིག་ལ་སོགས་པ་ལྟར་འབྲས་བུ་ལ་ངེས་པས་རྫས་ཀྱི་ཆོས་ལས་འདས་པ་མེད་དོ་ཞེ་ན། འདུས་མ་བྱས་ཀྱིས་མ་ཡིན་པར་
འགྱུར་རོ་ཞེས་བྱ་བ་ལ། སྐྱེ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེ་རྣམས་ལ་ཐོབ་པ་ཡོད་དོ་ཞེས་བྱ་བར་དངོས་པོ་རྣམས་ཀྱི་ཐོབ་པ་སྐྱེ་བའི་སྒོ་ནས་རྟོག་ན་ནི། འདུས་མ་བྱས་ལ་སྐྱེ་བ་མེད་པའི་ཕྱིར་ནམ་མཁའ་ལྟར་ཐོབ་པའི་རྗེས་སུ་དཔག་པ་མེད་པས་འདུས་མ་བྱས་ཀྱིས་
མ་ཡིན་པར་འགྱུར་རོ། །ཆོས་གང་དག་མ་ཐོབ་པ་རྣམས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེ་ལ་མ་ཐོབ་པ་རྣམས་ནི་སྦྱོར་བ་ལས་བྱུང་བ་རྣམས་དང་། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་སོ། །ས་འཕོས་པས་བཏང་བ་དག་ནི། ཉོན་མོངས་པ་ཅན་མ་
མ་ཡིན་པ་རྣམས་ཏེ། དེ་དག་ཀྱང་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་སོ། །འདོད་ཆགས་དང་བྲལ་བས་བཏང་བ་ནི་ཉོན་མོངས་པ་ཅན་རྣམས་ཏེ། དེ་དག་ཀྱང་མི་དགེ་བ་དང་བསྒྲིབས་པ་རྣམས་སོ། །སྐྱེ་བའི་རྒྱུ་ཐོབ་པ་མེད་པའི་ཕྱིར། དེ་དག་ཇི་ལྟར་སྐྱེ་བར་འགྱུར་
ཏེ། གང་གི་ཚེ་ས་གོང་མ་ནས་འཆི་འཕོས་ནས་ས་འོག་མར་སྐྱེ་བའམ། དེ་ལས་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེའི་ཚེ། ཐོབ་པ་མེད་པས་ས་འོག་མའི་ཆོས་རྣམས་སྐྱེ་བར་མི་འགྱུར་ལ། ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་པའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་
པ་རྣམས་ཀྱང་སྐྱེ་བར་མི་འགྱུར་རོ། །དེའི་ཕྱིར་ཐོབ་པ་མེད་ཀྱང་སྐྱེ་བ་མཐོང་བའི་ཕྱིར་འབྲས་བུ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་མེད་པའི་ཕྱིར་ཐོབ་པ་རྗེས་སུ་དཔག་པས་གཟུང་བར་བྱ་བ་མ་ཡིན་པས་རྫས་ཀྱི་ཆོས་མི་སྲིད་པ་སོ་ན་འདུག་གོ། །འོན་ཏེ་ལྷན་ཅིག་སྐྱེས་པའི་ཐོབ་པའི་
เล่ม ๒๐๙ · หน้า 205a
རྒྱུ་ཅན་ཡིན་ཞེ་ན་ཞེས་བྱ་བ་ལ་མ་ཐོབ་པ་ལ་སོགས་པའི་ཆོས་གང་དག་ཡིན་པ་དེ་དག་ལ་སྔར་སྐྱེས་པའི་ཐོབ་པ་མེད་མོད་ཀྱི་ལྷན་ཅིག་སྐྱེས་པ་ནི་ཡོད་དེ། དེའི་ཕྱིར་དེ་དག་གི་སྐྱེ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལྟར་ལྷན་ཅིག་སྐྱེས་པའི་ཐོབ་པའི་རྒྱུ་
ཅན་ཡིན་ཏེ། དེའི་ཕྱིར་དེ་དག་ཀྱང་སྐྱེ་བ་མཐོང་བ་ཞེས་བྱ་བ་ནི་མི་རིགས་པར་སྨྲས་པ་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེ་བའམ་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་ཆོས་ལྷན་ཅིག་སྐྱེས་པའི་རྒྱུ་ཅན་ཡིན་ན་ནི་དེའི་ཚེ་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར་རོ། །གང་གི་ཕྱིར་སྐྱེ་བའི་འབྲས་བུས་ཐུན་མོངས་
ཡིན་པ་ནི་བསྐྱེད་པ་ཁོ་ན་ཡིན་ནོ། །གལ་ཏེ་ཐོབ་པ་སྐྱེད་པར་བྱེད་པ་ཡིན་ན་ནི་དེའི་ཚེ་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར་ཏེ། གནས་པ་ལ་སོགས་པ་ལྟར་དེ་ལ་བྱེད་པ་གཞན་མེད་པའི་ཕྱིར་རོ། །དེས་ན་དེ་ཡོངས་སུ་བརྟགས་པ་དོན་མེད་པར་འགྱུར་ལ། ཡང་ན་ཆོས་རྣམས་ལྷན་
ཅིག་སྐྱེས་པའི་ཐོབ་པའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ཁས་བླངས་པར་མི་བྱའོ། །ཅི་སྟེ་སྐྱེ་བ་དོན་མེད་པར་འགྱུར་དུ་འོང་བས་དེའི་ཚེ་ན་ཐོབ་པས་སྐྱེ་བ་སྐྱེད་པར་བྱེད་ལ། སྐྱེ་བས་ཆོས་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ལྟར་འདོད་དོ་སྙམ་ན། དེའི་ཕྱིར་སྐྱེ་བའི་སྐྱེ་བ་ཞེས་བྱ་བ་སྨོས་ཏེ།
འདིར་ཡང་སྐྱེ་བ་བཞིན་དུ་བརྗོད་པར་བྱའོ། །ཡང་ན་གལ་ཏེ་ཐོབ་པའི་ཆོས་སྐྱེད་པ་དེ་ལྟར་ན་སྐྱེ་བའི་ཐོབ་པ་ཡང་སྐྱེ་བས་སྐྱེད་ཅེས་པའི་འཐད་པ་བརྗོད་པར་བྱ་དགོས་ཏེ་དེ་ནི་སྐྱེ་བས་ཅི་ཞིག་བྱེད་པར་འགྱུར། སྐྱེ་བ་ཉིད་ལ་ཆོས་མི་མཐུན་པ་མངོན་པར་སྐྱེ་བས་སྐྱེད་པ་དེ་
ཉིད་ཀྱིས་ཐོབ་པ་དེ་སྐྱེ་ན། དེ་ནི་སྐྱེ་བས་ཅི་ཞིག་བྱེད་སྐྱེ་བའི་སྐྱེ་བ་ཡང་ཞེས་བརྗོད་པར་བྱ་དགོས་སོ། །འཆིང་བ་མཐའ་དག་དང་ལྡན་པ་ཞེས་རྒྱ་ཆེར་འབྱུང་བ་ལ། འཆིང་བ་མཐའ་དག་དང་ལྡན་པ་ཞེས་བྱ་བ་ནི་གང་དག་གིས་ཉོན་མོངས་པའི་རྣམ་པ་གཅིག་ཀྱང་མ་སྤངས་
པའོ། །གང་གི་ཕྱིར་ཐོབ་པ་དང་ལྡན་པའི་ཁྱད་པར་ཐོབ་པ་ལ་ཁྱད་པར་མེད་པ་དེའི་ཕྱིར་འཆིང་བ་མཐའ་དག་དང་ལྡན་པ་རྣམས་ཀྱིས་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྐྱེ་བ་ཁྱད་པར་དུ་མི་འགྱུར་ཏེ། དེའི་རྒྱུར་འགྱུར་བའི་ཐོབ་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །
เล่ม ๒๐๙ · หน้า 205b
གཞན་དག་ན་དེ་ནི་རྒྱུད་གཞན་ལ་བལྟོས་ན་ཐོབ་པ་བྱེ་བྲག་མེད་པའི་ཕྱིར་རོ། །འདི་ལྟར་འཆིང་བ་མཐའ་དག་དང་ལྡན་པ་ཐམས་ཅད་ཀྱི་ཐོབ་པ་རྣམས་མཚུངས་ཏེ། ཉོན་མོངས་པ་ཆུང་ངུའི་ཆུང་ངུ་རྣམས་ཀྱིས་ཐོབ་པ་ཆུང་ངུའི་ཆུང་ངུ་ཡིན་པ་ནས་ཆེན་པོའི་ཆེན་པོ་རྣམས་ཀྱིས་
ཐོབ་པ་ཆེན་པོའི་ཆེན་པོའི་བར་ཡིན་པས། ཐམས་ཅད་ཀྱིས་ཐོབ་པ་བྱེ་བྲག་མེད་ཀྱང་། ལྷས་བྱིན་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སྐྱེ་བའི་ཁྱད་པར་དུ་མ་ལ་འགྱུར་ཏེ། རྒྱུ་ལ་བྱེ་བྲག་མེད་ན་འབྲས་བུའི་བྱེ་བྲག་མི་རིགས་
སོ་ཞེས་ཟེར་རོ། །འཆིང་བ་མཐའ་དག་དང་ལྡན་པ་སྨོས་པ་ནི་འཆིང་བ་དང་བྲལ་བ་རྣམས་ལ་ཆུང་ངུ་ལ་སོགས་པའི་ཁྱད་པར་དུ་ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པར་བསྟན་པའི་ཕྱིར་རོ། །ཅི་སྟེ་ཐོབ་པ་ལ་བྱེ་བྲག་མེད་ཀྱང་གོམས་པ་ལ་སོགས་པ་རྒྱུ་མཚན་གཞན་
ལས་ཉོན་མོངས་པ་སྐྱེ་བ་ཁྱད་པར་དུ་འགྱུར་བས་ཉེས་པ་འདི་མེད་སྙམ་ན། དེའི་ཕྱིར་དེ་ལས་དེ་དག་གི་བྱེ་བྲག་ཏུ་འགྱུར་ན་ནི་ཞེས་བྱ་བ་སྨོས་སོ། །གོམས་པའམ་གཞན་ལས་ཆུང་ངུ་དང་འབྲིང་དང་ཆེན་པོའི་བདག་ཉིད་ཅན་དུ་འགྱུར་བ་དེ་ཁོ་ན་ལས་དེ་དག་སྐྱེ་ལ་
རག་སྟེ། རྒྱུ་གཞན་གང་ཞིག་ལས་ཉོན་མོངས་པའི་ཁྱད་པར་ཡོངས་སུ་བརྟགས་པ་དེ་ཁོ་ནས་ཉོན་མོངས་པ་རྣམས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་དུ་སྐྱེ་ལ་རག་མོད། ཐོབ་པ་དོན་གཞན་དུ་གྱུར་པ་ཡོངས་སུ་བརྟགས་པ་ཅི་དགོས། དེ་སྐད་དུས་སུ་
ཟེར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྣམ་པར་གཞག་པ་ནི་ངེས་པའི་རྒྱུ་ཞེས་བྱ་བའི་དོན་ནོ། །རེ་ཞིག་སོ་སོ་སྐྱེ་བོ་རྣམས་ནི་འཇིག་རྟེན་པའི་ཡིད་དང་ལྡན་པ་དང་། འཕགས་པ་རྣམས་ནི་ཟག་པ་མེད་པའི་ལམ་མངོན་དུ་གྱུར་པའི་ཚེ་འཇིག་རྟེན་ལས་འདས་པར་འགྱུར་བས་དེའི་
ཕྱིར་འཇིག་རྟེན་པའི་ཡིད་དང་ལྡན་པ་སྨོས་སོ། །ཡིད་ནི་ཡིད་ཉིད་དོ། །ལམ་མངོན་སུམ་དུ་གྱུར་པའི་ཚེ་ནི་ཐོབ་པ་མེད་པར་འཕགས་པ་དང་སོ་སོ་སྐྱེ་བོའི་རྣམ་པར་གཞག་པར་བྱ་བར་ནུས་ཏེ། ལམ་ཉིད་རྣམ་པར་གཞག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་
เล่ม ๒๐๙ · หน้า 206a
རྟེན་པའི་ཡིད་དང་ལྡན་པ་རྣམས་ལ་ནི་ཐོབ་པ་མེད་པར་འདི་དག་ནི་འཕགས་པ་རྣམས་སོ། །འདི་དག་ནི་སོ་སོ་སྐྱེ་བོ་རྣམས་སོ་ཞེས་བྱ་བར་རྣམ་པར་གཞག་པར་མི་འགྱུར་ན། འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཟག་པ་མེད་པའི་ལམ་གྱི་ཐོབ་པ་ཡོད་པ་
དང་། དེ་མེད་པ་ནི་འཕགས་པ་དང་སོ་སོ་སྐྱེ་བོ་རྣམ་པར་གཞག་པའི་རྒྱུ་ཡིན་ནོ་ཞེས་བྱ་བར་ངེས་སོ། །སློབ་དཔོན་འདུས་བཟང་ན་རེ། རྫས་ཀྱི་ཆོས་མི་སྲིད་པས་མི་རུང་ངོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ཏེ། ཐོབ་པ་ནི་ཆོས་ཐོབ་ཟིན་པ་ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་དང་། ཐོབ་པ་འདི་
ནི་འདིའོ་ཞེས་ཤེས་པའི་རྟགས་མཚན་ཡིན་པའི་ཕྱིར་རོ། །ཅི་འོ་ན་འདི་ལས་གཞན་མ་ཡིན་པ་དང་འབྲས་བུ་ཡོད་པ་ཞེས་བྱ་བར་རྣམ་པར་གཞག་པའི་རྒྱུ་ཞེས་བྱ་བར་མིང་གཞན་གྱིས་བརྗོད་ཅེ་ན། ཆུད་མི་ཟ་བའི་རྒྱུ་ཞེས་བྱ་བ་གཞན་མ་ཡིན་པ་ཤེས་པའི་རྟགས་མཚན་དུ་གྱུར་པ་
ཡང་མི་རིགས་ཏེ། ཐོབ་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སངས་རྒྱས་རྣམས་ཀྱིས་ཞེ་ན་སངས་རྒྱས་རྣམས་ཀྱིས་ཡང་མ་ཡིན་ཏེ་རྗེས་སུ་དཔག་པ་ཅན་ཉིད་དུ་ཐལ་བའི་ཕྱིར་རོ། །རང་བཞིན་དང་འབྲས་བུ་ངེས་པར་གཟུང་བས་དེ་ཡོད་པ་ཉིད་དུ་འཐད་པ་ཡང་མ་ཡིན་ནོ། །
གལ་ཏེ་ཐོབ་པ་མི་འདོད་ན་འོ་ན་འཕགས་པ་དང་སོ་སོའི་སྐྱེ་བོ་རྣམ་པར་གཞག་པ་དང་། ཐོབ་པའི་ཆོས་ཆུད་མི་ཟ་བ་དང་། འདི་ནི་འདིའོ་ཞེས་བྱ་བར་ཤེས་པ་ཡང་ཅི་ཞིག་ལས་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་ནི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་ཀྱི་བྱེ་བྲག་ལས་འགྱུར་བར་འོས་
སོ་ཞེས་སྨོས་ཏེ། ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དག་གི་དངོས་པོ་ནི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་དེ་དེ་ཉིད་བྱེ་བྲག་ཡིན་ནོ། །དེ་ལ་ཉོན་མོངས་པ་སྤངས་པ་ཉིད་ནི་ཉོན་མོངས་པའི་ས་བོན་རྩ་བ་ནས་བཏོན་པ་ལས་ཉོན་མོངས་པ་རྣམས་ཀྱང་མི་སྐྱེ་བའོ། །ཉོན་མོངས་
པ་མ་སྤངས་པ་ཉིད་ནི་ཉོན་མོངས་པའི་ས་བོན་རྩ་བ་ནས་མ་བཏོན་པ་ལས་ཉོན་མོངས་པ་ཡང་སྐྱེ་བ་སྲིད་པའོ། །དེ་ལྟར་ན་འཇིག་རྟེན་པའི་ཡིད་དང་ལྡན་པ་ཡིན་ཡང་གང་ལ་ས་བོན་མེད་པས་ཉོན་མོངས་པ་ནམ་ཡང་མི་སྐྱེ་བའི་ཆོས་ཅན་ཡིན་པ་དེ་དག་ནི་འཕགས་པ་ཡིན་ལ། གང་དག་
เล่ม ๒๐๙ · หน้า 206b
ལ་ས་བོན་རྒྱུན་མ་བཅད་པས་ཀྱང་སྐྱེ་བར་འགྱུར་བ་དེ་དག་ནི་སོ་སོའི་སྐྱེ་བོ་ཡིན་པས་རྣམ་པར་གཞག་པ་གྲུབ་པོ། །ཐོབ་པ་ནི་འདིར་ས་བོན་ཁོ་ནའོ། །དེའི་ཕྱིར་ཐོབ་པ་ཆུད་མི་ཟ་བ་ཡང་ས་བོན་ཉིད་དེ་དེའི་ཞེས་བྱ་བ་ཤེས་པའོ། །འདི་ཉིད་དུ་ཡང་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པ་
ལ། འདི་ལྟར་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ལས་གང་ལས་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་ཉོན་མོངས་པ་མ་སྤངས་པའོ་ཞེས་བྱ་བར་རྟོགས་པར་འགྱུར་བ་ཉོན་མོངས་པ་སྤངས་པ་དང་མ་སྤངས་པའི་རྟགས་མཚན་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་ཉོན་
མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་དུ་མི་རྟོགས་པའི་ཕྱིར། འདི་དག་ནི་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་པའོ། །འདི་དག་སོ་སོ་སྐྱེ་བོ་ཞེས་བྱ་བའི་རྣམ་པར་གཞག་པ་མེད་པ་སོ་ན་འདུག་གོ། །ཐོབ་པ་ཡོད་ན་ནི་འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་
ནི་ཉོན་མོངས་པ་མ་སྤངས་པའོ་ཞེས་བྱ་བ་འདི་འགྲུབ་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར། དེ་དང་བྲལ་བ་དང་མ་བྲལ་བ་ལས་ཞེས་སྨོས་ཏེ། གང་དག་གི་རྒྱུད་ལ་ཉོན་མོངས་པའི་ཐོབ་པ་རྣམས་དང་མི་ལྡན་པ་དང་། རྣམ་པར་ཆད་པ་དེ་དག་ནི་ཉོན་མོངས་པ་སྤངས་པའོ། །གང་
དག་གི་རྒྱུད་ལ་མ་བྲལ་བ་དང་རྒྱུན་མ་ཆད་པ་དེ་དག་ཉོན་མོངས་པ་མ་སྤངས་པའོ། །སོ་སོ་སྐྱེ་བོ་ཁ་ཅིག་ཀྱང་འཕགས་པ་དང་ཉོན་མོངས་པའི་ཐོབ་པ་ཆད་པར་མཚུངས་པ་མ་ཡིན་ནམ། དེ་ལ་ཅི་ལྟར་ན་ལམ་གྱིས་ཆད་པས་འཕགས་པ་དང་སོ་སོ་སྐྱེ་བོར་རྣམ་པར་གཞག་ཅེ་ན། ཟག་པ་
དང་བཅས་པ་དང་ཟག་པ་མེད་པའི་ལམ་གྱིས་རྣམ་པར་ཆད་པའི་ཕྱིར་རོ། དེ་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྲལ་བའི་ཐོབ་པ་ཐ་དད་པའི་ཕྱིར་རོ། །འདི་ནི་རྟེན་གྱི་བྱེ་བྲག་ལས་གྲུབ་པར་འགྱུར་ཏེ་ཞེས་བྱ་ནི། འདི་དག་ནི་ཉོན་མོངས་པ་སྤངས་
པའོ། །འདི་དག་ནི་ཉོན་མོངས་པ་མ་སྤངས་པའོ་ཞེས་བྱ་བའོ། །འདིར་རྟེན་ནི་ཕུང་པོ་ལྔའོ། །གཞན་དག་ན་རེ་སེམས་དང་སེམས་ལས་བྱུང་བའི་བདག་ཉིད་དོ་ཞེས་ཟེར་རོ། །འཕགས་པ་དང་སོ་སོ་སྐྱེ་བོ་དག་དང་། ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་དག་གི་རྟེན་གྱི་བྱེ་བྲག་
เล่ม ๒๐๙ · หน้า 207a
བསྟན་པའི་ཕྱིར། འཕགས་པ་རྣམས་ཀྱིས་གནས་ནི་ཞེས་རྒྱ་ཆེར་སྨོས་སོ། །འཕགས་པའི་ལམ་མ་སྐྱེས་པའི་རྟེན་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་། རྗེས་སུ་འབྲེལ་བའི་རྟེན་གཞན་གྱི་རྒྱུར་འགྱུར་བས་གནས་
སྐབས་དེར་ནི་སོ་སོ་སྐྱེ་བོ་ཞེས་བྱ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་མ་ལུས་པའི་ས་བོན་དང་རྗེས་སུ་འབྲེལ་པའི་སྐད་ཅིག་གཞན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཉོན་མོངས་པའི་གཉེན་པོ་ནི་མཐོང་བའི་ལམ་མམ་བསྒོམ་པའི་ལམ་མངོན་དུ་གྱུར་ལ། དེ་མངོན་དུ་གྱུར་ན་
རྟེན་དེ་དག་གི་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་རྗེས་སུ་འབྲེལ་བའི་སྐད་ཅིག་མ་གཞན་གྱི་རྒྱུ་མ་ཡིན་ཏེ་དེ་སྐྱེ་བ་དང་འགལ་བའི་རྐྱེན་ཐོབ་པའི་ཕྱིར་རོ། །སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་མི་ལྡོག་པའི་བདག་ཉིད་ཁོ་ན་བར་མ་ཆད་དུ་དེ་སྐྱེ་བ་དང་རྗེས་སུ་མཐུན་པའི་རྐྱེན་ཐོབ་
པས་རྒྱུའི་ངོ་བོ་སྟེ་འདས་པ་ཡང་ངོ་། །དེའི་ཕྱིར་རྟེན་དེས་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱང་བསྐྱེད་པར་མི་ནུས་ཏེ། ས་བོན་མེད་པའི་ཕྱིར་རོ། །ས་བོན་མེད་པ་རྣམས་ནི་སྐྱེ་བར་མི་རིགས་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་ས་
བོན་རྒྱུན་ཆད་པ་ལས་མཐོང་བ་དང་བསྒོམ་པའི་ལམ་གྱི་མཐུས་ཇི་ལྟར་དེ་དག་གི་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཀྱང་འབྱུང་བར་མི་འགྱུར་ཏོ། །དེ་ལྟར་གྱུར་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། རྟེན་དེ་ལ་ས་བོན་དྲུངས་ཕྱུང་བའི་ཕྱིར་རོ། །དེའི་ཕྱིར་རྟེན་འབྲུ་མེས་ཚིག་པ་བཞིན་དུ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། འབྲུ་མེས་ཚིག་པ་ལས་མྱུ་གུ་བསྐྱེད་པའི་ས་བོན་མེད་པས་རྟེན་དེ་ཡང་མྱུ་གུ་མི་སྐྱེད་པས་ས་བོན་དུ་མ་གྱུར་པ་དེ་བཞིན་དུ་རྟེན་ལམ་གྱི་མེས་ཚིག་ཅིང་ཉོན་མོངས་པ་རྣམས་ཀྱི་ས་བོན་དུ་མ་གྱུར་པས་ན་ཉོན་མོངས་པ་སྤངས་པ་ཞེས་བྱའོ། །དེ་ལྟ་ན་འོ་ན་འཇིག་རྟེན་
པའི་འདོད་ཆགས་དང་བྲལ་བས་ཉོན་མོངས་པ་སྤངས་པར་མི་འགྱུར་ཏེ། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་རྒྱུན་མི་གཅོད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་རྟེན་པ་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་དངོས་པོ་ཉམས་པར་བྱས་ན་ཉོན་མོངས་པ་སྤངས་
เล่ม ๒๐๙ · หน้า 207b
པ་ཞེས་བྱའོ། །བཟློག་པ་ནི་སྤངས་པ་མ་ཡིན་པ་ཞེས་བྱ་བ་ལ། འཕགས་པ་དང་འཕགས་པ་མ་ཡིན་པའི་ལམ་དག་གིས་རྟེན་མ་ཚིག་ཅིང་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་ན་ཉོན་མོངས་པ་མ་སྤངས་པ་ཞེས་བྱའོ། །རྟེན་ལ་རྩ་ནས་མ་བཏོན་པ་དང་། ཉམས་པར་མ་བྱས་པའི་
ས་བོན་ཡོད་པས་གང་མ་སྤངས་པ་དེ་དང་ནི་ལྡན་ནོ། །རྟེན་ལས་ས་བོན་རྩ་ནས་བཏོན་པའི་ཕྱིར་རམ། ས་བོན་ཉམས་པར་བྱས་པའི་ཕྱིར་གང་སྤངས་པ་དེ་དང་ནི་མི་ལྡན་ནོ། །དེ་ལྟར་འཇིག་རྟེན་པའི་ཡིད་དང་ལྡན་པ་ཉིད་དུ་ཁྱད་པར་མེད་ཀྱང་རྟེན་ལ་ས་བོན་རྩ་ནས་བཏོན་པ་དང་། རྩ་
ནས་མ་བཏོན་པའི་ཕྱིར་འཕགས་པ་དང་སོ་སོ་སྐྱེ་བོར་རྣམ་པར་བཞག་ལ། ས་བོན་ཉམས་པར་བྱས་པ་དང་མ་བྱས་པའི་ཕྱིར་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་ཞེས་བྱ་བར་རྣམ་པར་གཞག་གོ་ཞེས་བྱ་བར་གདམས་ཏེ། ས་བོན་རྒྱུན་
ཆད་པ་དང་ཉམས་པར་བྱས་པའི་ཕྱིར་དང་རྒྱུན་མ་ཆད་པ་དང་ཉམས་པར་མ་བྱས་པའི་ཕྱིར་ཐ་སྙད་གདགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྡན་པ་འདི་ནི་གང་ཟག་ལ་སྟེ། དགེ་བའི་ཆོས་རྣམས་དང་མི་དགེ་བའི་ཆོས་རྣམས་ཀྱང་ཞེས་མདོ་ལས་འབྱུང་བའི་ཕྱིར་རོ། །ཆོས་ཉོན་མོངས་པ་
ཅན་རྣམས་ཀྱི་ལྡན་པ་དང་མི་ལྡན་པའི་ཐ་སྙད་བརྗོད་པའི་མཇུག་ཐོགས་སུ་དགེ་བ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་པས། དེའི་ཕྱིར་དགེ་བའི་ཆོས་རྣམས་ཀྱང་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །མ་འབད་པར་སྐྱེ་བ་རྣམས་ནི་འབད་པ་ལ་མི་བལྟོས་པ་རྣམས་ཏེ། གང་དག་
སྐྱེས་པ་ཙམ་གྱིས་ཐོབ་པའོ། །འབད་དེ་སྐྱེ་བ་རྣམས་ནི་གང་དག་སྐྱེ་བ་ལ་མི་བལྟོས་པར་སྦྱོར་བའི་ཁྱད་པར་གྱིས་འཐོབ་པའོ། །དེ་ཉིད་ཀྱི་ཕྱིར་གང་དག་སྐྱེ་བས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གང་དག་སྐྱེས་པ་ཉིད་ཀྱིས་འཐོབ་ཀྱི་འབད་རྩོལ་གཞན་ལ་མི་བལྟོས་པ་དེ་དག་ནི་སྐྱེ་བས་འཐོབ་
པ་རྣམས་སོ། །འདིར་སྐྱེ་བ་ནི་ཅི་རིགས་པར་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་དང་། སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའོ། །གང་དག་སྦྱོར་བའི་ཁྱད་པར་ལ་རག་ལས་ཏེ་སྐྱེ་བ་དེ་དག་ནི་སྦྱོར་བ་ལས་བྱུང་བའོ། །དེ་དག་གིས་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པའི་ཕྱིར་ཞེས་
เล่ม ๒๐๙ · หน้า 208a
བྱ་བ་ལ་དེ་དག་གི་སྒྲ་ནི་མ་འབད་པར་སྐྱེ་བ་དང་སྦྱར་རོ། །དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པ་རྣམས་ལ་ནི་ལོག་པར་ལྟ་བ་མེད་པའི་ཕྱིར་དེ་དག་གིས་ས་བོན་གྱི་དངོས་པོ་ཉམས་པར་མ་བྱས་པས་མ་འབད་པར་སྐྱེས་པ་རྣམས་དང་ནི་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པར་ལྡན་ནོ་ཞེས་
བྱའོ། །ས་བོན་གྱི་དངོས་པོ་དེ་གང་དག་གིས་ཉམས་པར་བྱེད་ཅེ་ན། དེའི་ཕྱིར་དེ་ཉམས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགེ་བའི་ཆོས་རྣམས་ཀྱི་རྩ་བ་གཏན་དུ་ཡང་དག་པར་བཅོམ་པ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། ཡང་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བའི་
ཕྱིར་དང་ས་བོན་ཀུན་ཏུ་ཆད་པ་རྣམས་ཡང་འབྱུང་བའི་ཕྱིར་རོ། །མདོ་ལས་ཀྱང་དགེ་སློང་དག་ལྷས་བྱིན་གྱིས་དགེ་བའི་རྩ་བ་རྣམས་ཉིང་མཚམས་སྦྱོར་བ་ཉིད་ཅེས་གསུངས་སོ། །གང་ཡང་ཇི་སྐད་དུ་དགེ་སློང་དག་གང་ངས་ལྷས་བྱིན་གྱི་རྒྱུད་ལ་དགེ་བའི་ཆོས་སྐྲའི་རྩེ་མོ་ཙམ་ཡང་མ་གཟིགས་
ཏེ། ལྷས་བྱིན་དེ་ངས་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་སྡིག་པ་ཅན་དུ་ལུང་བསྟན་ཏོ་ཞེས་གསུངས་སོ། །དེ་བཞིན་དུ་གང་ཟག་དེ་ལ་དགེ་བའི་ཆོས་རྣམས་མི་མངོན་པར་འགྱུར་རོ། །མི་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་རོ། །དེ་ལ་དག་པའི་རྩ་བ་ཀུན་ཏུ་ཆད་པ་རྡུལ་དང་མཉམ་པ་ཞིག་
ཡོད་དེ། དེའི་དེ་ཡང་དུས་གཞན་དུ་ཐམས་ཅད་ཀྱི་ཐམས་ཅད་དུ་འཆད་པར་འགྱུར་རོ་ཞེས་གསུངས་ཤེ་ན། དེ་ནི་རྣམ་པ་ཐམས་ཅད་དུ་མངོན་དུ་མི་རྒྱུ་བའི་དངོས་པོ་མེད་པའི་དབང་དུ་མཛད་ནས་གསུངས་པར་རིག་པར་བྱའོ། །གང་དག་འབད་དེ་སྐྱེ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་
སྟེ་སྐྱེ་བའི་དབང་ཉིད་དོ། །དེ་ཡང་ཅི་ཞིག་ཅེ་ན། དེ་ལས་སྐྱེས་ཤིང་དེའི་རྒྱུར་གྱུར་པའི་ནུས་པའི་ཁྱད་པར་ཞིག་སྟེ་དེ་ལ་ཐོགས་པ་མེད་པའི་ཕྱིར་ཏེ། གེགས་མ་བྱས་པའི་ཕྱིར་དེ་དག་དང་ལྡན་ནོ། །དེའི་ཕྱིར་འདིར་ས་བོན་ཁོ་ན་རྩ་ནས་བཏོན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་
རྩ་ནས་མ་བཏོན་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་ཅན་རྣམས་ཀྱི་ས་བོན་ནོ། །ཉམས་པར་མ་བྱས་པ་ནི་འཇིག་རྟེན་པའི་ལམ་གྱིས་དེ་དག་ཉིད་ཀྱི་ས་བོན་དང་ལོག་པར་ལྟ་བ་ཀུན་ཏུ་མི་རྒྱུ་བ་ལས་དགེ་བ་སྐྱེས་ནས་ཐོབ་པ་རྣམས་ཀྱི་ས་བོན་ནོ། །དབང་བའི་དུས་
เล่ม ๒๐๙ · หน้า 208b
ན་རྒྱས་པར་གྱུར་པ་ནི་ཞེས་བྱ་བ་ནི་འབད་དེ་སྐྱེ་བའི་སྟེ་ས་བོན་ཞེས་བྱ་བའི་སྐབས་ཡིན་ནོ། །རྒྱས་པར་གྱུར་པ་ནི་རིགས་པར་བརྩོན་པས་ཡང་དང་ཡང་དུ་བསྐྱེད་པ་ལས་སོ། །ཐོགས་པ་ནི་སྐྱེད་པར་བྱེད་པའི་ཕྱིར་མི་བརྩོན་པའམ། ལོག་པར་བརྩོན་པ་ལ་སོགས་པ་ལ་ས་བོན་ཞེས་བྱ་བ་ནི་
ཅི་ཞིག་ཡིན་ཞེས་བྱ་བ་ནི་དེའི་རང་གི་ངོ་བོས་ངེས་པར་མ་ཟིན་པའི་ཕྱིར་འདྲི་བའོ། །འབྲས་བུ་བསྐྱེད་པར་བྱ་བ་ལ་ཞེས་བྱ་ལ་སོགས་པ་ལ། འབྲས་བུ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཏེ། དེ་ལ་བསྐྱེད་པར་བྱ་བ་ལ་ནུས་པའི་མིང་དང་གཟུགས་གང་ཡིན་པ་དེ་ནི་དེ་
དག་གི་ས་བོན་ནོ་ཞེས་བྱའོ། །མངོན་སུམ་མམ་བརྒྱུད་པས་ཞེས་བྱ་བ་ལ། མངོན་སུམ་ནི་བར་མེད་པའོ། །བརྒྱུད་པ་ནི་རྒྱུན་ཏུ་གཏོགས་པའི་སྐད་ཅིག་གཞན་གྱིས་བར་ཆོད་པའོ། །ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་གྱུར་པ་ནི་འགྱུར་བའི་བྱེ་བྲག་གོ། །དེ་ནི་འབྲས་བུ་བསྐྱེད་པར་
བྱེད་པའི་ནུས་པ་ཞིག་སྟེ་གང་གི་མཇུག་ཐོགས་སུ་འབྲས་བུ་སྐྱེ་བའོ། །གྲངས་ཅན་པའི་འགྱུར་བ་ལས་རྣམ་པར་དབྱེ་བར་བྱ་བའི་ཕྱིར། །འགྱུར་བ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་རྒྱུད་གཞན་ཉིད་དུ་འགྱུར་བའི་ཞེས་བྱ་བ་སྨོས་ཏེ། རྒྱུད་ཐ་དད་པའི་རྒྱུ་ལས་མི་འདྲ་བའི་འབྲས་
བུ་འབྱུང་བ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱིས་རྣམ་པར་གཞག་པ་ནི་གཉིས་ཏེ། དོན་དམ་པ་དང་། བཏགས་པའོ། །དེ་ལ་གལ་ཏེ་དོན་དམ་པ་རྒྱུད་དུ་འདོན་ན་ནི། དེ་ལྟ་ན་གྲངས་ཅན་པ་རྣམས་དང་ཁྱད་པར་མེད་དེ། དེ་དག་གི་ལྟར་ན་ཡང་
རྣམ་པར་གནས་པའི་རྫས་ཀྱི་གཞན་དུ་འགྱུར་བ་ཉིད་འགྱུར་བ་ཡིན་ནོ། །འོན་ཏེ་བཏགས་པར་འདོད་པ་ཡིན་ན་ནི། ཇི་ལྟར་དེ་བཞིན་གྱུར་པ་ཉིད་ཡིན་ནོ་སྙམ་དུ་ཤེས་པར་འདོད་པས་འདྲི་བའོ། །འདུ་བྱེད་དུས་གསུམ་རྒྱུ་དང་འབྲས་བུར་གྱུར་པ་རྣམས་སོ་ཞེས་གཉིས་ཀ་སྨོས་པ་ནི་ལྷན་ཅིག་སྐྱེས་
པ་རྣམས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་དང་། རྒྱུ་དང་འབྲས་བུར་མ་གྱུར་པ་རྣམས་ཀྱང་དུས་གསུམ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདུ་བྱེད་རྒྱུན་མ་ཆད་པར་འཇུག་པ་རྣམས་རྒྱུད་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། རྒྱུད་ཀྱི་ཉེ་བར་ཕན་པར་གྱུར་པའི་འདུ་བྱེད་རྣམས་སྔ་མ་དང་
เล่ม ๒๐๙ · หน้า 209a
ཕྱི་མར་མི་འདྲ་བར་སྐྱེ་བ་ནི་རྒྱུད་གཞན་དུ་གྱུར་པ་ཉིད་དོ་ཞེས་བྱའོ། །གང་ལ་ཚོགས་པ་དང་ལྡན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གལ་ཏེ་དེ་ལ་ཚོགས་པའི་ས་བོན་ཁོ་ན་རྩ་ནས་མ་བཏོན་པ་དང་། ཉམས་པར་མ་བྱས་པ་ནི་ལྡན་པའོ་ཞེས་བྱ་བ་ནི་ནམ་ཡང་དྲན་པ་ཉེ་བར་
གཞག་པ་དག་བསྒོམ་པར་མི་ནུས་པར་འགྱུར་ཞིང་། དེའི་ཕྱིར་ཨ་དྷི་(ལྷག་པར་གནས་པའོ། །)བཱ་ས་ན་མ་ཎི་རཱ་ཀ་ར་ན་མེ་བ། (ནོར་བུའི་འབྱུང་གནས་ཉིད་དོ། །)དེ་ལ་ཚོགས་པ་དང་ལྡན་ནོ། །དེ་ལྟར་སྒྲས་གསུངས་སོ་ཞེས་བྱ་བར་ཤེས་སོ། །དེ་ལྟར་ན་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གལ་ཏེ་སྐྱེ་བའི་རྒྱུའམ་རྣམ་པར་གཞག་པའི་རྒྱུ་ཡང་རུང་སྟེ། རྣམ་
པ་ཐམས་ཅད་དེ་རྣམ་པ་ཀུན་ཏུ་བཏགས་པའི་ཆོས་ཏེ་བཏགས་པའི་ཐ་སྙད་ཀྱིས་རྣམ་པར་གཞག་ཅེས་བྱ་བའི་དོན་ཏོ། །སྔར་བཤད་པའི་རྒྱུས་རྫས་ཀྱི་ཆོས་ནི་མ་ཡིན་ནོ། །ཕྱིས་ནི་དགག་སྟེ་མི་ལྡན་པ་ཞེས་བྱའོ། །གང་ས་བོན་དང་ལྡན་
པའི་སྒྲས་བརྗོད་པ་དེ་དགག་པའོ། །སློབ་དཔོན་འདུས་བཟང་ན་རེ། མིང་དང་གཟུགས་མཐའ་དག་མ་ཡིན་ཞིང་རེ་རེ་མ་ཡིན་པར་རིགས་མཐུན་པའི་ས་བོན་གྱི་ངོ་བོར་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། བཏགས་པའི་རྫས་སུ་ཡོད་པས་དེའི་ཕྱིར་ས་བོན་དུ་མི་རིགས་སོ། །གལ་ཏེ་རེ་རེ་ལ་ཡིན་ན་ལུང་
དུ་མ་བསྟན་པའི་གཟུགས་དགེ་བའི་ཆོས་རྣམས་ཀྱི་ས་བོན་དུ་ཇི་ལྟར་འགྱུར། རིགས་མཐུན་པའི་མ་ཡིན་ཡང་དགེ་བའི་མཇུག་ཐོགས་སུ་དགེ་བ་སྐྱེད་པའི་ས་བོན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ཟེར་རོ། །འདི་ཡང་ཐམས་ཅད་མ་འབྲེལ་བ་སྟེ། རྒྱུའི་རྐྱེན་རྣམས་ནི་འབྲས་བུ་
མཐའ་དག་བསྐྱེད་པ་ལ་རྒྱུ་ཡིན་པས། ཅིས་དེ་དག་བཏགས་པར་ཡོད། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱང་དབང་པོའི་རྡུལ་ཕྲ་རབ་མང་པོ་ལ་བརྟེན་པ་ཡིན་པས། ཅིས་དེ་དག་བཏགས་པར་ཡོད། ལུང་དུ་མ་བསྟན་པ་ཡང་དགེ་བ་དང་མི་དགེ་བ་རྣམས་ཀྱི་ས་བོན་ཉིད་དུ་མི་འདོད་
པ་ཉིད་དོ། །དེ་མ་ཡིན་ན་གཞན་དུ་ལུང་མ་བསྟན་གྱི་རྣམ་པར་ཤེས་པ་ལས་དགེ་བ་དང་མི་དགེ་བར་མི་འགྱུར་རོ་ཞེ་ན་རིགས་མཐུན་པ་ཉིད་ལ་ཡང་ནུས་པའི་སྒོ་ནས་རྒྱུ་དང་འབྲས་བུའི་ངོ་བོར་རྣམ་པར་གཞག་གི། དགེ་བ་ལ་སོགས་པའི་ངོ་བོས་ནི་མ་ཡིན་ནོ། །གལ་ཏེ་ཡང་མིང་དང་གཟུགས་ཐམས་
เล่ม ๒๐๙ · หน้า 209b
ཅད་ཕན་ཚུན་བལྟོས་པས་ས་བོན་དུ་བརྗོད་ན་ཞེས་པ་ཅིར་འགྱུར། འོན་ཀྱང་མིང་དང་གཟུགས་ཉིད་ཇི་ལྟར་སྲེད་པ་བཞིན་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ས་བོན་གྱི་གཞན་ནི་མ་ཡིན་ནོ། །བསྟན་བཅོས་མཛད་པའི་དགོངས་པ་ཡོངས་སུ་མ་ཤེས་པའི་ཕྱིར་འདི་ལ་སྟོན་གྱི་ཚོགས་ཉེ་བར་གནས་སོ། །
བཤད་པ་དེ་ལྟ་མོད་ཀྱི་ནུས་པའི་ཁྱད་པར་དེ་ལས་དགེ་བའམ་མི་དགེ་བ་ལས་སྤྱི་དོན་གཞན་མ་ཡིན་པ་ཞེས་བྱ་བ་འདི་ཡང་མི་རིགས་ཏེ། དྲི་བ་མི་འཐད་པའི་ཕྱིར་རོ། །གང་བཤད་པ་ཉིད་ཀྱི་མིང་དང་གཟུགས་ནི་འབྲས་བུ་བསྐྱེད་པའི་ནུས་པ་སྟེ། ས་བོན་ལས་ནུས་པ་གཞན་མ་ཡིན་ནོ། །ཇི་སྐད་
བཤད་པ་སེམས་སྔ་མ་དང་ལྷན་ཅིག་སྐྱེས་པའི་སེམས་པའི་ཁྱད་པར་ལས་ནུས་པའི་ཁྱད་པར་གྱི་སེམས་སྐྱེའོ། །དེ་ཡང་ས་བོན་ནི་ནུས་པའི་ཁྱད་པར་ལ་མི་བརྗོད་ཀྱི། རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་འབྲས་བུ་བསྐྱེད་པར་འགྱུར་བའོ། །དེ་ལ་གཞན་ནུས་པའི་ཁྱད་པར་དང་
སེམས་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེམས་པ་དང་ལྷན་ཅིག་པའི་སེམས་ཀྱི་སྐད་ཅིག་གོ། །སེམས་པའི་ཁྱད་པར་གྱི་སྟོབས་བསྐྱེད་པས་ཁྱད་པར་དུ་གྱུར་པ་ནི་འབྲས་བུ་བསྐྱེད་པའི་ནུས་པ་སྟེ་སེམས་གཞན་གྱི་རྒྱུར་འགྱུར་རོ། །དེ་ནི་ཐོབ་པའི་ཁྱད་པར་གྱི་ཆོས་བསྟན་པའི་ཕྱིར་ཞེས་
གྲག་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གྲག་གོ་ཞེས་པ་ནི་ཐོབ་པའི་ཁྱད་པར་སེམས་པ་ནི། རི་བོང་གི་རྭའི་རྣ་བ་ལ་བརྟགས་པ་བཞིན་ཏེ། དེའི་རྟེན་མེད་པའི་ཕྱིར་རོ་ཞེས་མ་རངས་པར་མཚོན་པའི་དོན་ནོ། །ཐོབ་པའི་རྒྱུན་ལ་བལྟོས་ཏེ། འདས་པ་ལ་སོགས་པ་རྣམས་རེ་རེ་ལ་ཡང་ཐོབ་པ་
གསུམ་གསུམ་མོ། །བཤད་པ་འདི་ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཞིག་སྟེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན་འདས་པ་རྣམས་ཀྱི་སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་དང་དུས་ཕྱིས་སྐྱེས་པའི་ཐོབ་པ་སྟེ། དེ་ཡང་སྐྱེས་ལ་འགགས་པ་ནི་འདས་པའོ། །སྐྱེས་ལ་མ་
འགགས་པ་ནི་ད་ལྟར་བའོ། །དུས་ཕྱིས་སྐྱེས་པ་ནི་མ་འོངས་པའོ། །ད་ལྟར་བྱུང་བ་རྣམས་ཀྱི་སྔར་སྐྱེས་པ་ནི་འདས་པའོ། །ལྷན་ཅིག་སྐྱེས་པ་ནི་ད་ལྟར་བའོ། །དུས་ཕྱིས་སྐྱེས་པ་ནི་མ་འོངས་པའོ། །མ་འོངས་པ་སྐྱེས་པ་རྣམས་ཀྱི་ཡང་སྐྱེས་ལ་འགགས་པ་ནི་འདས་པའོ། །སྐྱེས་ལ་མ་
เล่ม ๒๐๙ · หน้า 210a
འགགས་པ་ནི་ད་ལྟར་བྱུང་བའོ། །མ་སྐྱེས་པ་ནི་མ་འོངས་པ་སྟེ། དེ་ལྟར་ན་སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་དང་དུས་ཕྱིས་སྐྱེས་པ་ཞེས་བྱ་བ་རྣམ་པ་གསུམ་གསུམ་མོ་ཞེས་ཁ་ཅིག་གོ། །སྐྱེ་བ་མེད་པའི་ཆོས་རྣམས་ལ་དེ་ལྟར་རྣམ་པ་གསུམ་དུ་མི་འགྱུར་རོ། །ཅི་སྟེ་
ཁམས་གོང་མ་ནས་ཤི་འཕོས་ཏེ་སྐྱེ་བ་ན་ཉོན་མོངས་པ་གང་ཞིག་མངོན་དུ་གྱུར་ནས་ལྷན་ཅིག་སྐྱེས་པ་ཐོབ་ཅེ་ན། དགེ་བ་གཞན་དང་ཉོན་མོངས་པ་ཅན་རང་གི་ས་པ་སྔར་ལྡང་ངོ་། །གང་གི་ཚེ་འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བ་བསམ་གཏན་དང་པོར་སྐྱེ་བ་དེའི་ཚེ་བསམ་གཏན་
གྱི་ཡོན་ཏན་ལས་བྱུང་བ་འདས་པ་དང་མ་འོངས་པའི་ཐོབ་པ་རྣམས་སྐྱེའོ། །དགེ་བ་ལ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ནི་དགེ་བ་ལ་སོགས་པ་རེ་རེ་ལ་ཡང་དགེ་བ་ལ་སོགས་པ་ཡིན་པར་འགྱུར་ན་ནི་མི་རུང་བ་དེའི་ཕྱིར་གོ་རིམས་བཞིན་དུ་ཞེས་བྱ་བ་སྨོས་སོ། །ཡང་
ཅིའི་ཕྱིར་ཐོབ་པ་ཆོས་དང་འདྲ་བར་རྣམ་པར་གཞག་གི། དེ་ལྟ་མ་ཡིན་པར་ཆོས་ལས་བཟློག་སྟེ་མ་ཡིན་ཞེ་ན། འདོད་ཆགས་དང་བྲལ་བ་མི་དགེ་བའི་ཆོས་རྣམས་དང་ལྡན་པ་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དགེ་བའི་ཆོས་རྣམས་དང་ལྡན་པ་ཐལ་བར་འགྱུར་ཏེ། དེ་ལྟར་ན་འོ་ན་ཐམས་
ཅད་དུ་ལུང་དུ་མ་བསྟན་པ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། །ལུང་དུ་མ་བསྟན་པའི་ཆོས་ལྟར་གཞན་དག་ཏུ་ཡང་འདྲ་བ་ཉིད་ཐལ་བར་འགྱུར་རོ། །ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཆོས་ཉོན་མོངས་པ་ཅན་རྣམས་ཀྱི་ཐོབ་པ་ལམ་དང་མི་འགལ་བར་འགྱུར་རོ། །དེའི་
ཕྱིར་ཉོན་མོངས་པ་རྣམས་ཀྱི་རང་གི་ངོ་བོ་སྤངས་པ་མ་ཡིན་པས་ཆོས་དང་འདྲ་བ་ཁོ་ནར་འདོད་དོ། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཞེས་བྱ་བ་ལ། ལྡན་པ་ནི་ལྡན་པ་ཅན་ལ་རག་ལས་པས་ཁམས་གཞན་པ་རྣམས་ཀྱི་ཐོབ་པ་ནི་ཁམས་གཞན་པ་མ་ཡིན་ནོ། །དེ་ལ་རེ་ཞིག་
འདོད་པའི་ཁམས་སུ་ཡང་སྐྱེས་པའི་འདོད་པ་ན་སྤྱོད་པ་རྣམས་ཀྱིས་ནི་འདོད་པ་རྣམས་ན་སྤྱོད་པའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱིས་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །གཟུགས་ཀྱི་ཁམས་སུ་སྐྱེས་པའི་གཟུགས་ན་སྤྱོད་པ་རྣམས་ཀྱིས་ནི་གཟུགས་
เล่ม ๒๐๙ · หน้า 210b
ན་སྤྱོད་པ་ཡིན་ལ། འདོད་པར་གཏོགས་པ་སྤྲུལ་པའི་སེམས་ཀྱིས་ནི་འདོད་པ་ན་སྤྱོད་པའོ། །གཟུགས་མེད་པ་ན་སྤྱོད་པ་ཉོན་མོངས་པ་ཅན་རྣམས་ཀྱིས་ནི་གཟུགས་མེད་པ་ན་སྤྱོད་པའོ། །གཟུགས་མེད་པའི་ཁམས་སུ་སྐྱེས་པའི་གཟུགས་མེད་པའི་ཁམས་ན་སྤྱོད་པ་རྣམས་ཀྱིས་ནི་
གཟུགས་མེད་པའི་ཁམས་པ་ཁོ་ནའོ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་བྱ་བ་ལ་ཟག་པ་མེད་པ་རྣམས་ནི་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་མ་གཏོགས་པ་རྣམས་སོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་ནི་
ཁམས་གསུམ་པའི་ཡིན་ནོ་ཞེས་བྱ་བ་ལ། དེ་ནི་ཁམས་གསུམ་པའི་རྐྱེན་མ་ཚང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་དང་། སྐྱེ་བའི་དབང་གིས་ཁམས་གསུམ་པ་ཉིད་ཡིན་གྱི། གང་དག་གི་རྐྱེན་མ་ཚང་བར་འགྱུར་བ་ཆོས་ཀྱི་དབང་གིས་ནི་མ་ཡིན་ཏེ། གཞན་དུ་ན་ལམ་གྱི་བདེན་པས་
བསྡུས་པའི་ཆོས་རྣམས་ཀྱིས་སོ་སོར་བརྟགས་པས་འགོག་པ་མི་ལྡན་པར་འགྱུར་རོ། །སོ་སོར་བརྟགས་པས་འགོག་པའི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ན་སྤྱོད་པའི་ལམ་གྱིས་ཐོབ་པའི་ནི་གཟུགས་ན་སྤྱོད་པ་ཡིན་ལ། གཟུགས་མེད་པ་ན་སྤྱོད་པའི་ལམ་གྱིས་ཐོབ་པའི་ནི་
གཟུགས་མེད་པ་ན་སྤྱོད་པ་སྟེ། འདི་ནི་འཕགས་པ་མ་ཡིན་པའི་འདོད་ཆགས་དང་བྲལ་བ་ལ་ངེས་པའོ། །འཇིག་རྟེན་པས་ནི་འཕགས་པ་འདོད་ཆགས་དང་བྲལ་བའི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་ཡིན་ནོ། །ཟག་པ་མེད་པས་ཐོབ་པའི་ནི་ཟག་པ་མེད་པའོ། །འདོད་
པའི་ཁམས་ཀྱིས་ནི་གཉེན་པོ་ཉིད་ཀྱི་ཕྱིར་འདོད་པ་ན་སྤྱོད་པའི་བྲལ་བའི་ཐོབ་པ་མེད་དོ། །ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་ཉིད་དེ་ཞེས་བྱ་བ་ལ། དེ་ནི་ལམ་གཞན་དུ་མ་གཏོགས་པ་ཡིན་པའི་ཕྱིར་ན་ཆོས་ཀྱི་དབང་ཁོ་ནས་ཐོབ་པ་ངེས་པ་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པའི་
ཐོབ་པ་ར་ས་ཏི་ལམ་འདུས་བྱས་ཀྱི་མཚན་ཉིད་ལ་ཅི་ལྟར་ཟག་པ་མེད་པ་ཞེས་བྱ་བ་རྒོལ་བའི་གཞིའོ། །ཟག་པ་མེད་པའི་ལམ་འདུས་བྱས་ཞེས་བྱ་བ་ལ། གྲུབ་པའི་མཐའ་ལས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་ཐོབ་པ་ལ་ལམ་གྱི་མཚན་ཉིད་ཀྱི་ངོ་བོ་མེད་དོ། །སོ་སོར་བརྟགས་པ་
เล่ม ๒๐๙ · หน้า 211a
མ་ཡིན་པའི་འགོག་པ་ལ་ཡང་ཇི་ལྟར་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་ཀྱིས་ཟག་པ་མེད་པ་རྣམས་ཀྱང་ཟག་པ་མེད་པའི་གཞི་ཞེས་བྱ་བ་རྒོལ་བའི་གཞིའོ། །ཟག་པ་མེད་པ་མངོན་དུ་གྱུར་པའི་ཐོབ་པ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའམ། ཟག་
པ་མེད་པ་སོ་སོར་བརྟགས་པ་མ་ཡིན་པའི་ཐོབ་པ་དག་ལ་ཟག་པ་མེད་པའི་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །རྒྱུའི་ངོ་བོར་ཁས་བླངས་པའི་ཚུལ་གྱིས་སོ་སོར་བརྟགས་པའི་འགོག་པའི་ཐོབ་པ་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་འདི་ནི་འབྲེལ་མེད་དོ། །སློབ་པའི་གང་ཟག་གི་ནི་ཟག་པ་མེད་པའི་ཆོས་
རྣམས་སོ། །མི་སློབ་པའི་ནི་མི་སློབ་པ་རྣམས་སོ། །དེ་ལ་རེ་ཞིག་སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་མི་སློབ་པའི་རྣམས་ཀྱང་རིག་པར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་དང་། འདུས་མ་བྱས་རྣམས་ནི་
སློབ་པ་དང་མི་སློབ་པའི་ལམ་གྱིས་མ་བསྡུས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་སོ། །རེ་ཞིག་ཟག་པ་དང་བཅས་པ་རྣམས་ཀྱི་ཐོབ་པ་ནི་སློབ་པ་དང་མི་སློབ་པ་མི་སྲིད་པས་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །འདུས་མ་བྱས་ཀྱིས་ནི་འགའ་ཞིག་སློབ་
པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ལ། གང་ཞིག་གི་ནི་རྣམ་པ་གསུམ་ཡིན་པས་དེའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་ཞེས་བྱ་བ་སྨོས་ཏེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འཕགས་པ་མ་ཡིན་པས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ལ་འཕགས་པ་
མ་ཡིན་པའི་ལམ་གྱི་ཐོབ་པ་སོ་སོར་བརྟགས་པས་འགོག་པ་ཐོབ་པ་ནི་ཟག་པ་དང་བཅས་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དང་གི་སྒྲ་ནི་སྐབས་སུ་བབ་པ་རྗེས་སུ་དྲང་བའི་དོན་ནོ། །སློབ་པའི་ལམ་གྱིས་བསྡུས་པའི་ཕྱིར་སློབ་པའི་ལམ་གྱིས་ཐོབ་
པའི་ཐོབ་པ་ནི་སློབ་པའོ། །དེ་བཞིན་དུ་མི་སློབ་པ་ཡང་རིག་པར་བྱའོ། །བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དག་ནི་ཟད་པའི་ཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་དུ་གྱུར་པའི་ཕྱིར་ཟད་པ་ཤེས་པ་ལ་སོགས་པ་ལ་འགོག་པ་ཐོབ་པར་བྱེད་པའི་ནུས་པ་ཡོད་པས། དེའི་ཕྱིར་མི་སློབ་པའི་
เล่ม ๒๐๙ · หน้า 211b
ལམ་གྱིས་ཐོབ་པའི་ནི་མི་སློབ་པའོ་ཞེས་བྱ་བ་སྨོས་སོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱིས་ཐོབ་པ་ནི་ཆོས་ཀྱི་དབང་གིས་རྣམ་པར་གཞག་པའི་ཕྱིར་རོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་ཀྱི་
ནི་བྱེ་བྲག་ཡོད་པས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ཐོབ་པ་ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པས་སོ་སོར་བརྟགས་པས་འགོག་པའི་དགེ་བ་ཟག་པ་དང་བཅས་པ་ཡིན་པས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་། ཟག་པ་དང་
བཅས་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་སྐད་དུ་ཡང་། ཉོན་མོངས་ཅན་མིན་མཐོང་སྤང་མིན། །ཞེས་བཤད་དོ། །དེ་ཉིད་ཅེས་བྱ་བ་ལ་སོ་སོར་བརྟགས་པས་འགོག་པ་འཕགས་པའི་ལམ་གྱིས་ཐོབ་པའོ། །འཕགས་པ་རྣམས་ཀྱིས་འཇིག་རྟེན་པའི་ལམ་གྱིས་ཐོབ་
པའི་ཟག་པ་མེད་པ་གང་ཡིན་པ་དེ་ཡང་འཕགས་པའི་ལམ་གྱི་སྟོབས་ཀྱིས་འཐོབ་སྟེ་དེའི་ཕྱིར་ཟག་མེད་པ་ཡིན་ནོ། །ལམ་གྱི་བདེན་པའི་ཡང་ཟག་པ་མེད་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་ནོ། །ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །ཞེས་བྱ་བ་ལ། དམིགས་ཀྱིས་བསལ་བ་འདི་
ནི་དམིགས་ཀྱིས་བསལ་བ་དང་བཅས་པ་ཞིག་སྟེ། མངོན་ཤེས་སྤྲུལ་པ་མ་གཏོགས་པ་ཞེས་འབྱུང་བའི་ཕྱིར་རོ། །སྟོབས་ཆུང་བའི་ཕྱིར་ཞེས་བྱ་བ་ལ་སྟོབས་ཆུང་བ་ཉིད་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་རྣམས་ལ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ་མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་
པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཚེ་མངོན་པར་འདུ་བྱ་བ་མེད་པས་བསྒྲུབ་པར་བྱ་བ་ནི་སྟོབས་ཆུང་བའོ། །མངོན་ཤེས་སྤྲུལ་པ་མ་གཏོགས་པ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ལྷན་ཅིག་སྐྱེའོ་ཞེས་བྱ་བར་སྦྱར་རོ། །མངོན་པར་འདུ་བྱེད་པ་ནི་རྣམ་པ་གཉིས་ཏེ། ལྷའི་མིག་དང་རྣ་བ་སྟེ། །མིག་
དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ཞེས་འབྱུང་བའི་ཕྱིར་རོ། །སྤྲུལ་པའི་སེམས་ཞེས་བྱ་བ་ནི། །ལུང་བསྟན་མིན་རྣམ་བཞི་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པ་ཞེས་བྱ་བ་འདིས་ནི་མངོན་པར་འདུ་བྱེད་པ་ལས་འབྱུང་བའི་ཕྱིར་སྟོབས་དང་ལྡན་པ་ཉིད་
เล่ม ๒๐๙ · หน้า 212a
ཞེས་སྟོན་པར་བྱེད་དོ། །བཟོའི་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འདུ་བྱེད་ཀྱི་ཁྱད་པར་ལ་བརྟེན་ཏེ་འདུ་བྱེད་ཙམ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་གོམས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ་འདོད་པར་བྱེད་ཅེས་བྱ་བའོ། །སྤྱོད་ལམ་པའི་ནི་བཅོམ་ལྡན་འདས་དང་།
རྟ་ཐུལ་ལ་སོགས་པའི་ལྟ་བུའོ། །བཟོའི་གནས་པ་ནི་ལས་ཐམས་ཅད་པ་དང་མིའམ་ཅི་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་རོ། །གཞན་དག་ནི་སྟོབས་ཆུང་བའི་ཕྱིར་ཏེ། སྤྱོད་ལམ་པ་རྣམས་ནི་ཕུང་པོ་བཞི་རྣམས་ཀྱི་
དོན་གྱི་སྐད་ཅིག་ཡོངས་སུ་ཆད་པས་འཐོབ་པོ། །དེ་བཞིན་དུ་བཟོའི་གནས་པ་རྣམས་ཀྱང་ངོ་། །བསྒྲིབས་པའི་གཟུགས་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་སྨོས་པ་ནི་གཟུགས་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། དེའི་ཐོབ་པ་ནི་རྣམ་པ་གཞན་དུ་འཇོག་པའི་
ཕྱིར་རོ། །བསྒྲིབས་པ་ནི་བསམ་གཏན་དང་པོ་ཁོ་ནའི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཉོན་མོངས་པ་ཅན་ཡིན་གྱི། གོང་མའི་མ་ཡིན་ཞིང་འདོད་པའི་ཁམས་ཀྱིས་མ་ཡིན་ཏེ། ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ། །བསྒྲིབས་པའི་སེམས་ཆེན་པོས་ཀུན་ནས་སློང་
བའི་རྣམ་པར་རིག་བྱེད་ཀྱིས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་འཕེན་པར་མི་ནུས་པས་སྟོབས་ཆུང་བར་གྲུབ་སྟེ་དེའི་ཕྱིར་ཐོབ་པ་ལྷན་ཅིག་སྐྱེས་པ་ཁོ་ནའོ། །འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །ཅེས་བྱ་བ་ལ་འདོད་པའི་ཁམས་ཀྱི་སྡོམ་པ་ལ་སོགས་པའི་གཟུགས་དགེ་བ་དང་། མི་དགེ་བའི་ཐོབ་པ་ནི་རྣམ་
པ་ཐམས་ཅད་དུ་སྔར་སྐྱེ་བ་མེད་དོ། །ལྷན་ཅིག་སྐྱེ་བ་དང་དུས་ཕྱིས་སྐྱེ་བ་ནི་ཡོད་དེ་ཞེས་འབྱུང་སྟེ། དེ་ལ་ལྷན་ཅིག་སྐྱེ་བ་ནི་ལྷན་ཅིག་འབྱུང་བའོ། །ཕྱིས་སྐྱེ་བ་ནི་ཕྱིས་འདས་པ་སྐྱེ་བ་སྟེ། དེ་ནི་འདས་པ་དང་ད་ལྟར་བ་ཡང་ཡིན་ནོ། །དེ་ལ་འདོད་པ་ན་ཞེས་བྱ་བ་ནི་གཟུགས་ན་སྤྱོད་པ་བསལ་བའི་
ཕྱིར་རོ། །གཟུགས་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་བསལ་བར་བྱ་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བས་ནི་དགེ་བའི་ཡང་མེད་ལ་མི་དགེ་བའི་ཡང་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་གོང་དུ་བཀག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་
เล่ม ๒๐๙ · หน้า 212b
པའི་གཟུགས་དགེ་བ་དང་མི་དགེ་བ་ནི་སྦྱོར་བ་ལས་བྱུང་བ་ཡིན་གྱི་སྐྱེས་ནས་ཐོབ་ནི་མ་ཡིན་ནོ། །མཉམ་པར་མ་བཞག་པའི་ས་པ་ཡིན་པའི་ཕྱིར་མ་འོངས་པ་མ་རྙེད་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེའི་ཐོབ་པ་སྔར་སྐྱེས་པ་མེད་དོ། །ཐོབ་པ་བཤད་ཟིན་ཏོ། །ཅི་མ་ཐོབ་པ་ལ་ཡང་ཐོབ་པ་བཞིན་དུ་རྣམ་
པར་བྱེ་བྲག་ཡོད་དམ། སྨྲས་པ་མེད་དོ། །འོ་ན་ཅི་ལྟ་བུ་ཞེ་ན་མ་ཐོབ་མ་བསྒྲིབས་ལུང་མ་བསྟན་མ་ཐོབ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། གལ་ཏེ་ཆོས་དང་འདྲ་བ་ཡིན་ན་ནི། དེ་ལྟར་ན་དགྲ་བཅོམ་པ་རྣམས་མི་དགེ་བའི་ཆོས་རྣམས་དང་། བསྒྲིབས་
ལ་ལུང་དུ་མ་བསྟན་པ་རྣམས་དང་ལྡན་པར་འགྱུར་ལ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་རྣམས་ཀྱང་དགེ་བ་རྣམས་དང་ལྡན་པར་འགྱུར་ཞིང་། སོ་སོའི་སྐྱེ་བོ་རྣམས་ཀྱང་འཕགས་པའི་ཆོས་རྣམས་དང་ལྡན་པར་འགྱུར་རོ། །འོན་ཏེ་ཆོས་ལས་བཟློག་པ་ཡིན་ན། དེ་ལྟ་ན་ཡང་དགྲ་བཅོམ་པ་
རྣམས་ཀྱང་ཆོས་ཉོན་མོངས་པ་ཅན་རྣམས་དང་ལྡན་པར་འགྱུར་ལ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་རྣམས་ཀྱང་དགེ་བ་དག་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་མ་ཐོབ་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །འདས་མ་སྐྱེས་ཀྱི་དེ་རྣམས་གསུམ། །ཞེས་བྱ་བ་ནི་རྒྱུན་ལ་
ལྟོས་ནས་སོ། །ད་ལྟར་བྱུང་བའི་མ་ཐོབ་པ་དང་ད་ལྟར་བྱུང་བ་ནི་མེད་དོ་ཞེས་བྱ་བས་འདས་པ་དང་མ་འོངས་པ་ནི་ཡོད་དོ་ཞེས་བྱ་བར་རྟོགས་སོ། །ད་ལྟར་བྱུང་བ་གདོན་མི་ཟ་བར་ཐོབ་པ་དང་ལྷན་ཅིག་འབྱུང་བར་འགྱུར་ན། ཐོབ་པ་དང་མ་ཐོབ་པ་དག་ནི་ཅིག་ཅར་ཡོད་པ་མ་ཡིན་པས་ད་ལྟར་བའི་
མ་ཐོབ་པ་ད་ལྟར་མ་ཡིན་པ་མི་རིགས་སོ། །འདོད་སོགས་གཏོགས་དང་ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་ལ་སོགས་པར་གཏོགས་པ་རྣམས་ནི་འདོད་སོགས་གཏོགས་ཏེ་འདོད་པ་དང་མི་ལྡན་པ་མ་ཡིན་ཞེས་བྱ་བའི་དོན་ནོ། །མ་ཐོབ་པ་ནི་སྐྱེ་བའི་རྟེན་གྱི་དབང་གིས་རྣམ་པར་གཞག་
གི། ཆོས་ཀྱི་དབང་གིས་ནི་མ་ཡིན་ཏེ། ཆོས་དང་འགལ་བའི་ཕྱིར་རོ། །དེ་ལ་འདོད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པའོ། །ཇི་ལྟར་ཞེ་ན། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་རྣམས་དང་། དགེ་
เล่ม ๒๐๙ · หน้า 213a
བའི་རྩ་བ་ཀུན་ཏུ་ཆད་པས་སྐྱེས་ནས་ཐོབ་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ལས་ཉོན་མོངས་པ་རྣམས་དང་ལྡན་པ་ཁོ་ན་ཡིན་མོད་ཀྱི། འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དང་། སོ་སོའི་སྐྱེ་བོ་ཡིན་པའི་
ཕྱིར་ཟག་པ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེས་པའི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམས་དང་། ཟག་པ་མེད་པ་རྣམས་ཀྱི་མ་ཐོབ་པ་ནི་གཟུགས་དང་གཟུགས་མེད་པ་ན་
སྤྱོད་པ་ཡིན་ནོ་ཞེས་རྒྱས་པར་བརྗོད་པར་བྱའོ། །མ་ཐོབ་པ་ཆོས་ཀྱི་དབང་གིས་རྣམ་པར་མི་བཞག་གོ་ཞེས་བྱ་བ་འདིས་ཤེས་པར་བྱེད་པ་ནི་མ་ཐོབ་པ་ཟག་པ་མེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་འདི་ཁོ་ན་ཡིན་ནོ། །མ་ཐོབ་པ་ཟག་པ་མེད་དོ་ཞེས་བྱ་བ་འདི་གང་ལས་རྟོགས་ཤེ་ན་བསྟན་བཅོས་
ལས་སོ། །འདི་ལྟར་ཞེས་བྱ་བ་ནི་རྒྱས་པར་བསྟན་བཅོས་ཉེ་བར་འགོད་པའོ། །འདིར་བསྟན་བཅོས་ནི་ཡེ་ཤེས་ལ་འཇུག་པ་ལ་མངོན་པར་འདོད་དེ། སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པ་ཡིན་པར་མི་འོས་སོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའི་དངོས་པོ་ནི་སོ་སོའི་སྐྱེ་བོ་ཉིད་
ཡིན་ན་ཟག་པ་མེད་པའི་ཆོས་རྣམས་ནི་སོ་སོའི་སྐྱེ་བོའི་དངོས་པོར་རུང་བ་ཡང་མ་ཡིན་ཏེ། འཕགས་པ་རྣམས་ཀྱང་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སློབ་པ་དང་མི་སློབ་པའི་བྱེ་བྲག་དང་། གང་ཟག་གི་བྱེ་བྲག་དང་། གཉེན་པོའི་བྱེ་བྲག་གིས་འཕགས་པའི་ཆོས་རྣམས་མང་བའི་
ཕྱིར་དང་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་ཁྱད་པར་མེད་པར་བརྗོད་པའི་ཕྱིར། འཕགས་པའི་ཆོས་གང་དག་གིས་ཞེས་དྲིས་པ་དང་། དེའི་ཕྱིར། ཐམས་ཅད་ཀྱི་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། སློབ་པ་དང་མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ཀྱིའོ། །འདི་གང་ལས་
རྟོགས་ཤེ་ན། དེའི་ཕྱིར། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བསྟན་བཅོས་ལས་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཐམས་ཅད་ཀྱིས་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ན། དེ་ལྟ་ན་ཐམས་ཅད་ཀྱིས་རྙེད་པ་ལས་འཕགས་པ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་ལ། དེ་ལྟ་ན་
เล่ม ๒๐๙ · หน้า 213b
འགའ་ལ་ཡང་ཟག་པ་མེད་པའི་ཆོས་མ་ལུས་པ་རྙེད་པ་མེད་པས་འཕགས་པ་མེད་པར་ཐལ་བར་འགྱུར་རོ་ཞེ་ན་དེའི་ཕྱིར། དེ་ནི་རྙེད་པ་མེད་པ་གང་ཡིན་པ་དེ་ཞེས་བྱ་བ་སྨོས་སོ། །སོ་སོའི་སྐྱེ་བོ་ཉིད་ནི་ཐམས་ཅད་ཀྱིས་མ་རྙེད་པ་ལ་བརྗོད་ཀྱི། འགའ་ཞིག་གིས་མ་རྙེད་པ་ན་མ་ཡིན་ལ། འཕགས་པས་
ནི་འགའ་ཞིག་དག་མ་རྙེད་པ་ཡིན་པས་དེ་འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་ལྟ་ཡིན་དང་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པ་རྣམ་པ་གཉིས་བསྟན་པར་འགྱུར་ཏེ། མ་རྙེད་པ་སྔོན་དུ་འགྲོ་བ་ཅན་དང་རྙེད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའོ། །དེ་ལ་སོ་སོའི་སྐྱེ་བོ་ཉིད་ནི་མ་རྙེད་པ་
སྔོན་དུ་འགྲོ་བ་ཅན་གང་ཡིན་པ་དེ་ཡིན་གྱི་རྙེད་པ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །ད་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་རྙེད་པ་སྔོན་དུ་འགྲོ་བ་ཅན་སོ་སོའི་སྐྱེ་བོ་ཉིད་ཡིན་པར་གྱུར་ནའོ། །རང་གི་རིགས་ཅན་རྣམས་ཁོ་ན་རྙེད་པའི་ཕྱིར་སངས་རྒྱས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོ་ན་ནི་ཁོ་
ན་ཞེས་བྱ་བའི་སྒྲ་གདོན་དགོས་སོ་ཞེས་བྱ་བ་ནི་འཕགས་པའི་ཆོས་རྣམས་མ་རྙེད་པ་ཁོ་ན་ཞེས་བྱ་བར་ངེས་ཏེ། དེ་ལྟ་ན་ནི་རྙེད་པར་གྱུར་པ་ན་རྙེད་པ་གང་ཡིན་པ་དེ་སོ་སོའི་སྐྱེ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །གདོན་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། དེར་
ངེས་པར་གཟུང་བ་མ་བཏོན་ཡང་རྟོགས་པར་འགྱུར་བ་ཉིད་དོ། །ཇི་ལྟར་ན་མ་སྨྲས་པར་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར། ཚིག་གཅིག་པུ་དག་ཀྱང་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །ཆུ་འཐུང་ངོ་། །རླུང་ཟའོ་ཞེས་བྱ་བ་འདིར་ཁོ་ན་ཞེས་བྱ་བའི་སྒྲ་མེད་པས་ཚིག་གཉིས་པ་མེད་མོད་ཀྱི། འོན་
ཀྱང་འདིར་ཆུ་ཁོ་ན་འཐུང་བའོ། །རླུང་ཁོ་ན་ཟའོ་ཞེས་ངེས་པར་གཟུང་བ་རྟོགས་པ་ཡིན་ནོ། །གལ་ཏེ་ཆུ་ཡང་འཐུང་ཞིང་ཟས་ཀྱང་ཟ་བ་ཡིན་ན་ནི་ཆུ་འཐུང་ངོ་ཞེས་བྱ་བའི་ངག་འདི་ལ་འབྲས་བུ་ཅི་ཞིག་དེའི་ཕྱིར་ཆུ་འཐུང་ངོ་ཞེས་བྱ་བ་ངེས་པར་གཟུང་བ་ཁོངས་སུ་བསྡུས་པའི་ཕྱིར་ཁོ་ནའི་སྒྲས་ཡང་མི་བརྗོད་དེ། དེ་
བཞིན་དུ་འདིར་ཡང་གལ་ཏེ་འཕགས་པའི་ཆོས་རྣམས་ཀྱི་རྙེད་པ་དང་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ན་སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ཆོས་རྣམས་ཀྱིས་མ་རྙེད་པའོ་ཞེས་བྱ་བའི་ངག་འདི་ལ་འབྲས་བུ་ཅི་ཞིག་ཡོད་དེའི་ཕྱིར་འདི་ནི་ངེས་པར་གཟུང་བའི་ཁོངས་སུ་བསྡུས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཤེས་
เล่ม ๒๐๙ · หน้า 214a
སོ། །དེའི་ཕྱིར་ཁོ་ན་ཞེས་བྱ་བའི་སྒྲའི་དོན་ཁོང་དུ་ཆུད་པའི་ཕྱིར་འདིར་ཁོ་ན་ཞེས་བྱ་བའི་སྒྲ་དོན་མེད་པ་མི་འདོན་ནོ། །དེ་བཞིན་དུ་རླུང་ཟའོ་ཞེས་བྱ་བ་ལ་ཡང་བརྗོད་པར་བྱའོ། །གཞན་དག་ན་རེ་བསྟན་པའི་ཉེས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། སྡུག་བསྔལ་ལ་ཆོས་
ཤེས་པའི་བཟོད་པ་དང་། དེ་དག་ལྷན་ཅིག་འབྱུང་བ་རྣམས་ཀྱིའོ་ཞེས་ཟེར་རོ། །སོ་སོའི་སྐྱེ་བོ་ཉིད་ནི་ཆོས་ཤེས་པའི་བཟོད་པའི་མ་རྙེད་པ་ཡིན་གྱི། དེ་ལས་གཞན་འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་ནི་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམས་མ་རྙེད་ཀྱང་། སྐད་
ཅིག་མ་དང་པོ་ལ་གནས་པ་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་མི་འགྱུར་རོ། །དེ་ལྟ་ན་འོ་ན་འབྲས་བུ་ཐོབ་པའི་དུས་ན་དེ་བཏང་བའི་ཕྱིར་འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དག་བཏང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལ་རྒྱུ་བཤད་པ་ནི། དེ་དག་གིས་མ་རྙེད་པ་གཏན་
དུ་བཅོམ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱིས་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཅེས་བྱ་བ་གཏན་དུ་བཅོམ་པའི་ཕྱིར་རོ། །འཕགས་པའི་ཆོས་རྣམས་ཀྱི་མ་ཐོབ་པ་དེ་ནི་དེའི་རྒྱུད་
ལ་ནམ་ཡང་འབྱུང་བར་མི་འགྱུར་རོ། །འདིར་ཡང་སྔར་བཤད་པའི་ཉེས་པར་ཐལ་བར་བྱ་བའི་ཕྱིར། འོ་ན་ནི་དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་འབྱུང་བ་དག་གོ། །རིགས་གསུམ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་ཡིན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དག་རེ་རེས་ཐམས་ཅད་རྙེད་པ་ཡང་མ་ཡིན་ལ། རིགས་གསུམ་པོ་ཐམས་ཅད་ཀྱིས་མ་རྙེད་པ་ཡང་ཉན་ཐོས་ལ་སོགས་པ་རྣམས་ལ་མཚུངས་ཏེ། དེའི་ཕྱིར་འདྲི་བ་ནི། གང་དག་གི་ཞེས་བྱ་བ་སྟེ། དེའི་
ཕྱིར་བཤད་པ། ཐམས་ཅད་ཀྱིས་མ་རྙེད་པ་ལས་སོ་སོའི་སྐྱེ་བོ་ཞེས་བྱའོ། །དེ་ལྟ་ན་ཉེས་པ་དེ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་ཀྱིས་མ་རྙེད་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ན་ནི་སངས་རྒྱས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རིགས་ཅན་དགེ་དང་མི་ལྡན་པའི་ཕྱིར་འཕགས་པ་མ་
เล่ม ๒๐๙ · หน้า 214b
ཡིན་པར་འགྱུར་རོ་ཞེས་སྔར་གང་གསུངས་པའོ། །ལན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བའི་ནི་དེ་ཉིད་རྙེད་པ་མེད་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནས། འོ་ན་ནི་ཁོ་ན་ཞེས་བྱ་བའི་སྒྲ་གདོན་དགོས་སོ། །གདོན་མི་དགོས་ཏེ། ཚིག་གཅིག་པུ་དག་ཀྱང་ངེས་པར་འཛིན་པ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་ནི་སྔར་
བཤད་པ་ལས་ཁྱད་པར་མེད་པའི་ཕྱིར་འབད་པ་དོན་མེད་པར་འགྱུར་ཏེ། སྔར་བཤད་པའི་ཉེས་པ་ཡོངས་སུ་སྤང་བའི་སྒོ་ནས་འདིར་ཉེ་བར་བཀོད་ན། ཉན་ཐོས་ལ་སོགས་པ་རྣམས་འཕགས་པ་མ་ཡིན་པ་ཉིད་ཀྱི་ཉེས་པ་ནི་འདི་ན་ཡང་སོ་ན་འདུག་པ་ཉིད་དོ། །གལ་ཏེ་འདིར་ཡང་མ་རྙེད་པ་མེད་
པ་ཞེས་བྱ་བའི་ལན་དེ་ཉིད་འདོད་ན་ནི་དེ་ལྟར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། དེ་དང་ལྷན་ཅིག་འབྱུང་བ་རྣམས་ཀྱིས་ཡིན་གྱི། གཞན་དག་གི་མ་ཡིན་ནོ་ཞེས་བྱ་བའི་འབད་པ་གང་ཡིན་པ་དོན་མེད་པར་འགྱུར་རོ། །འཕགས་པའི་ཆོས་རྣམས་མ་སྐྱེས་པའི་ཞེས་བྱ་བ་རྒྱས་
པར་འབྱུང་ངོ་། །རྒྱུད་ལ་འཕགས་པའི་ཆོས་གང་དག་མ་སྐྱེས་པ་སོ་སོའི་སྐྱེ་བོ་ཉིད་ཡིན་ཞེས་བྱ་བ་འདིར་ཡང་སྔ་མ་བཞིན་དུ་ཉན་ཐོས་ལ་སོགས་པ་རྣམས་འཕགས་པ་ཉིད་མ་ཡིན་པའམ་འབད་པ་དོན་མེད་པར་འགྱུར་རོ་ཞེ་ན། འདི་ལ་འབད་པ་དོན་མེད་པ་ཡོད་པ་མ་ཡིན་ཏེ་དོན་གཞན་
དང་ལྡན་པའི་ཕྱིར་རོ། །རྒྱུད་སྨོས་པས་ན་སོ་སོའི་སྐྱེ་བོ་ཉིད་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་གྱི། ཆོས་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་དེ་སྐད་སྨྲས་ཀྱི་ཉེས་པ་སྔ་མ་སྤང་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། མིག་ལ་སོགས་པའི་སྐད་ཅིག་མ་རེ་རེ་སོ་སོའི་སྐྱེ་བོ་
ཉིད་ཀྱི་རྒྱུད་དུ་གཏོགས་ཏེ། མདོ་བྱེད་པའི་ནི་མ་ཡིན་ནོ། །སྐད་ཅིག་མ་རེ་རེ་རྒྱུད་དུ་འགྱུར་བར་འོས་པ་མ་ཡིན་ནོ། །སྐད་ཅིག་མ་རྫས་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །དེས་ན་འོ་ན་མིག་ལ་སོགས་པའི་སྐད་ཅིག་སོ་སོའི་སྐྱེ་བོ་རྒྱུད་ཉིད་ཡིན་ནོ། །སྐད་ཅིག་མ་གང་ཉེ་བར་བཟུང་སྟེ་འདོགས་
པར་བྱེད་ཅེ་ན། དེ་རྣམས་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ་ཞེས་སྨྲའོ། །འདི་མིག་ལ་སོགས་པའི་སྐད་ཅིག་ལ་སོ་སོ་སྐྱེ་བོ་ཉིད་དུ་ལྷག་པར་བཏགས་པས་ན། དེས་ན་མདོ་དང་འགལ་ཡང་སླར་བཤད་པ་བརྗོད་པ་འདི་ནི་དད་པས་རྗེས་སུ་འབྲང་བའོ། །འཇུག་པ་ནི་ཡང་དག་པ་ཉིད་དུ་
เล่ม ๒๐๙ · หน้า 215a
ངེས་པ་ལ་འཇུག་པའོ། །སོ་སོ་སྐྱེ་བོའི་ས་ནི་འདིར་སོ་སོ་སྐྱེ་བོའི་གནས་སྐབས་ལ་མངོན་པར་འདོད་དོ། །དེ་ཡང་གང་གི་གནས་སྐབས་སུ་ཉོན་མོངས་པ་དང་ལས་དང་ཉོན་མོངས་འཇུག་པར་ངེས་པའོ། །དེ་ལྟ་ན་བརྗོད་པ་རྣམས་ཁོ་ན་སོ་སོ་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་ཏེ། ཉོན་མོངས་
པ་ལ་སོགས་པའི་འཇུག་པ་ངེས་པས་བཟོད་པ་ཐོབ་པའོ། །འདི་མདོ་སྡེ་པས་ཁས་ལེན་པར་བྱེད་དེ། འདི་གང་ན་མི་དེ་ཡིན་པས་དཔྱད་པར་བྱ་བ་ཡང་མ་ཡིན་ནོ། །ཡང་ན་སོ་སོའི་སྐྱེ་བོ་ཉིད་ནི་སོ་སོ་སྐྱེ་བོའི་ས་སྟེ། འཕགས་པའི་ཆོས་རྒྱུད་ལ་མ་སྐྱེས་པ་སྟེ་ཆོས་གཞན་ནི་མ་ཡིན་ནོ། །
འཕགས་པའི་ཆོས་སྐྱེས་པ་ནི་སླར་སོ་སོ་སྐྱེ་བོ་ཉིད་ཀྱིས་ཉེ་བར་ལེན་པ་མངོན་དུ་འགྱུར་བ་མེད་དེ་སོ་སོ་སྐྱེ་བོའི་ས་འཕོས་པ་ཞེས་བྱའོ། །དེ་ཐོབ་དང་ས་འཕོས་པས་ནི་རྣམ་ཉམས་འགྱུར་ཞེས་བྱ་བ་ལ། དེ་ཐོབ་པ་དང་ས་འཕོས་པ་ལས་རྣམ་པར་ཉམས་པར་འགྱུར་ཏེ། ས་འཕོས་པ་ནི་ཁམས་
དང་སར་སྐྱེས་པས་འཕོས་པའོ། །དེ་ལ་མ་ཐོབ་པ་ཆོས་གང་གི་ཡིན་པ་དེ་ནི་དེ་ཐོབ་པ་ལས་རྣམ་པར་ཉམས་པར་འགྱུར་ཏེ། རེ་ཞིག་ཇི་ལྟར་སོ་སོ་སྐྱེ་བོ་ཉིད་འཕགས་པའི་ལམ་གྱིས་མ་རྙེད་པ་ཡིན་པ་ལྟར། རྙེད་པས་ཁམས་གསུམ་པ་ཡང་རྣམ་པར་ཉམས་པར་འགྱུར་རོ། །ས་འཕོས་
པ་ལས་ཀྱང་ཡིན་ནོ། །ཅི་ཞེ་ན། སོ་སོ་སྐྱེ་བོ་ཉིད་རྣམ་པར་ཉམས་པར་འགྱུར་ཏེ། འདི་ལྟར་གང་གི་ཚེ་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དེའི་ཚེ། དེའི་འདོད་པར་གཏོགས་པའི་སོ་སོ་སྐྱེ་བོ་ཉིད་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ལས་སྤང་བར་འགྱུར་གྱི། རྣམ་
པར་ཉམས་པར་འགྱུར་བ་ནི་མ་ཡིན་ལ། གང་གི་ཚེ་བསམ་གཏན་དང་པོར་སྐྱེས་པས་ས་འཕོས་པ་དེའི་ཚེ་ནི་འདིའི་དེ་རྣམ་པར་ཉམས་པར་འགྱུར་གྱི་སྤངས་པ་མ་ཡིན་ཏེ་སྔར་སྤངས་ཟིན་པའི་ཕྱིར་རོ། །འཕགས་པར་འགྱུར་བ་ཡང་མ་ཡིན་ཏེ། བསམ་གཏན་དང་པོའི་ས་པའི་སོ་སོ་སྐྱེ་བོ་ཉིད་རྙེད་
པའི་ཕྱིར་རོ། །དེ་བཞིན་དུ་ས་དང་པོའི་ཁམས་གོང་མ་བཞིན་དུ་འཕོ་བ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །གཞན་དག་གིས་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ལ། ཇི་ལྟར་ལམ་ཐོབ་པས་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་འགྱུར་བ་དེ་བཞིན་དུ་གཞན་དག་གི་ཐོབ་པས་ཀྱང་དེ་དག་གི་
เล่ม ๒๐๙ · หน้า 215b
ཐོབ་པ་རྣམ་པར་ཉམས་པར་འགྱུར་རོ། །ཇི་ལྟར་ཞེ་ན། རེ་ཞིག་འདོད་པ་ན་སྤྱོད་པའི་ཐོབ་པ་དང་། བསམ་པ་ལས་བྱུང་བ་རྣམས་དང་གཟུགས་ན་སྤྱོད་པའི་ཐོབ་པ་དང་། བསྒོམ་པ་ལས་བྱུང་བ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པ་ལས་བྱུང་བ་རྣམས་ཀྱིས་མ་རྙེད་པ་ནི་དེ་དག་
ཐོབ་པས་རྣམ་པར་ཉམས་པར་འགྱུར་ལ། ཁམས་གོང་མ་པའི་ཕུང་པོ་འགྲོ་བས་བསྡུས་པ་རྣམས་ཀྱིས་མ་རྙེད་པ་ནི་ས་གོང་མར་སྐྱེ་བས་རྣམ་པར་ཉམས་པར་འགྱུར་རོ། །དེ་བཞིན་དུ་དགེ་བ་སྐྱེས་ནས་ཐོབ་པ་རྣམས་དང་ཅི་རིགས་པར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་དགྲ་བཅོམ་པ་
ཉིད་ཀྱི་བར་གྱི་ཟག་པ་མེད་པ་རྣམས་ཀྱི་མ་རྙེད་པ་ནི་དེ་དག་རྙེད་པས་རྣམ་པར་ཉམས་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་གྲོལ་བ་དུས་དང་སྦྱོར་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཉིད་མ་ཐོབ་པ་ཡང་དེ་ཐོབ་པས་རྣམ་པར་ཉམས་པར་འགྱུར་རོ། །རྣམ་པར་
ཉམས་པ་ཡང་མ་ཤེས་པས་དེའི་ཕྱིར་རྣམ་པར་ཉམས་པར་འགྱུར་ཞེས་བྱ་བ་ནི་ཞེས་བྱ་བ་སྨོས་སོ། །ཐུག་པ་མེད་པར་ཐལ་བར་དོགས་པས་འདྲི་བ་ནི། ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཞེས་བྱ་བ་ལ་སོགས་པའོ། །གཉི་གའི་ཡང་གཉི་ག་ཞེས་བྱ་བ་ལ། ཐོབ་པའི་མ་ཐོབ་པའི་
ཆོས་ནི་ཐོབ་པར་འདོད་པའི་ནུས་པ་སྟེ་དེ་མ་ཐོབ་པར་འགྱུར་བ་མེད་དོ། །མ་ཐོབ་པའི་མ་ཐོབ་པའི་ཆོས་ནི་དེའི་ཆོས་མ་ཐོབ་པར་མི་རིགས་པས་དེ་ལྟར་ན་ངེས་པར་མ་ཐོབ་པ་ཡང་མ་ཐོབ་པར་འགྱུར་བ་མེད་དོ། །དེ་ལྟར་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་
ཞེ་ན། ཐོབ་པ་ལ་ཡང་ཐོབ་པ་ཡོད་ཅིང་། དེ་ལ་གཞན་ཡོད་ལ། དེ་ལ་ཡང་གཞན་ཡོད་པས་དེ་ལྟར་ན་ཐུག་པ་མེད་དོ། །དེ་བཞིན་དུ་མ་ཐོབ་པ་ལ་ཡང་བརྗོད་པར་བྱའོ། །མ་ཐོབ་པ་ནི་མ་ཐོབ་པ་དང་ལྷན་ཅིག་སྐྱེ་བ་མེད་དོ། །འོ་ན་ཅི། ཐོབ་པ་ཁོ་ན་དེ་དང་ལྷན་ཅིག་སྐྱེའོ། །ཐོབ་པའི་ཐོབ་
པ་ཡང་ངོ་། །ཐོབ་པ་དང་མ་ཐོབ་པ་དག་ཅིག་ཅར་མི་སྲིད་དོ། །དགེ་བ་ཡང་རུང་ཉོན་མོངས་པ་ཅན་ཡང་རུང་ཞེས་བྱ་བས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། དེ་ནི་ཐོབ་པ་དང་ལྷན་ཅིག་སྐྱེས་པ་ཅན་ཡིན་པའི་ཕྱིར་སྐད་ཅིག་གཉིས་པ་ལ་ཐོབ་པ་མེད་
เล่ม ๒๐๙ · หน้า 216a
དོ། །སྐད་ཅིག་གཉིས་པ་ལ་ཐོབ་པ་གསུམ་རྣམས་སོ། །སྐད་ཅིག་མ་གཉིས་པ་ལ་སྐད་ཅིག་དང་པོར་སྐྱེས་པ་ཆེས་བདག་ཉིད་གཏོགས་པ་གསུམ་དང་ལྡན་པས་སྐད་ཅིག་མ་གཉིས་པ་ལ་ཐོབ་པ་གསུམ་འབྱུང་བར་འགྱུར་ལ། རྗེས་ཀྱི་ཐོབ་པ་ཡང་གསུམ་མོ། །སྐད་
ཅིག་མ་གསུམ་པ་ལ་ནི། སྐད་ཅིག་མ་དང་པོར་སྐྱེས་པ་བདག་ཉིད་གཏོགས་པ་གསུམ་གྱིས་གསུམ་དང་། སྐད་ཅིག་མ་གཉིས་པར་སྐྱེས་པའི་ཐོབ་པའི་རྫས་དྲུག་གིས་དྲུག་སྟེ། དེ་ལྟར་དགུར་འགྱུར་ལ། ཡང་དེ་དག་གིས་རྗེས་ཀྱི་ཐོབ་པ་དགུ་སྟེ། དེ་ལྟར་ན་བཅོ་བརྒྱད་དུ་འགྱུར་
རོ། །སྐད་ཅིག་མ་གོང་ནས་གོང་དུ་སྟེ་སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བའི་སྐད་ཅིག་མ་གོང་ནས་གོང་དུ་སྤེལ་བ་དེ་ཡིས་བསྐྱེད་ན་ཐལ་བར་འགྱུར་བའོ། །མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བར་བཅས་པ་ཞེས་བྱ་བ་ནི། མཚུངས་པར་ལྡན་པ་ནི་སེམས་དང་སེམས་ལས་
བྱུང་བའོ། །ལྷན་ཅིག་འབྱུང་བ་ནི་སྐྱེ་བ་ལ་སོགས་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པའོ། །ལུས་ཀྱི་སྐད་ཅིག་མ་རེ་རེ་ལ་རྫས་མཐའ་ཡས་པ་ཅན་ཏེ། ཐོབ་པ་རྣམས་མཐའ་ཡས་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི་ཆོས་ཀྱི་ཁམས་ཀྱིས་བསྡུས་པའི་ཕྱིར་
རོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཕན་ཚུན་སྒྲིབ་པར་འགྱུར་ནའོ། །སྐལ་མཉམ་སེམས་ཅན་འདྲ་བའོ་ཞེས་བྱ་བ་ནི་སྐལ་བ་མཉམ་པ་ནི་སྐལ་བ་འདྲ་བ་སྟེ། སྤྱོད་པ་དང་རང་བཞིན་མཚུངས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དངོས་པོ་ནི་སྐལ་བ་མཉམ་པ་ཉིད་དེ། མདོ་ལས།
ལྷ་རྣམས་ནི་ལྷར་སྐལ་བ་མཉམ་པ་ཉིད་དང་། མི་རྣམས་ནི་མིར་སྐལ་བ་མཉམ་པ་ཉིད་དོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ཅན་སྨོས་པ་ནི་སྐལ་བ་མཉམ་པ་ཉིད་ནི་སེམས་ཅན་དུ་བགྲངས་པ་ཁོ་ནའི་ཡིན་གྱི་སེམས་ཅན་དུ་མི་བགྲང་བ་རྣམས་ཀྱི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །
རྫས་སྨོས་པ་ན་བཏགས་པར་ཡོད་པ་དགག་པར་བྱ་བའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་འདྲ་བ་ཞེས་བྱ་བ་ནི་མཚུངས་པ་ཉིད་དེ། དེ་ནི་ཐ་དད་པ་རྣམས་ལ་སྣང་བ་དང་བརྗོད་པ་ཐ་དད་པའི་རྒྱུ་ཡིན་ནོ། །དེ་ནི་སེམས་ཅན་རེ་རེ་ལ་གཞན་དང་གཞན་ཡིན་གྱི། སྤྱི་ཆེན་པོ་ལྟར་སེམས་
เล่ม ๒๐๙ · หน้า 216b
ཅན་ཐམས་ཅད་ལ་ཁྱབ་པ་གཅིག་པུ་ནི་མ་ཡིན་ནོ། །དེ་ཡང་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་སྟེ་ཞེས་བྱ་བ་ལ། གང་ཞིག་ཐམས་ཅད་ལ་སེམས་ཅན་རེ་རེ་ཡོད་པ་དེ་ནི་རྫས་སུ་ཐ་དད་ཀྱང་རིགས་སུ་ཐ་མི་དད་པ་མ་ཡིན་པ་ཞེས་བྱའོ། །གང་ཞིག་ཐམས་ཅད་ལ་ཡོད་པ་མ་ཡིན་པ་དེ་ནི་ཐ་དད་
པའོ། །དེ་ཉིད་ཀྱི་ཕྱིར། ཐ་དད་པ་མ་ཡིན་སེམས་ཅན་ཐམས་ཅད་ཅེས་བྱ་བ་རྒྱས་པར་སྨོས་སོ། །ཐ་དད་པ་ནི་སེམས་ཅན་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །བྱེ་བྲག་གིས་སོ་སོར་ངེས་པའོ་ཞེས་བྱ་བ་ནི་ཁམས་ལ་སོགས་པ་རྣམས་རེ་རེ་དང་སྦྱར་བར་བྱ་སྟེ། གང་ལས་བློ་
འཇུག་པ་དང་འདོགས་པར་འགྱུར་བ་འདོད་པའི་ཁམས་སུ་སྐྱེ་བའོ། །གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའོ་ཞེས་བྱ་བ་འདི་ཡིན་ནོ། །སའི་བྱེ་བྲག་གིས་སོ་སོར་ངེས་པ་ནི་ལྷོ་ཕྱོགས་ཀྱི་རྒྱུད་པ་དང་། གཽ་ཌ་པ་དང་། ཤར་གྱི་ལུས་འཕགས་པོ་དང་། འཛམ་བུའི་གླིང་དང་། རྒྱལ་
ཆེན་བཞི་པ་དང་། བསམ་གཏན་དང་པོའི་ས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འགྲོ་བའི་བྱེ་བྲག་གིས་ངེས་པ་ནི་ལྷ་དང་མི་ཞེས་བྱ་བ་ལ་སོགས་པའོ། །སྐྱེ་གནས་བྱེ་བྲག་གིས་ནི་མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་ལ་སོགས་པའོ། །རིགས་ཀྱི་བྱེ་བྲག་གིས་ནི་རྒྱལ་རིགས་
དང་། བྲམ་ཟེའི་རིགས་ལ་སོགས་པའོ། །རྟགས་ཀྱི་བྱེ་བྲག་གིས་ནི་ཕོ་དང་མོ་ཞེས་བྱ་བ་ལ་སོགས་པའོ། །སྡོམ་པའི་བྱེ་བྲག་གིས་ནི་དགེ་བསྙེན་དང་། དགེ་སློང་ཞེས་བྱ་བའོ། །ལམ་གྱི་བྱེ་བྲག་གིས་ནི་སློབ་པ་དང་། མི་སློབ་པ་ཞེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དགེ་
བསྙེན་མ་དང་། དགེ་སློང་མ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །ཆོས་ཀྱི་སྐལ་བ་མཉམ་པ་ནི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཀྱི་སྒོ་ནས་སོ་ཞེས་བྱ་བ་ལ་སོ་སོར་ངེས་པའོ་ཞེས་བྱ་བར་སྦྱར་རོ། །ཕུང་པོ་ཕུང་པོ་ཞེས་བྱ་བ་ནི་
སྤྱིའི་སྒོ་ནས་ཕུང་པོའི་སྐལ་བ་མཉམ་པའོ། །གཟུགས་ཀྱི་ཕུང་པོ་ཚོར་བའི་ཕུང་པོ་ཞེས་བྱ་བ་ནི་བྱེ་བྲག་གི་སྒོ་ནས་སོ། །སྤྱི་དང་བྱེ་བྲག་གི་སྒོ་ནས་སྐྱེ་མཆེད་དང་། ཁམས་ཀྱི་སྐལ་བ་མཉམ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འབྲས་བུ་ལས་དེ་རྫས་སུ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར།
เล่ม ๒๐๙ · หน้า 217a
གལ་ཏེ་སྐལ་བ་མཉམ་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྫས་ཞེས་བྱ་བ་ནི་རྟོགས་པ་བསམ་པར་བྱ་བའི་ཕྱིར་ཏེ། བཏགས་པ་ལ་འབྲས་བུ་མེད་པའི་ཕྱིར་རོ། །ཁྱད་པར་མེད་པ་ཞེས་བྱ་བའི་འདྲ་བ་ཡིན་གྱི། སྤྱི་བཞིན་གཅིག་ཉིད་ནི་མ་ཡིན་ནོ། །ཕན་
ཚུན་ཁྱད་པར་ནི་ཁ་དོག་དང་དབྱིབས་དང་ང་རོ་དང་སྤྱོད་པ་ལ་སོགས་པ་དང་། ཁམས་དང་ས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པ་སྟེ་ཐ་མི་དད་པའི་དངོས་པོ་གཞན་ཞིག་མེད་ན་ཁྱད་པར་དེས་ཐ་དད་པ་སྟེ། ཕན་ཚུན་མི་འདྲ་བའི་སེམས་ཅན་དེ་དག་ཐམས་ཅད་ལ་བྱེ་བྲག་མེད་པར་སེམས་
ཅན་སེམས་ཅན་ཞེས་བྱ་བའི་བློ་འཇུག་པ་དང་འདོགས་པར་ཡང་འགྱུར་ཏེ། འདོགས་པ་ནི་མངོན་པར་བརྗོད་པའོ། །དེའི་ཕྱིར་སེམས་ཅན་ཕན་ཚུན་ཐ་དད་པ་དག་ལ་བློ་དང་སྒྲ་དང་འབྲས་བུ་ཉིད་ལས་དགེ་སྦྱོང་གི་ཚུལ་བཞིན་དུ་སྐལ་བ་མཉམ་པའི་རྫས་ཞིག་ཡོད་དོ་ཞེས་བྱ་བར་
ངེས་སོ། །དེ་བཞིན་དུ་ཕན་ཚུན་ཁྱད་པར་ཐ་དད་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་ཡང་གལ་ཏེ་ཕུང་པོའི་སྐལ་བ་མཉམ་པའི་རྫས་ཁྱད་པར་མེད་པ་ཞིག་མེད་ན་ཕུང་པོ་ཕུང་པོ་ཞེས་བློ་ཐ་མི་དད་པ་འཇུག་པ་དང་འདོགས་པར་ཡང་མི་འགྱུར་རོ། །སྐྱེ་མཆེད་དང་།
ཁམས་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །འཆི་བར་འགྱུར་ཞིང་སྐྱེ་བར་ཡང་འགྱུར་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། འདིར་སེམས་ཅན་སྐལ་བ་མཉམ་པ་ནི་མི་ལ་སོགས་པ་ལ་མངོན་པར་འདོད་ཀྱི་སེམས་ཅན་ཙམ་ལ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་མུ་གསུམ་པ་འགལ་
བར་འགྱུར་ཏེ། གང་གིར་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ན་སེམས་ཅན་གྱི་སྐལ་བ་མཉམ་པ་འདོར་བར་འགྱུར་གྱི་གཞན་གྱི་ཚེ་ལ་ཡིན་ནོ། །གལ་ཏེ་དེ་ཉིད་དུ་སྐྱེ་བ་ན་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་བར་ཡང་མི་འགྱུར་ཐོབ་པར་ཡང་མི་འགྱུར་ལ། འོ་ན་ཇི་ལྟར་འཆི་
འཕོ་བ་དང་སྐྱེ་བར་ཡང་བརྗོད་ཅེ་ན། ཚེ་ཟད་པའི་ཕྱིར་འཆི་འཕོ་ཞིང་། དེ་ཉིད་དུ་སྐྱེ་བའི་ཕྱིར་སྐྱེ་བས་ན་འདི་ལ་སྐྱོན་མེད་དོ། །སློབ་དཔོན་འདུས་བཟང་ན་རེ། སྐལ་བ་མཉམ་པ་ཞེས་བྱ་བ་ནི་སེམས་ཅན་འགྲོ་བ་གཅིག་ཏུ་སྐྱེས་པ་རྣམས་ཀྱི་ལུས་དང་དབང་པོ་དང་དབྱིབས་དང་སྤྱོད་
เล่ม ๒๐๙ · หน้า 217b
པ་དང་ཟས་ལ་སོགས་པའི་རྒྱུར་གྱུར་ཅིང་ཕན་ཚུན་དགའ་བར་འབྲེལ་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟ་ན་འོ་ན་ལས་རྣམས་འབྲས་བུ་མེད་པ་ཉིད་དུ་ཐལ་བས་རིགས་མཐུན་པའི་ཚོགས་ཀྱི་ལུས་ཀྱི་དབང་པོ་ལ་སོགས་པ་སྐལ་བ་མཉམ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་
ཏེ། ཁ་དོག་དང་བའི་ལས་རྣམ་པར་སྨིན་པའི་འབྱུང་བ་རྣམས་ཀྱི་རྒྱུའི་དངོས་པོ་ལས་རིས་མཐུན་པའི་རྒྱུ་ཅན་ཉིད་ཀྱིས་ལུས་ལ་སོགས་པ་ནི་སྐལ་བ་མཉམ་པའོ། །འདི་ཡང་ཇི་ལྟར་རྟོགས་པར་བྱ་ཞེ་ན་རུས་མཐུན་པའི་རྒྱུ་ཡང་འདིར་ལས་ཁོ་ན་ཡང་མ་ཡིན་ཏེ་འདི་ལ་ཡང་དཔེ་གཅིག་མ་ཡིན་
ཏེ་རིས་མཐུན་པའི་རྒྱུ་མ་ཡིན་པ་ཉིད་དང་རྒྱུར་གྱུར་པ་ཉིད་ཀྱི་ལས་འཕེན་པ་མཚུངས་པའི་འབྲས་བུ་རྣམས་ལ་ཡང་སྐྱེ་བ་དང་སྤྱོད་པ་དང་ཟས་ལ་སོགས་པ་ཐ་དད་པ་མཐོང་བས་དེ་ལས་ཀྱི་འབྲས་བུ་ཁོ་ནའོ་ཞེས་ཤེས་པར་བྱ་བ་མིན་ནོ། །དེ་ལྟ་ན་འོ་ན་རིས་མཐུན་པའི་འབྲས་བུ་ཡང་དེར་
ཁས་བླང་བར་མི་བྱ་སྟེ། རུས་མཐུན་པ་དེ་རྣམས་ལ་དབྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཕེན་པ་དང་རྫོགས་པར་བྱེད་པའི་ལས་འདྲ་བ་དང་སྔོན་གོམས་པའི་ཁྱད་པར་དང་ལེགས་པ་དང་ལེགས་པ་མ་ཡིན་པ་ཕྲད་པ་ལས་ཉེས་པའི་གནས་སྐབས་ཀྱི་ཁྱད་པར་ལས་ཇི་ལྟར་རིགས་
པར་ལུས་དང་དབང་པོ་ལ་སོགས་པའི་སྐལ་བ་མཉམ་པ་དང་རིས་མཐུན་པའོ་ཞེས་སོ། །སོ་སོ་སྐྱེ་བོ་ཉིད་ལས་ནི་དེར་སོ་སོ་སྐྱེ་བོ་ཞེས་བྱ་བའི་བློ་དང་སྒྲ་དག་ཏུ་འགྱུར་ན་དེ་དག་ནི་སོ་སོ་སྐྱེ་བོའི་སྐལ་བ་མཉམ་པ་ཉིད་ཀྱི་རྒྱུ་ཡིན་པས། སོ་སོ་སྐྱེ་བོ་ཉིད་ཀྱིས་ཅི་ཞིག་བྱ་སྟེ། དཔེར་
ན་མིའི་སྐལ་བ་མཉམ་པ་ཉིད་ནི་མི་ཉིད་ལས་གཞན་མ་ཡིན་པར་བརྟག་པ་བཞིན་ནོ། །སློབ་དཔོན་འདུས་བཟང་ན་རེ་སོ་སོ་སྐྱེ་བོ་ཉིད་ནི་སོ་སོའི་སྐལ་བ་མཉམ་པ་ཉིད་དེ་བྱ་བ་ནི་མ་ཡིན་ནོ། །རྒྱུ་ཅིས་ཞེ་ན། དགོས་པ་ཐ་དད་པ་ལས་སྤྱོད་པ་དང་། བསམ་པ་འདྲ་བའི་རྒྱུ་ཅན་ནི་སྐལ་བ་
མཉམ་པ་ཉིད་དོ་ཞེས་སོ། །འཕགས་པའི་ལམ་ལྡན་པ་ལ་ནི་འགལ་ཏེ། སོ་སོ་སྐྱེ་བོའི་རྒྱུ་མཚན་སོ་སོ་སྐྱེ་བོ་ཉིད་ཀྱི་ངེས་པ་འཕོས་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་ཉིད་རྣམ་པར་ཉམས་པ་ཐོབ་པ་སྟེ། སྤྱོད་པ་དང་བསམ་པ་ལ་སོགས་པ་རྣམས་དང་འདོད་པ་ལས་སྐལ་བ་མཉམ་
เล่ม ๒๐๙ · หน้า 218a
པ་ཉིད་དུ་འཐད་པ་སྐལ་བ་མཉམ་པའི་རྒྱུ་མི་སྐྱེ་བའོ། །རྒྱུ་ཡོད་པ་ཉིད་ལ་འབྲས་བུ་མེད་པ་མ་ཡིན་ཞིང་དེ་ལས་བཟློག་པས་འབྲས་བུ་སྐྱེས་པ་མི་རིགས་སོ། །གང་བཤད་པ་སོ་སོ་སྐྱེ་བོ་ཉིད་ནི་སོ་སོ་སྐྱེ་བོ་ཞེས་པའི་རྒྱུ་མཚན་སྐལ་བ་མཉམ་པ་ཉིད་དོ་ཞེས་འདོད་
པ་དང་ཐོབ་པ་འདི་ནི་མི་རིགས་ཏེ་མ་འབྲེལ་བའི་ཕྱིར་རོ། །འཇིག་རྟེན་གྱིས་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གཟུགས་ཅན་ཁོ་ན་སྣང་བར་འགྱུར་ན། སྐལ་བ་མཉམ་པ་ཉིད་ནི་གཟུགས་ཅན་མ་ཡིན་པས་དབང་པོ་མ་ཉམས་པ་རྣམས་ཀྱིས་ཀྱང་འདི་བལྟ་བར་མ་ནུས་སོ། །མི་སྣང་
ཡང་ཚོར་བ་ལ་སོགས་པ་ལྟར་ཤེས་རབ་ཡོངས་སུ་གཅོད་དོ་ཞེས་བྱ་བ་འདི་བསལ་བར་བྱ་བའི་ཕྱིར། འདི་ནི་ཤེས་རབ་ཀྱིས་ཡོངས་སུ་མ་ཆོད་མོད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་རྣམ་པར་ཤེས་པས་ཡོངས་སུ་ཆོད་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རུས་མཐུན་པ་
མངོན་སུམ་དང་རྗེས་རྟོགས་པའི་ཡུལ་མ་ཡིན་པ་ཉིད་དུ་ཡང་བསྟན་པར་འགྱུར་ཞིང་སེམས་ཅན་རྣམས་ཀྱི་རིས་ཐ་མི་དད་པ་ཡང་རྟོགས་པར་འགྱུར་ཏེ། སེམས་ཅན་སེམས་ཅན་ཞེས་ཐ་སྙད་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། བློ་ཐ་དད་པའི་རྒྱུ་མ་བཟུང་བར་ནི་ཕན་ཚུན་ཐ་དད་པའི་
སེམས་ཅན་རྣམས་ལ་བློ་དང་སྒྲ་ཐ་མི་དད་པ་འཇུག་པ་མི་རིགས་སོ། །དེའི་ཕྱིར་འོ་ན་རིས་མཐུན་པ་རྣམས་ལ་བློ་ཐ་དད་པ་མེད་པས་སོ། །ཡོད་དུ་ཆུག་ན་ཡང་ཞེས་བྱ་བ་ནི། ཁས་བླངས་པ་ན་ཡང་རིས་མཐུན་པ་མ་བཟུང་བའི་ཕྱིར་དེ་སེམས་ཅན་མ་ཡིན་པ་རྣམས་ལ་བློ་དང་སྒྲ་
ཐ་མི་དད་པར་འཇུག་པའི་བྱ་བ་ཡོད་ཞེས་སྟོན་པར་བྱེད་དོ། །སློབ་དཔོན་འདུས་བཟང་ན་རེ། རིགས་ཐ་མི་དད་པར་རྟོགས་པས་གཟུགས་ཅན་གྱི་སྐལ་བ་མཉམ་པ་ཉིད་དང་དེའི་བྱ་བ་སྒྲུབ་པ་ལས་བྱཱ་བྲྀ་ཡ་ཏེ། རིགས་གཞན་དུ་གྱུར་པའི་ལས་ལ་འཇུག་པ་དེ་འབྲས་བུ་སྒྲུབ་པ་བཞིན་
ནོ་ཞེས་ཟེར་རོ། །འདི་ཡོད་པའི་འབྲས་བུ་རབ་ཏུ་གྲུབ་པ་མུ་བྷཱ་བྲ་ཏྱ་བསྠཱ་ནཾ། བདེན་པ་ཐ་དད་པའི་སྒྲུབ་པ་ཡང་འབྲས་བུ་ཁོ་ན་ལས་ཡིན་གྱི། རིས་མཐུན་པ་ལས་མ་ཡིན་པའི་ཕྱིར་དེ་ལྟར་ཐལ་བར་འགྱུར་བའོ་ཞེས་ཟེར་རོ། །སེམས་ཅན་མ་ཡིན་པ་སྐལ་བ་མཉམ་པ་ཉིད་ཀྱང་ཅིའི་ཕྱིར་
เล่ม ๒๐๙ · หน้า 218b
མི་འདོད་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གལ་ཏེ་ཕན་ཚུན་ཐ་དད་པའི་སེམས་ཅན་རྣམས་ལ་སྐལ་བ་མཉམ་པའི་རྒྱུ་མཚན་བློ་དང་འདོགས་པ་ཐ་མི་དད་པ་ཉིད་ཡིན་ན་སེམས་ཅན་དུ་བགྲང་བ་མ་ཡིན་པ་སཱ་ལི་ལ་སོགས་པ་རྣམས་ལ་ཡང་སྐལ་བ་མཉམ་པ་ཡོད་པར་ཁས་བླང་
དགོས་ཏེ། དེ་དག་ཀྱང་ཞེས་བྱ་བ་ཕན་ཚུན་ཁྱད་པར་དུ་གྱུར་པ་དེ་རྣམས་ལ་སཱ་ལིའོ་སྙམ་པ་ལ་སོགས་པའི་བློ་དང་འདོགས་པ་ཐ་མི་དད་པར་འཇུག་གོ། །འོན་ཏེ་བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་ཁས་མི་ལན་ནོ་སྙམ་ན། འོ་ན་སེམས་ཅན་རྣམས་ལ་སྐལ་བ་མཉམ་པ་
ཉིད་ཀྱི་བློ་དང་འདོགས་པ་ཐ་མི་དད་པ་ཡང་བསམས་ཏེ་བརྗོད་པར་བྱའོ། །ཕན་ཚུན་ཐ་དད་པ་རྣམས་ཞེས་བྱ་བ་ལ། སེམས་ཅན་རིགས་གཅིག་པ་རྟེན་གྱི་དབྱེ་བས་ཕན་ཚུན་ཐ་དད་པ་རྣམས་ལ་རིགས་ཀྱི་དབྱེ་བ་དང་རྟེན་གྱི་དབྱེ་བས་ཀྱང་ཕན་ཚུན་ཐ་དད་པར་གདགས་པར་བྱའོ་
ཞེས་བྱ་བ་ནི་བློའི་ཡུལ་མ་ཡིན་པའི་ཕྱིར་བཏགས་པ་ཙམ་ཉེ་བར་བཀོད་དོ། །སློབ་དཔོན་འདུས་བཟང་ན་རེ། ཁྱེད་ཅག་གིས་ཀྱང་འགྲོ་བ་དག་དང་སྐྱེ་གནས་ཁས་བླངས་པས་བདེ་འགྲོའི་རྩ་བ་དང་གང་ཟག་དག་ཀྱང་ཅི་སྟེ་ཁས་མི་ལེན། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་
ཕྱིར་མ་ཡིན་ན། སེམས་ཅན་མ་ཡིན་པ་སྐལ་བ་མཉམ་པ་ཡང་ཁས་མི་ལེན་ཏེ། བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །རྩྭ་ལ་སོགས་པ་རྣམས་ཇི་ལྟར་རྫས་གཞན་ཞེས་བྱ་བ་འདི་དཔྱད་པར་ནུས་ཏེ། སྤྱོད་པ་དང་བསམ་པ་མཚུངས་པ་ལ་སོགས་
པ་མི་འཐད་པའི་ཕྱིར་རྩྭ་ལ་སོགས་པ་ལ་སྐལ་བ་མཉམ་པ་མི་བཤད་དོ། །རྩྭ་ལ་སོགས་པ་བསྐྱེད་པ་སེམས་ཅན་ལ་བལྟོས་པ་ཉིད་ཀྱིས་སེམས་ཅན་གྱི་སྐལ་བ་མཉམ་པ་ཁོ་ན་བརྗོད་དོ། །སྔོན་གྱི་ལས་དང་ད་ལྟར་གྱི་རྩོལ་བས་གྲུབ་པ་འདི་གཉིས་ཀ་ཡང་རྩྭ་ལ་སོགས་པ་རྣམས་
ལ་མི་འཇུག་གོ། །འདི་ཉིད་རྫས་སུ་ཡོད་པ་ཉིད་ཀྱི་ཤེས་བྱེད་ནི། ཤིང་དང་གླེགས་བམ་དང་རི་མོ་དང་སྒྱུ་མ་ལ་སོགས་པ་ལ་ཡང་ཁ་དོག་དང་དབྱིབས་ཐུན་མོང་དུ་ཡོད་པའོ། །འགའ་ཞིག་བཏགས་པ་ལས་ཏེ་འདྲ་བའི་ཁྱད་པར་ལས་དེར་བཏགས་པར་མཐོང་གི་འདྲ་བ་
เล่ม ๒๐๙ · หน้า 219a
ཙམ་ལས་དེ་རྟོགས་པ་མ་ཡིན་ནོ། །འགའ་ཞིག་ཁྱད་པར་གྱི་ཆོས་མཐའ་དག་ཡོད་པ་གང་ལ་བལྟོས་ནས་འགའ་ཞིག་ཁོ་ནས་དེ་བཏགས་པས་འདི་ཐམས་ཅད་བླ་ན་མེད་པ་སྟེ་རང་གི་ལས་ཀྱི་ཁྱད་པར་ལ་བལྟོས་པས་སོ། །འགྲོ་བ་དང་སྐྱེ་གནས་དག་ཀྱང་
ཞེས་བྱ་བ་ནི་རྩྭ་ལ་སོགས་པ་རྣམས་ལ་སྤྱོད་པ་དང་བསམ་པ་ལ་སོགས་པ་མེད་པས་རིས་མཐུན་པ་མི་འདོད་དེ། སེམས་ཅན་ལ་བལྟོས་པའི་སྐྱེ་བ་ཉིད་སྔོན་གྱི་ལས་དང་ད་ལྟར་བྱུང་བའི་འབྲས་བུའོ་ཞེས་སྔར་བཤད་པ་ཉིད་དོ། །འདིར་རྒྱུ་འགའ་ཞིག་བརྗོད་ཀྱི་ཚིག་ཙམ་གྱིས་སྒྲུབ་
པར་ནུས་པ་མ་ཡིན་ནོ། །འདྲ་བའི་ཁྱད་པར་ལ་དེ་ཉེ་བར་བཏགས་ཞེས་གང་བཤད་པ། དེ་ལྟར་འདྲ་བ་དང་མི་འདྲ་བ་དོན་གཞན་སཱ་ལི་ལ་སོགས་པ་རྣམས་ཉིད་ལའོ་ཞེས་སོ། །དེ་ལྟ་ན་ནི་བྱེ་བྲག་པ་རྣམས་ཀྱི་གསལ་བར་བྱས་པ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། སློབ་དཔོན་
འདུས་བཟང་ན་རེ། གལ་ཏེ་དེ་ལྟར་གཅིག་དང་དུ་མའི་སྐད་ཅིག་མ་ལ་མི་བརྟེན་པ་ཕན་ཚུན་ཐ་དད་པ་ནི་ཉེས་པ་ཆུང་ངོ་ཞེས་ཟེར་རོ། །བྱེ་བྲག་པ་རྣམས་ཀྱི་སྤྱིའི་ཚིག་གི་དོན་ཐ་དད་པ་དག་ལ་རྟོགས་པ་ཐ་མི་དད་པའི་རྒྱུ་མཚན་གཞན་ལ་བཏགས་པས་ན་བསལ་བར་བྱས་པ་ཡིན་ཏེ་ཞེས་བརྗོད་
དོ། །རྒྱུ་མཚན་གཞན་པ་དེ་ནི་ཡོད་པ་ཡང་མ་ཡིན་ཏེ། འདྲ་བ་རྗེས་སུ་གཟུང་བའི་ཕྱིར་དང་འདྲ་བར་རྟོགས་པ་ལ་འདྲ་བའི་བློ་མེད་པས་ཅུང་ཟད་ཀྱང་འདྲ་བ་མེད་དེ། དེ་ལྟར་རྣམ་པ་དེ་ལྟ་བུ་དང་དེ་ཡང་དེ་བཞིན་དུ་གྱུར་པ་མེད་དོ། །གང་དག་མི་ལ་སོགས་པར་འདོགས་པའི་རྒྱུར་གྱུར་
པ་ཡིན་ལ་སོགས་པ་དབྱིབས་ལོག་པའི་རྣམ་པའི་དབྱེ་བས་ཐ་དད་པ་རྣམས་ནི་སྐལ་བ་མཉམ་པ་ཉིད་དེ་སཱ་ལི་ལ་སོགས་པའི་སྐལ་བ་མཉམ་པ་དང་འདྲའོ། །འདུ་ཤེས་མེད་པ་ལ་འདུ་ཤེས་མེད་པར་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམ་པར་
གཅད་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་ཞེས་བྱ་བ་ལ། གང་ལས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་རྫས་འདིས་སེམས་དང་སེམས་ལས་
เล่ม ๒๐๙ · หน้า 219b
བྱུང་བ་རྣམས་འགོག་པས་ན་འགོག་པ་སྟེ། དེ་ཉིད་ཀྱི་ཕྱིར་གང་གིས་མ་འོངས་པའི་དུས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཡང་གཅིག་ཏུ་རྣམ་སྨིན་གཅིག་ཏུ་ཞེས་སྨོས་པ་ནི་རྒྱས་པ་ལས་བྱུང་བ་དང་རྒྱུ་མཐུན་པ་ལས་བྱུང་
བ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །འདུ་ཤེས་མེད་པ་པ་དང་། གཟུགས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་རྣམ་པར་སྨིན་པར་འགྱུར་རོ། །རིས་མཐུན་པ་ནི་འཕེན་པར་མི་ནུས་པའི་ཕྱིར་རོ། །སྲོག་གི་དབང་པོ་དང་རིས་མཐུན་པ་ནི་སེམས་དང་བཅས་
པའི་བསམ་གཏན་བཞི་པའི་རྣམ་པར་སྨིན་པ་ཡིན་ལ། ས་དེ་པའི་ཕུང་པོ་ལྷག་མ་རྣམས་གཉི་གའི་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་གང་དག་ཕྱོགས་གཅིག་ཏུ་གྱུར་པ་ན་ཚངས་པ་ཆེན་པོ་ཁ་ཅིག་འཁོད་པའི་ལྷ་དེ་དག་ནི་ཚངས་པའི་
མདུན་ན་འདོན་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་འབྲས་བུ་ཆེ་བ་དག་གི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་སེམས་ཅན་རྣམས་འཁོད་དོ། །གནས་དེ་ནི་ཆེས་མཆོག་ཏུ་གྱུར་པ་ཞིག་གོ། །དེ་རྣམས་ལས་གང་གི་དེ་རིས་མཐུན་པར་འཕངས་པ་དང་། སེམས་གང་གིས་
མཚམས་སྦྱར་བ་དང་། སེམས་གང་ཞིག་གི་མཇུག་ཐོགས་སུ་འདུ་ཤེས་མེད་པ་པར་འཇུག་པ། ལས་དང་། སྐྱེ་བ་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་ཟས་དང་ལྡན་པ་རྣམས་ཏེ། དེས་ན་དེ་དག་ནི་རེག་པ་ལ་སོགས་པ་དག་གིས་ཟས་དང་བཅས་པ་ཡིན་ནོ། །སྙོམས་
པར་ཞུགས་པ་རྣམས་ལ་ནི་སྔར་ཟས་ཟོས་པ་ལས་རེག་པ་ལ་སོགས་པ་དག་གིས་ཟས་ཀྱི་བྱ་བ་བྱེད་ཀྱི་དུས་ད་ལྟར་ཉ་(ཉེ་)བར་སྟོན་པ་ལས་ནི་མ་ཡིན་ནོ། །སེམས་དང་བཅས་པ་རྣམས་ལ་ནི་གཉིས་ཀ་ལྟར་ཡང་ཡིན་ནོ། །ཅི་དེ་དག་ནམ་ཡང་འདུ་ཤེས་ཅན་དུ་མི་འགྱུར་རམ་ཞེས་བྱ་བ་
རྒྱས་པར་འབྱུང་བ་ལ། སེམས་མེད་པའི་གནས་སྐབས་ཕལ་ཆེ་བའི་ཕྱིར། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཞེས་བརྗོད་དེ། མདོ་ལས་སེམས་ཅན་དེ་དག་ནི་འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དུས་རིང་མོ་ཞིག་
เล่ม ๒๐๙ · หน้า 220a
ཏུ་ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ཏུ་མ་ཡིན་ནོ། །སྐྱེ་བའི་དུས་དང་འཆི་འཕོ་བའི་དུས་ན་འདུ་ཤེས་ཅན་དུ་འགྱུར། ཤི་འཕོ་ནས་ཀྱང་འདོད་པའི་ཁམས་ཁོ་ནར་སྐྱེ་བར་འགྱུར་རོ། །སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་
ཞེས་བྱ་བ་ལ། དེའི་སྙོམས་པར་འཇུག་པའི་སེམས་ཀྱིས་འཕངས་པའི་ཚེ་ཡོངས་སུ་ཟད་པའི་ཕྱིར་དང་ཞེས་བྱ་བ་ལ། དེའི་སྙོམས་པར་འཇུག་པའི་སེམས་ཀྱིས་འཕངས་པའི་ཚེ་ཡོངས་སུ་ཟད་པའི་ཕྱིར་དང་ཞེས་བྱ་བའི་དོན་ནོ། །སྔོན་མེད་པ་མ་བསགས་པའི་ཕྱིར་ཞེས་བྱ་
བ་འབྱུང་སྟེ། སེམས་དང་སེམས་ལས་བྱུང་བ་མེད་པར་ནི་ལས་དག་ཉེ་བར་སོག་པ་མ་ཡིན་ཏེ། སེམས་པ་དང་བསམ་པའི་ལས་ཞེས་འབྱུང་བའི་ཕྱིར་རོ། །འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར། གང་ཞིག་དེ་སྐྱེ་བར་
འགྱུར་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ལྷར་སྐྱེ་བའི་ལས་དེ་བཞིན་དུ་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་འདོད་པའི་ཁམས་མྱོང་བར་འགྱུར་བའི་ལས་ངེས་པ་ཡིན་པའི་ཕྱིར་རོ། །ཡང་སྙོམས་འཇུག་དག་ཅེས་གང་བཤད་པ་ཞེས་
བྱ་བ་ལ། གང་ལས་བཤད་ཅེ་ན། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་པའི་སྙོམས་འཇུག་དག །ཅེས་བསྟན་པའི་མདོ་ལས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་འདུ་ཤེས་མེད་པའི་རྒྱུ་ཡིན་པར་སྔར་བསྟན་པས་འདྲི་བ་ནི། འདུ་ཤེས་
མེད་པའི་སྙོམས་པར་འཇུག་པ་འདི་ཅི་ཞེ་ན་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བའི་སྒྲ་ནི་བལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་བཤད་པ་ཡིན་པའི་ཕྱིར་བཤད་ལ། ཇི་ལྟར་གང་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ལ་འདུ་ཤེས་མེད་པ་པ་ཞེས་བཤད་
པ། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་མེད་པ་རྣམས་ཀྱི་སྙོམས་པར་འཇུག་པ་ནི་འདུ་ཤེས་པའི་སྙོམས་པར་འཇུག་པ་སྟེ། གང་དག་དེར་སྙོམས་པར་འཇུག་པའོ། །འདུ་ཤེས་མེད་པ་ཅན་ཡིན་པས་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་དང་སྦྱར་ཏེ། འདི་ལ་
เล่ม ๒๐๙ · หน้า 220b
འདུ་ཤེས་ཡོད་པ་མ་ཡིན་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །ཡང་དག་པ་དང་ཏེ་པོར་སྙོམས་པར་ཞུགས་པས་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། རིགས་ཡང་དག་པར་སྒྲུབ་པ་ནི་སྙོམས་པར་འཇུག་པའོ། །གཞན་དག་ན་རེ་སེམས་དང་
འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབ་པས་ན་སྙོམས་པར་འཇུག་པའོ་ཞེས་ཟེར་རོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགོག་པ་ལ་ཡང་ས་ཛྙཱ་དྭེ་ཥ་ཎ་(འདུ་ཤེས་མ་སྟོང་པས།) དེ་བསྐྱེད་པའི་ཕྱིར་འདུ་ཤེས་ཅན་གྱི་སྙོམས་པར་འཇུག་པ་ཞེས་བྱའོ། །ན་ཧི་ནཱོ་རླ་བེ་ནཱ་དྲེ་ཥཱི་ཏངྒརྤ་དེ་བས་མཱ་པིཏྟ་པྲ་བེ་ཤཱཏ་(མེད་མིན་འཕགས་པ་ཚོར་བ་སྟོང་པ་ངས་སྙོམས་ལྔ་སྙོམས་པ་འཇུག་པ་ལ་ཞུགས་པས་སོ། །)
དེ་བཞིན་ཞེས་བྱ་བའི་སྒྲས་ནི་དེ་ཙམ་ཞིག་མཐུན་པར་འདྲེན་ཏོ་ཞེས་བྱ་བ་ནི་དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྤྱིར་མ་ཞིག་ཁོ་ན་མཐུན་པར་འདྲེན་གྱི། ཁྱད་པར་ནི་མ་ཡིན་ནོ་ཞེས་སྟོན་
པར་བྱེད་པའོ། །གཉི་ག་ཡང་མ་འོངས་པའི་སེམས་དང་སེམས་ལས་བྱུང་བའི་གེགས་ཀྱི་བདག་ཉིད་དུ་མཚུངས་ཏེ། དེ་ཉིད་ཀྱི་ཕྱིར་དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འགོག་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །བསམ་གཏན་ཐ་མར་ཞེས་བྱ་བ་བརྗོད་པར་བྱ་སྟེ། རྒྱུ་ཅིས་འདུ་
ཤེས་མེད་པ་པ་འབྲས་བུ་ཆེ་བ་རྣམས་སུ་རྣམ་པར་སྨིན་པ་ཞེས་བཤད། འབྲས་བུ་ཆེ་བ་ནི་བསམ་གཏན་བཞི་པར་འཆད་པར་འགྱུར་རོ། །དེ་རྒྱུ་ཅིས་གཞན་གྱིས་པར་འགྱུར་ཞེ་ན་མ་བཤད་པའི་ཕྱིར་སྐྱོན་མེད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་འདུ་ཤེས་མེད་པ་
པའི་རྒྱུར་འགའ་ཞིག་གིས་བཤད་པ་དེ་ནི་མ་ཡིན་ནོ། །འདི་རྣམ་པར་སྨིན་པ་ཞེས་མདོ་ལས་བཤད་པ་མ་ཡིན་ནམ་ཞེ་ན། འགའ་ཞིག་ནི་བསྟན་བཅོས་སུ་ཡང་མ་ཡིན་ཏེ། འདིར་མདོར་བྱས་པ་ཉིད་ཀྱིས་དེ་གྲུབ་པའོ། །བསམ་གཏན་བཞི་པ་སྨོས་པ་ནི་དེ་ལས་གཞན་པའི་བསམ་
གཏན་དང་གཟུགས་མེད་པའི་ས་པ་ཉིད་བསལ་བར་བྱ་བའི་ཕྱིར་རོ། །སོ་སོ་སྐྱེ་བོ་རྣམས་ནི་ཚོར་བ་ལ་ཆགས་པས་བསམ་གཏན་དང་གཟུགས་མེད་པ་དག་ལ་སྙོམས་པར་འཇུག་ན། དེ་ན་ནི་ཚོར་བ་ཡོད་པ་མ་ཡིན་པས་དེའི་ཕྱིར་འདྲི་བ་ནི། ཅིའི་ཕྱིར། འདི་ལ་སྙོམས་པར་འཇུག་ཅེ་
เล่ม ๒๐๙ · หน้า 221a
ན་ཞེས་བྱ་བའོ། །འབྱུང་འདོད་པས་ཞེས་བྱ་བ་ལ། དེ་དག་ནི་སྙོམས་པར་འཇུག་པ་ལམ་དུ་འདུ་ཤེས་ཤིང་། འདུ་ཤེས་མེད་པ་ལ་ཐར་པར་འདུ་ཤེས་པ་ཡིན་ནོ། །འདི་ནི་དགེ་བ་སྟེ། འདི་ནི་རྣམ་པར་སྨིན་པའི་རྒྱུ་ཉིད་ཀྱི་ཕྱིར་དགེ་བ་ཉིད་དུ་མ་བཤད་ཀྱང་
གྲུབ་པོ། །དེའི་རྣམ་པར་སྨིན་པ་ནི་འདུ་ཤེས་མེད་པའི་སེམས་ཅན་གྱི་ནང་དུ་ཕུང་པོ་ལྔའོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། འདི་ལས་བཟློག་པ་ངེས་པར་གཟུང་བ་དེའི་ཚེ་བརྗོད་པར་བྱའོ། །མེད་པར་ཡང་རྟོགས་པར་བྱ་སྟེ་ཞེས་བྱ་བ་འདི་སོ་
སོའི་སྐྱེ་བོར་བཤད་དོ། །ཨ་རམྠ་ཏ། (བརྩམ་པའི་ཕྱིར་རོ། །)སྐྱེས་ནས་མྱོང་འགྱུར་ཉིད་ཅེས་བྱ་བ་ལ། དེ་ཐོབ་པ་ཡོངས་སུ་ཉམས་པ་ན་བདག་ཉིད་ཐར་པ་ལས་ཡོངས་སུ་ཉམས་པར་སེམས་ཤིང་སྐྱོ་བ་དྲག་པོ་འབྱུང་སྟེ། དེའི་ཕྱིར་དེ་བསྐྱེད་པ་ཁོ་ན་ལ་གུས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་འདུལ་
བར་བྱ་བ་ཡང་མ་ཡིན་ཏེ། འགོག་པ་མངོན་སུམ་དུ་མཐོང་བར་རློམ་པའི་ཕྱིར་རོ། །དེའི་ཕྱིར། གང་གིས་འདི་བསྐྱེད་ནས་ཡོངས་སུ་ཉམས་པ་དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གྲག་གོ་ཞེས་བྱ་བའི་སྒྲ་ནི་ལུགས་གཞན་བསྟན་པར་བྱ་བའི་ཕྱིར་རོ། །གཞན་
དག་ན་རེ། སྐྱེས་ནས་མྱོང་བར་འགྱུར་བ་དང་མྱོང་བར་ངེས་པའི་ཡང་ཡིན་ནོ་ཞེས་ཟེར་རོ། །ཡོངས་སུ་ཉམས་སམ་ཡོངས་སུ་མ་ཉམས་ཀྱང་རུང་སྟེ་གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་སྐྱོན་དུ་ལྟ་བར་འགྱུར་ན་ནི་དེ་ནས་ངེས་པ་ལ་འཇུག་པར་འགྱུར་ལ།
ཞུགས་པ་ན་ཡང་བསྐྱེད་པར་མི་བྱེད་ཅིང་མངོན་དུ་ཡང་མི་བྱེད་དོ། །རྒྱུ་ཅིས་སོ་སོ་སྐྱེ་བོ་ཀུན་ཏུ་སྤྱོད་པ་ལས་ཉམས་ནས་སྙོམས་པར་འཇུག་པ་དང་མི་ལྡན་ཞེ་ན། དེ་ཡང་ཆོས་འདི་དང་ཆོས་གཞན་ཅི་ཡང་རུང་བ་སོ་སོ་སྐྱེ་བོའི་ཁོ་ན་ཡིན་པར་འདོད་ཀྱི། འཕགས་པའི་མ་ཡིན་
ཞེས་བྱ་སྟེ། འཕགས་པ་རྣམས་ནི་ངེས་པ་ལ་ཞུགས་པ་ཉིད་ཀྱིས་ངན་སོང་གི་འགྲོ་བ་རྣམས་དང་འདུ་ཤེས་མེད་པ་པ་དང་། ཚངས་པ་ཆེན་པོར་སྐྱེ་བ་ལ་སོགས་པ་རྣམས་ཀྱི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་འཐོབ་སྟེ། ལྟ་བའི་གནས་ཡིན་པའི་ཕྱིར་
เล่ม ๒๐๙ · หน้า 221b
དང་འཕགས་པའི་ལམ་དང་འགལ་བའི་ཕྱིར་རོ། །དེས་ན་རྣམ་པར་ལྟུང་བའི་གནས་ལྟ་བུར་གཟིགས་པས་སྙོམས་པར་མི་འཇུག་གོ། །ངེས་པར་འབྱུང་བའི་འདུ་ཤེས་ཅན་ནི་སྙོམས་པར་འཇུག་གོ། །འཕགས་པ་རྣམས་ནི་སྲིད་པ་ལ་ངེས་པར་འབྱུང་བ་འདུ་ཤེས་པ་ཡང་མ་ཡིན་
པས་དེ་ལ་སྙོམས་པར་མི་འཇུག་གོ། །འབྱུང་འདོད་པས་ཞེས་མདོར་བྱས་པ་ནི་སོ་སོ་སྐྱེ་བོ་ཉིད་ཀྱི་དབང་དུ་བྱས་པར་འགྲུབ་པོ། །སླར་ཡང་བརྩམས་པའི་དགོངས་པ་མི་ཤེས་སོ། །རེ་ཞིག་གཞན་དག་གིས་ཀྱང་ཞེས་རྒྱ་ཆེར་འབྱུང་སྟེ། གང་དག་མངོན་དུ་བྱེད་ཅིང་དོན་དུ་
གཉེར་བ་དེ་དག་དང་། གང་དག་གིས་ཀྱང་མི་ཐོབ་ན། འཕགས་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་ཞེས་བྱ་བ་ནི། འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་མིན་པའི་ཕྱིར་དང་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་
འདྲིས་ཀྱང་མ་བཙལ་བར་མི་ཐོབ་པོ། །འོ་ན་ཅི་ཞེ་ན། དུས་གཅིག་འཐོབ་འདི་ནི་གནས་སྐབས་ཐམས་ཅད་དུ་སོ་སོར་ཐར་པའི་སྡོམ་པ་བཞིན་སྔོན་མེད་པ་ཐོབ་པའི་ཕྱིར་འདས་པའི་མི་འཐོབ་པོ་སེམས་མེད་པའི་ཕྱིར་མ་འོངས་པ་ཡང་མི་འཐོབ་སྟེ། དེའི་ཕྱིར་ཇེ་དང་པོར་ད་
ལྟ་ཁོ་ན་འཐོབ་པོ། །སྐད་ཅིག་གཉིས་པ་ལ་སོགས་པ་དག་ཏུ་འདས་པ་ཡང་ལྡན་ལ། མ་འོངས་པ་ནི་ད་ལྟར་བ་དང་ཡང་ངོ་། །འདས་པ་ནི་འདས་པ་ཁོ་ན་དང་ངོ་། །ཇི་སྲིད་མི་གཏོང་བ་དེ་སྲིད་དུ་ཞེས་བྱ་བ་ནི། ཡོངས་སུ་མ་ཉམས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །སེམས་
མེད་པའི་ཕྱིར་མ་འོངས་པ་མི་འཐོབ་སྟེ་ལྷའི་མིག་དང་རྣ་བ་བཞིན་ནོ། །སེམས་དང་མཚུངས་པར་ལྡན་པ་ནི་མ་འོངས་པ་ཐོབ་པར་ནུས་ཏེ། གསལ་བའི་ཕྱིར་བཟོད་པ་ལ་སོགས་པ་བཞིན་ནོ། །བེམས་པོ་ཡིན་པའི་ཕྱིར་ཅིག་ཤོས་ནི་མ་ཡིན་ནོ། །གང་བཤད་པ། གལ་ཏེ་
འདིར་སྙོམས་པར་འཇུག་པ་ཇི་ལྟར་དེར་སྐྱེ་བ་ན། དང་པོ་དང་ཐ་མ་དག་ཏུ་སེམས་དང་བཅས་པ་ཉིད་ཀྱིས་སྐྱེ་བ་དེའི་ཕྱིར་ཕུང་པོ་ལྔ་པོའི་རྣམ་པར་སྨིན་པའི་ངོ་བོ་ཞེས་བྱ་བ་ནི་རྩོད་པའི་ཚིག་གོ། །སེམས་དང་བཅས་པའི་གནས་སྐབས་ལ་འདུ་ཤེས་མེད་པ་པ་ཞེས་མི་བརྗོད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด