ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๙ · หน้า 222a
དེ་དེ་འཇུག་པ་དང་ལྡང་བའི་སེམས་ཀྱི་འཁོར་ལས་ཕུང་པོ་ལྔ་པ་ནི་རྣམ་པར་སྨིན་པ་དངོས་གཞིའོ། །ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་འདུ་ཤེས་མེད་པ་པའི་གཟུགས་ཀྱང་རིས་མཐུན་པ་ལ་བལྟོས་པའོ། །དེ་བཞིན་ཞེས་བྱ་བའི་སྒྲས་ཞེས་བྱ་བ་རྒྱ་ཆེར་
འབྱུང་བ་ལ། ཇི་ལྟར་གང་ལས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་འདུ་ཤེས་མེད་པའི་སྙོམས་འཇུག་པ་ཡིན་པར་བཤད་པ་དེ་བཞིན་དུ་དེ་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ནི་
འགོག་པའི་སྙོམས་པར་འཇུག་པའོ་ཞེས་བྱའོ། །ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཞེས་བྱ་བ་ལ། ཡིད་ལ་བྱེད་པ་སཱ་ལ་གནས་པ་འདི་ནི་ཞིའོ་སྙམ་པའི་འདུ་ཤེས་སྔོན་དུ་བཏང་བ་ཡོད་པ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདུ་ཤེས་དང་ཚོར་བ་ཀུན་ཏུ་འབྱུང་བས་
ཡོངས་སུ་སྐྱེ་བ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་དེ་མེད་པས་ཞི་བར་གནས་པའི་འདུ་ཤེས་སུ་འགྱུར་ལ། དེ་ནས་དྲ་བབས་ཀྱང་ཕྲ་བ་སྲིད་པའི་རྩེ་མོའི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་གོ། །དེ་ལྟར་ན་འདི་ནི་ཞི་བར་གནས་པའི་འདུ་ཤེས་
སྔོན་དུ་འགྲོ་བའི་ཡིད་ལ་བྱེད་པ་ཡིན་ནོ། །གནས་པ་ནི་གནས་པ་སྟེ་སྡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འདིས་གནས་པར་བྱེད་པས་ན་གནས་པའོ། །དེ་ལ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལའོ། །ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་ཞེས་བྱ་བ་ལ།
ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། མྱ་ངན་ལས་འདས་པ་ཡིན་ནོ། །དེ་ནི་འབྲས་བུ་ལ་ངེས་པར་འབྱུང་བའོ་སྙམ་པའི་འདུ་ཤེས་ནི་ངེས་པར་འབྱུང་བའི་འདུ་ཤེས་སོ། །ཡང་ན་འདིས་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པས་ན་ངེས་པར་འབྱིན་པ་སྟེ་ལམ་མོ། །
སྙོམས་པར་འཇུག་པ་དེ་ལ་ལམ་དུ་འདུ་ཤེས་པ་ནི་ངེས་པར་འབྱུང་བའི་འདུ་ཤེས་ཏེ། དེ་ཡིད་ལ་བྱེད་པ་གང་ལ་སྔོན་དུ་འགྲོ་བ་ཡོད་པ་དེ་ནི་ངེས་པར་འབྱིན་པའི་འདུ་ཤེས་སྔོན་དུ་བཏང་བའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེ་བ་འཕེན་པར་བྱེད་པའི་ལས་ནི་
เล่ม ๒๐๙ · หน้า 222b
ཐམས་ཅད་པས་མཆོག་ཡིན་པའི་ཕྱིར་རམ། སྲིད་པའི་མཐར་ཐུག་པ་ཡིན་པའི་ཕྱིར་སྲིད་པའི་རྩེ་མོ་ཞེས་བྱ་སྟེ། ཤིང་ལྗོན་པའི་རྩེ་མོ་བཞིན་ནོ། །ཅིའི་ཕྱིར་སྲིད་པའི་རྩེ་མོའི་འོག་གི་ས་དག་ཏུ་འགོག་པ་ལ་སྙོམས་པར་མི་འཇུག་ཅེ་ན། རྒྱབ་ཀྱིས་ཕྱོགས་པ་དང་། སེམས་
མཐར་ཐུག་པར་གཅོད་པ་དག་གིས་སོ། །རྣམ་པར་ཐར་པ་དེ་ནི་རྒྱུ་གཉིས་ཀྱིས་རྣམ་པར་གཞག་སྟེ། རྒྱབ་ཀྱིས་ཕྱོགས་པ་དང་སེམས་མཐར་ཐུག་པར་གཅོད་པས་སོ། །ས་འོག་མ་དག་ན་ནི་དམིགས་པ་དང་བཅས་པ་ཐམས་ཅད་འཇུག་པ་ལ་རྒྱབ་ཀྱིས་ཕྱོགས་པར་མི་
འགྱུར་ལ། མཐར་ཐུག་པར་གཅོད་པར་ཡང་མི་འགྱུར་གྱི། ས་དེའི་གོང་ན་སེམས་ཡོད་པས་བར་དུ་གཅོད་པར་འགྱུར་རོ། །འདི་དགེ་བ་ལ་སོགས་པའི་བྱེ་བྲག་གིས་ནི་དགེ་བ་ཁོ་ན་ཡིན་ཏེ། ཉོན་མོངས་པ་ཅན་ལ་ལུང་དུ་མ་བསྟན་པའི་གནས་ནི་འཕགས་པ་རྣམས་
རྣམ་པར་གཡེང་བ་ལ་སོགས་པ་རྣམས་ཀྱིས་ཞི་བར་མི་འཛིན་ཏོ། །ཇི་ལྟར་ན་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡིན་ཞེ་ན། གང་གི་ཚེ་འདི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་གཟུགས་མེད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་
བསམ་གཏན་དག་ཏུ་སྐྱེས་ཏེ། ཡང་སྲིད་པའི་རྩེ་མོ་ཐོབ་ནས། དེར་སྐྱེ་བ་དེའི་ཚེ་འདི་འགོག་པའི་སྙོམས་པར་འཇུག་པ་ནི་ཐོབ་ནས་ཡོངས་སུ་ཉམས་པ་ཡིན་ཡང་། རྣམ་པར་སྨིན་པ་རྫོགས་པར་བྱེད་པ་ཡིན་ནོ། །རྣམ་པར་སྨིན་པའི་ཕྱིར་མ་ངེས་པ་ཡང་ཡིན་
ཏེ་ཞེས་བྱ་བ་ལ་གལ་ཏེ་ལུས་ཀྱིས་མངོན་སུམ་དུ་བྱེད་པའམ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞིག་འདི་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ན་ནི་དེའི་རྣམ་པར་མ་སྨིན་པ་ཁོ་ནར་འགྱུར་རོ། །རྣམ་པར་སྨིན་པ་ནི་སྲིད་པའི་རྩེ་མོའི་ཕུང་པོ་བཞི་ཡིན་ཏེ་གཟུགས་ཀྱི་
ཕུང་པོ་མེད་པའི་ཕྱིར་རོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོ་སྐྱེ་བོ་ཁོ་ནའི་ཡིན་ནོ་ཞེས་བཤད་ན་འདི་ནི་གཅིག་ཏུ་འཕགས་པ་ཁོ་ནའི་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །སོ་སོ་སྐྱེ་བོ་སྲིད་པའི་རྩེ་མོ་
เล่ม ๒๐๙ · หน้า 223a
ཐོབ་པ་རྣམས་ནི་སེམས་ཀྱི་རྒྱུད་ལ་བདག་ཏུ་མངོན་པར་རློམ་ལ། སེམས་དེ་ཡང་དེར་རྒྱུན་ཆད་པས་བདག་ཆད་པས་འཇིགས་པའི་ཕྱིར་སྙོམས་པར་མི་འཇུག་གོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བ་
མཚུངས་སོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དེ་དག་ནི་གཟུགས་ལ་བདག་ཏུ་འདུ་ཤེས་ཀྱི་སེམས་དང་སེམས་ལས་བྱུང་བ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་གཟུགས་ཡོད་པས་དེ་དག་ལ་བདག་མེད་པར་འགྱུར་རོ་སྙམ་དུ་སྐྲག་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་སྲིད་པའི་
རྩེ་མོར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཀུན་ཏུ་ཆད་ན་ནི་གཟུགས་མེད་པའི་ཕྱིར་ཁོ་བོ་ཅག་བདག་ཉིད་ཐམས་ཅད་ཀུན་ཏུ་ཆད་དོ་སྙམ་དུ་སྐྲག་པར་འགྱུར་རོ། །འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར། སོ་སོ་སྐྱེ་བོ་རྣམས་ནི་འགོག་པའི་
སྙོམས་པར་འཇུག་པ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་ན་མྱ་ངན་ལས་འདས་པ་མཐོང་ན་ནི་དེ་ལ་མོས་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་མཐོང་བ་ནི་འགོག་པའི་སྙོམས་པར་འཇུག་པ་དེ་ལ་སེམས་དང་
སེམས་ལས་བྱུང་བ་འགོག་པའི་བདག་ཉིད་ཀྱི་སྒོ་ནས་མོས་ཀྱི། མྱ་ངན་ལས་འདས་པ་མ་མཐོང་བ་ནི་མ་ཡིན་ནོ། །སོ་སོ་སྐྱེ་བོས་ནི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པ་འདུ་ཤེས་ལྡོག་པའི་མཚན་ཉིད་ཅན་ལ་ཞི་བར་ཡང་མ་མཐོང་སྟེ། དེའི་ཕྱིར་འདི་ནི་སེམས་དང་སེམས་
ལས་བྱུང་བ་འགོག་པ་ལ་མི་མོས་ལ། མ་མོས་པས་སོ་སོ་སྐྱེ་བོ་ནི་སྙོམས་པར་མི་འཇུག་གོ། །སློབ་དཔོན་འདུས་བཟང་ན་རེ། དེའི་ས་པའི་འཆིང་བ་མ་སྤངས་པའི་ཕྱིར་དེ་བསྐྱེད་པར་མི་ནུས་ཏེ། མཐོང་བས་སྤང་བར་བྱ་བ་ལས་མ་འདས་པར་ནི་སྲིད་པའི་རྩེ་མོར་
འགོག་པའི་སྙོམས་པར་འཇུག་པ་དེ་བསྐྱེད་པར་མི་ནུས་ལ། སོ་སོ་སྐྱེ་བོ་ནི་དེ་ལས་འདས་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ། །འདི་ཡང་བརྩོན་འགྲུས་ཀྱིས་སོ་ཞེས་བཤད་པ་ན་འཕགས་པའི་ལམ་གྱི་སྟོབས་བསྐྱེད་པས་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་སྦྱོར་བས་
เล่ม ๒๐๙ · หน้า 223b
ཐོབ་པར་བྱ་བ་ཁོ་ན་ཡིན་པས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་མ་ཡིན་ཏེ། འདི་ལྷན་ཅིག་པའི་ཐོབ་པ་ཅན་འདི་ཉིད་ཡིན་པར་སྟོན་ཏོ། །འདས་པ་ཡང་མི་འཐོབ་ལ་ཞེས་བྱ་བ་ལ། གལ་ཏེ་ཡོངས་སུ་ཉམས་ཏེ་སླར་དེ་ཉིད་བསྐྱེད་པར་བྱེད་
པ་དེའི་སོ་སོ་ཐར་པའི་སྡོམ་པ་བཞིན་དུ་སྔོན་མེད་པ་ཁོ་ན་སྦྱོར་བས་འཐོབ་གྱི། སྔར་ཉམས་པ་ནི་མ་ཡིན་ནོ། །མ་འོངས་པ་ཡང་མི་འཐོབ་སྟེ་ཞེས་བྱ་བ་ལ། སྦྱོར་བས་འཐོབ་པ་ཡིན་ཡང་མ་འོངས་པ་འཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེ་ནི་སེམས་ཀྱི་
སྟོབས་ཀྱིས་འཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་རིགས་ཅན་མ་འོངས་པ་གང་ཅུང་ཟད་ཅིག་འཐོབ་པ་དེ་ནི་སེམས་ཀྱི་སྟོབས་ཀྱིས་ཡིན་ཏེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དག་བཞིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་
སྦྱོར་བ་ཁོ་ནས་འཐོབ་པ་ཡང་ཡིན་ནོ་ཞེས་བཤད་ལ། གཞན་ལས་ནི། དགེ་བའི་མཐར་འབྱོན་ཁྱེད་ཀྱི་ནི། །སྦྱོར་བ་ལས་བྱུང་ཅུང་ཟད་མེད། །གང་དུ་བཞེད་པར་མཁྱེན་པ་ཉིད། །བཞེད་པ་ཙམ་ལ་རག་ལས་ལགས། །ཞེས་བཤད་པ་དེའི་ཕྱིར་འདྲི་བ་ནི། ཅི་བཅོམ་
ལྡན་འདས་ཀྱི་ཡང་སྦྱོར་བ་ལས་བྱུང་བ་ཡིན་ནམ་ཞེས་བྱ་བའོ། །བྱང་ཆུབ་ཀྱིས་ཐོབ་ཅེས་བྱ་བ་ལ། གང་དེ་ཡང་ཟད་པ་དང་མི་སྐྱེ་བའི་བྱང་ཆུབ་ཡིན་མོད་ཀྱི། འདིར་ནི་ཟད་པ་ཤེས་པ་ལ་མངོན་པར་འདོད་དོ། །དེ་ཉིད་ཀྱི་ཕྱིར། ཟད་མཁྱེན་པ་དང་དུས་མཉམ་དུ། །
ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ལྟར། དེ་དག་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པ་ནས། དེ་བས་ན་དེ་དག་གི་ཞེས་བྱ་བའི་བར་རྒྱས་པར་འབྱུང་སྟེ། ཙམ་ཞེས་བྱ་བའི་སྒྲ་ནི་འབད་རྩོལ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་
བྱ་བ་ལ། གཉི་གའི་ཆ་ནི་ཉོན་མོངས་པའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པའོ། །དེ་ལ་རྡོ་རྗེ་ལྟ་བུས་ནི་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བར་བྱེད་ལ། ཟད་པ་ཤེས་པའི་དུས་ན་ནི་རྣམ་པར་གྲོལ་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་སྐྱེད་
เล่ม ๒๐๙ · หน้า 224a
པར་བྱེད་པས་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་ལ། བསྐྱེད་ཟིན་པའི་ཚེ་ནི་རྣམ་པར་གྲོལ་བ་ཡིན་ན། བཅོམ་ལྡན་འདས་ནི་གང་ལས་ཟད་པ་མཁྱེན་པའི་དུས་ན་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ།
འགོག་པའི་སྙོམས་པར་འཇུག་པ་མ་བསྐྱེད་པའི་ཚེ། ཇི་ལྟར་སྙོམས་པར་འཇུག་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་ཞེ་ན། དེའི་སྒྲིབ་པ་དང་བྲལ་བའི་ཕྱིར་དང་། དེ་མི་ལྡན་པ་རྣམ་པར་ཉམས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཟད་པ་མཁྱེན་པའི་དུས་ན་དེ་བསྐྱེད་
ཟིན་པ་བཞིན་དུ་མངའ་བརྙེས་པའི་ཕྱིར་ཏེ། དེ་མངོན་སུམ་དུ་བསྐྱེད་པར་ནུས་པའི་གེགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མ་བསྐྱེད་པ་ན་ཡང་གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གྲུབ་པོ། །ནུབ་ཕྱོགས་པ་དག་ན་རེ། དེ་ནི་དང་པོ་ཞེས་
བྱ་བ་རྒྱས་པར་འབྱུང་སྟེ། ཅི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བ་ཡིན་ཡང་། བསམ་གཏན་བཞི་པ་ལ་བརྟེན་ཏེ་བདེན་པ་རྣམས་མཐོང་ཞིང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས། དེ་ལས་ལངས་ནས་
སྲིད་པའི་རྩེ་མོ་ལ་སྙོམས་པར་འཇུག་ལ། དེ་ནས་འགོག་པའི་སྙོམས་པར་འཇུག་པ་ལ་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་བརྟེན་ཏེ། སྲིད་པའི་རྩེ་མོའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་སྤངས་ནས་
སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆོས་ཉིད་ཡིན་ནོ། །དེ་ལྟར་ན་སློབ་པའི་གནས་སྐབས་ན་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །དེའི་ཕྱིར་བར་སྐབས་འདིར་ཞེས་བྱ་བ་ལ། སྐད་ཅིག་མ་སུམ་ཅུ་རྩ་བཞིའི་བར་སྐབས་
སུའོ། །མི་འདྲ་བའི་སེམས་ནི་སྲིད་པའི་རྩེ་མོའམ། བསམ་གཏན་བཞི་པ་ལས་ལྡང་བའི་སེམས་ཀྱང་རུང་སྟེ། ཟག་པ་དང་བཅས་པའི་ཕྱིར་དེ་སྲིད་པས་འགོག་པའི་སྙོམས་པར་འཇུག་པར་མི་རུང་སྟེ། དེ་ནི་སྲིད་པའི་རྩེ་མོ་བས་ཕྲ་བའི་མཇུག་ཐོགས་
เล่ม ๒๐๙ · หน้า 224b
སུ་སྙོམས་པར་འཇུག་པའི་ཕྱིར་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །ཅིར་འགྱུར་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བའམ། རིག་པ་དང་འགལ་བ་ཞིག་ཏུ་འགྱུར་ཞེས་བྱའོ། །བསམ་པ་ལྡང་བ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསམ་པ་ནི་
དགོངས་པའོ། །གང་གི་ཕྱིར་བསམ་པ་མི་ལྡང་བ་ཅན་དུ་འགྱུར་བ་འདི་ལ་རྒྱུ་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་མངའ་ཕྱིར་དང་། །མི་མཐུན་པའི་
ཕྱོགས་ཟིལ་གྱིས་མནན་པའི་ཕྱིར་དང་། བརྩོན་འགྲུས་བརྩམ་པའི་ཕྱིར་དང་། དམ་བཅའ་བ་བརྟེན་པའི་ཕྱིར་དགེ་བའི་རྩ་བ་ལས་དགོངས་པ་གཞན་མི་མངའ་སྟེ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་ནི། གང་དག་མངོན་དུ་མཛད་པས་
སྟན་གཅིག་ལས་མ་བཞེངས་པ་ཁོ་ནར་བྱང་ཆུབ་བརྙེས་པར་བྱེད་པ་འདི་འདྲ་བ་ཞིག་གོ་ཞེས་ཟེར་རོ། །སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་ལ། འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་སོ་ཞེས་དེ་སྐད་དུ་ཟེར་
རོ། །ཅིའི་ཕྱིར་ཞེ་ན། ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་རེ་ཤིག་སྐྱིལ་མོ་ཀྲུང་མི་བཤིག་གོ་སྙམ་པའི་བསམ་པ་འདིས་ཟག་པ་མེད་པའི་ལམ་ལས་མི་ལྡང་བར་གྲུབ་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། ཇི་ལྟར་བྱང་ཆུབ་སེམས་དཔའ་འཁོར་བ་ཐོག་མ་དང་
མི་ལྡན་པ་ནས་འཇིག་རྟེན་པའི་སྙོམས་པར་འཇུག་པའི་ཁྱད་པར་གྱིས་བསླུས་པས། ཟག་པ་ཟད་པའི་བསམ་པས་སྐྱིལ་མོ་ཀྲུང་བཅས་ཏེ། སྲིད་པའི་རྩེ་མོའི་མཐོང་བས་སྤང་བར་བྱ་བ་སྔོན་རྩ་ནས་མ་བཏོན་པ་རྩ་བ་དང་བཅས་ཏེ། དྲུངས་ཕྱུངས་ནས་ཉོན་
མོངས་པའི་དགྲ་དྲུངས་ཕྱུངས་པའི་ལྷག་སྤང་བའི་ཕྱིར་ཡིད་གཏད་པ་ནི་དེའི་གཉེན་པོ་གཏང་ནས་འབད་པ་ཐུན་མོང་པས་ཐོབ་པར་བྱ་བའི་འཇིག་རྟེན་པའི་སྙོམས་པར་འཇུག་པ་ཐོབ་པར་བྱ་བའི་ཕྱིར་གུས་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་རྣམས་
เล่ม ๒๐๙ · หน้า 225a
སྔ་མ་ཁོ་ན་ཡིན་ནོ་ཞེས་བརྗོད་པར་བྱེད་པ་འདི་ནི་རིག་པ་ཡིན་ནོ་ཞེས་ཟེར་རོ། །སྙོམས་པར་འཇུག་པ་འདི་གཉིས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་བསམ་གཏན་བཞི་པའི་ས་པ་ཡིན་ནོ། །འགོག་
པའི་སྙོམས་པར་འཇུག་པ་ནི་སྲིད་པའི་རྩེ་མོའི་ས་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་ཐར་པ་འདོད་པ་ཉིད་ཀྱིས་སྙོམས་པར་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་གནས་དོན་དུའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་
ནི་སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ནའོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྐྱེས་ནས་མྱོང་བར་འགྱུར་དང་། ལན་གྲངས་གཞན་ལ་མྱོང་བ་དང་མ་ངེས་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སོ་སོ་སྐྱེ་བོའི་རྒྱུད་ལ་སྐྱེ་བ་ཡིན་ནོ། །འགོག་
པའི་སྙོམས་པར་འཇུག་པ་ནི་འཕགས་པའི་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་སྦྱོར་བ་ལས་བྱུང་བ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་སྦྱོར་བ་ལས་བྱུང་བ་དང་། བྱང་ཆུབ་ཀྱི་ས་ཐོབ་པ་ཡིན་ནོ། །གཉིས་ཀ་
འདོད་དང་གཟུགས་རྟེན་ཅན། །ཞེས་བྱ་བས་ནི་འདི་གཉིས་ཀྱི་ཆོས་མཐུན་པ་ནི་འདི་ཡིན་ནོ་ཞེས་སྟོན་ཏོ། །ཁ་ཅིག་ན་རེ་རྒྱུ་དང་འབྲས་བུ་དག་ཧ་ཅང་ཉེ་ན་མི་རུང་བས་གཟུགས་ཀྱི་ཁམས་ན་ནི་བསམ་གཏན་གསུམ་པ་དག་ན་འདུ་ཤེས་མེད་པར་སྙོམས་པར་འཇུག་གི། བཞི་
པ་ན་ནི་མ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སྐྱེ་བ་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པར་བཞི་པར་ཡང་སྙོམས་པར་འཇུག་གོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཆོས་མངོན་པའི་གཞུང་ཞེས་བྱ་བ་ནི་ཆོས་མངོན་པ་དང་
འགལ་བར་སྟོན་ཏོ། །གཟུགས་ཀྱི་སྲིད་པ་ཡིན་ལ། སྲིད་པ་དེ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ཡང་ཡོད་དམ་ཞེ་ན། མུ་བཞི་སྟེ། དེ་ལ་གཟུགས་ཀྱི་སྲིད་པ་མ་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་པ་ནི་གཟུགས་ན་སྤྱོད་པའི་སེམས་ཅན་ཞེས་བྱའོ། །དེ་
เล่ม ๒๐๙ · หน้า 225b
ན་ལྷ་འདུ་ཤེས་མེད་པ་དག་ཀྱང་ཡོད་པས་དེའི་ཕྱིར་ལྷ་འདུ་ཤེས་མེད་པ་ཞེས་བྱ་བ་སྨོས་སོ། །འདུ་ཤེས་ཅན་སེམས་འདྲ་བ་ལ་གནས་པ་དག་ཀྱང་ཡོད་པས་དེའི་ཕྱིར། སེམས་མི་འདྲ་བ་ལ་གནས་པ་རྣམས་དང་ཞེས་བྱ་བ་སྨོས་སོ། །དེ་ལ་མི་འདྲ་བའི་སེམས་ནི་འདོད་
པ་ན་སྤྱོད་པའི་སྤྲུལ་པའི་སེམས་དང་། ཟག་པ་མེད་པ་དང་། གཟུགས་མེད་པར་གཏོགས་པའོ། །རང་གི་ས་པའི་ཕུང་པོ་རྣམས་ཁོ་ན་སྲིད་པ་ཞེས་བྱ་བ་ཡིན་པས་གཞན་གྱི་ས་པ་རྣམས་ཀྱི་གཟུགས་ཀྱི་སྲིད་པར་མི་འདོད་དོ། །དེ་དག་ནི་གཟུགས་ཀྱི་སྲིད་པ་ཡིན་གྱི། རྣམ་
པར་འདྲིད་པ་ཅན་ལྔ་ནི་མ་ཡིན་ནོ། །འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། འདུ་ཤེས་མེད་པ་པ་ལ་མངོན་དུ་གྱུར་ན་ཡང་གཟུགས་ཀྱི་སྲིད་པ་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་མ་ཡིན་ཏེ། སེམས་དང་
སེམས་ལས་བྱུང་བ་མེད་པའི་ཕྱིར་རོ། །འདིར་ནི་ལྷ་འདུ་ཤེས་མེད་པ་ཅན་ཞེས་བྱ་བ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཞེས་བྱ་བ་འདི་དང་འགལ་བ་ཡིན་ནོ། །རྣམ་པར་འདྲིད་པ་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་
པ་འོད་སྲུང་ཀྱིས་གསུངས་པ་ལས་ཕུང་པོ་ལ་རྣམ་པར་འདྲིད་ཞེས་མིང་བཏགས་པ་ཡིན་ནོ། །རྣམ་པར་འདྲིད་པ་ཅན་ལྔ་ཡིན་ལ། གཟུགས་ཀྱི་སྲིད་པ་མ་ཡིན་པ་ཡང་ཡོད་དོ། །འདོད་པ་ན་སྤྱོད་པའི་སེམས་ཅན་རང་གི་ས་པའི་སེམས་ལ་གནས་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ། །
གཟུགས་ཀྱི་སྲིད་པ་ཡང་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་ཡོད་དེ། གཟུགས་ན་སྤྱོད་པའི་སེམས་འདྲ་བ་ལ་གནས་པ་རྣམས་ཀྱིའོ། །གཟུགས་ཀྱི་སྲིད་པ་ཡང་མ་ཡིན་ལ་རྣམ་པར་འདྲིད་པ་ཅན་ལྔ་ཡང་མ་ཡིན་པ་ཡོད་དེ། གཟུགས་མེད་པར་སྐྱེས་པའི་སེམས་ཅན་
རྣམས་དང་། འདོད་པའི་ཁམས་སུ་སྐྱེས་པ་སེམས་མི་འདྲ་བ་ལ་གནས་པ་རྣམས་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ། །འགོག་པ་དང་པོ་མི་ནང་དུ་མི་དག་གི་
เล่ม ๒๐๙ · หน้า 226a
ནང་ཁོ་ནར་ཏེ། སྟོན་པ་པོ་དང་འཆད་པ་པོ་དང་སྦྱོར་བའི་སྟོབས་ཡོད་པའི་ཕྱིར་རོ། །ཕྱིས་ནི་སྔར་ཡོངས་སུ་ཉམས་པ་དག་གིས་གཟུགས་ཀྱི་ཁམས་སུ་བསྐྱེད་ཀྱི། གཟུགས་མེད་པའི་ཁམས་སུ་ནི་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་རོ། །སྲོག་
གི་དབང་པོ་ནི་གཟུགས་དང་སེམས་ལ་བརྟེན་ནས་འབྱུང་ན་གཟུགས་མེད་པའི་ཁམས་སུ་འགོག་པ་ལ་སྙོམས་པར་ཞུགས་པ་ལ་དེ་ནི་རྒྱུན་ཆད་པ་ཡིན་ནོ། །ཕུང་པོ་རྣམས་ཕན་ཚུན་སྟོབས་ཀྱིས་གནས་པའི་ཕྱིར་ཕུང་པོ་གཅིག་པའི་ལུས་ཀྱང་མེད་དོ། །སེམས་
དང་སེམས་ལས་བྱུང་བ་རྣམས་ཐ་མི་དད་པར་འཇུག་པའི་ཕྱིར་ཕུང་པོ་གསུམ་པ་ཡང་མི་རུང་ངོ་། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དང་པོ་གཟུགས་ཀྱི་ཁམས་སུ་ཡང་སྐྱེ་སྟེ། འཁོར་བ་ཐོག་མ་མེད་པ་ནས་འདྲིས་པའི་ཕྱིར་རོ། །སྙོམས་པར་འཇུག་
པ་འདི་ནི་མྱ་ངན་ལས་འདས་པ་དང་འགོག་པའི་ཕྱིར་ཁྱད་པར་དུ་འཕགས་པ་ཞིག་སྟེ་དེའི་ཕྱིར་ཡོངས་སུ་ཉམས་པ་མི་སྲིད་དེ་སྙམ་དུ་སེམས་ལ་བྱས་ནས། ཅི་འདི་ལས་ཀྱང་ཡོངས་སུ་ཉམས་པ་ཡོད་དམ་ཞེས་འདྲི་བར་བྱེད་དོ། །འཆད་བྱེད་ཀྱི་མདོ་ནི་གླེང་གཞི་མཉན་
དུ་ཡོད་པ་ན་སྟེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་འདི་ན་ཞེས་བྱ་བ་ནི་མི་དག་གི་ནང་ནའོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོ་གསུམ་གྱིས་བསྡུས་པའི་ལམ་གསུངས་སོ། །
མཐོང་བའི་ཆོས་ཁོ་ན་ཞེས་བྱ་བ་ནི་མཐོང་བའི་སྐྱེ་བ་ཁོ་ན་ལའོ། །དང་པོ་ཉིད་དུ་ཞེས་བྱ་བ་ནི་ཐོག་མ་ཁོ་ནར་རོ། །ཀུན་ཤེས་པ་ནི་དགྲ་བཅོམ་པ་ཉིད་དོ། །ཐོབ་པར་མི་བྱེད་པ་ནི་རྙེད་པར་མི་བྱེད་པའོ། །ལུས་ཞིག་ནས་ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་ཚོགས་
དག་སོ་སོར་གནས་ནས་ཏེ་ཤི་ནས་ཞེས་བྱ་བའི་དོན་ཏོ། །ཁམ་གྱི་ཟས་ཟ་བ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལྷ་དག་གོ། །མདོ་དེར་ཡང་བཅོམ་ལྡན་འདས་ཀྱིས་ཡིད་ལས་བྱུང་བའི་ལུས་ཅན་གྱི་ལྷ་ནི་གཟུགས་ན་སྤྱོད་པ་ཡིན་པར་གསུངས་ལ་ཞེས་བྱ་བ་ལ། དེར་འཆར་
เล่ม ๒๐๙ · หน้า 226b
བྱེད་ཀྱི་ཡིད་ལས་བྱུང་བ་གཟུགས་མེད་པ་ན་སྤྱོད་པའི་ལུས་ཡིན་པར་སེམས་ལ་བསམས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་ཡིད་ལས་བྱུང་བའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་པ་ཞིག་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་
པ་དང་ལྡན་པའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་སྐབས་མེད་དེ། དེ་ནི་གནས་མེད་དོ་ཞེས་འཕགས་པ་ཤཱ་རིའི་བུ་ཕྱིར་ཟློག་པར་བྱེད་དོ། །དེ་ལྟར་ལན་གསུམ་དུ་བཀག་པ་
དང་། འཕགས་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་། །དེར་ཡང་དེས་ལན་གསུམ་ཁོ་ནར་བཀག་སྟེ་འདིར་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་བཀའ་སྩལ་པ། འཆར་བྱེད་ཁྱེད་ཀྱིས་ཡིད་ལས་
བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཇི་ལྟར་ཤེས་གཟུགས་མེད་པའི་ཁོ་ན་ཡིན་པར་ཤེས་སམ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །རེ་ཞིག་ཁྱོད་ཀྱི་སྐྱེས་བུ་རྨོངས་པ་ལོང་བ་ཁོ་ན་ཡིན་བཞིན་དུ་ཤཱ་རིའི་བུ་དགེ་སློང་མིག་དང་ལྡན་པ་དང་ལྷན་ཅིག་ཆོས་མངོན་པ་དང་
འདུལ་བའི་གཏམ་བྱ་བར་སེམས། འདིར་ཤཱ་རིའི་བུ་ནི་ཡིད་ཀྱི་རང་བཞིན་གྱི་ལུས་གཟུགས་ན་སྤྱོད་པ་ཡིན་པར་འདོད་དེ། ཕྱི་རོལ་གྱི་ཁུ་བ་དང་། ཁྲག་ལ་སོགས་པ་ལ་མ་བརྟེན་པར་འབྱུང་བའི་ཕྱིར་རོ། །འཆར་བྱེད་ནི་གཟུགས་མེད་པ་ན་སྤྱོད་པ་ཡིད་ལས་བྱུང་བ་ཡིན་པར་
འདོད་དེ་ཡིད་ཙམ་ལས་སྐྱེས་པའི་ཕྱིར་རོ། །དེ་ལྟ་ན་འཆར་བྱེད་སྨད་པར་མཛད་པའི་ཕྱིར་དང་། ཤཱ་རིའི་བུའི་ཕྱོགས་ཡོངས་སུ་གཟུང་བའི་ཕྱིར་སྙོམས་པར་འཇུག་པ་འདི་གཟུགས་མེད་པའི་ཁམས་སུ་མི་སྐྱེ་བས་ཡིད་ལས་བྱུང་བའི་ལུས་ནི་གཟུགས་ན་སྤྱོད་པ་ཡིན་
ནོ་ཞེས་བཤད་པར་འགྱུར་རོ། །མདོ་ལས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་འདུ་ཤེས་དང་ཚོར་བ་འགོག་པའོ། །གལ་ཏེ་བསམ་གཏན་པའི་ས་པའི་ཡིན་ན་ནི། དེ་ལྟ་ཡིན་དང་།
เล่ม ๒๐๙ · หน้า 227a
བསམ་གཏན་བཞི་པའི་མཇུག་ཐོགས་སུ་དེ་ལ་སྙོམས་པར་འཇུག་པས་དབུས་སུ་འདོན་པར་འགྱུར་གྱི་ཐ་མར་ནི་མ་ཡིན་ནོ། །དེ་ལྟར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བའི་མདོ་དང་འགལ་བར་འགྱུར་རོ། །ཐོད་རྒལ་དུ་
སྙོམས་པར་འཇུག་པ་པོ་དག་ནི་གང་དག་དང་པོ་ནས་གཉིས་པ་བརྒལ་ཏེ། གསུམ་པ་ལ་སྙོམས་པར་འཇུག་གོ། །གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་རྩོམ་པ་དང་པོ་པ་ལ་ངེས་པ་ཡིན་ཏེ།
འདིར་ནི་བསམ་གཏན་དང་པོ་མ་བསྐྱེད་པར་ནི་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པར་མི་ནུས་སོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་བསྐྱེད་པར་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པའི་བར་དུ་མི་ནུས་སོ། །
དགའ་མགུར་དབང་བ་ནི་ཕུལ་དུ་བྱུང་བར་དབང་བ་ཉིད་དོ། །རྣམ་པར་བརྒལ་ཏེ་ཡང་སྙོམས་པར་འཇུག་གོ་ཞེས་བྱ་བ་ནི་དང་པོ་ནས་གསུམ་པར་རོ། །གསུམ་པ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུའོ་ཞེས་བྱ་བ་ལ་སོགས་པའོ། །འགོག་པའི་སྙོམས་པར་འཇུག་
པ་ལས་སྲིད་པའི་རྩེ་མོར་ཕུང་པོ་བཞི་པ་རྣམ་པར་སྨིན་པའི་ངོ་བོ་ཞེས་བྱ་བ་རྩོད་པའི་ཚིག་གོ། །ཚེ་ལ་སོགས་པ་རྣམས་ཀྱི་རང་བཞིན་སེམས་དང་ལུས་ལ་བརྟེན་ནས་འཇུག་པའི་ཕྱིར་སྲིད་པའི་རྩེ་མོར་ཡང་གཟུགས་མེད་པའི་ཕྱིར་སེམས་མེད་པའི་གནས་སྐབས་མེད་
དོ། །ཕུང་པོ་གཅིག་པའི་སྲིད་པ་མི་སྲིད་པ་དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་མེད་པར་མི་འོས་སོ། །ཅི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དྷྱཱ་ནོ་ཏྱཻ། སྲིད་པའི་རྩེ་མོར་ཡང་འགོག་པའི་སྙོམས་པར་འཇུག་པ། ར་སཾ་ག་ཏྱ་ན་ནུ་བརྟ་ཏེ། འདུ་ཤེས་
ལ་སོགས་པ་ཡང་ཞེས་བྱ་བ་རྩོད་པའི་ཚིག་གོ། །བསམ་གཏན་བཞི་པ་དང་སྲིད་པའི་རྩེ་མོའི་ས་པ་ཉིད་དེའི་ས་པའི་རྒྱས་པར་བྱས་པའི་ཕྱིར་རོ། །དེའི་མཇུག་ཐོགས་སུ་སྐྱེད་པར་བྱེད་པ་དེ་ཡང་མི་རིགས་ཏེ། བི་ཙཱ་རི་ཎི་ཡ་མི་ཏེ། དེ་མི་རིགས་ཏེ་དེ་མ་ཐག་ཏུ་བསྐྱེད་པ་མེད་
เล่ม ๒๐๙ · หน้า 227b
པས་དེའི་ས་པ་ཉིད་ཀྱི་རྒྱུར་ཧ་ཅང་ཐལ་བའི་ཕྱིར་རོ། །གང་བཤད་པ། གལ་ཏེ་བསམ་གཏན་བཞི་པའི་མཇུག་ཐོགས་སུ་སེམས་མེད་པའི་འགོག་པའི་སྙོམས་པར་འཇུག་པར་གྱུར་ན་བསམ་གཏན་བཞི་པ་སྔོན་དུ་འགྲོ་བའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་
དོ། །མཐར་གྱིས་བསྐྱེད་པའི་དབང་དུ་བྱས་ནས་འདིར་འགྱུར་བས་ན། དེ་ལྟ་བུ་ལ་གེགས་ཅི་ཕྱིར་མི་འོང་བས་བསམ་གཏན་བཞི་པའི་སྙོམས་པར་འཇུག་པའི་མཇུག་ཐོགས་སུ་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ཅེས་བྱ་བ་རྩོད་པའི་ཚིག་གོ། །གང་གི་ཚེ་འདི་
སེམས་གཅོད་པ་དང་རྗེས་སུ་མཐུན་པ་མངོན་པར་འདུ་བྱེད་པ་མེད་པར་དེའི་རྒྱུ་བ་ཆེས་ཕྲ་བར་ལམ་མངོན་པར་སྒྲུབ་པར་བྱེད་དེ། དེ་ཐོབ་ནས་མཐར་གྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཚན་ཉིད་སེམས་གཅོད་པ་དྲན་པས་ཅི་ཡང་མེད་པའི་སྐྱེ་
མཆེད་ཀྱི་འདོད་ཆགས་དང་བྲལ་བས་སྒྲུབ་པར་བྱེད་པས་འགོག་པའི་སྙོམས་པར་འཇུག་པ་སྲིད་པའི་རྩེ་མོ་ཉིད་སྒྲུབ་བྱེད་དོ། །དེ་འདོད་ཆགས་དང་བྲལ་བས་སྙོམས་པར་འཇུག་པའམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བ་དེའི་གནས་སྐབས་
མདོ་དང་འགལ་བར་འགྱུར་བ་དེའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཡང་འདིར་ཐལ་བར་འགྱུར་རོ་ཞེས་བྱའོ། །དེ་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་གོང་མའི་འདོད་ཆགས་བྲལ་བ་མ་ཡིན་ཞེས་བྱ་བ་ངེས་པའོ། །དེ་ལྟར་སྙོམས་པར་འཇུག་པ་འདི་གཉིས་
ནི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་ཚུལ་ནི་ཇི་སྐད་བཤད་པ་བཞིན་ནོ། །མྱོང་བར་འགྱུར་བ་ངེས་པ་དང་གཉི་ག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་མྱོང་བར་འགྱུར་བར་ངེས་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་
གཉིས་ཀ་ཡིན་ཏེ། ཕྱིར་མི་འོང་བ་ནི་མྱོང་བར་འགྱུར་བར་ངེས་པ་ཡིན་གྱི་དགྲ་བཅོམ་པའི་ནི་མ་ཡིན་ཏེ། དེ་ནི་དེ་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཡང་ན་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ལས་གཉིས་
เล่ม ๒๐๙ · หน้า 228a
ཀ་མྱོང་བར་འགྱུར་བ་ཡིན་ནོ། །དང་པོ་སྐྱེས་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཁ་ཅིག་དང་པོ་མི་དག་གི་ནང་དུ་སྐྱེས་ལ། ཁ་ཅིག་གིས་ནི་ལྷ་དག་གི་ནང་དུའོ། །འགོག་པའི་སྙོམས་
པར་འཇུག་པ་ནི་དང་པོ་མི་དག་གི་ནང་ཁོ་ནར་སྐྱེ་ལ། ཡོངས་སུ་ཉམས་པས་ནི་ཡང་གཟུགས་ཀྱི་ཁམས་སུ་སྐྱེའོ། །ཡང་ཅིའི་ཕྱིར་འདི་དང་པོ་མི་དག་གི་ནང་ཁོ་ནར་སྐྱེའི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་བཞིན་གཟུགས་ཀྱི་ཁམས་སུ་མ་ཡིན་ཞེ་ན། མཉམ་
པར་མ་བཞག་པ་ཡིན་པའི་ཕྱིར་འདོད་པའི་ཁམས་ཀྱི་འདུ་ཤེས་དང་ཚོར་བའི་སྒོ་ནས་རྟོག་པ་དང་དཔྱོད་པ་ལ་སོགས་པ་སེམས་ལས་བྱུང་བ་རབ་ཏུ་རྒྱུ་བས་ཡོངས་སུ་སྐྱོ་བས་ཕྱིར་མི་འོང་བ་རྣམས་འགོག་པ་ལ་ཞི་བར་གནས་པས་བདེ་བར་གནས་པར་བྱའོ་སྙམ་པས་འགོག་
པའི་སྙོམས་པར་འཇུག་པ་རྙེད་པར་བྱེད་ཅིང་ཡང་ཡང་སྒྲུབ་པར་བྱེད་དོ། །ཕྱིར་མི་འོང་བ་གཟུགས་ཀྱི་ཁམས་སུ་སྐྱེས་པ་ནི་གཟུགས་ཀྱི་ཁམས་མཉམ་པར་གཞག་པ་ཡིན་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འབྱུང་བས་དེ་ལྟར་གནོད་པར་མི་བྱེད་པས་དེར་དང་པོར་
འགོག་པའི་ཏིང་ངེ་འཛིན་བསྐྱེད་པར་མི་བྱེད་དོ། །བསྐྱེད་ཟིན་པ་ཡོངས་སུ་ཉམས་པ་ནི་སྔོན་གོམས་པའི་དབང་གིས་སྐྱེད་པར་བྱེད་དོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཐར་པའི་ལམ་དུ་འདུ་ཤེས་པ་སྐྱེད་པར་བྱེད་པས་ན། གཟུགས་ཀྱི་ཁམས་སུ་
ཡང་དང་པོར་དེ་བསྐྱེད་པ་མི་འགལ་ལོ། །སེམས་དང་སེམས་ལས་བྱུང་བ་འགོག་པའི་རང་བཞིན་དུ་མཚུངས་པས་མིང་འཇུག་པའི་རྒྱུ་ཐ་དད་པ་མ་མཐོང་སྟེ། འདྲི་བ་ནི། ཡང་ཅིའི་ཕྱིར་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། སྒྲ་འཇུག་པའི་རྒྱུ་མཚན་ཁྱད་པར་མེད་
པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ཞེས་གཉིས་ཀ་ཡང་མིང་ཁྱད་པར་མེད་པར་འགྱུར་དགོས་སོ་ཞེས་བྱ་བའོ། །ཡང་ན་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འགོག་པའི་རང་བཞིན་ཡིན་ཡང་ཅིའི་ཕྱིར། འདུ་ཤེས་དང་ཚོར་བ་འགོག་པ་དག་གི་བསྙད་ཀྱི་
เล่ม ๒๐๙ · หน้า 228b
སེམས་དང་སེམས་ལས་བྱུང་བ་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱའོ། །དེ་དག་དང་མི་མཐུན་པས་ཞེས་པ་ནི་འདུ་ཤེས་དང་མི་མཐུན་པ་དང་། འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་སོ། །སྙོམས་པར་འཇུག་པ་དེ་དག་ལ་སྦྱོར་བ་ནི་དེ་དག་ལ་སྙོམས་པར་འཇུག་པར་
སྦྱོར་བའོ། །དེ་ལ་འདུ་ཤེས་དང་མི་མཐུན་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྦྱོར་ཏེ། འདུ་ཤེས་ནི་ནད་ཡིན་ནོ། །འདུ་ཤེས་ནི་འབྲས་ཡིན་ནོ། །འདུ་ཤེས་ནི་ཟུག་རྔུ་ཡིན་ནོ་ཞེས་བྱ་བ་དང་། འདི་ནི་ཞི་བའོ་འདི་ནི་གྱ་ནོམ་པ་ཞེས་བྱ་བ་རྒྱས་པར་
འབྱུང་བའོ། །འདུ་ཤེས་དང་ཚོར་བ་དང་མི་མཐུན་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྦྱར་ཏེ། གཅིག་ནི་ལྟ་བའི་ཀུན་ནས་ཉོན་མོངས་པའི་གཞི་ཡིན་ལ། གཉིས་པ་ནི་སྲིད་པའི་ཀུན་ནས་ཉོན་མོངས་པའི་གཞི་ཡིན་ནོ། །དེའི་ཕྱིར་དེ་དག་དང་མི་མཐུན་
པ་ཉིད་ཡིན་ནོ། །གཞན་གྱི་སེམས་ཤེས་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ལ། གཞན་གྱི་སེམས་ཤེས་པར་བྱ་བའི་ཕྱིར་དེ་ལ་རབ་ཏུ་སྦྱོར་བས་ན། དེ་ལ་གཞན་གྱི་སེམས་ཤེས་པ་ཞེས་བྱའི་དེས་ཚོར་བ་ལ་སོགས་པའི་ཆོས་རྣམས་ནི་ཤེས་པ་ནི་མ་ཡིན་ཏེ་དེ་བཞིན་དུ་འདིར་
ཡང་ཡིན་ནོ། །གཞན་དག་ན་རེ། མཚུངས་པར་ལྡན་པའི་ཆོས་རྣམས་བསྐྱེད་པ་འགོག་པས་སྤངས་པ་ཐོབ་པའི་ཕྱིར་འདི་དུས་མཚུངས་པར་འཇུག་པ་ཅན་ཞེས་བྱ་བ་མིང་དང་འདོད་པ་སྣ་ཚོགས་ཀྱི་ཆོས་སྟོན་པ་མི་རིགས་ཏེ། འདི་རྣམ་པར་ཤེས་པའི་ཚོགས་ལས་མ་འདས་པར་
འགྱུར་རོ་ཞེས་སོ། །འགའ་ཞིག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་འདུ་ཤེས་ཙམ་འགོག་པ་ཉིད་དུ་འདོད་པ་ཇི་ལྟ་བར་འགོག་པའི་སྙོམས་པར་འཇུག་པ་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་དེ་དག་པ་རི་ཧཱ་ར་མནྟ་རེ་ཎ་མུ་ཁྱཻ་བ་བྲྀ་ཧྱཱ་དེ་དག་འདུ་ཤེས་ཀྱི་འཇུག་པས་མང་
པོ་པའི་དབྱེ་བ་རྣམས་སུ་ཁས་བླངས་པས་འདུ་ཤེས་དང་ཚོར་བ་དག་མང་པོ་པར་ངེས་པར་ཁས་ལན་པར་བྱེད་དེ། རྟོག་པ་དང་དཔྱོད་པ་དང་གཉིད་བཞིན་ནོ་ཞེས་ཟེར་རོ། །ད་ནི་ཇི་ལྟར་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གང་གི་ཕྱིར་མྱུ་གུ་ལ་སོགས་པ་རྒྱུ་དང་ལྡན་པ་རྣམས་ནི་དེ་ལྟར་
เล่ม ๒๐๙ · หน้า 229a
ཞིག་ནས་ཡུན་རིང་དུ་ལོན་པའི་ས་བོན་ལས་སྐྱེ་བ་མ་མཐོང་ངོ་། །འདས་པ་ཡང་ཡོད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། གལ་ཏེ་ཡོད་ན་ཇི་ལྟར་འདས་པ་ཡིན་ཞེ་ན། བྱེད་པ་འགགས་པའི་འདས་པ་ཞེས་བྱའི་རང་གི་ངོ་བོ་ཡོངས་སུ་གཏང་བའི་ཕྱིར་ནི་མ་
ཡིན་ནོ། །དེའི་ཕྱིར་འགགས་མ་ཐག་པ་ལྟར་འགགས་ནས་ཡུན་རིང་དུ་ལོན་པ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་འདོད་དོ། །ཀུན་གཞི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པ་སེམས་ལ་བཞག་ནས་བྱེ་བྲག་ཏུ་སྨྲ་བ་སྨོས་སོ། །ཨ་
ཏྲ་སཱུ་ཡརྠཾ། འདི་གཉིས་ནི་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་བྱ་བ་ནི་སེམས་ལ་ཡང་དབང་པོ་དང་བཅས་པའི་ཡུལ་གྱི་ས་བོན་ཡོད་ལ། ལུས་ལ་ཡང་དབང་པོ་དང་བཅས་པའི་སེམས་ཀྱི་ས་བོན་ཡོད་དེ། དེ་ལྟར་ན་གཉིས་ཀ་ཕན་ཚུན་གྱི་ས་བོན་ཅན་ཡིན་ནོ། །
སྔོན་གྱི་སློབ་དཔོན་རྣམས་ནི་སྔོན་གྱི་མདོ་སྡེ་པ་རྣམས་སོ། །གལ་ཏེ་རིས་མཐུན་པའི་རྒྱུ་ལ་མ་བལྟོས་པར་དབང་པོ་དང་བཅས་པའི་ལུས་ལས་རྣམ་པར་ཤེས་པ་སྐྱེ་བ་ཉིད་ཡིན་ན། རྟེན་དང་དམིགས་པ་ཅིག་ཅར་གནས་པ་ན་ཡུལ་ཐམས་ཅད་ལ་རྣམ་པར་
ཤེས་པ་སྐྱེ་བར་འགྱུར་རོ། །སེམས་སྔ་མ་གང་ཡིན་པ་དེ་ལ་རག་ལས་པས་སེམས་ཕྱི་མ་སྐྱེ་བས་ན་གཉིས་པ་ལ་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པས་རྟེན་དང་དམིགས་པ་ཡོད་ཀྱང་ཅིག་ཅར་མི་སྐྱེ་བར་ཐལ་བར་འགྱུར་རོ། །གལ་ཏེ་སེམས་ཡོད་པ་མ་ཡིན་ཡང་
སེམས་མེད་པའི་དབང་པོ་དང་བཅས་པའི་ལུས་ཀྱི་ས་བོན་ལས་སོ་ཞེ་ན་འདི་ཡང་མི་རིགས་ཏེ་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །ཡོངས་སུ་དྲི་བ་ལས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བྱས་པའི་བསྟན་བཅོས་དེ་ལས་སོ། །སྐྱོན་དུ་འགྱུར་གྱི་ཞེས་བྱ་བ་ནི། ད་ནི་ཇི་ལྟར་
འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ལས་ཡང་སེམས་སྐྱེ་བར་འགྱུར་ཞེས་གང་སྔར་བརྗོད་པའོ། །འགགས་ནས་རིང་དུ་ལོན་པ་སྨོས་པ་ནི་དེ་མ་ཐག་པ་བསལ་བར་བྱ་བའི་ཕྱིར་རོ། །དེ་མ་ཐག་འགགས་པ་ལས་ཀྱང་སྐྱེ་བར་མི་རུང་ངོ་། །འགགས་པ་
เล่ม ๒๐๙ · หน้า 229b
ནི་ཡོད་པ་མ་ཡིན་པའི་ཕྱིར་འགགས་ནས་ཡུན་རིང་དུ་ལོན་པ་བཞིན་ནོ། །ཅི་སྟེ་དེ་མ་ཐག་པ་འགགས། །གལ་ཏེ་འགགས་ནས་ཡུན་རིང་ལོན་ཡང་དེ་མ་ཐག་འགགས་པ་བཞིན་དེ་ཉིད་ཀྱི་ཕྱིར་སྐྱེ་བ་མི་འགལ་ལོ། །དེ་མ་ཐག་འགགས་པ་ནི་ཡོད་པ་ཉིད་དུ་མི་
འདོད་དེ། དེ་མ་ཐག་འགགས་པ་ལ་བརྟེན་ནས་འཇིག་པའི་གནས་སྐབས་ཀྱི་སེམས་སྐྱེ་བ་མི་འགལ་ལོ། །དེ་སྐྱེས་པས་དེ་ཡང་འགག་གོ་ཞེས་བྱ་སྟེ། དེ་ལ་བཙུན་པ་དབྱིག་བཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པ་འདོད་ཀྱི་ཀུན་གཞི་
རྣམ་པར་ཤེས་པའི་སེམས་དང་བཅས་པ་ནི་མ་ཡིན་ནོ། །དེ་ནི་མི་འཐད་དེ་ཞེས་བྱ་བ་འབྱུང་སྟེ། འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་མི་འཐད་དོ། །གསུམ་འདུས་པ་ལས་རེག་པ་ཞེས་བྱ་བ་ནི་དབང་པོ་དང་
ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །རེག་པའི་རྐྱེན་གྱིས་ཚོར་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གེགས་བྱེད་པ་མེད་པའི་རྒྱུ་ཡོད་ན་འབྲས་བུ་གདོན་མི་ཟ་བར་འབྱུང་བས་འགོག་པའི་སྙོམས་པར་འཇུག་པའི་རྫས་འདི་ལ་འདུ་ཤེས་དང་ཚོར་བ་དག་ཀྱང་འགོག་པར་མི་འགྱུར་ཏེ་རེག་པ་
བཞིན་ནོ། །འོན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རེག་པའི་རྐྱེན་གྱིས་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ཐམས་ཅད་ཡིན་གྱི། རེག་པ་ཐམས་ཅད་ནི་ཚོར་བ་ལ་སོགས་པ་རྣམས་ཀྱི་རྐྱེན་མ་ཡིན་པས་འགོག་པའི་སྙོམས་པར་འཇུག་པར་རེག་པ་རྐྱེན་ཡོད་པས་འདུ་
ཤེས་དང་ཚོར་བ་ལ་སོགས་པ་དག་མི་དགག་པར་ཐལ་བར་འགྱུར་རོ། །འདུ་ཤེས་དང་ཚོར་བ་ལ་རྒྱབ་ཀྱིས་ཕྱོགས་པས་གནས་སྐབས་དེ་འཐོབ་པས་གནས་སྐབས་དེ་ན་རེག་པ་ཡོད་ཀྱང་། འདུ་ཤེས་དང་ཚོར་བ་དག་གི་རྐྱེན་ཉིད་བསྒྲུབ་པར་མི་ནུས་སོ། །དེ་ཉིད་ལ་དཔེ་ནི་
ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་ལ་སོགས་པ་མི་འབྱུང་ངོ་ཞེས་བྱ་བ་ལ་སོགས་པས་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་དང་སེམས་པ་ཡོངས་སུ་གཟུང་ངོ་། །ཁྱད་པར་དུ་བྱས་པའི་ཕྱིར་མ་ཡིན་ཏེ་ཞེས་བྱ་བ་ལ། ཚོར་བ་བཞིན་དུ་རེག་པ་ཐམས་ཅད་ཚོར་བའི་
เล่ม ๒๐๙ · หน้า 230a
རྐྱེན་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མདོ་གཞན་ལས་ཚོར་བ་ཁྱད་པར་དུ་བྱས་པའི་ཕྱིར་རོ། །མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མ་རིག་པ་དང་འབྲེལ་བའི་རེག་པ་ནི་མ་རིག་པའི་འདུས་ཏེ་རེག་པའོ། །མ་
རིག་པའི་འདུས་ཏེ་རེག་པ་ལས་བྱུང་བ་ནི་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའོ། །དེ་ལྟར་སྲེད་པ་སྐྱེ་བ་ལ་ཚོར་བ་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པ་ཉིད་ཀྱི་ཁྱད་པར་བྱས་པ་མ་ཡིན་ཏེ། དེའི་ཕྱིར་མ་རིག་པ་མེད་པའི་ཚོར་བ་ནི་སྲེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བར་སྒྲུབ་པར་མི་ནུས་
སོ། །ཚོར་བ་སྐྱེ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། རེག་པ་འདི་འདྲ་བ་ནི་ཚོར་བའི་རྐྱེན་ཡིན་ལ། འདི་འདྲ་བ་ནི་མ་ཡིན་ཞེས་བྱེ་བྲག་ཏུ་མ་བྱས་ཏེ། དེའི་ཕྱིར་བྱེ་བྲག་མེད་པར་ཉེ་བར་བླངས་པའི་ཕྱིར་རེག་པ་ཐམས་ཅད་ཚོར་བའི་རྐྱེན་ཡིན་པས་དཔེ་འདི་མཚུངས་པ་མ་ཡིན་ནོ། །དེ་ལྟ་
བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་འདུ་ཤེས་དང་ཚོར་བ་སྙོམས་པར་འཇུག་པའི་རྐྱེན་གྱི་རྣམ་པ་མ་ཡིན་ཏེ། དེ་དག་གིས་རེག་པ་བསྐྱེད་ཅིང་རྟོག་པ་མེད་པའི་བསམ་གཏན་བཞིན་ནོ་ཞེས་བྱ་བ་རྩོད་པའི་ཚིག་གོ། །འདི་ཡང་འདི་ཉིད་ཀྱིས་སོ་སོར་བཤད་དེ། འོན་ཀྱང་ཇི་
སྐད་དུ། ཚོར་བ་གང་ཡིན་པ་དང་། སེམས་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་འདྲེས་པའི་ཆོས་འདི་དག་གི་མ་འདྲེས་པ་ཞེས་བྱ་བ་འདི་འགལ་ཏེ་དེ་ལྟར་ན་རྟོག་པ་དང་དཔྱོད་པ་དང་སེམས་འདྲེས་པའི་ངེས་པ་མདོར་བྱས་པ་མ་ཡིན་ནོ། །ཏིང་ངེ་འཛིན་སེམས་
དང་བཅས་པ་དགེ་བ་ནི་སེམས་དང་སེམས་ལས་བྱུང་བ་རྩེ་གཅིག་པར་བསྒྲུབ་པའི་ཕྱིར་སྙོམས་པར་འཇུག་པ་ཉིད་དུ་རུང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བསམས་ཏེ་འདྲི་བ་ནི། ཇི་ལྟར་ན་སེམས་མེད་པ་སྙོམས་པར་འཇུག་པ་ཡིན་ཞེས་བྱ་བའོ། །འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་རམ་
ཞེས་བྱ་བ་ལ། འབྱུང་བ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་དང་མི་མཐུན་པར་གནས་པ་སྟེ་བསྒྲུབ་པ་ནི་དེ་ལྟར་བྱེད་པའོ། །སྙོམས་པར་འཇུག་པའི་སྦྱོར་བའི་སེམས་ཁོ་ན་འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་སྒྲུབ་པར་བྱེད་དེ། ལུས་དང་སེམས་དག་ཕན་ཚུན་
เล่ม ๒๐๙ · หน้า 230b
མཐུན་པར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་འབྱུང་བ་ཆེན་པོ་མཉམ་པ་ཉིད་ནི་གནོད་པ་མེད་པའི་ཆོས་ཅན་ཉིད་ཡིན་ཏེ། འདི་ལྟར་འགག་པའི་སྙོམས་པར་འཇུག་པ་ནི་གནོད་པ་མེད་པའི་ཆོས་ཅན་ཡིན་ནོ། །ཡང་ན་སེམས་ཀྱི་འགོག་པའི་སྙོམས་པར་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ནི་
སྙོམས་པར་འཇུག་པ་ཡིན་ཏེ། སྙོམས་པར་འཇུག་པ་དང་སེམས་གཉིས་ལྷན་ཅིག་གནས་པར་འགལ་བའི་ཕྱིར་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དེའི་ཕྱིར་ཐོབ་པར་འགྱུར་བས་ན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་སྙོམས་པར་འཇུག་པའི་སྦྱོར་བའི་སེམས་ནི་སེམས་དང་སེམས་ལས་
བྱུང་བ་འབྱུང་བ་དང་འགོག་པའི་སྙོམས་པར་འཇུག་པ་འདྲེན་པ་ཡིན་ནོ། །སེམས་སྐྱེ་བ་ལས་གེགས་བྱེད་པའི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ནི་ཆུ་འབབ་པ་ལ་ཆུ་ལོན་ལྟར་དུས་གཞན་གྱི་བར་དུ་སེམས་སྐྱེ་བ་ལ་གེགས་བྱེད་པ་ཞིག་སྟེ། མེད་པ་ནི་
སེམས་བསྐྱེད་པའི་གེགས་བྱེད་པར་ཇི་ལྟར་འགྱུར། འཇུག་བཞིན་པའི་སེམས་མི་འཇུག་པ་ནི་རྒྱུ་བདེ་བའམ། དེ་འཇུག་པ་དང་འགལ་བའི་ཕྱིར་རྐྱེན་ཉེ་བ་ལས་ཡིན་གྲང་། དེ་རེ་ཞིག་རྒྱུ་ཟད་པ་ལས་ནི་མ་ཡིན་ཏེ། ཡང་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འགལ་བའི་རྐྱེན་གཞན་གྱིས་བྱས་པ་ཡིན་
ནོ་ཞེས་བྱ་བར་རྟོགས་ལ། འགལ་བའི་རྐྱེན་གང་ཡིན་པ་དེ་ཡང་འགོག་པའི་སྙོམས་པར་འཇུག་པ་ཡིན་ན། མ་ཡིན་ཏེ་སྙོམས་པར་འཇུག་པའི་སེམས་ཁོ་ནས་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་འགལ་བའི་རྐྱེན་གཞན་གྱིས་བྱས་པ་དེའི་ཚེ་སེམས་མི་འཇུག་པ་ནི་བདེན་ན་འགལ་བའི་རྐྱེན་
དེ་ནི་སེམས་གཞན་སྐྱེ་བ་དང་འགལ་བ་སྙོམས་པར་འཇུག་པའི་སེམས་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཇུག་པའི་རྒྱུ་ལས་སེམས་འཇུག་པ་རྣམ་པར་ཆད་པར་ཡང་མི་རིགས་ལ། སེམས་ཀྱང་འཇུག་པའི་རྒྱུ་ཡིན་ཏེ། དེ་ཕྱིར་མར་མེ་ལ་རླུང་ལྟར་སེམས་ལ་ཡང་མི་འཇུག་པའི་རྒྱུ་གཞན་ཁོ་ན་ཞིག་
ཁས་བླང་བར་བྱའོ་ཞེ་ན། དེའི་ཕྱིར་དེ་དང་འགལ་བའི་རྟེན་བསྐྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སེམས་སྐྱེ་བ་དང་འགལ་བའི་རྟེན་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ནོ། །མར་མེ་སྡོང་བུ་ལ་རག་ལས་པ་ལྟར་སེམས་འཇུག་པ་ནི་རྟེན་ལ་རག་ལས་ཏེ། དེའི་ཕྱིར་རྟེན་ཉམས་པས་སེམས་མི་འཇུག་པར་མི་
เล่ม ๒๐๙ · หน้า 231a
འགལ་ལོ། །རྟེན་ཉམས་པ་དེ་ནི་སྙོམས་པར་འཇུག་པའི་སེམས་ཀྱིས་བྱེད་དེ་དེའི་ཕྱིར་སྙོམས་པར་འཇུག་པའི་སེམས་ཁོ་ན་དེ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་དེ་སྐད་དུ་བཤད་དོ། །དེ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ། སེམས་མི་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་
གདགས་སོ། །དེ་གདགས་པའི་ཉེ་བར་ལན་པ་པོ་གང་ཞིག་ཡིན། ཉེ་བར་ལེན་པ་མེད་པ་ནི་ཅུང་ཟད་ཀྱང་བཏགས་པ་ཡོད་པ་མ་ཡིན་ནོ་ཞེ་ན། སེམས་གང་དག་མི་འཇུག་པ་དེ་དག་དེ་མི་འཇུག་པའི་ཉེ་བར་ལེན་པ་ཡིན་ནོ། །གལ་ཏེ་མ་སྐྱེས་པའི་ཕྱིར་ཡོད་པ་མ་ཡིན་པ་དེ་དག་ཇི་ལྟར་ན་བཏགས་པའི་
ཉེ་བར་ལེན་པར་རུང་ཞེ་ན། མ་འོངས་པ་ཡིན་ཡང་སེམས་ལ་གནས་པ་དེ་དག་ནི་མི་འཇུག་པའི་ཉེ་བར་ལེན་པ་ཉིད་དུ་འདོད་དེ། དཔེར་ན། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པ་རབ་ཏུ་འབྱུང་། །ཞེས་བྱ་བ་
བཞིན་ནོ། །དེར་ནི་སངས་རྒྱས་མ་འོངས་པ་བློ་ལ་གནས་པ་རྣམས་ཁོ་ན་མི་འབྱུང་བ་ཡིན་ཏེ། མ་སྐྱེས་པའི་སངས་རྒྱས་ནི་ཡོད་པ་ཡང་མ་ཡིན་ནོ། །ཉན་ཐོས་རྣམས་ཀྱང་ཞིག་ཅིང་བློ་ལ་གནས་པ་རྣམས་ཁོ་ན་ཟད་པར་བརྗོད་ཀྱི་ད་ལྟར་བ་རྣམས་ནི་མ་ཡིན་ནོ། །དེའི་ཕྱིར་འདས་པ་དང་མ་འོངས་
པ་ཡོད་པ་མ་ཡིན་ཡང་ཞིག་པ་དང་མ་སྐྱེས་པ་དག་བློ་ལ་གནས་པ་ཁོ་ན་བཏགས་པའི་ཉེ་བར་ལེན་པ་ཡིན་པར་མི་འགལ་ལོ། །གལ་ཏེ་སྙོམས་པར་འཇུག་པ་མ་འོངས་པའི་སེམས་མི་འཇུག་པ་ཙམ་ཡིན་ལ། དེ་ཡང་དངོས་པོ་མེད་པ་ཡིན་པས་འདུས་མ་བྱས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར་མི་
འཇུག་པ་ཙམ་དེ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདིར་གང་གི་དབང་དུ་བྱས་ནས་འདུས་བྱས་ཞེས་བརྗོད་པ་མི་འཇུག་པ་ཙམ་ཞེས་བྱ་བ་འདུས་བྱས་གྲུབ་པར་འགྱུར་བ་ནི་ཅུང་ཟད་ཀྱང་མེད་ཀྱི་འོན་ཀྱང་སྙོམས་པར་འཇུག་པ་སྔོན་དང་ཕྱིས་མེད་པས་མི་འཇུག་པ་ཙམ་གྱིས་སྙོམས་པར་
འཇུག་པ་ལ་འདུས་བྱས་སུ་གདགས་སོ། །ཡང་ན་རྟེན་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ་སྔར་ནི་ཐ་སྙད་ཀྱི་སྒོ་ནས་སེམས་མི་འཇུག་པ་ཙམ་སྙོམས་པར་མི་འཇུག་པ་ཉིད་ཡིན་པ་དང་། འདུས་བྱས་ཉིད་དུ་བཤད་ལ་ད་ལྟ་ནི་སྙོམས་པར་འཇུག་པའི་དབང་གིས་གནས་སྐབས་གཞན་
เล่ม ๒๐๙ · หน้า 231b
ཐོབ་པའི་རྟེན་ཉིད་སྙོམས་པར་འཇུག་པ་ཡིན་ཏེ། དེའི་ཕྱིར་དོན་དམ་པའི་སྒོ་ནས་འདུས་བྱས་ཀྱི་རྫས་ཡོད་པ་མ་ཡིན་ཡང་སྙོམས་པར་འཇུག་པ་ཞེས་བཤད་པར་འགྱུར་རོ། །འདུ་ཤེས་མེད་པ་པ་ཡང་དེ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་འགོག་པའི་སྙོམས་པར་འཇུག་པ་བཏགས་པ་ཙམ་ཡིན་པ་
དེ་བཞིན་དུ་འདུ་ཤེས་མེད་པ་པ་ཡང་ཡིན་ནོ། །རྣལ་འབྱོར་པ་ལ་ནི་དེའི་སྨོན་ལམ་གྱིས་འཕེན་པའི་ཤུགས་ལས་སྙོམས་པར་འཇུག་པ་འཕངས་པ་ཆད་ན་ཡིད་དང་ཆོས་དག་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ལ། འདུ་ཤེས་མེད་པ་པ་ནི་ལས་ཀྱི་རྣམ་པར་སྨིན་པའི་འཕེན་པ་ཟད་པས་འཆི་འཕོ་བར་
འགྱུར་རོ། །སྙོམས་པར་འཇུག་པ་དག་བསྟན་ཟིན་ཏོ། །སྲོག་ནི་ཚེ་ཡིན། འདི་རྣམ་གྲངས་བརྗོད་པ་ཡིན་གྱི་མཚན་ཉིད་ནི་མ་ཡིན་ཏེ་བསྟན་བཅོས་ལས་བསྟན་པའི་ངོར་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པ་ལས་འདི་སྐད་དུ་ཞེས་བྱ་བ་སྨོས་སོ། །རྣམ་གྲངས་ནི་གྲུབ་ན་མཚན་ཉིད་བྱེད་པ་ཡིན་
ནོ། །འདི་ནི་སྲོག་དང་འདྲ་བར་གྲུབ་པས་འདིས་སྲོག་གི་དོན་ངེས་པར་མི་ནུས་ཏེ་དེའི་ཕྱིར་ཚེ་ཞེས་བྱ་བའི་ཆོས་འདི་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དྲོད་དང་ནི་རྣམ་ཤེས་རྟེན་གང་ཡིན་པའོ་ཞེས་བྱ་བ་དེ་འབྲས་བུའི་སྒོ་ནས་འཆད་པའོ། །གནས་པའི་རྒྱུ་ཞེས་བྱ་བ་ནི་རྟེན་དུ་གྱུར་པ་ཞེས་བྱ་བ་འདི་རྣམ་
པར་བཤད་པའོ། །འདི་སྐད་བསྟན་པར་འགྱུར་ཏེ་ཇི་སྲིད་དུ་ཚེ་ཡོད་པ་དེ་སྲིད་དུ་འདི་གཉིས་རྒྱུན་ཆགས་སུ་འཇུག་པ་ཡིན་ནོ། །ད་ནི་ཚེའི་རྟེན་དུ་གྱུར་པ་ཞེས་བྱ་བ་འབྱུང་སྟེ་གནས་པའི་རྒྱུ་གང་ཡིན་ཞེས་བྱ་བའི་དོན་ཏོ། །དྲོད་དང་རྣམ་པར་ཤེས་པ་དེ་དག་ཉིད་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ་ཚེ་ནི་དེ་དག་ལ་རག་
ལས་ཏེ་གནས་པའི་ཕྱིར་རོ། །འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་དག་ལ་ཕན་ཚུན་བལྟོས་ཏེ་འཇུག་པ་ཡོད་པ་དེ་དག་ནི་ཕན་ཚུན་བལྟོས་ཏེ་འཇུག་པའོ། །དེའི་དངོས་པོ་ནི་ཕན་ཚུན་བལྟོས་ཏེ་འཇུག་པ་ཉིད་དེ་ཕན་ཚུན་བལྟོས་ཏེ་འཇུག་པ་ནི་དེའི་ཕྱིར་རོ། །དེ་དག་ལས་ནི་དྲོད་དང་རྣམ་
པར་ཤེས་པ་དང་ཚེ་གསུམ་ལས་སོ། །གང་ཞིག་སྔར་ལྡོག་པར་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་མ་ལྡོག་པར་གཞན་དག་ལྡོག་པ་མེད་ལ་གཞན་དག་ལྡོག་པ་མེད་པར་ཡང་ཚེ་ལྡོག་པ་མེད་དོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟར་ན་རྟག་ཏུ་ལྡོག་པ་མེད་པར་ཐལ་
เล่ม ๒๐๙ · หน้า 232a
བར་འགྱུར་རོ། །དེའི་ཕྱིར་དེ་དག་ཕན་ཚུན་ཉིད་དུ་མི་རུང་ངོ་། །འོ་ན་ནི་ཚེའི་རྟེན་དུ་གྱུར་པ་ནི་ལས་ཡིན་གྱི། དྲོད་དང་རྣམ་པར་ཤེས་པ་དག་ནི་མ་ཡིན་ནོ། །དེ་ལྟ་ན་ལས་ཀྱིས་འཕེན་པ་ཟད་པས་ལྡོག་ཚེ་ལ། དེ་ལོག་པས་དྲོད་དང་རྣམ་པར་ཤེས་པ་དག་ལྡོག་པས་རྟག་ཏུ་ལྡོག་
པ་མེད་པར་ཐལ་བར་མི་འགྱུར་རོ། །ཅི་ལྟར་ལས་ཚེའི་རྟེན་དུ་གྱུར་པ་ཡིན་ཞེ་ན་དེའི་ཕྱིར་ལས་ཀྱིས་ཇི་སྲིད་དུ་འཕངས་པ་དེ་སྲིད་དུ་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་རྗེས་སུ་འཇུག་པ་ནི་ལས་ཀྱིས་འཕེན་པའི་རྒྱུ་ཅན་ཡིན་ནོ། །དྲོད་དང་རྣམ་པར་ཤེས་པ་དག་གི་རྟེན་དུ་
གྱུར་པ་ཡང་ལས་ཁོ་ན་ཡིན་པར་ཅིའི་ཕྱིར་མི་འདོད་དེ་སྲོག་གི་དབང་པོ་དང་ཅིག་ཅར་སྐྱེ་བའི་ཕྱིར་དང་འཇིག་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མ་ཤིའི་བར་དུ་རྣམ་པར་ཤེས་པ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་ཤེས་པ་ལས་ཀྱིས་ཇི་སྲིད་འཕངས་
པ་དེ་སྲིད་དུ་རྗེས་སུ་འཇུག་པའི་སྲོག་ལྟར་ལས་ཀྱི་རྟེན་ཅན་དུ་འགྱུར་ན་མ་ཤིའི་བར་དུ་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་པ་ཐམས་ཅད་སྲོག་བཞིན་དུ་རྣམ་པར་སྨིན་པར་འགྱུར་རོ། །འོ་ན་དྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་
ལ། སྲོག་གི་དབང་པོ་དང་ལྷན་ཅིག་སྐྱེ་བ་དང་འགག་པའི་ཕྱིར་དང་། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་ངོ་བོར་འགལ་བ་མེད་པས། དྲོད་ཀྱི་རྟེན་ཏུ་གྱུར་པ་ནི་ལས་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དྲོད་མེད་པའི་ཕྱིར་ཞེས་
བྱ་བ་ལ་དྲོད་ནི་མེའི་ཁམས་ཡིན་ན། འབྱུང་བ་དག་ནི་གཟུགས་མེད་པའི་ཁམས་ན་ཡོད་པ་མ་ཡིན་ནོ། །དྲོད་མེད་པའི་ཕྱིར་གཟུགས་མེད་པའི་རྣམ་པར་ཤེས་པ་དེའི་རྟེན་ནི་ལས་ཡིན་པར་འགྱུར་རོ། །གང་ལ་ལར་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དངོས་པོ་རྣམས་ཀྱི་རྒྱུ་དང་འབྲས་
བུའི་དངོས་པོའི་རང་བཞིན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་པའི་སྒོ་ནས་འབྲེལ་བ་མ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་རྒྱུ་དང་འབྲས་བུའི་དངོས་པོ་འཁྲུལ་པ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །བཤད་ཟིན་ཏོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲོག་བཞིན་དུ་རྣམ་པར་
เล่ม ๒๐๙ · หน้า 232b
ཤེས་པ་ལས་ལ་བརྟེན་པ་ཉིད་མིན་ན་ནི། གཟུགས་མེད་པ་དག་ན་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དང་། དགེ་བ་མེད་པར་འགྱུར་རོ། །གཞན་དག་ན་རེ། ཚེ་ནི་གཅིག་ཏུ་རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་སྐྱེ་བ་མཐའ་དག་གི་རྗེས་སུ་འཇུག་གོ། །ལས་ནི་རྟེན་ནོ། །
དྲོད་གཅིག་ཏུ་རྣམ་པར་སྨིན་པ་འདུ་ཤེས་སམ་མིང་སཾ་ཛྙཱཾ་ནོ་ནཾ་(གཉི་ག་ལྟར་ཡང་མ་ཡིན་)བྷ་ཡ་ཐཱ། གང་དུ་ཡང་སྐྱེ་བ་མཐའ་དག་གི་རྗེས་སུ་འཇུག་པ་མ་ཡིན་ནོ། །དེར་ཡང་ལས་ལས་སྐྱེས་པ་ཁོ་ནའོ། །དེའི་རྟེན་ནི་ལས་སོ། །ལས་ལས་སྐྱེས་པའི་རྣམ་པར་ཤེས་པ་རྒྱུན་མི་འཇུག་
པ་ལ་ལས་རྣམས་ནུས་པ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཚེའི་རྟེན་ཞེས་བཤད་དོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་ནི་དེའི་རིས་མཐུན་པ་ཅན་རྣམ་པར་ཤེས་པའི་རྒྱུན་ཆད་ནས་སླར་སྐྱེ་བ་ལ་ཚེ་ཁོ་ན་རྟེན་ཡིན་ནོ། །དེ་ལྟ་བས་ན་དེ་གཉིས་ཀྱི་རྟེན་དུ་གྱུར་པའི་
ཚེ་ན་ཡོད་པ་ཁོ་ནའོ། །འཇིག་རྟེན་དང་བསྟན་བཅོས་དག་དང་འགལ་བའི་ཕྱིར་མེད་དོ་ཞེས་ནི་མི་སྨྲ་མོད་ཀྱི་རྫས་གཞན་ནི་མེད་དོ་ཞེས་སྨྲའོ། །ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་དང་འབྲས་བུ་ངེས་པར་མ་ཟིན་པའི་ཕྱིར་རོ་ཞེས་སྔར་བཤད་པའི་གཏན་ཚིགས་ཁོ་ནའི་རྗེས་སྙེག་གོ། །གལ་ཏེ་
རྫས་གཞན་མ་ཡིན་ན། འོ་ན་དེ་ཅི་ཡིན་ཞེ་ན། དེའི་ཕྱིར་ཁམས་གསུམ་པའི་ལས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིས་མཐུན་པ་ནི་དེ་ལྟ་བུར་གྱུར་པའི་འདུ་བྱེད་ཅི་རིགས་པར་སྐྱེ་མཆེད་དྲུག་གི་བདག་ཉིད་ཅན་རྟེན་དང་བཅས་པ་དེ་དག་ཁོ་ན་ཡིན་ལ་དེ་གནས་པ་ནི་རྒྱུན་ཆགས་
པར་རྗེས་སུ་འཇུག་པའོ། །དེའི་དུས་ནི་ཇི་སྲིད་ཀྱི་བར་དུ་དེ་རྗེས་སུ་འཇུག་པར་འགྱུར་བའོ། །དེའི་འཕེན་པ་ནི་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཅི་རིགས་པར་སྐྱེ་བ་མ་མའི་ལས་ཀྱིས་རྒྱུའི་དངོས་པོར་གནས་པར་བྱས་པའོ། །ཡང་རྒྱུའི་དངོས་པོ་དེ་ཅི་ཞིག་ཅེ་ན་ནུས་པ་སྟེ་འདི་
ལྟར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རིས་མཐུན་པའི་རྒྱུན་གྱི་མཚན་ཉིད་ཅན་གྱི་གནས་པའི་དུས་ངེས་པ་ཡིན་ཏེ་དེ་ཉིད་ཀྱི་ཕྱིར་གནས་པའི་དུས་ཀྱིས་འཕེན་པ་ཞེས་བྱ་སྟེ། དུས་དེའི་རྒྱུན་འཕེན་པར་བྱེད་པའི་ཕྱིར་འབྲུ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་
เล่ม ๒๐๙ · หน้า 233a
འབྱུང་བ་ལ། དཔེར་ན་ས་བོན་གྱི་མྱུ་གུ་ལ་གང་ཞིག་སྨིན་པའི་དུས་ཀྱི་བར་དུ་བརྒྱུད་ནས་འབྲུའི་རྒྱུན་གྱིས་འགྱུར་ལ། འབྲུ་རྣམས་ཀྱི་སྨིན་པའི་དུས་ཀྱི་འཕེན་པ་ནུས་པའི་ཁྱད་པར་གྱི་མཚན་ཉིད་ཅན་བསྐྱེད་པ་དེ་དང་འདྲའོ། །མདའ་འཕངས་པ་དག་གིས་གནས་པའི་དུས་ཀྱི་
འཕེན་པ་བཞིན་ནོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་མདའ་འཕངས་པ་དག་གིས་གནས་པ་ནི་ཡུལ་གཞན་དུ་སྐྱེ་བ་རྒྱུན་རྗེས་སུ་འཇུག་པའོ། །དེའི་དུས་ནི་གང་ཕྱིན་ཆད་དེ་མི་འབྱུང་བའི་མུ་མཚམས་སོ། །དེའི་འཕེན་པ་ནི་རྒྱུའི་དངོས་པོར་རྣམ་པར་གནས་པའོ། །མདའི་སྐད་ཅིག་དང་པོའི་
དེ་ཡང་རྩོལ་བར་གྱུར་པ་ཕུལ་དུ་བྱུང་བས་བསྒྲུབ་པའི་རླུང་གི་ཁམས་ཀྱིས་བསྐྱེད་པའི་ནུས་པའི་ཁྱད་པར་ལས་སོ། །གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱེ་བྲག་པ་ནི་མདའ་འཕངས་པ་ལ་རླུང་གི་ཁམས་ཀྱིས་བསྐྱེད་པའི་ནུས་པའི་ཁྱད་པར་ལས་ཡུལ་དག་ཏུ་རྒྱུན་
སྐྱེ་བའི་བདག་ཉིད་ཅན་མི་འདོད་པས་འདུ་བྱེད་ཅེས་བྱ་བ་ལ་སོགས་པ་དེ་ལྟར་སེམས་ཏེ། བྱེ་བྲག་པའི་ལྟར་ན་འགྲོ་བའི་ཕྱིར་ན་ཐོག་མར་མདའ་ལ་ལས་སྐྱེ་ལ། དེ་ལས་ནི་འགྲོ་བའི་རྒྱུ་འདུ་བྱེད་དེ་འདུ་བྱེད་པས་ནི་མ་ལྷུང་གི་བར་དུ་འགྲོ་བའོ། །མདའི་འགྲོ་བ་ནི་ཡུལ་གཞན་
དུ་ཕྱིན་པ་ཡིན་གྱི་སྐྱེ་བ་ནི་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་བྱེ་བྲག་པའིའོ། །དེ་ནི་གཅིག་པུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་གཅིག་པུ་ཡིན་པའི་ཕྱིར་རོ། །གེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ནམ་མཁའ་ལ་ནི་རེག་པ་དང་ལྡན་པའི་རྫས་དང་འབྲེལ་པའི་བདག་ཉིད་ཅན་
གྱི་ཐོགས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གེགས་ཆེན་པོ་དང་འབྲིང་དང་ཆུང་ངུ་བྱས་ན་ནི་འདུ་བྱེད་བྱེ་བྲག་མེད་བཞིན་དུ་ཕྱིན་པའི་དུས་ཀྱི་བྱེ་བྲག་ཏུ་གྱུར་པ་ན་གེགས་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡུལ་གཞན་དག་ཏུ་མགྱོགས་པ་དང་ཆེས་དང་ཤིན་ཏུ་ཆེས་མགྱོགས་པར་
ཕྱིན་པའི་དུས་ཀྱི་བྱེ་བྲག་ཡོད་པའི་ཕྱིར་མ་ལྷུང་བར་དུས་འགྲོ་བ་འདུ་བྱེད་གཅིག་པུའི་རྒྱུ་ཅན་མ་ཡིན་ནོ། །ལྷུང་བ་ཡང་མི་འཐད་དོ་ཞེས་བྱ་བ་ནི་འདུ་བྱེད་གཅིག་པུ་ཡིན་པའི་ཕྱིར་དང་། གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་རླུང་གིས་དེ་ལ་གེགས་བྱེད་དོ་ཞེས་བྱ་བ་ལ།
เล่ม ๒๐๙ · หน้า 233b
རླུང་གིས་གེགས་བྱས་པའི་འདུ་བྱེད་ནི་ལས་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་རྒྱུ་ཡིན་ལ། མཐར་ནི་འདུ་བྱེད་མེད་པའི་ཕྱིར་དང་། ལྕི་བ་ཉིད་ཀྱི་ཕྱིར་ལྟུང་བ་ཡིན་ནོ་ཞེའོ། །དྲུང་དུ་ལྟུང་བའམ་ཞེས་བྱ་བ་ལ། གཞུ་རྒྱུད་དང་རྣམ་པར་ཕྱེ་མ་ཐག་ཏུ་རླུང་དང་ལྡན་པའི་ཕྱིར་རོ། །
དེ་ལྟར་རེག་པ་དང་ལྡན་པའི་རྫས་དང་ལྡན་པ་ལས་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བྱེ་བྲག་པ་རྣམས་ཀྱི་མདོ་ཡིན་ནོ། །ཡང་ན་གཞར་ཡང་ཞེས་བྱ་བ་ལ་མ་ལྟུང་བར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རླུང་ལ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་
སྨོས་ཏེ། གང་ལས་ཕྱིས་གེགས་བྱེད་ཀྱི་སྔར་མ་ཡིན་པར་འགྱུར་བ་ཕྱིས་རླུང་ལ་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །དེ་ལས་ཁྱད་པར་མེད་པའི་ཕྱིར་ནི་ལྡན་པ་ལ་ཡང་ཁྱད་པར་མེད་དོ། །གང་ཞིག་ལས་བཞིན་དུ་འདུ་བྱེད་ཀྱང་དུ་མ་སྙམ་དུ་སེམས་པ་དེའི་ཡང་ཡུལ་གཞན་
དུ་མགྱོགས་པ་དང་། ཆེས་ཤིན་ཏུ་མགྱོགས་པར་ཕྱིན་པའི་དུས་ཀྱི་བྱེ་བྲག་མི་འཐད་དོ། །འདུ་བྱེད་ལས་ནི་ལས་བརྩམས་པར་བྱ་བ་ལ་བྱེ་བྲག་ཡོད་པ་མ་ཡིན་ལ། གང་ཞིག་འདུ་བྱེད་ཆེས་གསལ་བས་བསྐྱེད་པའི་ལས་ཀྱིས་ཅིག་ཅར་རྫས་ཡུལ་མང་པོ་གནོད་པར་བྱེད་པ་ཡང་
ཡོད་པ་མ་ཡིན་ཏེ། རིས་ཀྱིས་རང་གི་རྟེན་དུ་རྡུལ་ཕྲ་རབ་ཙམ་གྱི་ཕྱོགས་དང་ལྡན་པ་དང་། རྣམ་པར་བྱང་བའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ཀྱི་ཉོན་མོངས་པ་དག་དགེ་བ་དང་ཟག་པ་མེད་པའི་རྣམ་པར་
ཤེས་པའི་རྒྱུན་གྱི་རྒྱུན་རབ་ཏུ་གྱུར་པ་བསྐྱེད་པ་ལ་ལས་དང་བྱ་བ་ཅི། གང་དུ་ལས་དང་འབྲས་བུ་བསྐྱེད་པའི་སྐད་ཅིག་ནས་བརྩམས་ཏེ། ཇི་སྲིད་འཆི་བའི་བར་དུ་ཅུང་ཟད་ཀྱང་མ་ཆད་པར་འཇུག་གོ། །དེ་ལ་ལས་རྣམས་ཀྱི་དུས་ཡོངས་སུ་གཟུང་བས་རྒྱུན་ངེས་པ་ཡང་རིགས་སོ། །
ཨ་ས་ཏི། (ཡོད་པ་མ་ཡིན།) སྨེཤྩ་ཏི་(ཀང་དང་ཡང་)ལས་དང་འབྲས་བུའི་རྒྱུན་ཀིཾ་ཏ་དཱ་བི་དྷྭཾ་(ཅི་དེའི་ཚེ་རྣམ་པ།)ལས་གང་ཡིན་པ་སྲོག་གི་དབང་པོ་ཞེས་བརྗོད་དོ། །ཅིའི་ཕྱིར་དག་སོ་སོའི་ལས་ཀྱི་དུས་ཡོངས་སུ་འཛིན་པར་བྱེད། ཡང་ཅིའི་ཕྱིར་འདིའི་རྒྱུན་ངེས་པ་ལས་ཀྱིས་བྱས་ཟེར་རོ། །འདི་ནི་
เล่ม ๒๐๙ · หน้า 234a
རེ་ཞིག་མདོ་བྱེད་པ་ལ་སྐྱོན་མེད་པ་སྦྱར་ཏེ་དགེ་བ་དང་ཉོན་མོངས་པ་དང་ཟག་པ་མེད་པའི་རྣམ་པར་ཤེས་པའི་རྒྱུན་གྱི་གནས་སྐབས་ནི་གཟུགས་མེད་པའི་ཁམས་སུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་སྨིན་པའི་བདག་ཉིད་ཁས་བླངས་པའི་ཕྱིར་དེ་ཉིད་ལས་དང་འབྲས་བུ་སྐྱེ་
བའི་སྐད་ཅིག་ནས་བརྩམས་ཏེ་འཆི་བའི་བར་དུ་མ་ཆད་པ་འཇུག་གོ། །དེ་ལ་ལས་ཀྱི་དུས་ཡོངས་སུ་གཟུང་བ་དང་རྒྱུན་ངེས་པ་འགལ་བ་མེད་དོ། །གང་ཡང་དཔེ་སྟོན་པ་རྣམས་ནི་ཀུན་གཞི་རྣམ་པར་ཤེས་པ་མི་འདོད་པས། དེ་དག་གཟུགས་མེད་པར་སྐྱེ་བའི་དགེ་བ་དང་ཉོན་མོངས་
པ་དང་ཟག་པ་མེད་པའི་རྣམ་པར་ཤེས་པ་རྣམས་དེའི་རྣམ་པར་སྨིན་པའི་རྒྱུའི་ངོ་བོར་རྗེས་སུ་འགྲོ་བ་འདྲ་བར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་བཞིན་དེ་དང་རིས་མཐུན་པར་རྣམ་པར་གཞག་པའི་ཕྱོགས་བསྟན་པར་བྱེད་དོ། །རིས་མཐུན་པ་གནས་པའི་དུས་ཀྱི་འཕེན་པ་སྲོག་
ཅེས་བཤད་པས་སྔོན་གྱི་སྲིད་པའི་རྣམ་པར་ཤེས་པ་དེར་ཐལ་བར་མི་འགྱུར་རོ། །རིས་མཐུན་པའི་ནང་དུ་འདུས་པའི་ཕྱིར་ཟག་པ་མེད་པའི་སྲིད་པ་ནི་མ་ཡིན་ཏེ། སྲིད་པས་བདག་གིར་བྱས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་སྐད་དུ་ཚེ་རྫས་གཞན་ཁོ་ན་གཅིག་ཡོད་དོ་ཞེས་
ནི་བརྗོད་དོ། །སྲོག་གི་དབང་པོ་དེ་ཉིད་ལུས་ཁོ་ན་ལ་བརྟེན་ནས་འཇུག་པ་མ་ཡིན་ཏེ། གཟུགས་མེད་པ་རྣམས་སུ་ཡང་ཡོད་པའི་ཕྱིར་རོ། །སེམས་ཁོ་ན་དང་ཡང་མ་ཡིན་ཏེ་སེམས་མེད་པ་རྣམས་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །འོ་ན་དེའི་འཕེན་པར་བྱེད་པའི་ལས་སྔ་མ་དང་ད་ལྟར་
བའི་རིས་མཐུན་པ་དག་ཀྱང་ཅི། གལ་ཏེ་རིས་མཐུན་པ་གནས་པའི་དུས་འཕེན་པའི་ལས་ཚེ་ཡིན་ན། ཅི་ལྟར་བར་མི་ཆོད་ཅེས་བྱ་བ་རྩོད་པའི་ཚིག་གོ། །ལོ་ཏོག་རྣམས་སྨིན་པའི་དུས་ཀྱི་འཕེན་པ་བཞིན་བར་ཆད་ཀྱང་སྟོབས་དང་ལྡན་པའི་ཕྱིར། གང་ཞིག་ཡོད་པ་མ་ཡིན་
པ་དེ་ལ་ཡང་རེ་ཞིག་འཕེན་པ་རྗེས་སུ་འཇུག་གོ། །དེ་བཞིན་ཁོ་ནར་ཞེས་བྱ་བ་ནི་གཞན་དུ་མ་ཡིན་པར་ངེས་པའི་དོན་དུ་བརྗོད་པར་བྱའོ། །འོན་ཏེ་གཞན་དུ་ཡང་ཡིན་ཞེ་ན་ཞེས་བྱ་བ་ལ། ཚེ་ཡང་རྒྱུ་མཚན་གཞན་གྱིས་ཡིན་ཞེས་བྱ་བའི་དོན་ནོ། །བཏགས་པ་ལས་ཞེས་བྱ་བ་
เล่ม ๒๐๙ · หน้า 234b
འདིས་ནི་ཚེ་ཡོད་ཀྱང་འཆི་བ་ཡོད་དེ་ཞེས་སྟོན་པར་བྱེད་དོ། །དང་པོ་ནི་ཚེའི་རྣམ་པར་སྨིན་པ་ཅན་ཡིན་གྱི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་མ་ཡིན་ཏེ་ལས་ཀྱིས་འཕངས་པའི་སྲོག་གི་དབང་པོ་རྒྱུན་ཡོངས་སུ་རྫོགས་པའི་ཕྱིར་ཚེའི་རྣམ་པར་སྨིན་པ་ཅན་གྱི་ལས་ཡོངས་སུ་གཏུགས་པ་ཡིན་
ནོ། །གཉིས་པ་ནི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ནོ། །ལས་ཡོངས་སུ་གཏུགས་པ་ལས་སོ་ཞེས་བྱ་བར་སྦྱར་ཏེ་ཚེའི་རྣམ་པར་སྨིན་པ་ཅན་ནི་མ་ཡིན་ཏེ་གསུམ་པ་ནི་གཉིས་ཀའོ། །ཚེ་དང་ལོངས་སྤྱོད་རྣམ་པར་སྨིན་པ་ཅན་དག་སྟེ། ལས་ཡོངས་སུ་ཟད་པ་ལས་ཞེས་བྱ་བར་སྦྱར་རོ། །བཞི་
པ་ནི་ཚེ་དང་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ལས་དག་མ་ཟད་ཀྱང་ཡ་ང་བ་ཡོངས་སུ་མི་སྤོང་བས་སོ། །བག་མེད་པ་སྤྱོད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མར་མེ་བཞིན་ཏེ། ཇི་ལྟར་མར་མེ་ནི་རེས་འགའ་སྙིང་པོ་ཟད་པ་ཉིད་ལས་འགགས་པ། རེས་འགའ་ནི་འབྲུ་མར་ཟད་པ་ཉིད་ལས་
ཡིན་གྱི་སྙིང་པོ་ཟད་པ་ལས་ནི་མ་ཡིན་ནོ། །རེས་འགའ་ནི་གཉིས་ཀ་ཟད་པ་ལས་རེས་འགའ་ནི་གཉིས་ཀ་ཡོད་ཀྱང་རླུང་ལ་སོགས་པས་སོ། །ཚེ་བཏང་བ་ལས་ཀྱང་བརྗོད་པར་བྱའོ། །བརྗོད་པར་མི་བྱ་སྟེ། མུ་དང་པོའི་ཁོངས་སུ་འདུ་བའི་ཕྱིར་རོ། །དེའི་ཚེ་རྣམ་པར་སྨིན་པ་ཅན་གྱི་ལས་གང་
ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་འགྱུར་བས་ཚེ་ཟད་པ་ཁོ་ནས་འཆི་བ་ཡིན་ནོ། །ཚེ་ཟད་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལོངས་སྤྱོད་ཟད་ན་ཚེ་ཟད་པ་ཡང་ལྡོག་ནས་ལོངས་སྤྱོད་ཟད་པས་འཆི་བར་བྱ་བ་ལ་ནུས་པ་ཡོད་ན་ཚེ་ཟད་ན་བཟློག་པར་བྱ་བའི་ཕྱིར་ལོངས་སྤྱོད་ཟད་པ་འཆི་བར་བྱ་བ་ལ་ནུས་པ་
དེའི་ཕྱིར། གཉིས་ཀ་ཟད་པ་ལས་ཞེས་བྱ་བའི་མུ་གསུམ་པ་མི་རིགས་ཏེ་དེའི་ཕྱིར་སྲིད་པའི་དབང་དུ་བྱས་ནས་གཉིས་ཀ་ཟད་པ་ལས་འཆི་བར་བཤད་དེ། ཚེ་ཟད་ནས་བསོད་ནམས་ཟད་པ་ལས་འཆི་བར་བྱ་བ་ལ་ནུས་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དེའི་ཕྱིར་གཉིས་ཀ་ཟད་པས་འཆི་བ་ཡོད་པས་གཉིས་
ཀ་ཟད་པའི་ཕྱིར་ཞེས་བཤད་དོ། །ཡང་ཚེ་ཟད་ནས་བསོད་ནམས་ཟད་པ་ལས་འཆི་བར་བྱ་བ་ལ་ནུས་པ་ཡོད་པ་ནི་མ་ཡིན་ནོ། །ཚེ་ཟད་པ་ལས་ཀྱང་འཆི་བ་ལ་བསོད་ནམས་ཟད་པའི་བྱ་བ་དེ་མེད་དེ། ཕན་ཚུན་མེད་ཀྱང་འཆི་བའི་ཕྱིར་ཞེས་བྱ་བ་རྩོད་པའི་གཞིའོ། །བསོད་ནམས་ཟད་པ་ལས་ཀྱང་འཆི་བ་
เล่ม ๒๐๙ · หน้า 235a
བདེན་ཏེ། དེ་མེད་པས་ཚེ་གནས་པའི་རྒྱུ་ཉེ་བར་མཁོ་བ་མེད་པས་དེ་ལྟར་ཚེའི་གནས་སྐབས་མེད་པའི་ཕྱིར་རོ། །བསོད་ནམས་ཟད་པ་ཁོ་ན་ལས་འཆི་བ་མ་ཡིན་ཏེ། ཇི་ལྟར་ཚེ་ཟད་པ་ཁོ་ན་ལས་མ་ཡིན་པ་བཞིན་ནོ། །ཚེ་ཟད་པ་ལ་བསོད་ནམས་ཟད་པ་ལས་འཆི་བ་ལ་ནུས་པ་
ཡོད་པ་མ་ཡིན་ནོ། །ཡང་བསྟན་བཅོས་གཞན་གྱི་སྒོ་ནས་དུས་མ་ཡིན་པར་འཆི་བ་ཡོད་པར་བསྟན་པའི་ཕྱིར་ཡེ་ཤེས་ལ་འཇུག་པ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བཤད་པ་འདིས་ཇི་ལྟ་བུས་མ་ཡིན་པར་འཆི་བ་བསྟན་ཅེས་མི་ཤེས་པས་འདྲི་བ་ནི། བཤད་པ་འདིའི་དོན་གང་ཡིན་ཞེས་
བྱའོ། །གང་ལ་ལུས་ལ་གནོད་པས་ཞེས་བྱ་བ་ལ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་མ་གཏོགས་པའི་འདོད་པ་ན་སྤྱོད་པ་རྣམས་ཀྱི་ལུས་ལ་ནི་གནོད་པར་བྱ་བར་ནུས་ཏེ། དེའི་ཕྱིར་དེ་དག་ཚེ་ལ་ནི་ལུས་ལ་གནོད་པ་བྱས་པས་གནོད་པ་ཡིན་ཏེ། ལུས་ཀྱི་
རྒྱུད་ལ་མ་བལྟོས་པའི་ཚེ་འཇུག་པ་མེད་པས་ལུས་ཀྱི་རྒྱུད་ལ་རག་ལས་པའི་ཕྱིར་རོ། །དང་པོ་ཡིན་ནོ་ཞེས་བྱ་བ་ལ་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནས་བརྩམས་ཏེ། རྒྱུད་ལ་རག་ལས་ཏེ་འཇུག་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བའི་བར་འདི་ནི་དང་པོའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་
དང་། འདོད་པའི་ཁམས་སུ་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ནི་རྟེན་ལ་ནི་གནོད་པར་བྱས་པས་ཚེ་ལ་གནོད་པ་མེད་དེ། རང་དང་གཞན་གྱིས་གནོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་ཇི་ལྟར་སྐྱེས་བཞིན་གནས་པས་བར་སྐབས་སུ་རྒྱུན་རྣམ་
པར་ཆད་པ་མེད་དོ། །གཉིས་པ་ཡིན་ནོ་ཞེས་བྱ་བ་ལ། སྙོམས་པར་ཞུགས་པ་རྣམས་དང་ཞེས་བྱ་བ་ནས་བརྩམས་ནས་བརྗོད་པར་བྱའོ་ཞེས་བྱ་བའི་བར་འདི་ནི་གཉིས་པའོ། །གློ་བུར་དང་བཅས་པ་ནི་དང་པོ་ཡིན་ནོ། །དེ་གློ་བུར་དང་བཅས་པ་ནི་ལུས་ལ་གནོད་པ་བྱས་པའི་སྒོ་ནས་ཏེ་གེགས་
དང་བཅས་ཞེས་བྱ་བའི་དོན་ནོ། །གློ་བུར་མེད་པ་ནི་གཉིས་པ་ཡིན་ནོ་ཞེས་བྱ་བ་ལ། དེའི་རྟེན་ལ་གནོད་པ་མེད་པའི་ཕྱིར་འདི་ནི་གློ་བུར་མེད་ཅིང་གེགས་མེད་པ་ཡིན་ནོ། །དེ་ལྟ་བས་ན་དུས་མ་ཡིན་པར་འཆི་བ་ནི་ཡོད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་ཚེ་རྒྱུད་ལ་རག་ལས་པ་དང་། གློ་བུར་དང་བཅས་པ་
เล่ม ๒๐๙ · หน้า 235b
བཤད་པའི་ཕྱིར་རོ། །མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་མངོན་པ་ལས་བཤད་པ་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། མདོ་ལས་ཀྱང་དུས་མ་ཡིན་པར་འཆི་བ་གསུངས་སོ། །བདག་རྒྱུར་གྱུར་པའི་འཆི་བ་ནི་བདག་ཉིད་འཆི་བའོ། །གཞན་རྒྱུར་གྱུར་པའི་འཆི་བ་ནི་གཞན་གྱིས་
གསོད་པའོ། །མུ་བཞིར་ཞེས་བྱ་བ་འབྱུང་སྟེ་གང་དུ་བདག་ཉིད་འཆི་ལ་གཞན་དག་གིས་གསོད་པ་མ་ཡིན་པ་དང་། གང་དུ་གཞན་དག་གིས་གསོད་ལ་བདག་ཉིད་འཆི་བ་མ་ཡིན་པ་དང་། གང་དུ་གཉིས་ཀ་ཡིན་པ་དང་། གང་དུ་གཉིས་ཀ་མ་ཡིན་པ་བགྲང་བའོ། །རབ་ཏུ་དགའ་བ་དང་ཡིད་རབ་ཏུ་
འཁྲུགས་པ་དག་གིས་ཞེས་བྱ་བ་ལ། ལྷ་རྩེད་མོས་མྱོས་པ་རྣམས་ནི་རབ་ཏུ་དགའ་བ་སྟེ། དེ་དག་ནི་ཤིན་ཏུ་རྩེ་བ་དང་། དགའ་བ་ལ་སོགས་པས་ལུས་དུབ་པ་དང་། དྲན་པ་མྱོས་པ་དག་གིས་གནས་དེ་ནས་འཆི་བར་འགྱུར་རོ། །ཡིད་རབ་ཏུ་འཁྲུགས་པ་རྣམས་ནི་ཡིད་རབ་ཏུ་འཁྲུགས་པ་སྟེ། དེ་དག་
ནི་ཕན་ཚུན་མིག་གིས་མིག་ལ་བལྟོས་པས་ཡིད་འཁྲུགས་པར་འགྱུར་ཞིང་དེས་ན་གནས་དེ་ན་འཆི་བར་འགྱུར་རོ། །སངས་རྒྱས་རྣམས་ཀྱི་ཡང་ཡིན་པར་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བདག་ཉིད་འགྲོངས་པར་འགྱུར་གྱི། གཞན་གྱིས་འགྲོངས་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི།
བདག་ཉིད་འགྲོངས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གནོད་པ་མི་མངའ་བའི་ཆོས་ཅན་དང་སྐུ་ཚེ་གཏོང་བ་ལ་མངའ་བརྙེས་པ་ཡིན་ནོ། །གཉིས་པའི་ནི་གཞན་གྱིས་གསོད་པ་ཁོ་ནར་འགྱུར་གྱི་བདག་ཉིད་འཆི་མི་འགྱུར་བ་སྟེ་མངལ་ན་འདུག་པ་ནུར་ནུར་པོ་དང་། གོར་གོར་པོ་
དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པའི་གནས་སྐབས་ན་འདུག་པ་དང་། སྒོ་ང་ན་འདུག་པ་རྣམས་ལ་བདག་ཉིད་འཆི་བ་མེད་པའི་ཕྱིར་རོ། །གཉིས་ཀ་ནི་བདག་ཉིད་འཆི་བ་དང་། གཞན་གྱིས་གསོད་པ་ཡིན་ནོ། །འདོད་པ་ན་སྤྱོད་པ་གཞན་དག་ཅེས་བྱ་བ་ནི་གང་དག་བཤད་པར་གྱུར་པ་ལས་གཞན་
པ་རྣམས་སོ། །ཕལ་ཆེར་ཞེས་བྱ་བ་སྨོས་པ་ནི་འཆད་པར་འགྱུར་བའི་སྲིད་པ་བར་མ་ལ་སོགས་པ་འདོད་པ་ན་སྤྱོད་པ་རྣམས་ཡོངས་སུ་སྤང་བར་བྱ་བའི་ཕྱིར་རོ། །བཞི་པ་ནི་གཉིས་ཀ་མ་ཡིན་ཞེས་བྱ་བ་སྟེ། བདག་ཉིད་འཆི་བ་མ་ཡིན་ཞིང་གཞན་གྱིས་གསོད་པ་མ་ཡིན་པའོ། །རྒྱལ་པོའི་དྲང་སྲོང་དང་། ཆོས་ལེན་དང་། མཆོག་
เล่ม ๒๐๙ · หน้า 236a
ཅན། གངྒཱ་ལན་ལ་སོགས་པ་རྣམས་ནི་སྔོན་གྱི་གཏམ་རྒྱུད་རྣམས་ལས་ཁོང་དུ་ཆུད་པར་བྱའོ། །རྒྱལ་བའི་ཕོ་ཉ་ནི་ཇི་སྲིད་ཕོ་ཉའི་དོན་མ་བྱས་པ་དེ་སྲིད་དུ་བདག་ཉིད་འཆི་བ་མ་ཡིན་ཞིང་གཞན་གྱིས་གསོད་པར་མི་འགྱུར་རོ། །རྒྱལ་བས་བསྟན་པ་ནི་དུས་འདི་སྲིད་གཅིག་གི་བར་དུ་འཚོ་བར་འགྱུར་རོ་ཞེས་བྱ་བའི་
དུས་དེ་སྲིད་དུ་བདག་ཉིད་འཆི་བ་ཡང་མ་ཡིན་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །སྲིད་པ་ཐ་མ་པ་ཞེས་པ་ནི་གང་གི་སྐྱེ་བ་དེ་ཉིད་ལ་དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བ་སྟེ། དེ་དག་དེ་མ་ཐོབ་པར་བདག་ཉིད་འཆི་བར་ཡང་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །དེ་ལྷུམས་ན་གནས་པ་ཞེས་བྱ་བ་ལ། ཇི་
སྲིད་བྱང་ཆུབ་སེམས་དཔའ་ལྷུམས་ན་གནས་པ་དང་། འཁོར་ལོས་སྒྱུར་བ་མངལ་ན་གནས་པ་དེ་སྲིད་དུ་ཡུལ་བདག་ཉིད་འཆི་བར་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །ཡང་ཅིའི་ཕྱིར་མདོ་ལས་བཙུན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་གཞན་པ་དག་ན་ནི་
ཉོན་མོངས་པ་གཞོམ་པར་བྱ་བའི་ཕྱིར་བདག་ཉིད་འཆི་བ་ནི་རང་གི་ས་པའི་འཕགས་པའི་ལམ་ལ་བརྗོད་དོ། །གཞན་གྱིས་གསོད་པ་ནི་ཉོན་མོངས་པ་གཞོམ་པ་ཁོ་ནའི་དབང་དུ་བྱས་ནས་ས་གོང་མའི་ཉེར་བསྡོགས་ཡིན་ཏེ། དེས་ས་འོག་མ་དག་ལས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །དེས་ན་གཉིས་ཀ་མེད་
དོ་ཞེས་བྱ་བ་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རང་གི་ས་པའི་འཕགས་པའི་ལམ་ཡང་མེད་པ་ཉིད་ལ་ས་གོང་མའི་ཉེར་བསྡོགས་ཀྱང་མེད་དེ། དེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ན་ཡང་མི་ལྕོགས་པ་མེད་པའི་ས་པའི་འཕགས་པའི་
ལམ་པ་གཞན་གྱིས་གསོད་པར་འགྱུར་ཏེ། འདི་ལྟར་ཟག་པ་མེད་པའི་མི་ལྕོགས་པ་མེད་པས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་འགྱུར་བ་དང་། འཕགས་པའི་ལམ་ས་བརྒྱད་པོས་རང་དང་། གོང་མའི་ས་ལ་འདོད་ཆགས་དང་བྲལ་བར་འདོད་པ་དང་སྲིད་པའི་རྩེ་མོར་སྐྱེས་པའི་ཕྱིར་མི་འོང་བ་རྣམས་ཀྱིས་
ཅི་ཡང་མེད་པའི་སྐྱེ་མཆེད་མངོན་དུ་བྱས་པར་གྱུར་པ་ལས་ཟག་པ་ཟད་པ་ཡིན་ནོ། །བཤད་པ་འདིར་ཡང་བདག་ཉིད་གཞན་གྱིས་གསོད་པའི་འཆི་བར་འགྱུར་རོ་ཞེས་བྱ་བ་མི་རུང་སྟེ། ཉོན་མོངས་པ་སྤངས་པ་ནི་འཆི་བའམ་མི་འཆི་བའི་རྒྱུ་མཚན་ཅན་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ན་རེ། མཆོག་ལ་ཡང་
เล่ม ๒๐๙ · หน้า 236b
གཞན་གྱི་སྒྲ་འཇུག་པས། འདིར་ས་དང་ལམ་ཆོས་མཆོག་ཏུ་གྱུར་པས་གཞན་གྱིས་གསོད་པར་མངོན་པར་འདོད་ཀྱི་ས་ཐམས་ཅད་པ་ནི་མ་ཡིན་ནོ། །གང་དུ་དབང་ཉིད་མེད་པ་དེ་གཞན་ཞེས་བརྗོད་དེ། ཐམས་ཅད་ཀྱི་རྟེན་དང་ས་ལ་གནས་པ་ནི་དབང་བ་ཉིད་ཡིན་པས་འདི་ནི་ས་གཞན་མ་ཡིན་ཞེས་
བྱའོ། །གལ་ཏེ་མཆོག་གི་ས་པ་ཁོ་ནའི་ལམ་གཞན་གྱིས་གསོད་པ་ཡིན་ནོ། འོ་ན་ས་གཞན་གཉི་ག་མ་ཡིན་པ་ཞེས་བྱ་སྟེ་གཞན་པ་དེ་ལ་འདི་བརྗོད་པར་བྱའོ། །གཉེན་པོ་མཚུངས་པའི་ངོ་བོ་ལ་ནི་ས་གོང་མ་པ་ཁོ་ན་གཞན་གྱིས་གསོད་པར་བརྗོད་དེ་ས་འོག་མ་པ་ནི་མ་ཡིན་ནོ། །འདི་ལ་རྒྱུ་ཅི། དེའི་
ཕྱིར་འདི་དང་འདི་ནི་གང་ཅུང་ཟད་ཀྱང་མདོའི་དོན་དུ་མི་རུང་ངོ་། །འོ་ན་ནི་མཐའ་སྨོས་པས་དེ་ལ་སོགས་པ་གོའོ་ཞེས་བྱ་བ་ལ། དེ་ལ་མཐའ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ། །དེ་ལ་སོགས་པ་ནི་དེ་ལ་སོགས་པ་སྟེ། མཉམ་པར་གཞག་པ་ཉིད་དུ་མཚུངས་པའི་ཕྱིར་བསམ་གཏན་
དང་པོའི་བར་ཡིན་གྱི་འདོད་པའི་ཁམས་ནི་མ་ཡིན་ཏེ། མཉམ་པར་མ་བཞག་པའི་ཕྱིར་རོ། །སྙོམས་པར་འཇུག་པ་ནི་བསམ་གཏན་དང་གཟུགས་མེད་པ་གསུམ་མོ། །དེ་ལ་སོགས་པ་ནི་བསམ་གཏན་དང་པོའི་སྙོམས་པར་འཇུག་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་
ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་ཏེ་དེ་ལ་སོགས་པ་གོ་བའོ། །སྲིད་པའི་རྩེ་མོར་སྐྱེས་པ་ལྟར་དེ་ལ་སོགས་པ་སྐྱེས་པ་རྣམས་ཀྱང་བདག་ཉིད་འཆི་བར་མི་འགྱུར་ལ། གཞན་གྱིས་གསོད་པར་ཡང་མི་འགྱུར་རོ། །གཞན་ལས་ཀྱང་དེ་ལྟ་བུའི་མཚན་ཉིད་ཅན་གྱི་བསྟན་
པ་ཡོད་དོ་ཞེས་བསྟན་པའི་ཕྱིར་ལ་ལར་ནི་མཐའ་ཡང་དང་པོར་ཞེས་རྒྱ་ཆེར་འབྱུང་སྟེ། འདིར་དང་པོ་ནི་ཚངས་རིས་ཀྱི་ལྷ་དག་ཡིན་ལ། མཐའ་ནི་ཚངས་པ་མདུན་ན་འདོན་དག་དང་། ཚངས་པ་ཆེན་པོ་དག་སྟེ་བདེ་བ་སྐྱེ་བ་དང་པོས་བསྡུས་པའི་ཕྱིར་རོ། །ལ་ལར་དང་པོ་ཡང་
མཐའ་གོ་སྟེ་ཞེས་རྒྱ་ཆེར་འབྱུང་བ་ལ། འདིར་མཐའ་ནི་འོད་གསལ་བ་རྣམས་ཏེ་དེ་སྨོས་པས་དེའི་དང་པོ་ཚད་མེད་འོད་པ་རྣམས་དང་། འོད་ཆུང་བ་རྣམས་རྟོགས་པར་འགྱུར་ཏེ། བདེ་བ་སྐྱེ་བ་གཉིས་པས་བསྡུས་པའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་དཔེ་བརྗོད་པའི་ཕྱིར།
เล่ม ๒๐๙ · หน้า 237a
འདི་མཚན་ཉིད་ཀྱི་སྒྲ་མ་ཡིན་ནོ། །ལྷག་མ་གོ་ཞེས་བྱ་བ་ནི་ཚངས་པ་མདུན་ན་འདོན་དང་ཚངས་ཆེན་གོ་བའོ། །ཚད་མེད་འོད་ཀྱང་གོ་བ་ཅིའི་ཕྱིར་ཞེ་ན། དཔེའི་ཆོས་ནི་གང་གཅིག་ཡིན་ཀྱང་ཞེས་རྒྱ་ཆེར་འབྱུང་སྟེ། གཅིག་དཔེ་ཉིད་དུ་བརྗོད་ན། དེའི་རིགས་
ཅན་གཞན་ཡང་ཡོད་ན་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་དེ་ཡང་འདི་ན་མེད་དོ། །འདིར་འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ཡིན་ནོ་ཞེས་མ་གསུངས་ཏེ། དེའི་ཕྱིར་འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དག་ལྟ་བུའོ་འདི་ལྟ་སྟེ་འོད་གསལ་གྱི་ལྷ་དག་ལྟ་བུ་སྟེ་
ཞེས་བྱ་བ་འདི་ནི་ཉེ་བར་སྦྱར་དུ་མི་རུང་ངོ་། །གལ་ཏེ་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་དཔེར་བརྗོད་པ་ཡིན་ན་ནི། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་གོ་ཞེས་བྱ་བ་འདིར་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་མི་རྣམས་དང་། ཁ་ཅིག་དཔེར་གྱུར་
པ་དག་དང་དཔེ་ལས་བྱུང་བའི་དོན་འགའ་ཡང་སྦྲེལ་བར་མི་བྱེད་དེ། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་ཉིད་མ་ལུས་པ་དག་བསྟན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཉེ་བར་བསྟན་པའི་དོན་ཞེས་བྱ་བ་ལ། ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དེ་དག་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདིས་ཉེ་བར་
སྟོན་པ་དེ་བཞིན་དུ་འདིར་ཡང་མཐའ་སྨོས་པས་དེ་ལ་སོགས་པ་གོའོ། །དཔེར་ན་ཚངས་རིས་ཀྱི་ལྷ་ལྟ་བུ་སྟེ་ཞེས་བྱ་བ་དང་། འོད་གསལ་གྱི་ལྷ་རྣམས་ལྟ་བུ་སྟེ་ཞེས་བྱ་བའི་མདོའི་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་ཡང་ཉེ་བར་བསྟན་པའི་དོན་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐལ་བ་མཐོང་བ་ཡིན་ནོ། །
ཁ་ཅིག་ཏུ་སྲིད་པའི་རྩེ་མོ་ལས་གཞན་པའི་བསམ་གཏན་དང་གཟུགས་མེད་པ་རྣམས་སེམས་སོ། །རྩེག་མོས་མྱོས་པ་དང་ཡིད་འཁྲུགས་པའི་སེམས་ཅན་དེ་དག་ལྟར་དེ་དང་འདྲ་བའི་ཉོན་མོངས་པའི་ཤུགས་བསྐྱེད་པས་དེ་རྣམས་གནས་དེ་དག་ནས་འཆི་འཕོ་བས་འགྱུར་ཏེ།
དེའི་ཕྱིར་དེ་དག་ནི་བདག་ཉིད་གསོད་པར་འགྱུར་རོ། །སྲིད་པའི་རྩེ་མོ་ནི་དེ་ལྟར་མ་ཡིན་ཏེ་དེའི་ཕྱིར་དེར་ནི་བདག་ཉིད་འཆི་བ་མ་ཡིན་ལ་གཞན་གྱིས་གསོད་པ་ཡང་མ་ཡིན་ནོ་ཞེས་བཤད་དེ་སྲོག་བཤད་ཟིན་ཏོ། །དེའི་མཇུག་ཐོགས་སུ་མཚན་ཉིད་རྣམས་སྟོན་ཏེ། སྲོག་དང་མཚན་
เล่ม ๒๐๙ · หน้า 237b
ཉིད་རྣམས་དང་ནི་ཞེས་འབྱུང་བ་དེའི་ཕྱིར་མཚན་ཉིད་རྣམས་ཁོ་ན་བསྟན་པར་བྱ་སྟེ། མཚན་ཉིད་དག་ནི་སྐྱེ་བ་དང་། །ཞེས་རྒྱ་ཆེར་འབྱུང་ངོ་། །འདུས་བྱས་སུ་མངོན་ནོ་ཞེས་བྱ་བ་ནི་འདུས་བྱས་སུ་མཚོན་པར་བྱེད་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། འདི་དག་འདུས་བྱས་ཀྱི་ངོ་བོར་གསལ་
བར་བྱེད་པ་ཡིན་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །བཟློག་པ་ནི་གང་ལ་མེད་པའོ། །དེ་ལ་སྐྱེ་བས་ནི་ཆོས་དེ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ལ་འདུ་བྱེད་ཐམས་ཅད་ཉིད་ཀྱི་སྐྱེ་བའི་སྐྱེ་བར་བརྗོད་པ་འདིར་ནི་བྱེ་བྲག་པའི་སྐྱེ་བ་གེགས་མེད་པའི་རྒྱུས་བསྐྱེད་པར་མངོན་པར་འདོད་
དོ། །དེས་ཡོངས་སུ་གཟུང་བའི་དངོས་རྣམས་སྐྱེ་བས་ན་འདིར་ཡོངས་སུ་གཟུང་བའི་དངོས་པོ་སྐྱེད་པར་བྱེད་དོ། །འགའ་ཞིག་ནི་ཆོས་ཀྱི་དངོས་པོའི་རྐྱེན་གཙོ་བོའོ། །གནས་པས་ནི་གནས་པར་བྱེད་དོ་ཞེས་བྱ་བ་ནི། སྐྱེས་ལ་མ་འགགས་པ་འབྲས་བུ་འཕེན་པ་གེགས་མེད་པར་གནས་
པར་བྱེད་པའོ། །དེར་ཡང་ཆེས་ཉེ་བའི་རྒྱུ་གནས་པ་ཡིན་པས་གནས་པར་བྱེད་དོ་ཞེས་བྱའོ། །རྒ་བས་ནི་རྒས་པར་བྱེད་དོ་ཞེས་བྱ་བ་ནི་སྟོབས་ཆུང་བར་བྱེད་དེ། འཇིག་པ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་སུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་འདུས་བཟང་ན་རེ་འགྲོ་བ་
རྣམས་ཀྱི་འདུ་བྱེད་ཀྱི་རྒྱུད་ཕྱི་མ་ཕྱི་མ་སྔ་མ་ལས་རྣམ་པ་གཞན་དུ་བྱེད་པའོ་ཞེས་ཟེར་རོ། །ད་ལྟར་ཡང་སྐད་ཅིག་མ་དང་པོ་དགའ་བ་མེད་ཅིང་། སྔ་མའི་ཆོས་དགའ་བ་ལས་ཕྱི་མའི་ཆོས་ཀྱི་བྱ་བ་སྐྱེ་བ་ལ་སོགས་པ་ལྟ་བུ་ནི་མཚན་ཉིད་དུ་མི་རུང་ངོ་། །མི་རྟག་པ་ཉིད་ཀྱིས་ནི་འཇིག་པར་བྱེད་
དོ་ཞེས་བྱ་བ་ལ། འདུ་བྱེད་འགོག་པ་ལ་ལྷན་ཅིག་སྐྱེ་བའི་རྒྱུ་ཁྱད་པར་དུ་འཕགས་པ་ནི་མི་རྟག་པ་ཉིད་དོ། །མདོ་ལས་གསུམ་པོ་འདི་དག་ནི་ཞེས་བྱ་བ་ལ། མདོ་ལས་ནི་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་གསུངས་སོ། །གལ་ཏེ་འདུས་བྱས་ཀྱི་མཚན་ཉིད་བཞི་ཡིན་ན་ནི་དེར་བཞི་པ་ཡང་
བརྗོད་པར་འགྱུར་ན། གསུངས་པ་ཡང་མ་ཡིན་ལ། མདོ་ནི་ཚད་མ་ཡང་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་ཁོ་ན་ཡིན་ནོ། །བཞི་པ་མ་བསྟན་པ་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི་དེར་གང་ཞིག་མ་གསུངས་ཞེས་བྱ་བའོ། །གནས་པ་ནི་གཞན་དུ་འགྱུར་བ་ཉིད་ཀྱི་ཁྱད་པར་ཉིད་དུ་ཉེ་
เล่ม ๒๐๙ · หน้า 238a
བར་བླངས་པས་འདུས་བྱས་ཀྱི་མཚན་ཉིད་དུ་ཉེ་བར་མ་བླངས་སོ་སྙམ་དུ་བསམས་པའོ། །གནས་པ་དང་གཞན་དུ་འགྱུར་བ་ནི་གནས་པ་དང་གཞན་དུ་འགྱུར་བའོ་སྙམ་དུ་བསམས་ནས་འོ་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་ནི་རྒ་བའི་རྣམ་གྲངས་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པ་ལ། ཇི་ལྟར་དངོས་པོ་འབྱུང་བས་སྐྱེ་བའི་རྣམ་གྲངས་འབྱུང་བ་ཡིན་པ་དང་། དངོས་པོ་འཇིག་པས་མི་རྟག་པ་ཉིད་ཀྱི་འཇིག་པ་ཡིན་པ་དེ་བཞིན་དུ་དངོས་པོ་གནས་སྐབས་གཞན་དུ་བསྒྲུབ་པའི་ཕྱིར་གནས་པ་གཞན་དུ་འགྱུར་བ་ཉིད་ནི་རྒ་བའི་རྣམ་གྲངས་ཡིན་ནོ། །མདོ་ལས་ནི་ཡིད་བྱུང་བའི་བྱ་བའི་ཕྱིར་
ཆོས་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། མདོ་ལས་བསྙན་པ་ནི་དགོངས་ཅན་ཡིན་གྱི་མཚན་ཉིད་པ་མ་ཡིན་ལ། ཆོས་མངོན་པ་ལས་བྱུང་བ་ནི་མཚན་ཉིད་པ་ཡིན་གྱི་དགོངས་པ་ཅན་མ་ཡིན་པས་འགལ་བ་མེད་དོ། །ཡང་དུས་འཕོ་བས་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། མ་འོངས་པར་གྱུར་ནས་ད་ལྟ་བར་
འགྱུར་བ་དང་། ད་ལྟར་བར་གྱུར་ནས་འདས་པར་འགྱུར་བ་གང་ཡིན་པའོ། །སྐྱེ་བས་ནི་འདུ་བྱེད་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་བ་ལ་སོགས་རྣམས་ལ་དུས་སྤོ་བར་བྱ་བ་ལ་ནུས་པ་ཡོད་དོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། དེ་དག་གི་ནུས་པ་གང་ཡིན་པ་ནི་མངོན་སུམ་ཉིད་ཀྱིས་རྟོགས་
ཏེ། གལ་ཏེ་དེ་དག་མེད་ན་ཇི་ལྟར་འདས་པ་དང་། མ་འོངས་པ་འདུས་བྱས་སུ་རྟོགས། འདུས་མ་བྱས་ཀྱང་རང་གི་མཚན་ཉིད་ལ་གནས་པ་ཡོད་པའི་ཕྱིར་ཞེས་བྱ་བ་ལ། དེའི་ཕྱིར་གནས་པས་འདུས་བྱས་སུ་མི་རྟོགས་ཏེ་འཁྲུལ་པའི་ཕྱིར་རོ། །གནས་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཕྱོགས་ལ་
བརྟེན་པའི་ཕྱིར་གདུལ་བྱ་རྣམས་འདུས་མ་བྱས་ལ་ཡང་འདུས་མ་བྱས་ལྟར་རམ། འདུས་བྱས་ལ་ཡང་འདུས་མ་བྱས་ལྟར་རྟོགས་པར་འགྱུར་ན་མི་རུང་བས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་དེ་མ་སྨོས་ལ། གང་དག་འདུས་བྱས་མི་འཁྲུལ་པ་དེ་དག་ནི་མདོ་ལས་འདུས་བྱས་ཀྱི་མཚན་ཉིད་དུ་གསུངས་སོ། །འདི་ཉིད་
ཆོས་མངོན་པ་ལ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་ཐལ་བར་འགྱུར་བ་མེད་དེ། འདུས་མ་བྱས་རྣམས་ཀྱི་རང་བཞིན་ཐ་དད་དུ་གནས་པར་ཁས་མ་བླངས་པའི་ཕྱིར་རོ། །འདུས་བྱས་རྣམས་ཀྱང་འདས་པ་ལ་སོགས་པའི་དངོས་པོའི་རང་བཞིན་གྱིས་གནས་ཕྱིར་རོ། །གནས་པ་དང་རྒོལ་བ་བསྡུས་ཏེ་ཞེས་རྒྱ་ཆེར་
เล่ม ๒๐๙ · หน้า 238b
འབྱུང་ངོ་། །འདི་ལྟར་མ་ཡིན་ན་ནི་གཞན་དུ་འབྱུང་བ་ཙམ་ཞིག་གསུངས་པར་འགྱུར་ཏེ། འདིར་གནས་པའི་ཚིག་གིས་དགོས་པ་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར་རོ། །དེ་ལྟར་བསྟན་ན་འདུས་བྱས་ཀྱིས་གནས་པ་གཞན་དུ་འགྱུར་བ་ཉིད་དུ་མངོན་ཏེ། འདུས་མ་བྱས་ཀྱི་གནས་པ་ལ་ནི་དེ་མེད་དོ། །སྐྱེ་བ་ལ་
སོགས་པ་དེ་དག་ཀྱང་རྩ་བའི་ཆོས་ལྟར་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་དག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །ཞེས་འབྱུང་བ་ལ་ཁ་ཅིག་ངེས་པར་གཟུང་བར་བྱ་བའི་ཕྱིར་དུ་དེ་དག་ལ་དེ་དག་ཁོ་ན་ཡོད་ཀྱི་དེ་དག་ལ་གཞན་ནི་མ་ཡིན་ནོ་ཞེས་ཀྱང་གི་སྒྲ་
འདོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་གང་ལས་མཐུན་པའི་མཚན་ཉིད་རྣམས་གསུངས་ཤེ་ན། སྐྱེ་བ་ལ་སོགས་པ་རྣམས་འདུས་བྱས་ཡིན་པའི་ཕྱིར་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་ཀྱང་སྐྱེ་བ་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་འདུས་བྱས་སྐྱེ་བར་ཡང་མངོན་
ཞེས་བྱ་བ་ལ་སོགས་པར་མཚན་ཉིད་ཀྱིས་མདོ་ཉིད་ལས་གསུངས་པ་མ་ཡིན་ནམ། ཇི་ལྟར་འདིར་མཐུན་པའི་མཚན་ཉིད་རྣམས་འདིར་ཁོང་དུ་ཆུད་པར་འགྱུར། ཐམས་ཅད་ལ་ཡང་ཞེས་བྱ་བ་ནི་འགལ་བའི་ཕྱིར་རོ། །འདུས་བྱས་སྐྱེ་བར་ཡང་མངོན་ལ། ཡང་གི་སྒྲས་ནི་གཞན་གཉིས་
ལ་ཡང་དེ་དག་འདྲའོ། །དེ་ལྟ་མ་ཡིན་ན་གསུམ་ཀ་ལ་ཡང་གི་སྒྲ་གསུངས་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དོ། །རེ་རེ་ལ་ཡང་མཚན་ཉིད་བཞིར་འགྱུར་བ་མ་ཡིན་ནམ་ཞེ་ན་འདུས་བྱས་ཡིན་པའི་ཕྱིར་རྩ་བའི་ཆོས་བཞིན་ནོ། །དེ་དག་ལ་ཡང་སྐྱེ་བ་ལ་སོགས་པ་གཞན་ཡོད་པར་ཞེས་བྱ་བ་ནི་
དེ་དག་ལས་གཞན་པའོ། ཡང་ན་རྩ་བའི་སྐྱེ་བ་ལ་སོགས་པ་རྣམས་ལ་ཡང་སྐྱེ་བའི་སྐྱེ་བ་ལ་སོགས་པ་ཁས་བླངས་པར་མི་བྱའོ་ཞེ་ན་མི་འགྱུར་ཏེ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག་ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །འཇུག་པ་ཞེས་བྱ་བའི་སྒྲ་ནི་གནས་པ་དང་བྱེད་པ་ཡིན་པས་འདྲི་བ་ནི་འཇུག་
པ་ཞེས་བྱ་བ་འདི་ཅི་ཞེ་ན་ཞེས་བྱ་བའོ། །ཕྱི་མ་ཕྱི་མ་བཤད་པ་ཡིན་པར་བསམས་ཏེ་སྨྲས་པ་ནི་བྱེད་པ་སྟེ་སྐྱེས་བུའི་རྩལ་ལོ་ཞེས་བྱ་བའོ། །དེ་ལ་སྐྱེ་བ་ནི་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་མ་འོངས་པའི་དུས་སྤོ་བ་ལ་བརྗོད་དོ། །གནས་
เล่ม ๒๐๙ · หน้า 239a
པའི་འཇུག་པ་ནི་སྐྱེ་བས་ན་ད་ལྟར་བ་ཉིད་དུ་དྲངས་པའི་ཚེ་བདག་ཉིད་མ་གཏོགས་པ་ལྷག་མ་གནས་པར་བྱེད་པ་སྟེ། སྐྱེ་བའི་མཚན་ཉིད་མེད་པར་ནི་དེ་དག་གནས་པར་མི་འགྱུར་བའི་ཕྱིར་རོ། །རྒ་བའི་འཇུག་པ་ནི་དེ་དག་གནས་པར་གྱུར་པའི་ཚེ་བདག་ཉིད་མ་གཏོགས་པའི་
ནུས་པ་འཇོམས་པར་བྱེད་པ་སྟེ། དེ་ལྟ་མ་ཡིན་ན་དེ་དག་བྱ་བ་བྱེད་པའི་ནུས་པ་མ་བཅོམ་པའི་ཕྱིར་འགག་པ་ཉིད་དུ་མི་འགྱུར་རོ། །མི་རྟག་པ་ཉིད་ཀྱིས་འཇུག་པ་ནི་ནུས་པ་ཉམས་པའི་ཚེ་བདག་ཉིད་མ་གཏོགས་ལ་འདས་པའི་དུས་སུ་སྤོ་བའོ། །སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་ཞེས་
བྱ་བ་ལ་སྐྱེ་བའི་སྐྱེ་བ་ཁོ་ན་ལ་འཇུག་གི་གཞན་ལ་ནི་མ་ཡིན་ནོ། །མི་རྟག་པ་ཉིད་ཀྱི་མི་རྟག་པ་ནི་མི་རྟག་པ་ཉིད་ཁོ་ན་ལ་འཇུག་པའི་བར་ཡང་དེ་དང་འདྲའོ། །སྐྱེ་བ་ལ་སོགས་པ་རྣམས་དང་སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་ནུས་པ་ཐ་དད་པས་ཆོས་བརྒྱད་དང་གཅིག་ལ་འཇུག་པ་ཉིད་དེ། དཔེར་
ན་ཚོར་བས་ཕན་པ་དང་གནོད་པ་ལས་བྱུང་བའི་ཁྱད་པར་ལས་ཡིད་ཀྱི་རྣམ་པར་ཤེས་པ་དང་མིག་གི་རྣམ་པར་ཤེས་པ་ཡུལ་མང་བ་དང་ཉུང་བ་ཉིད་ཡིན་པ་བཞིན་ནོ། །ཡང་ན་འབྲས་བུ་ཐ་དད་པ་ལས་རིགས་ཐ་དད་པ་ཡང་མཐོང་ངོ་། །དེ་ལྟ་བས་ན་ཐུག་པ་མེད་པར་ཞེས་རྒྱ་ཆེར་འབྱུང་སྟེ།
འདུས་བྱས་ཀྱི་མཚན་ཉིད་དངོས་པོ་བ་མ་ཡིན་པའི་ཕྱིར་ནམ་མཁའ་འདྲལ་བའམ་རྣམ་པར་འབྱེད་པར་བྱེད་ཅེས་པའོ། །ཇི་ལྟར་རྣམ་པར་འབྱེད་པ་ལྟར་ཞེས་བྱ་བ་ལ། ཇི་ལྟར་རྣམ་པར་འབྱེད་པར་བྱེད་ཅེ་ན། སྐྱེ་བས་ནི་བདག་ཉིད་མ་གཏོགས་པ་ཆོས་གཞན་བརྒྱད་སྐྱེད་པར་བྱེད་ལ། སྐྱེ་བའི་སྐྱེ་
བས་ནི་དེ་ཁོ་ན་སྐྱེད་པར་བྱེད་པ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་བརྗོད་པར་བྱའོ། །ཅི་དེ་དག་རྣམ་པར་ཕྱེ་བ་ལས་རྫས་སུ་ཡོད་དམ་ཞེ་ན་སྨྲས་པ་མ་ཡིན་ནོ། །འོ་ན་ཚིག་འདི་ལ་ནུས་པ་ཅི་ཡོད་ཅེ་ན་ནུས་པ་འདི་ཡོད་དེ། གཞན་གྱི་བྱ་བ་དང་བྱེད་པའི་དངོས་པོས་རྫས་སུ་ཡོད་པ་དག་ཏུ་རྣམ་པར་
ཕྱེ་ན། བྱ་བ་དང་བྱེད་པའི་རྣམ་པར་དབྱེ་བ་ཙམ་གྱི་སྒོ་ནས་དེ་དག་རྫས་སུ་ཡོད་པར་འགྱུར་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མངོན་སུམ་མམ་རྗེས་དཔག་གམ་ཡིད་ཆེས་པའི་ལུང་ལས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚད་མ་མེད་པའི་ཕྱིར་ཞེས་འཆད་དེ། ཚིག་ཙམ་ལ་དད་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་དྲིས་པ་ནི། ཅིའི་
เล่ม ๒๐๙ · หน้า 239b
ཕྱིར་ཞེ་ན་ཞེས་བྱ་བའོ། །ཚད་མ་མིན་པའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་གཟུགས་ལ་སོགས་པ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །དེ་ལ་རེ་ཞིག་གཟུགས་ཡོད་པ་ཉིད་ལ་ནི་ཚད་མ་མངོན་སུམ་ཡིན་ནོ། །མིག་ཡོད་པ་ཉིད་ལ་ནི་མིག་གི་རྣམ་པར་ཤེས་པ་
རྗེས་སུ་དཔག་པ་ཡིན་ནོ། །གཉིས་ཀ་ཡོད་པ་ནི་མིག་དང་རྣམ་པར་ཤེས་པ་དག་གོ། །གཟུགས་དང་བ་ཞེས་བྱ་བ་ནི་ལུང་ངོ་། །དེ་བཞིན་དུ་མིག་དང་གཟུགས་དག་ལ་ཡང་རྒྱ་ཆེར་བལྟ་བར་བྱའོ། །དེ་བཞིན་དུ་སྒྲ་ལ་སོགས་པ་རྣམས་ལ་ཡང་སྦྱར་རོ། །ཡང་ན་ཇི་ལྟར་གཟུགས་ལ་སོགས་པ་རྣམས་ཞེས་
བྱ་བ་ལ་སོགས་པ་ལ་སོགས་པ་སྨོས་པ་ནི་ཚོར་བ་ལ་སོགས་པ་རྣམས་གཟུང་ངོ་། །དེ་མ་ཚོར་བ་ཡོད་པ་ཉིད་ལ་ནི་དེའི་མཇུག་ཐོགས་སུ་འབྱུང་བ་དེ་ཡོངས་སུ་གཅོད་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མངོན་སུམ་ཚད་མ་ཡིན་ནོ། །ལུས་ལ་རྣམ་པར་དཔྱད་པས་གཞན་གྱི་རྒྱུད་ལ་བདེ་བ་དང་སྡུག་བསྔལ་མྱོང་
བར་རིག་པ་ནི་རྗེས་སུ་དཔག་པའོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནི་ལུང་ངོ་། །ལྷན་ཅིག་སྐྱེས་པའི་ཚོར་བ་ཞེས་རྒྱས་པར་འབྱུང་སྟེ། དེ་བཞིན་དུ་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་གནས་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་བཞིན་དུ་འདུ་ཤེས་ལ་སོགས་པ་
རྣམས་ལ་ཡང་སྦྱར་རོ། །སྐྱེ་བ་ལ་སོགས་པ་དག་ནི་མིག་ལ་སོགས་པས་གཟུང་བར་བྱ་བ་མ་ཡིན་ལ། དེ་དག་ཡོད་པ་ཉིད་ལ་ནུས་པ་དང་ལྡན་པའི་རྗེས་སུ་དཔག་པ་ཡང་ཡོད་པ་མ་ཡིན་ཞིང་རྫས་སུ་ཡོད་པ་ཉིད་ལ་ལུང་ཡང་ཡོད་པ་མ་ཡིན་ནོ། །ཅི་གང་ལས་བཏགས་པར་ཡོད་པ་ཉིད་དུ་འགྱུར་བ་དེ་དག་བཏགས་པ་ཉིད་དུ་ཁས་
ལེན་པའི་ཚད་མ་ཡོད་དམ་ཞེ་ན་ཡོད་དེ། ཆོས་གང་དག་རྫས་སུ་ཡོད་པ་ཉིད་ལ་ཚད་མ་དམིགས་ཤིང་ཡོད་དོ་ཞེས་བྱ་བར་ཀུན་ཏུ་ཐ་སྙད་འདོགས་པ་དེ་དག་ནི་བཏགས་པར་ཡོད་པ་ཡིན་ཏེ་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་ངེས་སོ། །འོ་ན་གང་མདོ་ལས་ཞེས་རྒྱས་པར་འབྱུང་བ་ལ། སྐྱེ་བ་ལ་སོགས་པ་རྣམས་
ལ་ཡང་རྒྱུན་ཡོད་དོ་ཞེས་ལུང་གིས་སྟོན་པར་བྱེད་དོ་ཞེ་ན། ལུང་འདི་ཡོད་མོད་ཀྱི་འདུས་བྱས་ཀྱི་སྐྱེ་བ་ལ་སོགས་པ་དག་རྫས་སུ་ཡོད་དོ་ཞེས་བྱ་བ་འདིའི་དོན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚིག་ཤེས་པ་ནི་ལྷ་རྣམས་དགའ་བ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའོ། །དོན་ལས་རྟོན་པར་གསུངས་སོ་ཞེས་བྱ་
เล่ม ๒๐๙ · หน้า 240a
བ་ནི་དོན་ལ་རྟོན་པར་བྱའི་ཚིག་ལ་ནི་མ་ཡིན་ནོ་ཞེས་བྱའོ། །འདིའི་དོན་གང་ཡིན་ཞེ་ན་ཞེས་བྱ་བ་སྟེ། གང་འདི་མདོ་ལས་འདུས་བྱས་སྐྱེ་བར་ཡང་མངོན་ནོ་ཞེས་བྱ་བ་ལ་སོགས་པའོ། །མ་རིག་པས་མདོངས་པའི་བྱིས་པ་རྣམས་ཞེས་རྒྱ་ཆེར་འབྱུང་བ་ལ། འདུ་བྱེད་རྣམས་དང་གཟུགས་
དང་ཚོར་བ་ལ་སོགས་པ་རྣམས་ཀྱི་རྒྱུན་སྐྱེ་བ་གཅིག་གམ་གནས་སྐབས་ཀྱི་ཁྱད་པར་དག་མ་རིག་པས་བློའི་མིག་ཉམས་པའི་ཕྱིར་རྒྱུན་ཡིན་ནོ་སྙམ་དུ་མི་རྟོགས་སོ། །དེའི་ཕྱིར་དེ་ལ་རྟག་པ་དང་གཅིག་ཉིད་དུ་འཛིན་པ་མངོན་དུ་འགྲོ་བ་ཅན་གྱི་བདག་དང་བདག་གིར་མོས་པ་ཡིན་ལ། དེ་ལས་དེ་ལ་སྲེད་པ་
སྐྱེ་ཞིང་དེ་དང་མི་འབྲལ་བར་འདོད་པས་མངོན་པར་ཞེན་ཏེ་ཆགས་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །དེ་ཞེས་བྱ་བ་ནི་བདག་དང་བདག་གིར་མོས་པ་སྟེ། བཟློག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྤང་བར་བྱ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་འཆད་པ་ཡིན་ཏེ། འདུས་བྱས་ཉིད་
བསྟན་པས་བདག་དང་བདག་གིར་འཛིན་པ་ལྡོག་པར་འགྱུར་རོ། །འདུས་བྱས་ཉིད་དེ་ཡང་སྐྱེ་བ་ལ་སོགས་པ་བསྟན་པ་མེད་པར་ཤེས་པར་མི་ནུས་པའོ། །དེའི་ཕྱིར། གསུམ་པོ་འདི་དག་ནི་ཞེས་བྱ་བ་རྒྱས་པར་བཤད་དོ། །ཡང་ཇི་ལྟར་མཚན་ཉིད་འདི་དག་རྒྱུན་ཁོ་ན་ལ་བཤད་ཀྱི། སྐད་ཅིག་
ལ་མ་ཡིན་པར་ཤེས་ཤེ་ན། དེ་ཉིད་ཀྱི་ཕྱིར། སྐད་ཅིག་མ་ལ་ནི་སྐྱེ་བའི་སྐྱེ་བ་ལ་སོགས་པ་མི་མངོན་ནོ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་མ་ཉིད་ངེས་པར་མ་ཟིན་པའི་ཕྱིར་རོ། །བསྡུས་པར་ཡང་མིན་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །སྐད་ཅིག་མ་ལ་མི་མངོན་པ་དག་ནི་དེའི་མཚན་ཉིད་ཡིན་པར་
འོས་པ་ཡང་མ་ཡིན་ཏེ། འདིས་མཚོན་པར་བྱེད་པས་ན་མཚན་ཉིད་ཡིན་ན། རང་ཉིད་མ་ཤེས་པ་ནི་གཞན་མཚོན་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཕྱིར་རྒྱུན་ལ་སོགས་པ་དག་མངོན་གྱི། སྐད་ཅིག་མ་ལ་མ་ཡིན་པ་དེའི་ཕྱིར་མདོ་ལས། འདུས་
བྱས་སྐྱེ་བར་ཡང་མངོན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་མདོར་སྐད་ཅིག་ལ་མངོན་པར་བཞེད་པར་གྱུར་ན་ནི་དེའི་ཕྱིར་སྐྱེ་བ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན། འཇིག་པ་དང་གནས་པ་གཞན་དུ་འགྱུར་བ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་ཞེས་དེ་སྐད་གསུང་བར་འགྱུར་ན་གསུངས་པ་ཡང་མ་
เล่ม ๒๐๙ · หน้า 240b
ཡིན་ཏེ། སྐད་ཅིག་ལ་མི་མངོན་པའི་ཕྱིར་རོ། །ཡང་འདུས་བྱས་ཞེས་སྨོས་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་འདུས་བྱས་སྨོས་པ་གཉིས་པ་ནི་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་བ་ཡིན་ཏེ། འདུས་བྱས་ཉིད་
ཀྱི་མཚན་ཉིད་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་གསུངས་པར་འགྱུར་ཞིང་། འདི་དག་ནི་ཆུ་དང་ཆུ་སྐྱར་ལྟ་བུ་འདུས་བྱས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་དག་
ཡིན་ནོ་སྙམ་དུ་དོགས་པར་འགྱུར་རོ། །འདི་ནི་ཆོས་མི་མཐུན་པའི་སྒོ་ནས་དཔེ་ཡིན་ནོ། །ཇི་ལྟར་ཆུ་སྐྱར་ཆུ་ཡོད་པ་ཉིད་ཀྱི་མཚན་ཉིད་ཡིན་གྱི། ཆུ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ་འདི་དག་ཀྱང་འདུས་བྱས་ཀྱི་ཡོད་པ་ཉིད་ཀྱི་མཚན་ཉིད་ཡིན་གྱི། འདུས་བྱས་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་
ཤེས་པར་འགྱུར་ལ། ཡང་ན་བུ་མོའི་མཚན་ཉིད་ནི་དགེ་བ་དང་མི་དགེ་བ་ཉིད་ཡིན་གྱི། བུ་མོ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ་འདིར་ཡང་དགེ་བ་དང་མི་དགེ་བ་ཉིད་ཀྱི་མཚན་ཉིད་ཡིན་གྱི། འདུས་བྱས་ཉིད་ཀྱིས་ནི་མ་ཡིན་ནོ་སྙམ་དུ་ཤེས་པར་འགྱུར་རོ། །འདུས་བྱས་ཞེས་བྱ་བ་སྨོས་པ་གཉིས་
པས་ནི་འདི་དག་འདུས་བྱས་ཉིད་ཀྱི་མཚན་ཉིད་ཡིན་གྱི། ཡོད་པ་ཉིད་ཀྱིས་མ་ཡིན་ཞིང་། དགེ་བ་དང་མི་དགེ་བ་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་པ་ཡིན་ནོ། །འདུས་བྱས་ཉིད་ནི་རྒྱུ་དང་རྐྱེན་དག་གིས་འདུས་ནས་བྱས་པ་ཉིད་དོ། །ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་རྣམས་སྐད་
ཅིག་མ་ལྟར་རྒྱུན་ལ་ཡང་རྣམ་པར་གཞག་པ་དང་། མངོན་པར་མི་རུང་ངོ་ཞེ་ན། སྐྱེ་བ་ལ་སོགས་པ་མེད་དོ་ཞེས་དེ་སྐད་དུ་སུས་སྨྲས། ཇི་ལྟར་རྣམ་པར་འབྱེད་པ་དེ་ལྟར་མེད་དོ་ཞེས་སྨྲས་ཀྱི། བདག་ཉིད་ཐམས་ཅད་ཀྱིས་མེད་པ་ནི་མིན་ནོ། །དེ་ལྟར་ན་གལ་ཏེ་རྒྱུན་གྱི་སྐྱེ་བ་གང་ཡིན། འཇིག་པ་ནི་
གང་ཡིན། གནས་པ་གཞན་དུ་འགྱུར་བ་གང་ཡིན་པ་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར་དེ་ལ་རྒྱུན་གྱི་དངོས་པོ་ནི་སྐྱེ་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཡང་རྒྱུན་ཞེས་བྱ་བ་ནི་གང་ཡིན་ཞེ་ན། རྒྱུ་དང་འབྲས་བུར་གྱུར་པ་དུས་ཐ་མི་དད་ཅིང་ཡུལ་རྣམ་པར་མ་ཆད་པ་རྣམས་གཅིག་གི་ཉིད་དུ་བརྗོད་
เล่ม ๒๐๙ · หน้า 241a
ཅིང་འཛིན་པ་གང་ཡིན་པ་སྟེ། དཔེར་ན་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་དག་གིས་མི་དང་མྱུ་གུ་ལ་སོགས་པའི་གནས་སྐབས་དག་གིས་འབྲུ་བཞིན་ནོ། །དེ་ནི་བཏགས་པའི་ཉེ་བར་ལེན་པ་དག་ལས་གཞན་པ་མ་ཡིན་ཞིང་། གཞན་མ་ཡིན་པ་ཡང་མ་ཡིན་ཏེ།
རྫས་སུ་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །མེད་པ་ཉིད་ཀྱང་མ་ཡིན་ཏེ། བདེན་པ་གཉིས་ཁས་བླངས་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡོད་པ་ཉིད་དུ་ནི་འདོད་པ་ཡིན་ནོ། །གང་ཡང་ཕན་ཚུན་ལྟོས་པའི་རྒྱུད་ཁོ་ན་རྒྱུད་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་པར་སེམས་ན། ཡུལ་དབང་པོའི་
རྡུལ་ཕྲ་རབ་རྣམས་ཡུལ་ལ་དམིགས་པའི་སྒྲས་བསྟན་ཏེ། དེ་དག་གིས་དེ་ཡང་དོན་དམ་པ་ཉིད་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་མེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དེ་ཉིད་ནི་ལྟོས་པ་དང་བཅས་པའམ་ལྟོས་པ་མེད་པར་བྱས་ནས། འདས་པ་དང་མ་འོངས་པ་དག་ཡོད་པ་མ་ཡིན་པའི་ཕྱིར་ད་
ལྟར་བ་ཡང་རྒྱུད་གཅིག་ཉིད་དུ་མེད་དོ་ཞེ་ན། ན་ཧྱ་བྷ་བ་ཨེ་ཀོ་པ་རྒྱུད་ལ་བཏགས་པའི་རྒྱུར་འགྱུར་བས་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་གནས་སྐབས་རྒྱུ་དང་འབྲས་བུར་གྱུར་པ། བར་མེད་པར་སེམས་གཡེང་བར་བྱེད་པའི་རང་བཞིན་ཡོད་པ་མ་ཡིན་ནོ། །དེ་ཉེ་བར་བླངས་ནས་རྒྱུད་དུ་
བཏགས་པའི་དངོས་པོ་མེད་པ་ནི་གཅིག་མ་ཡིན་པས་ཏེ། དེ་རྣམས་ཀྱང་གཅིག་ཉིད་ལ་བརྟེན་ནས་མི་དང་འབྲུ་ཞེས་པ་ལྟ་བུ་དེ་དག་འདས་པ་དང་མ་འོངས་པར་ཡོད་པ་ཡང་འབྱུང་བ་ཉིད་སྣ་ཚོགས་པའི་གཟུགས་ཉིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་གསལ་བར་བྱེད་དོ། །མིང་དང་གཟུགས་ཀྱིས་ཞེས་བྱ་བ་
དེའི་ཕྱིར་རྒྱུད་གཅིག་ཏུ་བཏགས་པ་རྒྱུ་མཚན་ཡོད་པ་མ་ཡིན་པས། རྒྱུད་ཀྱི་ངོ་བོ་མ་ཡིན་ནོ། །དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་པར་ཡོད་པ་ལས་དོན་གཞན་མ་ཡིན་པ་དག་བསྐྱེད་དེ། གང་གི་ཕྱིར་ཕྱི་རོལ་ན་ཡོད་པ་མ་ཡིན་པ་རྣམ་པར་ཤེས་པའི་བདག་ཉིད་ཀུན་ཏུ་གཡེང་བར་བྱེད་པའི་རང་བཞིན་ཕྱི་རོལ་ལྟ་
བུར་རབ་ཏུ་སྟོན་ཏོ། །དེ་ཀུན་རྫོབ་ཏུ་ཡོད་པ་གང་ཡིན་པ་ནི་ཤིན་ཏུ་ཡོད་པ་ཉིད་ཀྱི་ཕྱི་རོལ་ཏུ་ཡོངས་སུ་གྲུབ་པ་རྣམ་པར་ཤེས་པའི་བདག་ཉིད་དུ་སྟོན་ཏོ། །དེ་དོན་དམ་པར་ཡོད་པ་ནི་མ་ཡིན་པས། དེ་ལྟར་ཡང་གང་གི་ཚེ་བུམ་པ་ལ་སོགས་པ་རང་གི་ངོ་བོ་ཐ་དད་མེད་པ་ཡང་རྣམ་པར་ཤེས་པ་ལ་སྣང་བ་ཐ་དད་
เล่ม ๒๐๙ · หน้า 241b
པའི་ཕྱིར་བློ་ཐ་དད་པ་ཉིད་སྐྱེ་སྟེ། དཔེར་ན་སྔར་བཅོམ་པ་གཅིག་ལ་གཅིག་ཤིན་ཏུ་མེད་པ་རྣམས་ལྟ་བུའོ། །འོ་ན་ཇི་ལྟར་གཟུགས་ལ་སོགས་པ་ཉེ་བར་བཟང་ནས་བུམ་པར་བཏགས་ཞེ་ན། དེ་ཡོད་པར་འཇུག་པའི་ཁྱད་པར་ལས་བུམ་པའི་བློ་སྐྱེ་བ་སྟེ་དེ་ཡང་ཡོད་པར་ཞུགས་པ་ལས་ཡིན་གྱི་གཟུགས་ལ་སོགས་
པའི་བདག་ཉིད་ཅན་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལ་ནི་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །ནཱ་པི་ས་མུ་དེ་ཏེ་བྷྱོ་ནརྠཱ་ནྡཱ་རནྣ་ཧི་ས་མུ་ཏི་ཏ་ནཱ་མཱཏྨ་ཧཱ་ན་མཏྨཱ་ནྟ་ར་པྲ་ཏི་བཏྟེ་རྦཱ་བྷ་བ་ཏེ། (མ་ཡིན་ཡང་ཚོགས་པ་རྣམས་ལས་དོན་གཞན་མ་ཡིན་མོད་ཚོགས་པ་རྣམས་ཀྱི་བདག་ཉིད་འབྲས་བུའི་བདག་ཉིད་གཞན་འགྲུབ་པར་འགྱུར་རོ། །)བྱསྟས་(གསལ་བ་)མུ་དཱི་ཏཱ་བཱ་ཏེ་ཨེ་བ་ཏ་ཨི་ཏི་ཀྲི་ཏཱ། (ཡང་ན་དེ་ཉིད་ཀྱི་ཕྱིར་དེ་རྣམས་སོ་ཞེས་བྱས་ནས།) གཟུགས་ལ་སོགས་པ་བུམ་པ་ལ་སོགས་པ་རྣམས་དང་གཅིག་དང་
དུ་མ་ཉིད་དུ་ཐལ་བའི་ཕྱིར་དེར་ཁས་མ་བླངས་པའི་ཕྱིར་ཕྱི་རོལ་གྱི་དངོས་པོའི་སྒོ་ནས་ཡོད་པ་བུམ་པའི་གཟུགས་ལ་སོགས་པ་རང་བཞིན་ཐ་དད་པའི་གཟུགས་
མེད་པ་འདིའི་རྣམ་པར་རྟོག་པ་གསུམ་པ་མེད་པའི་ཕྱིར་རོ། །གཉི་ག་ཇི་ལྟ་བར་ཡང་མི་སྐྱེ་སྟེ། དེའི་ཕྱིར་དེ་ལྟར་གནས་པའི་གཟུགས་ལ་སོགས་པའི་མཚན་མ་དང་དེའི་ཤེས་པ་དེའི་རྣམ་པ་ཅན་གྱི་གཟུགས་ལ་དམིགས་པ་མེད་པའི་ཕྱིར་དམིགས་པའི་དངོས་པོ་གཞན་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །དཔེར་
ན་འཁྲི་ཤིང་འཁྱིལ་པ་ལ་སྦྲུལ་དུ་ཤེས་པ་བཞིན་ནོ། །ཡང་ཅི་ལྟར་གཟུགས་ལ་དམིགས་པའི་ཤེས་པ་སྐྱེ་ཞེ་ན། རྨི་ལམ་དང་རབ་རིབ་ཅན་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །ཡང་ཅི་ལྟར་རང་གི་རྣམ་པར་ཤེས་པ་ཡོངས་སུ་འགྱུར་བའི་དོན་གྱིས་གཞན་དང་ལྷན་ཅིག་ཀུན་ཏུ་ཐ་སྙད་བྱེད་ཅེ་ན། མིག་
ནད་ཀྱིས་མང་དུ་ཉེན་པ་དག་ཐམས་ཅད་དུ་ཁ་དོག་སེར་པོར་ཐ་སྙད་བྱེད་པ་བཞིན་ནོ། །དེ་བཞིན་དུ་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་དང་རྣམ་པར་ཤེས་པ་སྐྱེ་བ་རྣམ་པ་མཚུངས་པས་ཇི་ལྟར་སྲིད་པ་བཞིན་རྒྱུན་ལ་ཡང་བརྗོད་པར་བྱ་སྟེ་སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་བརྗོད་པར་
བྱ་སྟེ། དང་པོ་ནི་སྐད་ཅིག་མ་ཐོག་མ་སྟེ་དེ་ནས་རྒྱུན་འཇུག་པའི་ཕྱིར་རོ། །གང་དུ་སྐྱེས་པའོ་སྙམ་དུ་མངོན་པར་འགྱུར་བ་དེ་ནི་དང་པོ་སྟེ། སྐད་ཅིག་མ་སྔ་མ་ཞིག་པ་དང་། སྐད་ཅིག་མ་ཕྱི་མ་ཉིང་མཚམས་མི་སྦྱོར་བ་མི་ལྡོག་པ་མ་ཡིན་ཏེ། སྐད་ཅིག་མའི་མཐར་འཇིག་ཅེས་པའི་དོན་ཏོ། །རྒྱུན་དེ་
เล่ม ๒๐๙ · หน้า 242a
ཉིད་རྗེས་སུ་འཇུག་པ་ནི་ཞེས་བྱ་བ་ལ། དེ་རྗེས་སུ་འཇུག་པ་གང་ཡིན་ཞེ་ན། རྒྱུན་ཞེས་རྗེས་སུ་འཇུག་པ་ནི་སྐད་ཅིག་མ་སྔ་མ་སྔ་མ་ཞིག་པའི་ཚེ་སྐད་ཅིག་མ་ཕྱི་མ་ཕྱི་མས་བདག་ཉིད་ཐོབ་པའོ། །དེའི་ཞེས་བྱ་བ་ནི་གནས་པའི་སྔ་ཕྱི་སྟེ། རྒྱུ་དང་འབྲས་བུའི་བྱེ་བྲག་མི་འདྲ་བ་
ཉིད་ནི་གནས་པ་གཞན་དུ་འགྱུར་བ་ཡིན་ནོ། །རྒྱུན་གྱི་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་ཏེ་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཡང་ན་སྔ་མ་ལས་ཕྱི་མའི་བྱེ་བྲག་སྟེ། རྒྱུའི་སྐད་ཅིག་ལས་འབྲས་བུའི་བྱེ་བྲག་ནི་ཞེས་བྱ་བའི་དོན་ནོ། །དེ་ལྟ་ཡིན་པས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུན་ཉིད་རྗེས་སུ་འཇུག་པ་ནི་
གནས་པ་ཡིན་པའམ། སྐྱེ་བ་ལ་སོགས་པ་དག་རྒྱུན་གྱི་མཚན་ཉིད་བཤད་ཀྱི་སྐད་ཅིག་མའི་མ་ཡིན་པས་སོ། །རིགས་ཀྱི་བུ་དགའ་བོའི་ཚོར་བ་ནི་རིག་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིག་བཞིན་པའི་སྐད་ཅིག་མ་ནི་དུས་ཕྱིས་གནས་མི་སྲིད་དེ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །ཚོར་བའི་རྫས་
གཅིག་ནི་སྐྱེ་བ་དང་། གནས་པ་དང་། འཇིག་པའི་དུས་དག་ཏུ་སེམས་གཅིག་གིས་རིག་པ་ཡང་མ་ཡིན་ལ་སྐྱེ་བ་ལ་སོགས་པ་རྣམས་དུས་ཐ་དད་པའི་ཕྱིར་དུ་མས་ཀྱང་མ་ཡིན་ཏེ་དུ་མ་མི་སྲིད་པའི་ཕྱིར་དང་། རང་གི་བདག་ཉིད་ལ་བྱེད་པ་ཁས་མ་བླངས་པའི་ཕྱིར་རང་གི་ངོ་བོ་རིག་པ་ཡང་ཡོད་པ་མ་ཡིན་
ནོ། །མངོན་སུམ་དུ་བྱས་པར་གྱུར་པ་ལ་རིག་པར་ཁས་ལེན་ན་ཡང་དགའ་བོ་ལ་གཞན་དག་པས་ཅི་ཞིག་གསུང་བར་འགྱུར། དེའི་ཕྱིར་རྒྱུན་ཁོ་ནའི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་བོའི་ཚོར་བ་ནི་རིག་བཞིན་དུ་སྐྱེའོ་ཞེས་རྒྱས་པར་གསུངས་ཀྱི་སྐད་ཅིག་ལ་ནི་མ་ཡིན་ནོ། །བཤད་
མ་ཐག་པའི་དོན་ཉིད་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པར་བྱ་བའི་ཕྱིར། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཞེས་བྱ་བ་སྨོས་ཏེ། གཉིས་ག་ཡང་རྒྱུན་དང་སྦྱར་རོ། །གང་ཞིག་ཆད་པ་ཞེས་བྱ་བ་འདིར་ཡང་སྔ་མ་བཞིན་ནོ། །གནས་པ་དེ་ཞེས་བྱ་བ་རྒྱུན་ཉིད་གནས་པ་སྟེ། རྣམ་པ་གཞན་དུ་ནི་མེད་ཅེས་བྱ་བ་ལ་
སོགས་པ་འདིར་ཡང་གཉིས་ཀ་ལ་རྒྱུན་ཅེས་སྦྱར་རོ། །སྐད་ཅིག་མའི་ཆོས་ལ་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། སྐད་ཅིག་མའི་ཆོས་ནི་གནས་པ་མེད་དང་འཇིག་པར་འགྱུར་ཏེ། དེའི་ཕྱིར་འདིའི་གནས་པ་ཁས་ལེན་པ་ཡིན་ནོ། །ཆོས་དེ་ཡང་གནས་པ་མེད་དུ་ཟིན་ཡང་འཇིག་པར་འགྱུར་བ་ཉིད་དེ། སྐད་
เล่ม ๒๐๙ · หน้า 242b
ཅིག་མ་ཡིན་པ་ཁོ་ནས་གནས་པ་དོན་མེད་དོ། །ཡོངས་སུ་རྟོགས་པ་དེའི་ཕྱིར་རྒྱུན་ཁོ་ན་གནས་པ་ཡིན་ཏེ། གང་གི་ཕྱིར་སྐད་ཅིག་མའི་ཆོས་གནས་པར་ཡོངས་སུ་རྟོགས་ན་དོན་མེད་དོ། །དེ་ལྟ་བས་ན་ཞེས་བྱ་བ་སྟེ། གནས་པ་ནི་རྒྱུན་ཁོ་ན་ཡིན་པ་དེས་ནའོ། །དེ་ལྟར་བཤད་ན་ཆོས་མངོན་
པ་ལ་གནས་པ་གང་ཞེ་ན་ཞེས་རྒྱ་ཆེར་འབྱུང་སྟེ། སྐྱེས་པས་སྐད་ཅིག་མ་ལ་ནི་འཇིག་པ་མེད་དེ། སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདུ་བྱེད་སྐྱེས་པ་རྣམས་ལ་མི་འཇིག་པས་རྒྱུན་ཆགས་པར་འབྲེལ་པའི་དབང་དུ་མཛད་ནས་གསུངས་ཀྱི་སྐད་
ཅིག་མ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གང་ཡང་ཡེ་ཤེས་ལ་འཇུག་པ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེར་ནི་གཅིག་ལ་ཞེས་འབྱུང་བའི་ཕྱིར། སེམས་ཀྱི་སྐད་ཅིག་ཁོ་ན་བཞེད་དོ་སྙམ་དུ་སེམས་པ་བསལ་བར་བྱ་བའི་ཕྱིར་འདི་ཉེ་བར་བཀོད་དེ། དེར་ཡང་རིས་མཐུན་པའི་
སེམས་ལ་རིགས་ཀྱི་སེམས་ཀྱི་སྐད་ཅིག་ནི་མ་ཡིན་ནོ་སྙམ་དུ་སེམས་པའོ། །རིས་མཐུན་པའི་སེམས་ནི་དང་པོར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནས། འཆི་བའི་མཐར་ཐུག་པ་སྐྱེ་བ་གཅིག་གི་བདག་ཉིད་ཅན་ཡིན་ནོ། །འདི་གང་ལས་ཤེ་ན། གང་གི་ཕྱིར། འཇིག་པ་གང་ཞེ་ན་རྣམ་པར་འཇིག་
པའོ་ཞེས་ལན་བརྗོད་པར་བྱ་བ་ལ། འཆི་བའོ་ཞེས་བྱ་བ་སྨྲས་པ་དེས་ན། རིས་མཐུན་པའི་སེམས་ལ་དགོངས་པ་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །གང་གི་ཕྱིར་སྐད་ཅིག་མ་ཡིན་པའི་ཕྱིར། སྐད་ཅིག་མ་གཅིག་གནས་པ་དང་། དེ་བཞིན་དུ་འགྱུར་བའི་རྒ་བ་ཡིན་པར་མ་གྲུབ་པ་དེས་ན་རྒ་བ་ནི་རྣམ་པ་གཞན་ཉིད་དོ་
ཞེས་པའི་དབང་དུ་བྱས་ཏེ། འཇིག་པའི་རྣམ་པར་འགྱུར་བ་ཁོ་ན་གཞན་ནོ། །གནས་པ་དང་སྐྱེ་བ་ལས་གཞན་དུ་རྒ་བ་ནི་རྣམ་པར་འཇིག་པར་ཡང་འགྱུར་ཏེ། སྔོན་གྱི་གནས་སྐབས་ལས་རྣམ་པར་འགྱུར་བ་མེད་པ་ནི་གཞན་མ་ཡིན་པས་ཞེས་སྦྱར་རོ། །དེར་ནི་གནས་པ་ལས་གཞན་དུ་འགྱུར་བ་རྒ་
བའོ་ཞེས་གསུངས་སོ། །དེའི་ཕྱིར་དེའི་རིགས་མཐུན་པའི་སེམས་ལ་རུང་གི་སེམས་ཀྱི་སྐད་ཅིག་ལ་ནི་མ་ཡིན་ནོ། །རྒྱུན་ཡང་སེམས་ལ་སྣང་བའི་ཕྱིར་དང་སེམས་ཀྱང་གཅིག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་སྐད་ཅིག་མ་བཞིན་རྒྱུན་ཡང་མི་འབྱུང་བ་མ་ཡིན་ནམ་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། འཇིག་
เล่ม ๒๐๙ · หน้า 243a
རྟེན་ན་སྣང་བའི་བདག་ཉིད་ཀྱང་རྒྱུན་ཡུལ་གྱི་རང་བཞིན་རྣམ་པར་ཤེས་པ་ལས་ཕྱི་རོལ་ལྟ་བུར་སྟོན་ཏེ། རྣམ་པར་ཤེས་པའི་ངོ་བོས་མ་ཡིན་ནོ། །དཔེར་ན་རབ་རིབ་ཅན་གྱིས་རྣམ་པར་ཤེས་པ་ལ་སྐྲ་དང་སྦྲང་བུ་ལ་སོགས་པ་སྣང་བ་བཞིན་ནོ། །དེས་ན་བདག་དང་བདག་གིར་
འཛིན་པའི་ཆགས་པ་མེད་པ་རྣམས་ལ་ནི་མི་ལྡན་ཏེ། དེར་འཛིན་པ་ལྡོག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་མཚན་ཉིད་རྣམས་གསུངས་སོ། །དེ་སྔར་ཉིད་དུ་བཤད་པ་དེའི་ཕྱིར་དེའི་རྒྱུན་ཅི་སྐད་བཤད་པའི་རྣམ་པས་སྐྱེ་བ་ལ་སོགས་པར་རྟོགས་པར་བྱ་སྟེ། རབ་རིབ་ཅན་ལ་སྐྲ་ལ་སོགས་
པ་དང་། ནམ་ལངས་པ་ན་འཁྱོག་ཅིང་འཁྱིལ་བ་ལ་སྦྲུལ་ལ་སོགས་པ་བཞིན་དུའོ། །འདིར་མི་རིགས་པ་ཅི་ཞེ་ན་གང་དུ་སེམས་ཅན་རྣམས་ཉོན་མོངས་སྐྱེ་བ་དང་སྒྲོ་འདོགས་པ་ལས་ཡིན་གྱི། དོན་དམ་པ་ལས་ནི་མ་ཡིན་ནོ། །དེ་སུན་འབྱིན་པའི་ཆེད་ཁོ་ནར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པར་མཛད་
དེ། འདི་ལྟར། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་བྱ་བ་ལྟ་བུའོ། །སྐད་ཅིག་མ་རེ་རེ་ལ་ཡང་ཞེས་རྒྱ་ཆེར་འབྱུང་བ་ལ། སྐྱེ་བ་ནི་སྔར་མེད་པ་ལས་བྱུང་ཞིང་བདག་ཉིད་དུ་ཐོབ་པ་
དང་། རྫས་གཞན་ཡིན་པར་འོས་པ་ཡང་མ་ཡིན་ཏེ། དངོས་པོ་མ་སྐྱེས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །དེའི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐྱེ་བ་ཉིད་དུ་བརྟག་གོ་ཞེ་ན། རྐྱེན་ཐམས་ཅད་སྐྱེ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་སྐྱེ་བའི་རྒྱུ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར། སྐད་ཅིག་རེ་རེ་ལ་མ་བྱུང་བ་
ལས་བྱུང་བ་ནི་སྐྱེ་བ་ཡིན་གྱི། རྫས་གཞན་མ་ཡིན་ནོ། །བདག་ཉིད་རྙེད་པའི་བདག་ཉིད་ལོག་པ་ནི་འཇིག་པ་ཡིན་གྱི། དོན་གཞན་དུ་གྱུར་པ་ཡིན་ཏེ། དེ་ལྡོག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བྱུང་ནས་མེད་པ་ནི་འཇིག་པ་ཡིན་གྱི་རྫས་གཞན་ནི་མེད་དོ། །རྒྱུ་དང་འབྲས་བུ་རྗེས་སུ་འབྲེལ་
པ་ནི་གནས་པ་ཡིན་གྱི་སྐྱེས་པ་མི་འཇིག་པ་ནི་མ་ཡིན་ཏེ། དེའི་རྒྱུ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་སྨྲ་བ་པ་དག་ད་རུང་དུ་ཡང་མར་མེད་དེ་ཉིད་འཇུག་གོ་ཞེས་ཟེར་བ་ཡིན་ནོ། །དེའི་ཕྱིར། སྔ་མ་སྔ་མ་དང་སྐད་ཅིག་མ་ཕྱི་མ་ཕྱི་མ་རྗེས་སུ་འབྲེལ་པ་ནི་གནས་པ་ཡིན་གྱི། དོན་
เล่ม ๒๐๙ · หน้า 243b
གཞན་དུ་གྱུར་པ་ནི་མེད་དོ། །རྒྱུའི་སྐད་ཅིག་མ་ལས་འབྲས་བུའི་སྐད་ཅིག་མ་བྱེ་བྲག་ཏུ་གྱུར་པ་ནི་གནས་པ་གཞན་དུ་གྱུར་པ་ཡིན་གྱི་སྐད་ཅིག་མའི་གནས་སྐབས་ཐ་དད་པ་གཞན་ཉིད་དུ་ཐལ་བའི་ཕྱིར་རོ། །གནས་པ་དེ་སྐད་ཅིག་མ་སྔ་མ་དང་མི་འདྲ་བས་གནས་པ་ལས་གཞན་དུ་འགྱུར་བ་ཉིད་ཡིན་གྱི་
དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་འདུ་བྱེད་ཀྱི་རྒྱུན་ལ་བདག་ཏུ་མོས་པ་རྣམས་ཀྱི་བདག་ཏུ་མོས་པ་བཟློག་པར་བྱ་བའི་ཕྱིར། རྒྱུན་དང་སྐད་ཅིག་མ་དུ་མའི་དབྱེ་བ་ཐ་དད་པས་ཐ་དད་པ་རྣམས་ལ་བཟློག་པར་བྱ་བ་མ་ཡིན་པར་བཞེད་ནས། ལུས་སྐྱོ་བ་ཡང་མངོན་ཞེས་བྱ་བ་ལ་སོགས་པའི་
དོན་འདི་བརྩམས་པ་དེ་ལྟ་ན་ཡང་གང་གི་ཚེ་འདྲ་བར་ཡང་སྐྱེས་སོ། །དེའི་ཚེ་མི་འདྲ་བ་ཉིད་མེད་པས་གནས་པ་གཞན་དུ་འགྱུར་བ་ཉིད་མེད་དོ་སྙམ་དུ་བསམས་པའོ། །དེ་དག་འདྲ་བར་ཡང་དམིགས་མོད་ཀྱི་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པ་མ་ཡིན་ནོ། །འདྲ་བར་དམིགས་ཀྱང་རྣམ་པ་ཐམས་
ཅད་དུ་ཁྱད་པར་མེད་པ་ཡིན་ནོ། །ཞེས་བྱ་བ་འདི་ཅི་ལྟར་ཤེས་ཤེ་ན། དེའི་ཕྱིར། རྡོ་རྗེ་ལ་སོགས་པ་འཕངས་པ་དང་མ་འཕངས་པ་དང་། སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཕངས་པ་དང་མ་འཕངས་པ་ནི་འཕངས་པ་དང་མ་འཕངས་པ་དག་གོ། །
སྟོབས་ཆེན་པོས་འཕངས་པ་དང་སྟོབས་ཆུང་ངུས་འཕངས་པ་ནི་སྟོབས་ཆེན་པོ་དང་། སྟོབས་ཆུང་ངུས་འཕངས་པ་དག་སྟེ། འདི་ནི་འཕངས་པའི་དབྱེ་བ་རྣམ་པ་གཉིས་ཡིན་ནོ། །འཕངས་པ་དང་མ་འཕངས་པ་དག་དང་སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་དག་ནི་འཕངས་པ་དང་
མ་འཕངས་པ་དང་། སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པའོ། །རྡོ་རྗེ་ལ་སོགས་པ་དེ་ནི་འཕངས་པ་དང་མ་འཕངས་པ་དང་། སྟོབས་ཆེན་པོ་དང་སྟོབས་ཆུང་ངུས་འཕངས་པ་སྟེ། དངོས་པོ་གཅིག་དང་འདྲ་བར་བྱས་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལྕགས་དང་
རྡོ་རྗེ་ལ་སོགས་པ་བསྡུའོ། །བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ལས་ཞེས་བྱ་བ་ལ། སྟོབས་ཆུང་ངུས་འཕངས་པ་ནི་མྱུར་དུ་ལྟུང་ལ། སྟོབས་ཆེན་པོས་འཕངས་པ་ནི་ཆེས་མྱུར་བར་ལྟུང་ངོ་། །དུས་དེའི་བྱེ་བྲག་ནི་བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་
เล่ม ๒๐๙ · หน้า 244a
བྲག་སྟེ། བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་དེ་ལས་སོ། །དེའི་བྱུང་བ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པར་འབྱུང་བ་རྣམས་སོ། །ཡོངས་སུ་འགྱུར་བའི་བྱེ་བྲག་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བར་
ལྟུང་བའི་དུས་ཀྱི་བྱེ་བྲག་ལས་རྡོ་རྗེ་ལ་སོགས་པའི་འབྱུང་བ་ཆེན་པོས་འཕངས་པ་དེ་རྣམས་ཡོངས་སུ་འགྱུར་བའི་བྱེ་བྲག་འགྲུབ་པ་ཡིན་ནོ། །ཇི་ལྟར་ཞེ་ན། མ་འཕངས་པ་ལྟུང་བ་ན་ནམ་མཁའ་ལ་སྐད་ཅིག་མ་རྣམས་སུ་ཡུལ་ཐ་དད་པའི་སྐད་ཅིག་མ་གཞན་དག་གི་རྒྱུར་འགྱུར་ལ། ཆེས་ཉུང་བ་རྣམས་ཡུལ་
ཐ་མི་དད་པའི་སྐད་ཅིག་མ་གཞན་སྐྱེ་བའི་རྒྱུར་འགྱུར་རོ། །སྟོབས་ཆུང་ངུས་འཕངས་ན་ནི་ཧ་ཅང་མང་བ་ཡང་མ་ཡིན་ཧ་ཅང་ཉུང་བ་ཡང་མ་ཡིན་པ་རྣམས་རང་གི་ཡུལ་གཞན་དུ་སྐད་ཅིག་མ་གཞན་སྐྱེ་བའི་རྒྱུ་ཡིན་ནོ། །སྟོབས་དང་ལྡན་པས་འཕངས་ན་ནི་རང་གི་ཡུལ་དུ་ཆེས་ཉུང་བ་རྣམས་ཡུལ་གཞན་དུ་སྐད་
ཅིག་མ་གཞན་མང་པོ་དག་སྐྱེ་བའི་རྒྱུ་ཡིན་ནོ། །གང་དག་གདོན་མི་ཟ་བ་རང་གི་ཡུལ་དང་ཡུལ་གཞན་དུ་སྐད་ཅིག་གཞན་གྱི་རྒྱུ་ཡིན་པ་དེ་དག་གི་བྱེ་བྲག་ཁས་བླང་བར་བྱའོ། །ལྷག་མ་རྣམས་ལ་ཡང་རང་གི་ཡུལ་དང་ཉེ་བ་དང་རིང་བ་ལས་བྱེ་བྲག་ཤེས་པར་བྱའོ། །རྡོ་རྗེ་ལ་སོགས་དེ་དག་ལ་ཇི་
སྐད་བཤད་པའི་ཡོངས་སུ་འགྱུར་བ་མེད་པར་བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་དུས་ཀྱི་བྱེ་བྲག་མི་རུང་བ་དེའི་ཕྱིར་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་བཞིན་དུ་གཞན་དུ་འགྱུར་བ་ཉིད་མི་འགལ་ལོ། །གལ་ཏེ་འདུ་བྱེད་ཀྱི་ཁྱད་པར་རམ། ལྕི་བ་ཉིད་ལས་བུལ་བ་དང་། མྱུར་བ་དང་། ཆེས་མྱུར་བའི་
ལྟུང་བའི་དུས་ཀྱི་བྱེ་བྲག་ཏུ་འགྱུར་རོ་ཞེ་ན་དེ་ནི་མི་རིགས་ཏེ། འདུ་བྱེད་བཀག་ཟིན་པའི་ཕྱིར་དང་། ལྕི་བ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་ལྟུང་བའི་དུས་ཀྱི་བྱེ་བྲག་མི་འཐད་དོ། །གལ་ཏེ་རྡོ་རྗེ་ལ་སོགས་པ་དག་ལ་ཡང་སྔ་མ་ལས་སྐད་ཅིག་མ་ཕྱི་མ་མི་འདྲ་བར་སྐྱེ་ན། ཁྱད་པར་དེ་ཅིའི་ཕྱིར་མི་
འཛིན་ཅེ་ན། དེའི་ཕྱིར་འདུ་བྱེད་རྣམས་ནི་བྱེ་བྲག་གི་ཁྱད་པར་ཚར་གཅིག་མེད་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདུ་བྱེད་གང་དག་ཁྱད་པར་བྱེ་བྲག་རགས་པ་མེད་ཅིང་ཕྲ་བ་ཡོད་པ་དེ་དག་ནི་ཁྱད་པར་མེད་པ་ཁོ་ནར་འཛིན་གྱི། ཁྱད་པར་དུ་ནི་མ་ཡིན་ཏེ། །ཕྲ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་འདྲ་
เล่ม ๒๐๙ · หน้า 244b
བ་ཞིག་ཏུ་སྣང་བ་མཚེ་མ་བཞིན་ནོ། །འོ་ན་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སྐད་ཅིག་མ་ཕྱི་ན་སྔ་མ་ལས་བྱེ་བྲག་ཏུ་གྱུར་པ་གནས་པ་ལས་གཞན་དུ་གྱུར་པ་ཉིད་ཡིན་ན། རྒྱུན་ཆད་པའི་དུས་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ན། གང་གི་བྱེ་བྲག་
སྔ་མའི་གནས་པ་གཞན་དུ་འགྱུར་བ་ཉིད་དུ་རྣམ་པར་གཞག་པ་སྒྲ་དང་མེ་ལྕེའི་སྐད་ཅིག་མ་དང་། སྐྱེ་མཆེད་དྲུག་གི་སྐད་ཅིག་མ་ལས་སྐད་ཅིག་མ་གཞན་མཚམས་སྦྱོར་བ་མ་ཡིན་ཏེ། དེ་ལྟར་ན་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་དག་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་སྐྱེ་
མཆེད་དྲུག་གི་སྐད་ཅིག་མ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་མེད་པའི་ཕྱིར། མཚན་ཉིད་རྣམ་པར་གཞག་པ་འདུ་བྱེད་ཐམས་ཅད་ལ་མ་ཁྱབ་ཅན་དུ་འགྱུར་རོ། །འདུས་བྱས་ཀྱི་མཚན་ཉིད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདུས་བྱས་ཀྱི་མཚན་ཉིད་ཀྱི་མདོ་ལས་གནས་པ་ཁོ་
ན་མཚན་ཉིད་དུ་མ་བརྗོད་དེ། འོ་ན་ཅི་ཞེ་ན་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ཏེ། གནས་པ་སྐད་ཅིག་མ་ཕྱི་མ་རྗེས་སུ་འབྲེལ་པའི་མཚན་ཉིད་ཅན་གྱི་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་སྐད་ཅིག་གང་ལ་གནས་པ་འབྲས་བུའི་མཚན་ཉིད་གཅིག་ཡིད་(ཡིན་)པ་དེ་ལ་ནི་གནས་པ་
དེ་ཡོད་དང་གདོན་མི་ཟ་བར་གནས་པ་གཞན་དུ་འགྱུར་བ་མི་འདྲ་བ་ཉིད་ཀྱང་ཡོད་ཀྱི། གང་ལ་གནས་པ་མེད་པ་དེ་ལ་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་མེད་དེ། དཔེར་ན་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་དག་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཚེའི་སྐྱེ་མཆེད་དྲུག་གི་སྐད་ཅིག་མ་བཞིན་
ནོ། །དེ་ལྟར་ན་གང་ལ་གནས་པ་མེད་པ་དེའི་མཚན་ཉིད་ནི་སྐྱེ་བ་དང་འཇིག་པ་གཉིས་ཁོ་ན་ཡིན་ནོ། །ཞེས་བསྟན་པར་འགྱུར་བ་རྣམ་པར་གཞག་པ་ཉམས་པ་མེད་དོ། །གལ་ཏེ་གནས་བཞིན་པ་ལ་གཞན་དུ་འགྱུར་བ་མེད་ན་ནི་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པ་མེད་པ་ཅན་དུ་འགྱུར་བ་ཞིག་གོ། །
སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་རྣམས་ཀྱང་གནས་པ་ཞེས་བྱ་བ་རྒྱུན་གྱི་ཁོངས་སུ་འདུ་བའི་ཕྱིར་ལ། དེ་ལ་གཞན་དང་གཞན་དུ་འགྱུར་བ་ཡོད་པའི་ཕྱིར་མཚན་ཉིད་གསུམ་ཆར་ཡང་སྲིད་དོ་ཞེས་བསྟན་པའི་ཕྱིར་ཡང་མདོར་ན་བཅོམ་ལྡན་འདས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདི་དག་ཐམས་ཅད་ཀྱི་
เล่ม ๒๐๙ · หน้า 245a
སོ་སོའི་སྐྱེ་བ་དང་འཇིག་པ་དག་གི་རྒྱུན་ནི་ཐམས་ཅད་ཀྱི་གནས་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་ལས་རྣམ་པ་གཞན་དུ་འདི་དག་གི་མཚན་ཉིད་ཅེས་བྱ་བ་གྲུབ་པ་ཡིན་ནོ། །རྒྱུན་གྱི་ཕྱོགས་ལ་ཡང་ཇི་སྐད་བཤད་པའི་ཚུལ་བཞིན་མཚན་ཉིད་རྣམ་པར་གཞག་པ་བརྗོད་པར་བྱའོ། །
ད་ནི་ཇི་ལྟར་ན་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ཁོ་ན་མ་བྱུང་བ་ལས་བྱུང་བ་དང་། བྱུང་ནས་ཡང་མི་འབྱུང་བ་དང་། ཆོས་མ་ཡིན་པ་ལས་དོན་གཞན་དུ་གྱུར་པ་ཉིད་ཡིན་ན་མཚན་ཉིད་ཀྱི་གཞིའི་ཆོས་གང་ཡིན་པ་དེ་ཉིད་རང་གི་བདག་ཉིད་ཀྱི་ཡིན་ནོ་ཞེས་ཁས་
བླངས་པར་འགྱུར་ན། དེ་ནི་འཐད་པ་ཡང་མ་ཡིན་ཏེ། གཞན་གྱིས་གཞན་མཚོན་པར་བྱེད་པའི་ཕྱིར་ཏེ། མེ་དང་དུ་བ་བཞིན་ན། འདུས་བྱས་ཀྱི་བདག་ཉིད་དུ་རེད་ལ་དེ་ཉིད་ཁོ་ན་ཡོད་པ་ཉིད་དང་དེ་ཉིད་སྐྱེ་བ་དང་དེ་ཉིད་འདུས་བྱས་ཉིད་དོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་མཚན་ཉིད་ཀྱི་གཞིའི་
ཆོས་གང་ཡིན་པ་དེ་ཉིད་དེའི་མཚན་ཉིད་དུ་མི་རུང་ངོ་ཞེ་ན། རེ་ཞིག་ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་ཆེན་པོ་དང་བ་ལང་ནི་ཚོགས་པའི་བདག་ཉིད་ཡིན་ཞིང་། སྐྱེས་བུ་ཆེན་པོའི་མཚན་ཉིད་རྣམས་དང་། ལྐོག་ཤལ་ལ་སོགས་པ་དག་ནི་ཚོགས་པ་ཅན་གྱི་རང་བཞིན་ཡིན་ལ། བྱེ་བྲག་
པ་རྣམས་ཀྱི་ལྟར་ཚོགས་པ་ལས་གཞན་ཅིག་ཀྱང་མ་ཡིན་མོད་ཀྱི། འོན་ཀྱང་གཞན་ཉིད་མེད་ཀྱང་སྐྱེས་བུ་ཆེན་པོ་ཉིད་དང་། བ་ལང་གི་བ་ལང་ཉིད་མཚན་ཉིད་ཡིན་ནོ། །སའི་ཁམས་ལ་སོགས་པ་ནི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །དེ་རྣམས་ཀྱི་མཚན་ཉིད་སྲ་བ་ལ་སོགས་པ་
ནི་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བ་རྣམས་ཉིད་དོ། །དེ་རྣམས་ས་ལ་སོགས་པའི་ཁམས་རྣམས་ལས་གཞན་མ་ཡིན་པ་ཉིད་སའི་ཁམས་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ། །གཞན་ཡང་ཇི་ལྟར་གྱེན་དུ་འགྲོ་བ་ཞེས་བྱ་བ་ལ། གྱེན་དུ་འགྲོ་བ་ནི་བར་མེད་པར་ཡུལ་གོང་མར་སྐྱེ་བ་སྟེ། སྐྱེ་
བ་མངོན་དུ་གཞན་དུ་གྱུར་པའོ། །ལྷག་མ་ནི་གོ་བར་ཟད་དོ། །འདིར་ཡང་ཚུལ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མེ་དང་དུ་བའི་ཚུལ་ལོ། །འདི་ལྟར་སྐྱེ་བ་ལ་སོགས་པ་དག་ཀྱང་འདུས་བྱས་ལས་གཞན་མ་ཡིན་མོད་ཀྱི། འོན་ཀྱང་འདུས་བྱས་ཉིད་ཀྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ། །འདུས་
เล่ม ๒๐๙ · หน้า 245b
བྱས་གཟུགས་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་སྲིད་སྔ་ན་མེད་པ་མི་ཤེས་པ་ཞེས་སྐབས་དང་སྦྱར་ཏེ། ཕྱིས་མེད་པ་ནི་ཞིག་ནས་མེད་པའོ། །རྒྱུན་གྱི་བྱེ་བྲག་ནི་གཞན་དུ་འགྱུར་བ་ཉིད་དོ། །དེ་ལྟ་ན་འདིར་མཚན་ཉིད་གསུམ་དག་བཤད་པར་འགྱུར་ཏེ། འདིར་གཟུགས་ལ་སོགས་
པ་ནི་ཆོས་ཅན་ནོ། །རྒྱུ་དང་རྐྱེན་ལ་རག་ལས་པའི་བདག་ཉིད་ཐོབ་པ་ནི་འདུས་བྱས་སོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་དང་གཞན་དུ་གྱུར་པ་ཉིད་དག་ནི་མཚན་ཉིད་ཡིན་ནོ། །འདིར་དེ་ཉིད་ཁོ་ན་དེའི་མཚན་ཉིད་མ་ཡིན་ནོ། །འོ་ན་ཅི་ལྟར་གལ་ཏེ་སྔ་ནས་མེད་པའི་མཚན་ཉིད་སྐྱེ་བར་བརྗོད་ཅེ་ན། སྐྱེ་
བར་ཡང་མངོན་ཞེས་བྱ་སྟེ། སྔ་ནས་མེད་པ་སྐྱེ་བར་འོས་པ་མ་ཡིན་པས་སོ། །འདིར་སྐྱེ་བ་སྨོས་པ་ནི་སྔ་ནས་མེད་པ་ཉེ་བར་མཚོན་པའི་དོན་ཏེ། སྐྱེ་བ་ནི་བདག་ཉིད་དུ་རེད་པའོ། །དེ་ཡང་སྔ་ནས་མེད་པ་ལས་ལྟོས་པ་མེད་དེ། ལཱ་བྷོ་ཧྱ་ལ་བྷ་སྭ་བྷ་བ་(ཐོབ་པ་མ་ཐོབ་པ་ཡིན་ནོ། །)ཏི་ལ་བྷ་སྱེ་ཏི། (ཐོབ་པའི་ཞེས་བྱ་བ།) གང་གི་ཕྱིར་མ་ཐོབ་
པ་ལས་ཐོབ་པའི་ཐོབ་པ་ཞེས་བྱ་བ་ལྟ་བུའོ། །ཡང་ན་སྐྱེ་བ་ཉིད་ནི་མཚན་ཉིད་དོ། །དེ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་སྤྱིའི་ཆོས་ཏེ། གཟུགས་ལ་སོགས་པ་རྣམས་ནི་སོ་སོར་མཚོན་པས་འདུས་བྱས་ཉིད་དོ། །འདུས་བྱས་ཉིད་ཀྱང་རྐྱེན་
རྣམས་འདུས་ཏེ་བྱུང་བ་ལས་བྱས་པའི་གཟུགས་ལ་སོགས་པའོ། །ཡོད་པ་སྨོས་པས་དེའི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་གཟུང་གི་འདུས་བྱས་ཀྱི་ཡོད་པ་ནི་མ་ཡིན་ནོ། །མཚན་ཉིད་འདི་རྣམས་རང་བཞིན་ལས་ཡིན་ཞིང་གཟུང་བ་རྣམས་ལ་ཡང་གཟུགས་ལ་སོགས་པ་རྣམས་ལ་ནི་རེ་ཞིག་མ་ཡིན་
ནོ། །དེ་དག་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་ལ། གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ན་ཡང་དེ་དག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་དག་ལས་སྐྱེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པ་དག་ལས་གཞན་རྫས་ཉིད་དུ་
ཡོད་པ་ཡང་མ་ཡིན་ཏེ། སྐྱེ་བ་ལ་སོགས་པ་རྣམས་བཏགས་པར་ཡོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཞེས་རྒྱས་པར་བཤད་དོ། །ཅིར་འགྱུར་ཞེས་བྱ་བ་ནི་ལུང་ངམ་རིགས་པ་དང་འགལ་སྙམ་དུ་བསམས་པའོ། །དེ་དག་ནི་ལྷན་ཅིག་འབྱུང་བའི་ཕྱིར་
เล่ม ๒๐๙ · หน้า 246a
ཞེས་བྱ་བ་ལ། སྐྱེ་བ་ལ་སོགས་པ་དག་ཆོས་དང་ལྷན་ཅིག་འབྱུང་བ་ཉིད་དུ་ཁས་བླངས་པའི་ཕྱིར་བྱ་བ་ཡོད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་ཆོས་གཅིག་ཏུ་ཞེས་བྱ་བ་ལ། ཆོས་དང་པོར་སྐྱེ་བར་འགྱུར་ཞིང་། དེ་ནས་གནས་པ་དང་། དེ་ནས་
རྒ་བ་དང་། དེ་ནས་འཇིག་པ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ན་དུས་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། ཞིག་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། བྱ་བའི་དུས་ཐ་དད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དུས་གཅིག་ཏུ་སྐྱེ་བ་ལ་སོགས་པར་འགྱུར་མོད་
ཀྱི། འོན་ཀྱང་དེ་དག་གི་བྱ་བའི་དུས་ཐ་དད་དེ། གང་གི་ཕྱིར་སྐྱེ་བ་མ་འོངས་པའི་ཆོས་མ་འོངས་པ་ལ་བྱ་བ་བྱེད་དོ། །འདི་ལྟར་མ་སྐྱེས་པ་བསྐྱེད་དོ། །ཞེས་བྱ་བ་ནི་འདི་ཉིད་ལ་རྒྱུ་སྨྲས་པའོ། །གང་གི་ཕྱིར་སྐྱེ་བའི་བྱ་བ་ནི་སྐྱེད་པར་བྱེད་པ་ཡིན་གྱི། སྐྱེས་ཟིན་པ་ལ་ཡང་སྐྱེད་པར་ནི་མི་ནུས་
ཏེ། དེའི་ཕྱིར་སྐྱེ་བ་མ་འོངས་པ་ཁོ་ནས་ཆོས་མ་འོངས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བར་མི་འགལ་ལོ། །ད་ལྟར་གྱི་གནས་སྐབས་སུ་ནི་བྱ་བ་གཞན་ཞིག་པར་འགྱུར་རོ། །བསྐྱེད་ཟིན་པའི་ཆོས་ལ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་སྐྱེས་པ་ནི་གནས་པ་དང་། རྒ་བ་དང་། གཞིག་
པར་ནུས་ཀྱི་མ་སྐྱེས་པ་ནི་མ་ཡིན་ཏེ། དེའི་ཕྱིར། སྐྱེས་ཟིན་པའི་ཆོས་ལ་གནས་པ་ལ་སོགས་པ་ད་ལྟར་བ་བྱ་བ་བྱེད་དོ། །དེའི་ཕྱིར། གང་གི་ཚེ་སྐྱེ་བ་ལ་སོགས་པ་འབྱུང་ངོ་། །རེ་ཞིག་འདིར་ཅི་ཞེས་རྒྱས་པར་འབྱུང་བ་ལ། མ་འོངས་པ་ནི་རྫས་སུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དེ་མེད་
ན་ཇི་ལྟར་སྐྱེ་བ་མ་འོངས་པ་ཡོད་པ་ཡིན་པས་བསྐྱེད་པར་བྱ་བ་བསྐྱེད་པར་འགྱུར་སྙམ་དུ་བསམས་པའོ། །མ་འོངས་པ་དེ་རྫས་སུ་ཡོད་དུ་ཆུག་ཡང་སྐྱེ་བ་བྱ་བ་མེད་ན་ཞེས་རྒྱས་པར་འབྱུང་བ་ལ། བྱ་བ་མ་ཐོབ་པ་ནི་མ་འོངས་པ་ཡིན་པར་འདོད་ལ། བྱ་བ་བྱེད་བཞིན་པ་ནི་ད་ལྟར་བའོ། །བྱ་
བ་ཞིག་པ་འདས་པ་ཡིན་ནོ་ཞེས་དེ་ལྟར་དུས་རྣམ་པར་གནས་པ་ཡིན། སྐྱེ་བ་བྱ་བ་བྱེད་ན་ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར་ཏེ། མ་འོངས་པའི་དུས་ནི་སྐྱེས་བུའི་བྱེད་པའི་ཕྱིར་མི་འགྲུབ་པ་ཉིད་དོ་སྙམ་དུ་བསམས་པའོ། །གལ་ཏེ་རྫས་སུ་ཡོད་པ་བྱ་བ་བྱེད་བཞིན་པ་མ་འོངས་པ་ཡིན་ན་ནི་
เล่ม ๒๐๙ · หน้า 246b
མ་འོངས་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །བྱུང་བ་ཡང་བྱ་བ་ཞིག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བྱ་བ་ཞིག་པ་ནི་འདས་པ་ཡིན་པར་འདོད་ན། གལ་ཏེ་ད་ལྟར་བའི་གནས་སྐབས་སུ་སྐྱེ་བ་བྱ་བ་ཞིག་པ་ཡིན་ན་ཡང་འདས་པ་ཡིན་པར་འགྱུར་གྱི། ད་ལྟར་བ་ནི་མ་ཡིན་ནོ། །
གནས་པ་ལ་སོགས་པ་ཡང་ཅིག་ཅར་བྱ་བ་ལ་འཇུག་པ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་ཟིན་པའི་ཆོས་ལ་ད་ལྟར་གནས་པ་ལ་སོགས་པ་རྣམས་བྱ་བ་བྱེད་པར་ཁས་བླངས་པས་དེ་དག་ཅིག་ཅར་བྱ་བ་ལ་འཇུག་པར་ཁས་བླངས་པར་འགྱུར་རོ། །དེའི་ཕྱིར་སྐད་ཅིག་མ་གཅིག་ཁོ་ན་
ལ་ཆོས་ཐམས་ཅད་དུ་འགྱུར་རོ། །འདི་གང་གི་ཚེ་ཞེས་རྒྱས་པར་འབྱུང་བ་ལ། གནས་པ་དང་། རྒ་བ་དང་། འཇིག་པའི་བྱ་བ་དག་ནི་ཕན་ཚུན་འགལ་བའི་ཕྱིར་ཏེ། ཆོས་གནས་པ་ཡང་ཡིན་ལ་འཇིག་པ་ཡང་ཡིན་ནོ། །ཞེས་བྱ་བར་ནི་རྣམ་པར་གཞག་པར་མི་རིགས་སོ། །འདི་ཅི་དུས་
དེར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ལ་སོགས་པ་རྣམས་ཕན་ཚུན་འགལ་བའི་ཕྱིར་ད་ལྟར་བ་ལ་ཡང་བྱ་བ་བྱེད་དོ་སྙམ་དུ་སེམས་སོ། །གང་སྐྱེ་བ་ལ་སོགས་པ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྐྱེས་པ་མི་སྐྱེ་བ་དེ་བཞིན་དུ་མི་གནས་པ་མི་རྒ་ལ་མ་རྒས་
པས་མི་འཇིག་པ་དེའི་ཕྱིར། གནས་པ་ལ་སོགས་པ་རྣམས་ཀྱང་བྱ་བ་རིམ་གྱིས་བྱེད་དོ་ཞེས་ཟེར་བ་དེའི་ལྟར་ན་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །སྐད་ཅིག་མ་ཞེས་བྱ་བ་ནི་དུས་ཐམས་ཅད་པས་ཆུང་བ་ཡིན་ན་འདིར་ནི་གནས་པ་དང་། རྒ་བའི་དུས་དག་ཏུ་མི་འཇིག་པའི་
ཕྱིར་སྐད་ཅིག་མ་གསུམ་དུ་གནས་པས་སྐད་ཅིག་མ་ཉིད་ལ་གནོད་པར་འགྱུར་རོ། །འོན་ཏེ་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐད་ཅིག་མ་ནི་དུས་ཇི་ཙམ་གྱིས་སྐྱེ་བ་དང་། གནས་པ་དང་། རྣམ་པར་འགྱུར་བ་དང་། འཇིག་པ་རྣམས་རྫོགས་པར་འགྱུར་བའི་
དུས་དེ་ལ་བརྗོད་ཀྱི། སྐྱེས་མ་ཐག་ཏུ་འཇིག་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བ་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྷན་ཅིག་འབྱུང་བ་རྣམས་ནི་རིམ་གྱིས་བྱ་བ་བྱེད་པར་མི་རུང་སྟེ། སྔོན་དང་ཕྱིས་ཁྱད་པར་མེད་པའི་ཕྱིར་དང་། ལྷན་ཅིག་
เล่ม ๒๐๙ · หน้า 247a
བྱེད་པའི་རྐྱེན་ཁྱད་པར་མེད་པའི་ཕྱིར་རོ། །དེར་ཡང་སྔར་གནས་པས་བྱ་བ་བྱེད་ཀྱི། རྒ་བ་དང་མི་རྟག་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། གནས་པ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་སྨོས་པ་སྟེ། དེའི་སྟོབས་དང་
ལྡན་པའི་ཕྱིར་རྒ་བ་དང་མི་རྟག་པ་ཉིད་དག་གི་བྱ་བ་ལ་གེགས་བྱས་ནས་རང་གིས་བྱ་བ་བྱེད་དོ། །ཕྱིས་ཅིའི་ཕྱིར་སྟོབས་དང་ལྡན་པ་ཉིད་དུ་གྱུར་ཞེས་བྱ་བ་ལ། གང་ལས་འདི་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་འཇོམས་པར་འགྱུར་བ་གནས་པ་ཕྱིས་སྟོབས་ཆུང་བའི་རྒྱུ་ནི་ཡོད་པ་མ་
ཡིན་ནོ། །དེའི་ཕྱིར་གནས་པ་ལ་སོགས་པ་རྣམས་ཀྱི་བྱ་བ་ནི་སྐྱེས་མ་ཐག་ཏུ་ལྷན་ཅིག་ཏུ་ཡོད་པར་འགྱུར་བའམ། གལ་ཏེ་སྟོབས་དང་ལྡན་པའི་བྱ་བ་སྔར་འདོད་ན་མི་རྟག་པ་ཉིད་ཀྱི་བྱ་བ་ཁོ་ན་ཡིན་པར་འགྱུར་རོ། །བྱ་བ་བྱས་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིས་ཕྱིས་ནི་སྟོབས་
དང་མི་ལྡན་པ་ཉིད་ཀྱི་རྒྱུ་སྨྲས་པ་སྟེ། བྱ་བ་མ་བྱས་པའི་གནས་པ་ནི་རྒ་བ་དང་མི་རྟག་པ་ཉིད་དག་པས་སྟོབས་དང་ལྡན་པའི་ཡིན་གྱི། བྱ་བ་བྱས་པས་ནི་ཡང་བྱ་བ་བྱེད་པར་མི་ནུས་ཏེ་སྐྱེ་བ་བཞིན་ནོ། །དེའི་ཕྱིར་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱི་འཇིག་པར་འགྱུར་རོ། །སྐྱེ་བས་ནི་
མི་ནུས་པར་རིགས་ཏེ་ཞེས་བྱ་བ་འདིས་ནི་དཔེ་དོན་དང་མི་མཐུན་པར་སྟོན་པར་བྱེད་དོ། །སྐྱེ་བས་ནི་ད་ལྟར་བ་ཉིད་དུ་ཁྱེར་ཏེ་འོངས་ནས་ཡང་བཀུར་བར་མི་ནུས་སོ། །དེའི་ཕྱིར་འདི་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་ལ་ནུས་པ་མེད་པར་རིགས་སོ། །གནས་པ་བྱ་བ་བྱས་ཟིན་པ་ཉིད་ཡང་བྱ་བ་
མི་བྱ་བ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གནས་པས་ནི་གནས་པར་བྱ་བ་ཡང་གནས་པར་བྱ་བར་ནུས་པའི་ཕྱིར་རོ། །ཡང་ན་འདི་ལ་གེགས་བྱེད་པ་ཡང་གང་ཞིག་ཡིན་ཞེས་བྱ་བ་ལ། གལ་ཏེ་བྱ་བ་བྱས་ཟིན་པ་ཡང་བྱ་བ་བྱེད་པ་དེ་ལ་གེགས་བྱེད་པ་འགའ་ཞིག་ཡོད་ན་ནི་བྱ་བ་མི་
བྱེད་པར་འགྱུར་བ་ཞིག་ན། གེགས་བྱེད་པ་ནི་ཡོད་པ་ཡང་མ་ཡིན་ནོ། །གེགས་བྱེད་པ་ཡོད་དོ། །རྒ་བ་དང་མི་རྟག་པ་དེ་དག་ཁོ་ན་ཡིན་ནོ། །འདི་ལྟར་སྟོབས་ཆུང་བའི་གེགས་བྱེད་པ་ནི་སྟོབས་ཆེ་བ་ཡིན་ནོ། །གལ་ཏེ་གནས་པ་བས་སྟོབས་དང་ལྡན་པ་ཞིག་ཡིན་ན་ནི་སྔོན་ཁོ་ནས་
เล่ม ๒๐๙ · หน้า 247b
གནས་པ་རང་གི་བྱ་བ་མི་བྱེད་པར་འགྱུར་ཏེ། དེ་དག་གི་གེགས་བྱས་པའི་ཕྱིར་རོ། །གནས་པ་སྔོན་སྟོབས་དང་ལྡན་པ་ཡིན་ལ། ཕྱིས་ནི་རྒ་བ་དང་མི་རྟག་པ་དག་གོ། །འདིས་རྒ་བ་དང་མི་རྟག་པ་དག་གིས་གནས་པ་དང་ལྷན་ཅིག་བྱེད་པ་ལ། སྔར་གནས་པ་ཤིན་ཏུ་
བྱེད་པ་མེད་པར་འགྱུར་རོ། །རང་བཞིན་དང་རྒྱུ་ཁྱད་པར་མེད་ཀྱང་གནས་པ་སྔོན་སྟོབས་དང་ལྡན་ལ། ཕྱིས་སྟོབས་དང་མི་ལྡན་ནོ་ཞེས་བྱ་བ་འདི་ཡང་དད་པར་བྱ་དཀའ་བ་ཞིག་གོ། །དེ་ལྟར་ན་རྒ་བ་དང་མི་རྟག་པ་དག་ཀྱང་སྔར་སྟོབས་དང་མི་ལྡན་ལ་ཕྱིས་སྟོབས་དང་ལྡན་ནོ་ཞེས་བྱ་བར་སྒྲུབ་
པར་མི་ནུས་སོ། །གནས་པའི་བྱ་བ་ལོག་ན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གནས་པ་ནི་མི་གནས་པ་དང་འགལ་བའི་སྒོ་ནས་ཡིན་ནོ། །གནས་པའི་བྱ་བ་ཞིག་ན་ཡང་རྒ་བ་དང་མི་རྟག་པ་ཉིད་དག་ཀྱང་མི་གནས་ལ། རྒ་བ་དང་མི་རྟག་པ་ཉིད་དག་གང་གི་ཡིན་པའི་ཆོས་དེ་ཡང་མི་གནས་
སོ། །དེ་དག་ནི་གནས་པས་བྱ་བ་ཡོངས་སུ་གཟུང་བས་གནས་པ་ཡིན་ཞིང་དེ་ཞིག་པས་དེ་དག་ངེས་པར་མི་གནས་པ་ཡིན་པས་ཇི་ལྟར་བདག་ཉིད་མི་གནས་པའི་རྒ་བ་དང་མི་རྟག་པ་དག་གིས་བྱ་བ་བྱེད་ནུས་པར་འདོད། ཆོས་མི་གནས་པ་ནི་འགག་པ་ཉིད་ཡིན་ན་དེ་འགགས་ན་ནི་གང་ཞིག་ལ་བྱ་
བ་བྱེད་པར་ནུས་པར་འདོད། ཡང་ན་རྒ་བ་དང་མི་རྟག་པ་ཉིད་དེ་དག་གིས་ཅི་ཞིག་བྱ་བ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གནས་པས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གནས་པས་ཡོངས་སུ་གཟུང་བའི་ཕྱིར་ཆོས་སྐྱེས་པ་ཙམ་དེ་མ་
ཞིག་པ་ཡིན་ནོ། །དེ་གནས་པས་དེས་ཡལ་བར་བཏང་ན་ནི་ཞེས་བྱ་བ་ལ། གནས་པར་མ་བྱས་པ་ནི་ངེས་པར་རང་གི་དེ་ཁོ་ནས་མི་གནས་པ་ཡིན་ནོ། །དེ་ཉིད་འདི་འཇིག་པ་ཡིན་ནོ་ཞེས་བྱ་བ་ནི་མི་གནས་པ་གང་ཡིན་པའོ། །རེ་ཞིག་ཆོས་སྐྱེས་པ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་
ལ། ཇི་ལྟར་སྐྱེས་པ་དེ་བཞིན་ཁོ་ནར་འཇིག་སྟེ། འཇིག་པ་དང་གནས་པ་དང་མི་རྟག་པ་ཞེས་བྱ་བ་གཅིག་དང་དངོས་པོར་ཡོད་པ་མ་ཡིན་ནོ། །སྐྱེས་པ་ལ་མི་འཇིག་པ་མེད་དོ་ཞེས་བྱ་བ་ཁས་མ་བླངས་པར་བརྗོད་པར་བྱའོ། །གཅིག་ལ་རྒ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ།
เล่ม ๒๐๙ · หน้า 248a
རྒ་བ་ཞེས་བྱ་བ་ནི་འཇིག་པ་དང་མཐུན་པ་སྐྱེས་པའི་གནས་སྐབས་གཞན་དུ་འགྱུར་ཞིང་རྣམ་པར་འགྱུར་བ་ཡིན་ནོ། །དེ་ཉིད་ལས་དེའི་རྣམ་པ་གཞན་དུ་མི་རུང་བ་མ་ཡིན་ནོ། །གལ་ཏེ་འདི་ཁོ་ན་ཡིན་ན་ཇི་ལྟར་གཞན་དུ་འགྱུར་བ་ཡིན་ལ། གཞན་དུ་
འགྱུར་བ་ཡིན་ན་ཇི་ལྟར་དེ་ཁོ་ན་ལྟར་ཡིན་ཏེ། དེ་ཁོ་ན་བཞིན་དུ། གཞན་དུ་འགྱུར་བ་ཞེས་བྱ་བ་འདི་ནི་འགལ་ལོ། །གཅིག་ཀྱང་གཞན་ལ་བལྟོས་ནས་དེ་ལྟར་རྣམ་པ་གཞན་དུ་ཡང་ཞེས་བྱ་བ་ལ། དཔེར་ན་ནམ་མཁའ་དང་འདྲ་བར་རྗེས་སུ་འཇུག་པའི་ལས་ལ་དེ་ལྟར་རྣམ་པ་
གཞན་དུ་ཡང་ཞེས་བསྟན་ཏེ། བདག་ཉིད་ལ་བལྟོས་ནས་ནི་རྣམ་པ་གཞན་དུ་ན་ཞེས་བརྗོད་པར་མི་ནུས་སོ། །དེ་ལ་རྣམ་པ་གཞན་དང་གཞན་ཉིད་ཡོད་པའི་ཕྱིར་རོ། །གང་ཡང་སྡེ་པ་གཞན་དག་ན་རེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་
ཀྱིས་འཇིག་པའི་ཕྱིར་ལ། གནས་པ་ནི་རྒྱུ་གཞན་ལ་མི་ལྟོས་པར་གནས་པར་བྱེད་པ་ལ་དེའི་ཕྱིར་གནས་པ་དང་མི་རྟག་པ་ཉིད་ཀྱི་བྱ་བ་དུས་ཐ་དད་དོ་ཞེས་ཟེར་རོ། །འཇིག་པའི་རྒྱུ་དེ་ཉིད་ཀྱིས་འཇིག་ན་ཞེས་བྱ་བ་ལ། འཇིག་པའི་རྒྱུ་ཡོད་ན་འཇིག་པའི་ཕྱིར་དང་། དེ་མེད་ན་མི་འཇིག་པའི་ཕྱིར་
ལ། མི་རྟག་པ་ཉིད་ཀྱིས་ནི་དེ་ཡོད་ན་མ་ཡིན་པས་མི་རྟག་པ་ཉིད་དོན་མེད་པར་རྟོགས་པ་ཡིན་ཏེ། འཇིག་པའི་རྒྱུ་ལྟར་དེ་ལ་འཇིག་པར་བྱ་བ་ལ་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ལྷ་དང་འཁྲུ་བ་དག་ལ་ཡང་བརྗོད་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་བྱ་བ་
ལ། སྡེ་པ་གཞན་དེ་གཟུགས་ཅི་ཡང་རུང་བ་སྐད་ཅིག་མར་འདོད་པས་སྐད་ཅིག་མ་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་མི་ལྡན་པའི་འདུ་བྱེད་རྣམས་དང་སེམས་དང་སེམས་ལས་བྱུང་བ་རྣམས་ཡང་མི་རྟག་པ་ཉིད་འཇིག་པའི་རྒྱུ་ལ་མི་ལྟོས་པར་འཇིག་པར་འདོད་དོ། །དེ་ལྟ་མ་ཡིན་ན་དེ་དག་
སྐད་ཅིག་མ་ཉིད་ཡིན་པ་ལ་གནོད་པར་འགྱུར་རོ། །དེ་བཞིན་དུ་མི་རྟག་པ་ཉིད་གནས་པ་བཞིན་སྐྱེ་བ་གཞན་ཉིད་ལ་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་བྱ་བ་བྱེད་པར་འགྱུར་ཞིང་། དེའི་ཕྱིར་གནས་པ་དང་མི་རྟག་པ་དག་དུས་ཐ་མི་དད་པར་བྱ་བ་བྱེད་པ་ཐལ་བར་འགྱུར་བས། སེམས་དང་སེམས་ལས་
เล่ม ๒๐๙ · หน้า 248b
བྱུང་བ་རྣམས་དུས་གཅིག་ཏུ་གནས་པ་དང་འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུན་ལ་འདུས་བྱས་ཀྱི་མཚན་ཉིད་འདི་དག་ཅེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་ན་མདོ་སྡེ་འདི་ཞེས་བྱ་བ་ལ། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ་ཞེས་རྒྱས་པར་
གསུངས་པ་ལེགས་པར་དྲངས་པར་འགྱུར་རོ། །སྐྱེ་བ་ལ་སོགས་པ་རྣམས་རྒྱུན་ལ་འགལ་བ་མེད་པའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་འདི་དག་རྒྱུན་ལ་བཤད་པ་དེ་ལྟར་ནི་ལེགས་པར་དྲངས་པར་འགྱུར་ཞིང་། སྐད་ཅིག་གི་དབང་དུ་བྱས་ནས་བཤད་ན་མ་ཡིན་ཏེ། ཇི་སྐད་དུ་བཤད་
པའི་ཚུལ་དང་འགལ་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་མ་འོངས་པའི་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐམས་ཅད་སྐྱེ་བ་དང་ལྡན་པའི་ཕྱིར་དང་། མ་འོངས་པ་སྐྱེ་བ་བསྐྱེད་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་འདྲི་བའོ། །རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་བྱ་བ་ལ། རྒྱུ་
དང་རྐྱེན་ལ་མི་ལྟོས་པར་སྐྱེ་བ་སྐྱེད་པར་བྱེད་པར་མི་འདོད་ལ་མ་འོངས་པ་ལ་ཐམས་ཅད་ལ་ཡང་རྒྱུ་དང་རྐྱེན་གྱི་ཚོགས་པ་ཅིག་ཅར་ཡོད་པ་མ་ཡིན་ཞིང་། གང་ཡང་རུང་བ་ཞིག་མེད་པར་ཡང་འབྲས་བུ་སྐྱེ་བར་མི་འགྱུར་བས། མ་འོངས་པ་ཐམས་ཅད་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །སྐྱེ་བ་
ནི་གདོན་མི་ཟ་བར་རང་གི་སྡེ་དང་རིགས་མཐུན་པའི་རྒྱུར་སྔར་སྐྱེས་པ་དང་། ཕྱི་རོལ་གྱི་རྐྱེན་གྱི་ཚོགས་ལ་ལྟོས་པ་ཡིན་ཏེ། དཔེར་ན་མྱུ་གུའི་སྐྱེ་བ་ས་བོན་དང་། ཞིང་ལ་སོགས་པ་རྣམས་ལ་ལྟོས་པ་བཞིན་ནོ། །འོ་ན་ནི་ཚོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསྐྱེད་པར་
བྱ་བ་འདི་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཡོད་ན་ནི་འབྱུང་ལ། མེད་ན་མི་འབྱུང་བས་རྒྱུ་དང་རྐྱེན་ཁོ་ནའི་མཐུ་ཡིན་པར་ངེས་པར་གཟུང་གི་སྐྱེ་བ་ནི་མ་ཡིན་ཏེ། དེ་ཡོད་ཀྱང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། དེ་ནི་དེ་ལྟར་མ་ཡིན་ཏེ། སྐྱེ་བ་ཐམས་ཅད་
ཀྱི་རྒྱུ་མཚུངས་པའི་ཕྱིར་རོ། །གལ་ཏེ་མ་འོངས་པའི་ཆོས་ཀྱི་ཁྱད་པར་སྐྱེ་བ་ལ། དེའི་རྒྱུ་ཉེ་ཡང་ཅིའི་ཕྱིར་མ་འོངས་པ་ཐམས་ཅད་ཅིག་ཅར་མི་སྐྱེ། འདི་ནི་མཚུངས་སོ་ཞེ་ན་འདི་ཁ་ཅིག་ཏུ་མི་མཚུངས་ཏེ་རྒྱུའི་ནུས་པ་མཐོང་བ་ལས་འབྲས་བུ་མེད་པ་ནི་ནུས་པ་མ་གོམས་
เล่ม ๒๐๙ · หน้า 249a
པ་ལས་སོ། །དཔེར་ན་འབྱུང་བ་རྣམས་ལས་རྒྱུར་བྱས་པའི་གཟུགས་སྐྱེ་བ་ལ་སྔོན་གྱི་ལས་ལ་རག་ལས་པའི་ནུས་པ་རྣམས་མཐོང་བས་མིག་སྐྱེད་པ་ལ་མ་གོམས་པ་བཞིན་ནོ། །འདི་ལ་བཙུན་པ་ཆོས་དགའ་ན་རེ། དཔེར་ན་མིག་ནི་སྣང་བ་ལ་སོགས་པའི་
རྐྱེན་མེད་པར་མིག་གི་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་མོད་ཀྱི། དེའི་ཕྱིར་དེ་སྐྱེ་བའི་རྒྱུ་མ་ཡིན་པ་ཡང་མ་ཡིན་པ་དེ་བཞིན་དུ། སྐྱེ་བ་ཡང་རྒྱུ་དང་རྐྱེན་དག་མེད་པར་ཆོས་སྐྱེད་པར་མི་བྱེད་མོད་ཀྱི། དེའི་ཕྱིར་དེ་སྐྱེ་བའི་རྒྱུ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་ཟེར་ཏེ། འདི་ལ་སྨྲས་པ་འདི་ནི་མི་
འདྲའོ། །སྣང་བ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ལོང་བ་མ་ཡིན་པ་དག་གི་མིག་ནི་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་སྣང་བའི་ཕྱིར་མིག་གི་ནུས་པ་ནི་མཐོང་གི་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ཕྲ་མོ་རྣམས་ལ་ཡང་ཆོས་ཀྱི་རང་བཞིན་ལས་སྐྱེ་བ་གཅད་པའི་ཕྱིར། དེ་ལྟར་
སེམས་ལས་བྱུང་བ་ཕྲ་མོ་རེག་པ་ལ་སོགས་པ་ངེས་པར་གཟུང་ཡང་། རང་བཞིན་ལས་ཆོས་ཀྱི་བྱེད་པ་ཡོད་དོ་ཞེས་ངེས་པར་གཟུང་གི །སྐྱེ་བ་ལས་རེག་པ་བཞིན་བྱེད་པ་ཡོད་པ་ནི་མ་ཡིན་ནོ། །གང་ཡང་ཆོས་སྐྱེད་པའི་བྱེད་པ་གསུངས་པ་དེ་ཡང་རྒྱུ་དང་རྐྱེན་དག་ཁོ་ན་ལ་རུང་གི་སྐྱེ་བ་ལས་མ་
ཡིན་ཏེ་སྐྱེ་བ་དགག་པར་བྱའོ། །རང་གི་ངོ་བོའི་སྒོ་ནས་མ་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ལན་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ཕྲ་མོ་དག་ཡོད་བཞིན་དུ་ཞེས་བྱ་བ་ལ། ད་ནི་བྱ་བ་གཞན་བསྟན་པའི་ཕྱིར་སྐྱེ་བ་ཞིག་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རང་གི་མཚན་ཉིད་
ལ་ལྟོས་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ལ་སོགས་པ་རྐྱེན་ཏེ། དེའི་རང་གི་མཚན་ཉིད་ལྟར་གཟུགས་ལ་སོགས་པ་རྣམས་ལ་སོ་སོར་ངེས་སོ། །སྐྱེ་བ་ལ་སོགས་པའི་རྐྱེན་ནི་གཟུགས་ལ་སོགས་པ་རྣམས་ལ་མཚུངས་པའི་ཕྱིར། གཟུགས་ལ་སོགས་པའི་རྒྱུ་མ་
ཡིན་ནོ། །རྒྱུ་ཡིན་པར་འོས་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་གང་ཡིན་པ་དེ་རྣམས་རྐྱེན་ཏེ་གཟུགས་ལ་སོགས་པ་རྣམས་ལ་རབ་ཏུ་འཇུག་གོ། །གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ་ཞེས་དེ་དག་ལ་གཟུགས་ལ་སོགས་པ་རྣམས་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །དྲུག་པའི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด